Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་པ།


  collapse section
   
   
   
   
   
   
   
  collapse section
  collapse section
   
   
   
ཕས་ཕམ་པར་གྱུར་པ་བཞི་པ་འཆད་པ།
   
   
   
   
   
   
   
   
   
   


 
previousཕས་ཕམ་པར་གྱུར་པ་བཞི་པ་འཆད་པ། next

ཕས་ཕམ་པར་གྱུར་པ་བཞི་པ་འཆད་པ།


DKG009_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟང་ན་བཞུགས་སོ། །དེའི་ཚེ་ཉ་པ་ལྔ་བརྒྱ་འཚོ་བའི་དོན་ལ་ཆུ་ཀླུང་ཡིད་འོང་ལྡན་ལ་རྟེན་ཅིང་འཁོད་དོ། །དེ་དག་ལ་རྒྱ་མོ་སྤྱོད་པ་དང། སྤྱོད་པ་ཆེན་པོ་ཞེས་བྱ་བ་གཉིས་ཤིག་ཡོད་པ་ལས། དེ་དག་ལན་འགའ་ནི་རྒྱ་


DKG009_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྤྱོད་པ་འཇུད་པར་བྱེད། ལན་འགའ་ནི་སྤྱོད་པ་ཆེན་པོ་འཇུད་པར་བྱེད་དོ། །གང་གི་ཚེ་ཉ་དག་ཉོ་བ་མེད་པ་དེའི་ཚེ་ནི་རྒྱ་མོ་སྤྱོད་པ་འཇུད་པར་བྱེད་ལ། གང་གི་ཚེ་ནི་ཉ་དག་ཉོ་བ་ཡོད་པ་དེའི་ཚེ་སྤྱོད་པ་ཆེན་པོ་འཇུད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན། ཡངས་པ་ཅན་དུ་དུས་སྟོན་བྱུང་ནས་དེ་དག་གིས་རྒྱ་མོ་གཉིས་ཀ་བཅུག་སྟེ། ཉིས་བརྒྱ་ལྔ་བཅུས་ནི་རྒྱ་མོ་སྤྱོད་པ་བཅུག །ཉིས་བརྒྱ་ལྔ་བཅུས་ནི་སྤྱོད་པ་ཆེན་པོ་བཅུག་གོ། །གང་དག་གིས་རྒྱ་མོ་སྤྱོད་པ་བཅུག་པ་དེ་དག་གིས་ནི་ཉ་དང། རུས་སྦལ་དང། སྦལ་པ་དང། ཆུ་སྲིན་བྱིས་པ་གསོད་པ་དང། ཉ་ཁྱི་བ་ལ་སོགས་པ་མང་པོ་དག་འདི་ལྟ་སྟེ། དཔེར་ན་ཏིལ་དང། འབྲས་ དང། འབྲས་བུ་ཐུག་པོ་ཆེ་དང། རྒྱ་ཤུག་དང། རྒྱ་སྲན་ལ་སོགས་པ་བཞིན་དུ་ཕུང་པོ་ཆེན་པོར་སྤུངས་སོ། །གང་དག་གིས་རྒྱ་མོ་སྤྱོད་པ་ཆེན་པོ་བཅུག་པ་དེ་དག་གིས་ནི་རྒྱ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོང་ལྡན་དུ་ཞུགས་པ། ཆུ་སྲིན་ཆེན་པོ་ཉའི་རིགས་བོང་ཚོད་ཆེན་པོ་ཉལ་བ་ཟིན་ནས་དེ་དག་གིས་དེ་དྲང་བར་བརྩམས་སོ། །དེ་དག་གིས་དྲངས་པ་ན། དེ་སད་ནས་ཉ་བ་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་དང། རྒྱ་མོ་སྤྱོད་པ་ཆེན་པོ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་སོ། །ཉ་པ་དེ་དག་གིས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དག་ལ། གྲོགས་པོ་དག །རྒྱ་མོ་སྤྱོད་པ་ཆེན་པོ་དང་བདག་ཅག་ཁྱེར་གྱི་ར་མདའ་ལོག་ཅེས་བྱས་སོ། །དེ་དག་གིས་ཐོས་ནས། ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དེ་དག་ཀྱང་ལྷགས་ཏེ། དེ་ཉིད་ལ་རུབ་པ་དང། དེ་དག་ཀྱང་ཁྱེར་རོ། །དེ་ནས་དེའི་འོག་ཏུ་ས་ཕྱོགས་མཐོན་པོར་འདུག་སྟེ། བོས་པ་དང། དེ་ནས་ཕྱུག་རྫི་དང། བ་ལང་རྫི་ལ་སོགས་པ་འོངས་ནས་འབད་པ་ཆེན་པོས་ཕྱུང་བ་དང། ཆུ་སྲིན་ཉའི་རིགས་རི་བོ་བརྩེགས་པ་འདྲ་བ། མགོ་བོ་བཅོ་བརྒྱད་དང། མིག་སུམ་ཅུ་རྩ་དྲུག་ཡོད་པ་ཕྱུང་ངོ། །ཇི་ཙམ་ན་སྐྱེ་བོའི་ཚོགས་ཆེན་པོ་འོངས་ཏེ་ལྷགས་པ་དང། སྟོན་པ་དྲུག་པོ་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ། དྲུག་པོ་གང་དག་ཡིན་ཞེ་ན། འདི་ལྟ་


DKG009_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འོད་སྲུང་རྫོགས་བྱེད་དང། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང། མི་ཕམ་སྐྲའི་ལ་བ་ཅན་དང། ཀ་ཏྱའི་བུ་ནོག་ཅན་དང། གཅེར་བུ་པ་གཉེན་གྱི་བུ་དག་སྟེ། སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ་དྲུག་པོ་འདི་དག་ཀྱང་དེའི་ཚེ་ལྟད་མོ་ལ་ལྷགས་སོ། །དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པ་དང། མ་གཟིགས་པ་དང། མ་རིག་པ་དང། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་ཀྱིས་འཚོ་ཞིང་གཞེས་ལ་བཞུགས་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། གཞན་ལ་ཕན་པར་བཞུགས་པ། དགེ་བའི་སྤྱོད་པ་ལ་མི་གཡོ་བ། ཕ་རོལ་གནོན་པའི་ བརྩོན་འགྲུས་བརྟན་པ། ཉག་གཅིག་དཔའ་བ། བསྲུང་བ་གཅིག་པུ་པ། གཉིས་སུ་མེད་པ། གཉིས་སུ་མི་གསུང་བ། །ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། གདུལ་བའི་གཞི་གསུམ་ལ་མཁས་པ། ལམ་གསུམ་སྤངས་པ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱོང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། ཡན་ལག་དྲུག་དང་ལྡན་པ། རྟག་ཏུ་གནས་པར་བྱ་བ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ལམ་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་ཆོས་ཉིད་ནི་ཉིན་ལན་གསུམ། མཚན་ལན་གསུམ་སངས་རྒྱས་ཀྱི་


DKG009_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། སུ་ནི་ཉམས་པར་གྱུར། སུ་ནི་འཕེལ་བར་འགྱུར། སུ་ནི་གནོད་པར་གྱུར། སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ཉམ་ང་བ་དང་མི་བདེ་བར་གྱུར། གང་གིས་དགེ་བའི་རྩ་བ་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་གིས་དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ། གང་གིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ནི་ཐར་བར་བྱ། གང་ཞིག་འཕགས་པ་རྣམས་ཀྱི་ནོར་གྱི་དབྱིག་དང་བྲལ་བ་ནི། འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་ནི་མིའི་འབྲས་བུ་ལ་གནས། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་ཞེ་སྡང་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སྤྱོད། གང་ནི་ཉེས་པ་རྣམས་ཀྱིས་གནོད་པར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་ལས་བསླང་སྟེ། མཐོ་རིས་དང། ཐར་པ་དང། འབྲས་བུ་ལ་རབ་ཏུ་གཞག་པར་བྱ། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། གང་གིས་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ན་འབྲས་བུ་དང་བཅས་པར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ་།ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །གདུལ་བྱ་བ་ལ་བྱམས་སངས་རྒྱས་ནི། །དུས་ལས་འདའ་བར་མི་མཛད་དོ། །ཇི་ལྟར་མ་ནི་བུ་ནསྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བ་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། །བ་བཞོན་གདུལ་བའི་བེའུ་ཚོལ་མི་སྐྱེ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །བེའུ་སྡུག་སྟོར་ལ་བྱམས་པའི་བ་བཞོན་བཞིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བའི་སྤྱན། སངས་


DKG009_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྤྱན་གྱིས་གཟིགས། ཀུན་ཏུ་གཟིགས་ནས་དགོངས་པ། ཆུ་སྲིན་ཉའི་རིགས་ངན་སོང་ལ་གཞོལ་བ། ངན་སོང་ལ་འབབ་པ། ངན་སོང་ལ་བབ་པ། སྔོན་གྱི་སངས་རྒྱས་དག་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཡང། ད་ལྟར་སངས་རྒྱས་འབྱུང་བ་དང་བྲལ་བར་གྱུར་པ། ལོ་སྟོང་ཕྲག་མང་བོར་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་གྱུར་པ་ཡིན་གྱི། ངས་ཆུ་སྲིན་ཉའི་རིགས་འདི་ལ་བརྟེན་ཏེ། གདུལ་བྱའི་ཚོགས་ཆེན་པོ་དྲང་བར་བྱས། སེམས་ཅན་རྣམས་ཀྱང་ལས་བདག་གིར་བྱ་བ་མངོན་སུམ་དུ་བྱས། དེའི་ཕྱིར་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་གཤེགས་སོ་སྙམ་དུ་དགོངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་གདུལ་བའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་ཡིན་པས། དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུར་གཤེགས་པ་དང། དུད་འགྲོའི་ནང་དུ་རྒྱུ་བ་དང། ཡི་དྭགས་ཀྱི་ནང་དུ་རྒྱུ་བ་དང། ལྷའི་ནང་དུ་རྒྱུ་བ་དང། ལྗོངས་རྒྱུར་གཤེགས་སོ། །དུས་དུས་སུ་རི་དང། དུར་ཁྲོད་དང། ཆུ་ཀླུང་དང། གཙུག་ལག་ཁང་དུ་རྒྱུར་གཤེགས་སོ། །དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུར་གཤེགས་ པར་བཞེད་དེ། འཛུམ་པ་མཛད་ནས་ཞེས་བྱ་བའི་བར་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ། དགེ་སློང་རྣམས་ལ་དགེ་སློང་དག །དེ་བཞིན་གཤེགས་པ་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་ཀྱི། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ཆུ་ཀླུང་དུ་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཞིག །ཅེས་བསྒོ་ཞིག་ཅེས་བྱ་བ་ནས། སེར་སྐྱའི་གླེང་གཞི་འདིར་རྒྱས་པར་བརྗོད་པར་བྱའོ། །ཉ་པ་ལྔ་བརྒྱ་ཞེས་བྱ་བ་ནས། འཕགས་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་རྣམས་རིགས་དང་ནི། །རུས་དང་ཁྱིམ་ལའང་རྟོག་མི་མཛད། །ཡུན་རིང་བྱས་པར་གྱུར་པ་ཡི། །ལས་རྣམས་ལ་ནི་ཡོངས་རྟོག་མཛད། །ཅེས་བྱ་བའི་བར་དང། བཅོམ་ལྡན་འདས་ལ་ཕུལ་བ་དང། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག །ཅེས་བྱ་བས་རབ་ཏུ་


DKG009_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་བའི་བར་དང། ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀའ་བར་གྱུར། །ཅེས་བྱ་བའི་བར་དུའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཡངས་པ་ཅན་ན། འོད་མ་ཅན་གྱི་གྲོང་ཁྱེར་ན་བཞུགས་སོ། །དེའི་ཚེ་མུ་གེའི་ཉམ་ང་བ་དགོན་པ་སློང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བ་ནས། སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟར་མུ་གེ་ཞེས་བྱ་བྱ་བ་ནས། སློང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བའི་བར་དང། དགེ་སློང་དག་ཁྱེད་ཅག་ཚུར་ཤེག །སྨོས་འདྲིན་ཇི་ལྟ་བ་དང། ཕེབས་པར་སྨྲ་བ་ཇི་ལྟ་བ་དང། འགྲོགས་བཤེས་པ་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེ་འཁོར་འདི་ཉིད་དུ། དབྱར་གནས་པར་ཁས་ལོང་ཞིག །ང་ཡང་འོད་མ་ཅན་གྱི་ཉེ་འཁོར་དྲུང་འདི་ཉིད་དུ་ཞམ་འདྲིང་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་ཀྱི། ཐམས་ཅད་དུ་བསོད་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་ཞེས་ བྱ་བ་ནས། དགེ་སློང་དག་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་ཉེ་དུ་ཡོད་པའི་གན་དུ་སོང་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་བརྟེན་ནས། དབྱར་གནས་པར་ཁས་བླངས་སོ་ཞེས་བྱ་བ་ནས། ཉེ་དུ་རྣམས་ཀྱི་མདུན་དུ་ཡོན་ཏན་བསྒྲག་པར་བྱའོ་ཞེས་བྱ་བའི་བར་དུའོ། །འདུས་པ་དང། འདུས་པ་ཆེན་པོ་གཉིས་ཏེ། གཅིག་ནི་དབྱར་ཟླ་འབྲིང་པོའི་ཉལ་དབྱར་ཉེ་བར་བསྒྲུབ་པའི་ཚེའོ་ཞེས་བྱ་བའི་བར་དུའོ། །ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ཉེ་འཁོར་དང། སྤོང་བྱེད་ཀྱི་གྲོང་ཁྱེར་དུ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་དབྱར་འདས་ཏེ་འོངས་པ་དང། ཞེས་བྱ་བའི་བར་དང། ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་གིས་བསུ་སྟེ་ཞེས་བྱ་བའི་བར་དུའོ། །ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ནས་འོངས་


DKG009_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ཚིག་གིས་བསུ་སྟེ་ཞེས་བྱ་བ་ནས། ཚོ་བ་དང། པགས་པ་དང། ཤ་དང། ཁྲག་གིས་རྒྱས་པ་ཞེས་བྱ་བའི་བར་དང། ཚེ་དང་ལྡན་པ་ཀུན་དགའ་བོས་དྲིས་པ་ཞེས་བྱ་བ་ནས། ཡང་དག་པ་མ་ཡིན་པས་སོ་ཞེས་བྱ་བའི་བར་དུའོ། །དེས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ནས། དགེ་སློང་དག །གསུམ་པོ་འདི་དག་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་ཡིན། རྐུན་པོ་ཆེན་པོ་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ན་རྐུན་པོ་འཁོར་བརྒྱ་དང་ལྡན་པ། འཁོར་སྟོང་དང་ལྡན་པ། འཁོར་བརྒྱའམ་སྟོང་གི་སྣ་ལ་སོང་སྟེ་ཁྱིམ་འབིགས་པར་བྱེད། མདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། ལམ་སྒུགས་ཤིང་འདུག་པར་བྱེད། མེ་གཏོང་བར་བྱེད། ལམ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། གྲོང་ཁྱེར་འཇོམས་པར་བྱེད། ཡུལ་འཁོར་འཇོམས་པ་བྱེད་པ་འདི་ནི། དགེ་སློང་དག་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་དང་པོ་ཡིན་ནོ། །གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན། འཁོར་བརྒྱའམ་སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབུགས་པ་མི་བྱེད། མདུད་པ་འགྲོལ་བར་མི་བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ། །འོན་ཀྱང་དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་འཚོང་བར་བྱེད་པ་དང། དེས་ཁྱིམ་གྱི་མི་གསོ་ བར་བྱེད་པ་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གཉིས་པ་ཡིན་ནོ། །གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན་ཏེ། འཁོར་བརྒྱ་སྟོང་གི་སྣ་ལ་སོང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་འཚོང་བར་ཡང་མི་བྱེད་ལ། དེས་ཁྱིམ་གྱི་མི་གསོ་


DKG009_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་མི་བྱེད་མོད་ཀྱི། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་པ་འདི་ནི། འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གསུམ་པ་ཡིན་ནོ། །དགེ་སློང་དག་རྐུན་པོ་གང་འཁོར་བརྒྱ་དང་ལྡན་པའམ། འཁོར་སྟོང་དང་ལྡན་པའམ། འཁོར་བརྒྱའམ། སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབུགས་པར་བྱེད་པ་སྔ་མ་ལྟ་བུ་ནི་ཆུང་ངུ་ཡིན་ནོ། །རྐུན་པོ་རྣམས་ཀྱི་ནང་ན་གང་དགེ་འདུན་གྱི་རྩྭའམ། ཤིང་ངམ་ཞེས་བྱ་བ་སྔ་མ་ལྟ་བུ་འདི་ཡང་ཆུང་བ་ཡིན་ནོ། །གང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བ་དེ་ནི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང། ལྷ་དང་མིར་བཅས་པའི་ནང་ན་རྐུན་པོ་རྐུན་པོ་ཆེན་པོ་ཡིན་ནོ། །འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པར། །བདག་ཉིད་དགྲ་བཅོམ་ཡིན་པར་ཁས་འཆེ་བ། །དེ་ནི་ལྷ་བཅས་འཇིག་རྟེན་རྐུན་པོ་སྟེ། །ཚུལ་ཁྲིམས་འཆལ་བ་ཡིན་པར་བརྗོད་པར་བྱ། །ཤེས་རབ་འཆལ་བ་ལུས་ནི་ཞིག་གྱུར་ནས། །སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཉིད་དང། གླེང་གཞི་འདི་དང། དངོས་པོ་འདི་ཉིད་དང། སྐབས་འདི་ཉིད་ལ་གཉི་གའི་དགེ་འདུན་བསྡུ་བར་མཛད་དེ། ཉན་ཐོས་མ་རྣམས་ཀྱིས་ཀུན་ཤེས་པ་དང། ངས་བསླབ་པ་ལེགས་པར་བཅས་པར་འགྱུར་རོ། །ཞེས་བྱ་བ་ཕས་ཕམ་པར་གྱུར་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་བསླབ་པ་བཅས་པའི་བར་རྒྱ་ཆེར་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་ཞིག་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང། འཕགས་པ་དང། ཁྱད་པར་ཐོབ་པ་དང། ཤེས་པ་དང། མཐོང་བ་དང། རེག་པར་གནས་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་ མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམས་པར་དག་པར་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང། མ་དྲིས་ཀྱང་རུང། འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི། མི་ཤེས་པ་ལས་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་


DKG009_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་བཞི་པོ་དག་ལས་ཞེས་བྱ་བ་ནས་དོན་གྱི་སྐབས་འདིར་ནི། གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་འོས་པ་མ་ཡིན་པས། བསྙེན་པར་རྫོགས་པ་གང་ཡིན་པ་དེ། དགེ་སློང་མར་དགོངས་ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ཅི་ཞིག་མངོན་པར་མི་ཤེས་པས་ཤེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་དག་གོ་།ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ཅི་ཞིག་ཡོངས་སུ་མ་ཤེས་པས་ཤེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེ་ཉིད་དོ། །མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ་།བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། གང་གིས་ཐོབ་པ་ནི་ཁྱད་པར་ཐོབ་པ་ཞེས་བརྗོད་དོ། །ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་ཤེས་པའོ། །མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་བ་མཐོང་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མཐོང་བའི་ཤེས་པའོ། །རེག་པར་གནས་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་སྟེ། འཕགས་པའི་ཆོས་འདུལ་བ་ལ་མཐོང་བའི་ཆོས་ཁོ་ན་ལ་རེག་པར་གནས་པ་ཞེས་བརྗོད་དོ། །མེད་ལ་ཞེས་བྱ་བ་ནི་གཞི་དེའོ། །མེད་བཞིན་དུ་ཞེས་བྱ་བ་ནི་གང་ཟག་དེ་ལའོ། །འདི་ཤེས་སོ་ཞེས་བྱ་བ་ཅི་ཞིག་ཤེས་སོ་ཞེ་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་བ་དང། འགོག་པ་དང། ལམ་ཤེས་སོ། །མཐོང་ངོ་ཞེས་བྱ་བ་ཅི་ཞིག་མཐོང་བས་ཤེ་ན། ལྷ་རྣམས་མཐོང་ངོ། །ཀླུ་རྣམས་ དང། གནོད་སྦྱིན་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། མིའམ་ཅི་རྣམས་དང། ལྟོ་འཕྱེ་


DKG009_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་དང། ཡི་དྭགས་རྣམས་དང། ཤ་ཟ་རྣམས་དང། གྲུལ་བུམ་རྣམས་དང། སྲུལ་པོ་རྣམས་དང། ལུས་སྲུལ་པོ་རྣམས་མཐོང་ངོ། །ཁས་འཆེས་པ་ཞེས་བྱ་བ་ནི་སྨྲས་པའོ། །དེ་ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའི་འོ། །རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ལ་འགྱོད་པ་དང། རྣམ་པར་འགྱོད་པ་དང། ཡིད་ལ་གཅགས་པ་སྐྱེས་པས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས་ཞེས་བྱ་བ་ནི། ཡིད་ཀྱི་རྣམ་པ་ཤེས་པས་སོ། །མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པས་སོ། །གསོག་གསོབ་བརྫུན་དུ་སྨྲས་སོ། །ཞེས་བྱ་བ་ནི་སྨྲས་པའི་ཚིག་གི་རྣམ་གྲངས་སོ། །ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ། །མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི། མངོན་པའི་ང་རྒྱལ་བཞག་སྟེའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་སྟེ་སྔ་མ་བཞིན་ནོ། །དེ་ཡང་ཞེས་བྱ་བ་ནི་དེ་ཉེ་བར་བསྟན་པ་དང། ཀུན་ཏུ་བསྟན་པའི་ཚིག་བླ་དྭགས་ཡིན་ནོ། །ཇི་ལྟར་ཕས་ཕམ་པར་གྱུར་པ་དང་པོར་དེར་ལྟུང་བ་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། འདུ་ཤེས་བསྒྱུར་དང་དགོན་པ་དང། །ཁྱིམ་རྣམས་སུ་ནི་སྟན་བཀྲ་དང། །རང་གི་མཚན་ཉིད་འཛིན་པ་དང། །བདག་ཉིད་ཉེ་བར་སྟོན་པའོ། །ཡང་དགེ་སློང་མ་གང་ཞིག་འདུ་ཤེས་བསྒྱུར་ཅིང། བཟོད་པ་དང། འདོད་པ་དང། བློ་གྲོས་དེང། རྟོག་པ་དང། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན། ཕས་ཕམ་པར་འགྱུར་རོ། །དེ་བཞིན་དུ་ཀླུ་རྣམས་དང། གནོད་སྦྱིན་རྣམས་དང། སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་ངོ་ཞེས་ཟེར་ན། ཕས་ཕམ་པར་འགྱུར་རོ། །དེ་ལྟར་སྡོམ་གྱི་ཚིགས་སུ་བཅད་པ་འདི་ཡང་དགེ་སློང་གི་ འདུལ་བ་ལས་དགེ་སློང་ཞེས་འབྱུང་བ། དགེ་སློང་མ་ཞེས་བྱ་བར་བསྒྱུར་ཏེ་བརྗོད་པར་བྱའོ། །ཕས་ཕམ་པར་གྱུར་པ་བཞི་པ་རྫོགས་སོ།། །།


previousཕས་ཕམ་པར་གྱུར་པ་བཞི་པ་འཆད་པ། next