Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་པ།


  collapse section
   
   
   
   
   
   
   
  collapse section
  collapse section
   
   
   
   
   
ཕས་ཕམ་པར་གྱུར་པ་དྲུག་པ་འཆད་པ།
   
   
   
   
   
   
   
   


 
previousཕས་ཕམ་པར་གྱུར་པ་དྲུག་པ་འཆད་པ། next

ཕས་ཕམ་པར་གྱུར་པ་དྲུག་པ་འཆད་པ།


DKG009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། །དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་བླངས་ནས་རིང་པོ་མ་ལོན་པར། དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་དེ་ལ་ཆགས་པར་གྱུར་ཏོ། །དེ་སྤོས་འཚོང་གི་ཁྱེའུ་དེའི་གན་དུ་སྟོང་སྟེ། འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་ཁྱོད་ཅིག་བག་མ་སར་པས་སེམས་མགུའམ། དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ། གལ་ཏེ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། གལ་ཏེ་མ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། དེ་སྐད་ཅེས་སྨྲས་པ་དང། སྤོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །ངས་ཀོ་ཁྱོད་དང་ལྷན་ཅིག་དགོས་པ་ཅུང་ཟད་ཅིག་བྱ་བར་ནུས་སྙམ་ན། ཅུང་ཟད་ཀྱང་མི་བཟོད་ན་དེར་ཟད་དོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེས། དགེ་སློང་མ་འདི་ནི་སེམས་ཆགས་བར་གྱུར་ཏོ་སྙམ་ དུ་བསམས་སོ། །དེ་དེའི་དྲུང་དུ་ཡང་དང་ཡང་དུ་སོང་ནས། བརྡ་བྱེད། དུས་འདེབས། མཚན་མ་སྟོན་པར་བྱེད་ཅིང། འཕྱར་གཡེང་དང། གཞོག་སྟེགས་དང། ཙབ་ཧྲལ་དག་ཀྱང་བྱེད་དོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེ་དུས་གཞན་ཞིག་ན། སྦོམ་དགའ་མོའི་དྲུང་དུ་འོངས་པ་དང། དེས་དེ་གཡོགས་ཏེ་བཞག་གོ་།དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་སོང་སྟེ། རྐང་ལག་བཀྲུས་ནས། སློབ་མ་དང། ཉེ་གནས་རྣམས་ལ་བསྒོ་བ་བྱས་ནས། སྤོས་འཚོང་གི་ཁྱེའུ་དེ་དང་དབེན་པར་སོང་སྟེ་འདུག་གོ་།རེ་ཞིག་ན་དེས་འཁྲིག་ཐབས་སུ་བཅུག་པ་དང། དེའི་ཚེ་སྤོམ་དགའ་མོས་འདི་སྙམ་དུ་བདག་དགེ་སློང་མ་རྣམས་ཀྱི་གོང་དུ་འགྲོ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་དང། བརྟུལ་ཞུགས་དང། ཚངས་པར་སྤྱོད་པ་ལ་གནས་པའི་དྲིན་ཡིན་ན། གལ་ཏེ་དེ་བདག་གིས་རྣམ་པ་འདི་ལྟ་བུའི་ཉེས་པར་སྤྱོད་པ་སྤྱད་པས་དགེ་སློང་མ་ཉམས་པར་བྱས་ནས། སུ་ཞིག་བདག་ལ་དྲི་བར་བྱེད་སྙམ་དུ་སེམས་བསྐྱེད་ཅིང་བསམས་ནས། སྤོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་


DKG009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་ཐོང་ཐོང། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་འདི་སྙམ་དུ་གདོན་མི་ཟ་བར་འདི་ནི་མི་བདེ་བ་ཞིག་འདུག་གོ་སྙམ་དུ་བསམས་ནས། དེས་ཀྱང་བཏང་ངོ། དེ་ནས་སྤོམ་དགའ་མོས་རྒྱབ་བདེ་བར་བཞག་སྟེ། རྐང་པ་གཡས་པ་བསྐུམས་ནས་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་གཅིག་རྒྱབ་ནས། རྩིབ་མ་གཉིས་བཅག་གོ་།དེ་ནས་སྤོས་འཚོང་གི་ཁྱེའུ་དེ་ཁྲག་ཏུ་སྐྱུག་བཞིན་དུ་བྲོས་ཏེ་སོང་ངོ། །དེ་ནས་སྦོམ་དགའ་མོ་དབྱར་ཁང་གི་དབུས་སུ་འདུག་ནས། བདུད་བཅོམ་མོ། །བདུད་བཅོམ་མོ། །ཞེས་བོས་སོ། །དེ་ནས་དགེ་སློང་མ་དེ་དག་གིས་ཐོས་ནས། འདི་སྐད་ཅེས་སྨྲས་སོ། །ཅི་ཕུ་ནུ་མོ་ཁྱོད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆུང་ངུ་ན་གཞན་དག་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བའི་རྩ་བ་བསྐྱེད། དེས་འདི་སྐད་ཅེས་སྨྲས་སོ། །ཅང་མ་ཡིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འོ་ན། ཁྱོད་ཀྱིས་ བདུད་ཇི་ལྟ་བུ་ཞིག་བཅོམ། དེས་སྐབས་དེ་དག་ཕལ་མོ་ཆེའི་ནང་དུ་སྨྲས་སོ། །དེ་ནས་དགེ་སློང་མ་དེ་དག་གིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རེམ་པ་ཞིག་དང་མ་ཕྲད་དུ་ཟད་ཀྱི། དེ་ལྟ་བུ་ཞིག་ན་ཁྱོད་ཐག་བཅུག་པར་འགྱུར་རོ། །དེ་ནས་དགེ་སློང་མ་མང་པོ་རྣམས་ཀྱིས། སྦོམ་དགའ་མོས་སྨྲས་ཀྱང་དགའ་བ་ཡང་མི་བྱེད། ཁྲོ་བ་ཡང་མི་བྱེད་དོ། །དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་པ་དང། སྟན་ལས་ལངས་ཏེ་དོང་ངོ། །དེ་ནས་དགེ་སློང་མ་མང་པོས་སྐབས་དེ་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། དངོས་པོ་འདི་དང། སྐབས་འདི་ལ་ཞེས་བྱ་བ་ནས། སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བའི་བར་དུ་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་


DKG009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡ་བྱེད་དམ། དུས་འདེབས་སམ། མཚན་མ་སྟོན་ཏམ། འཕྱར་གཡེང་དང། གཞོག་སྟེགས་དང། ཙབ་ཧྲལ་བྱས་པས། སྐྱེས་པ་འོངས་པ་བདག་གིར་བྱེད་ཅིང། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བར་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ཏེ། གནས་བརྒྱད་པོ་འདི་དག་ཏུ་དགེ་སློང་མས་ལྟུང་བ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བ་ཡིན་གྱི། གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ། །ཆགས་པར་གྱུར་པས་ཞེས་བྱ་བ་ནི་ཆགས་པས་དང། ཡང་དག་པར་ཞེན་པས་དང། ཀུན་ནས་དཀྲིས་པས་སོ། །སྐྱེས་པ་ཞེས་བྱ་བ་ནི། སྤོས་འཚོང་གི་ཁྱེའུའམ། དེ་ལས་གཞན་པ་གང་ཡང་རུང་བའོ། །ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང། ཡང་དག་པར་ཞེན་པ་དང། ཀུན་ནས་དཀྲིས་པའོ། །བརྡ་བྱེད་པ་ཞེས་བྱ་བ་ནི། གང་གི་ཚེ་བདག་དཔོང་སའམ། ལྷ་ཁང་ལ་སོགས་པ་ཆེ་གེ་མོ་ཞིག་ན་མཐོང་བ་ནའོ། །དུས་འདེབས་པ་ཞེས་བྱ་བ་ནི་སྔ་དྲོ་དང། ཉི་མའི་གུང་དང། ཕྱི་དྲོ་གང་ཡིན་པ་དེའི་ཚེ་ཤོག་ཅིག །ཅེས་ཟེར་བའོ། །མཚན་མ་སྟོན་ཏམ་ཞེས་བྱ་བ་ནི། གང་གི་ཚེ་བདག་སྐྲ་བྲེགས་ནས་རིང་པོ་མ་ལོན་ཞིང་སྣམ་སྦྱར་དམར་སེར་གྱོན་པར་མཐོང་བ་དེའི་ཚེ་ནའོ། །འཕྱར་གཡེང་དང་ཞེས་བྱ་བ་ནི་ཕྱས་འདོགས་པའོ། །གཞོག་སྟེགས་ཞེས་བྱ་བ་ནི་ཀུན་ཏུ་རྩེ་བའོ། །ཙབ་ཧྲལ་ཞེས་བྱ་བ་ནི་ཀུན་ཏུ་ཅ་ཅོ་འདོན་པའོ། །སྐྱེས་པ་འོངས་པ་བདག་གིར་བྱེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བར་བྱེད་པའོ། །གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ། ཕྱིར་བཟློག་ཏུ་མེད་པའི་གནས་སུ་ཞེས་བྱ་བ་ནི་དབང་དུ་འགྱུར་བའོ། །ལུས་བཀན་པ་ཞེས་བྱ་བ་ནི་ཁོག་པའོ། །གནས་བརྒྱད་པོ་འདི་དག་ཏུ་ཞེས་བྱ་བ་ནི་བསྟན་པ་གང་ཡིན་པ་དེ་དག་ཏུའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ། །དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ། །བསྙེན་


DKG009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང། རྟོག་པ་ཉིད་དང། ཡང་དག་པར་རྟོག་པ་ཉིད་དང། མཐར་ཕྱིན་པར་བྱེད་པ་ཉིད་དང། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང། དེའི་ཁས་ལེན་པ་ཉིད་དང། ཉེ་བར་ཁས་ལེན་པ་དང། མངོན་པར་ཁས་ལེན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ལྟུང་བ་བྱས་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ། །བྱས་མ་ཐག་ཏུ་ཞེས་བྱ་བ་ནི་དེའི་མོད་ཉིད་ལའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང། ཀུན་ཏུ་བསྟན་པའི་ཚིག་བླ་དྭགས་སོ། །ཞེས་བྱ་བ་ནས། དགེ་སློང་མ་བཅུ་གཉིས་པོ་དག་ཏུ་བསྐོ་བར་མི་བྱའོ། །ཞེས་བྱ་བའི་བར་དུའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡ་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ། །དུས་འདེབས་ནའང་སྦོམ་པོར་འགྱུར་རོ། །མཚན་མ་སྟོན་ན་སྦོམ་པོར་འགྱུར་རོ། །འཕྱར་གཡེང་བྱེད་ན་སྦོམ་པོར་འགྱུར་རོ། །གཞོག་སྟེགས་བྱེད་ན་སྦོམ་པོར་འགྱུར་རོ། །ཙབ་ཧྲལ་བྱེད་ན་སྦོམ་པོར་འགྱུར་རོ། །སྐྱེས་པ་འོངས་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ། །གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་མི་རུང་ བ་སླར་བཟློག་ཏུ་རུང་བའི་གནས་སུ་ལུས་བཀན་ན་སྦོམ་པོར་འགྱུར་རོ། །གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ན་ཕས་ཕམ་པའི་ལྟུང་བར་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས། ཕས་ཕམ་པར་གྱུར་པ་དྲུག་པ་རྫོགས་སོ།། །།


previousཕས་ཕམ་པར་གྱུར་པ་དྲུག་པ་འཆད་པ། next