Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་པ།


  expand section
  collapse section
  collapse section
   
   
   
   
   
   
   
   
   
སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་འཆད་པ།
   
   
   
   


 
previousསྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་འཆད་པ། next

སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་འཆད་པ།


DKG009_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། ཞག་བཅུ་བཅང་དང་འབྲལ་མི་བྱ། །ཟླ་བ་ཉེ་དུ་མིན་མི་བསླང། །བླ་གསོས་མཐད་གོས་བཅས་པ་དང། །པགས་པ་གཉིས་དང་ཕོ་ཉ་བསྐུར། །མོན་དར་སར་པ་གསེར་དངུལ་དང། །སྣ་ཚོགས་ཉོ་ཚོང་བྱེད་པའོ། །སྣགས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་རྣམས་ལ། ཆོས་གོས་མང་པོ་


DKG009_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི། མཁན་མོ་དང་སློབ་དཔོན་དག་ལ་བལྟ་བའི་ཕྱིར་འགྲོ་བར་བྱེད། ཆོས་གོས་གཞན་གྱིས་ནི། གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། ཕྱག་དར་འཕྱག་པར་བྱེད། ཆོས་གོས་གཞན་གྱིས་ནི། བའི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། ཆོས་གོས་གཞན་གྱིས་ནི། བཤང་བའི་ས་དང། གཅི་བའི་ས་དག་འཕྱག་པར་བྱེད། ཆོས་གོས་གཞན་གྱིས་ནི། སོ་ཤིང་འདོར་བར་བྱེད། ཆོས་གོས་གཞན་གྱིས་ནི། གནས་མལ་དང་སྣོད་སྤྱད་འདྲིམ་པར་བྱེད། ཆོས་གོས་གཞན་གྱིས་ནི། གོང་དུ་བསོད་སྙོམས་ལ་འཇུག་པར་བྱེད། ཆོས་གོས་གཞན་གྱིས་ནི། ཟས་ཀྱི་གྲལ་དུ་བཀད་པར་བྱེད། ཆོས་གོས་གཞན་གྱིས་ནི། ཉིན་པར་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི། མཚན་མོ་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི། སྟོན་པའི་སྤྱན་སྔ་ནས་གདམས་ངག་དང། རྗེས་སུ་བསྟན་པ་དག་སོ་སོར་ཉམས་སུ་མྱོང་བར་བྱེད་པ་ན། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད་དེ། ངའི་ཉན་ཐོས་མ་རྣམས་རྣམ་པར་ཤེས་པར་འགྱུར་བ་དང། བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་ནི་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི། དོན་དང་མི་ལྡན་པར་ནི་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་པས། འདི་ལྟ་སྟེ། དོན་དང་ལྡན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨ་བ་རྨེད་པར་མཛད་དེ། དགེ་སློང་མ་དག་ཁྱེད་ཅག་ལ་ཆོས་གོས་མང་པོ་འདི་ལྟ་བུ་འདི་བྱུང་བ་བདེན་ནམ། བཅོམ་ལྡན་འདས་མད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་དཀའ་བ་དང།


DKG009_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དགང་དཀའ་བ་དང། འདོད་པ་ཆེ་བ་དང། ཆོག་མི་ཤེས་པ་དང། སྦྱངས་པའི་ཡོན་ཏན་ཅན་མ་ཡིན་པ་དང། ཚོད་མི་ཤེས་པའི་རྣམ་པར་སྨད་པས་རྣམ་པར་སྨད་པ་མཛད་ནས། དགེ་སློང་མ་རྣམས་ལ་གསོ་སླ་བ་དང། དགང་སླ་བ་དང། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང། སྦྱངས་པའི་ཡོན་ཏན་དང། ཚོད་ཤེས་པའི་བསྔགས་པ་གསུངས་ཏེ། དགེ་སློང་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པར་རུང་བར་མ་བྱས་པ་བཅང་བར་བྱའོ། །དེ་ལས་ལྷག་བར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཆོས་གོས་ཟིན་པ་ཞེས་བྱ་བ་ལ། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་ཟིན་པ་ཡང་ཡོད། ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། །ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང། དྲ་བ་དང། དྲུབ་པ་དང། ཁ་བསྒྱུར་ཟིན་ལ། དགེ་འདུན་གྱིས་སྲ་བརྐྱང་མ་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ། །སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མའི་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ཟིན་ལ། དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང། དྲ་བ་དང། དྲུབ་པ་དང། ཁ་བསྒྱུར་མ་ཟིན་པ་སྟེ། དེ་ལྟ་བུ་ནི་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ནོ། །ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང། དྲ་བ་དང། དྲུབ་པ་དང། ཁ་བསྒྱུར་བ་ཟིན་ལ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྲ་བརྐྱང་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །དགེ་སློང་མ་ཞེས་བྱ་བ་ནི། ཆོས་འདི་པ་དག་གིའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི། ཉིན་ཞག་བཅུའོ། །གོས་ལྷག་པ་


DKG009_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། བྱིན་གྱིས་བརླབས་པ་ལྔ་ལས་ལྷག་པའོ། །རུང་བར་མ་བྱས་པ་ཞེས་བྱ་བ་ནི། གང་ཞིག་སུའི་མིང་གིས་ཀྱང་རུང་བར་མ་བྱས་ལ་བདག་ཉིད་ཀྱིའོ། །བཅངས་པའོ། །སྤངས་པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས། ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། ལྟུང་བ་ཞེས་བྱ་བ་ནི། དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དང། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྟེ། དེ་བས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཚེས་ལ་གོས་རྙེད་ན། དགེ་སློང་མ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་དམ། གཞན་ལ་བྱིན་པར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཇི་ལྟར་ཚེས་ལ་གོས་རྙེད་ལ། དེ་བཞིན་དུ་ཚེས་གཉིས་དང། གསུམ་དང་ཞེས་བྱ་བ་ནས། བཅུའི་ནང་དུ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་མ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་བརླབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་ལ་གོས་གཅིག་རྙེད་ལ། ཕྱི་དེ་ཉིན་པར་གཅིག་རྙེད་ན། དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང། ཕྱི་མ་ཤོས་རུང་བར་བྱ་བའམ། བྱིན་གྱིས་བརླབ་པར་བྱའོ། །ཡང་ན་གོས་ཕྱི་མ་ཤོས་བྱིན་གིས་བརླབ་པར་བྱ་ཞིང། སྔ་མ་རུང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་དགེ་སློང་མས་ཚེས་དགུ་ལ་གོས་གཅིག་རྙེད་ལ། ཚེས་བཅུ་ལ་གཅིག་རྙེད་ན། དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་


DKG009_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང། ཕྱི་མ་ཤོས་རུང་བར་བྱ་བའམ། གཏང་བར་བྱའོ་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཚེས་གཅིག་ལ་གོས་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས་རྙེད་ན། དགེ་སློང་མ་དེས་གོས་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང། གོས་ཕྱི་མ་ཤོས་གཉིས་རུང་བར་བྱ་བའམ། གཏང་བར་བྱའོ། །རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་དགུ་ལ་གོས་གཉིས་རྙེད་ལ། ཚེས་བཅུ་ལ་ཡང་གཉིས་རྙེད་ན་ཞེས་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་མས་ཚེས་གཅིག་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་རབ་ཏུ་མང་པོ་རྙེད་ན། དགེ་སློང་མ་དེས་སྔ་མའི་གོས་རབ་ཏུ་མང་པོ་དག་བྱིན་གིས་བརླབ་པར་བྱ་ཞིང། ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བའམ། གཏང་བར་བྱའོ། །ཡང་ན་ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང། སྔ་མའི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་དགུ་ལ་གོས་རབ་ཏུ་མང་པོ་དག་རྙེད་ལ། ཚེས་བཅུ་ལ་ཡང་གོས་རབ་ཏུ་མང་པོ་དག་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མའི་གོས་སྤང་བར་གྱུར་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། །དགེ་སློང་མའི་གོས་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། །དགེ་སློང་མའི་གོས་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། །དགེ་སློང་མའི་གོས་


DKG009_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས། གོས་གཞན་ཞིག་རྙེད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་པ་དང། སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། སྤང་བའི་ལྟུང་བྱེད་དང་པོ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་མ་དབྱར་གནས་པར་ཁས་བླངས་པས་དབྱར་མཐར་ཕྱིན་པར་གནས་པ་འགའ་ཞིག་གིས། ཆོས་གོས་དག་རྙེད་པར་གྱུར་ནས། དེས་དེ་དག་བཀྲུས་ཤིང་ཁ་བསྒྱུར་ཏེ་གཏུར་བུ་བཀང་ནས་བམ་པོར་སྒྲེས་ཏེ། བླ་གོས་དང། ཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་སོང་ནས། དེ་ལྗོངས་རྒྱུ་ཞིང་སོང་བ་ན་མ་སྦས་ཤིང་སྦེད་དུ་མ་བཅུག་པར་གྱུར་ཏོ། །དགེ་སློང་མ་གནས་ན་གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་སྐེམས་པ་དང། སྤྲུག་པས་བྱ་བ་མང་བ་དང། བྱེད་པ་མང་བར་གྱུར་ཅིང། ལུང་མནོད་པ་དང། ཀློག་པ་དང། ཁ་ཏོན་དང། རྣལ་འབྱོར་དང། ཡིད་ལ་བྱེད་པ་དང། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་ནས། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང། མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་གནས་བརྟན་ཆེན་པོ་འོད་སྲུང་ལ་བརྟེན་ནས། སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་ཡིན་ནས། ཡང་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་གནས་བརྟན་གནས་བརྟན་དག །བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་


DKG009_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་ཡིན་པས་ངའི་ཉན་ཐོས་མ་རྣམས་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་མ་ཆོས་གོས་ཟིན་ཏེ་སྲ་བརྐྱང་ཕྱུང་ནས། ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང། ནུབ་གཅིག་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །ཆོས་གོས་ཟིན་པ་ཞེས་བྱ་བ་ནི། གོང་མ་ཇི་ལྟ་བ་བཞིན་ནོ། །ཆོས་གོས་ལྔ་ཞེས་བྱ་བ་ནི། སྣམ་སྦྱར་དང། བླ་གོས་ལ་སོགས་པ་ཆོས་གོས་བྱིན་གྱིས་བརླབས་པ་གང་ཡང་རུང་བ་དག་གོ་།མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་ཞེས་བྱ་བ་ནི། སྐྱ་རེངས་འཆར་བར་བྱེད་ནའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནང་བ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང། །ཚོགས་དང་ས་བར་རྩིག་པ་དང། །འོབས་ཀྱི་ཉེན་ཀོར་དག་དང་ནི། །ཁྱིམ་དང་ཚོང་ཁང་ཚོང་རྡལ་དང། །ཡང་ཐོག་ཀུན་རྒྱུ་གཡུལ་དང་ནི། །གཡུལ་ཚོམས་མུ་སྟེགས་ཤིང་རྟ་དང། །གྲུ་དང་ཀུན་དགའ་ར་བ་དང། །ལྗོན་ཤིང་དང་ནི་ཞུས་པའོ། །ཁྱིམ་གཅིག་པའི་གྲོང་ནི་གང། ཁྱིམ་གཉིས་པའི་གྲོང་ནི་གང། ཁྱིམ་གྱི་ཚོགས་ནི་གང། རིབ་མས་བསྐོར་བའི་ཚོགས་ནི་གང། རྩིག་པས་བསྐོར་བའི་གྲོང་ནི་གང། དེ་བཞིན་དུ་འོབས་ཀྱིས་བསྐོར་བའི་གྲོང་དང། གྲོང་ཉེ་འཁོར་གཅིག་པ་དང། གྲོང་ཉེ་འཁོར་ཐ་དད་པ་


DKG009_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། གྲོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང། ཁྱིམ་ཉེ་འཁོར་གཅིག་པ་ནི་གང། ཁྱིམ་ཉེ་འཁོར་ཐ་དད་པ་ནི་གང། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཟཧན་ཚོང་ཁང་ཉེ་ཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ། དེ་བཞིན་དུ་ཚོང་རྡལ་ཉེ་འཁོར་གཅིག་པ་དན།ག་ཚོང་རྡལ་ཉེ་འཁོར་ཐ་དད་པ་ཡང་ཡོད། ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་ཡང་ཐོག་ཉེ་འཁོར་གཅིག་པ་དང། ཡང་ཐོག་ཉེ་འཁོར་ཐ་དད་པ་ཡང་ཡོད། ཡང་ཐོག་པར་ཏུ་མང་པོ་ཉེ་འཁོག་གཅིག་པ་དང། རབ་ཏུ་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་གཡུལ་ཉེ་འཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། གཡུལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་གཡུལ་ཚོམས་ཉེ་འཁོར་གཅིག་པ་དང། གཡུལ་ཚོམས་ཉེ་འཁོར་ཐ་དད་པ་དང། གཡུལ་ཚོམས་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་ཀུན་ཏུ་རྒྱུའི་ཁྱིམ་ཉེ་འཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་ཤིང་རྟ་ཉེ་འཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་གྲུ་ཉེ་འཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་ཀུན་དགའ་ར་བ་ལ་ཉེ་འཁོར་


DKG009_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང། དེ་བཞིན་དུ་ལྗོན་ཤིང་ཉེ་འཁོར་གཅིག་པ་དང། ཉེ་འཁོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང། རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་སྟེ། ལྟུང་བ་དེའི་བསྟན་པ་ནི་འདི་ཡིན་ནོ། །ད་ནི་བཤད་པ་སྨྲ་བར་བྱ་སྟེ། དེ་ལ་ཁྱིམ་གཅིག་པའི་གྲོང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོད་དང། རི་ཁྲོད་པ་དང། ཀླ་ཀློ་བཟོ་ལ་རག་ལས་པ་རྣམས་ཀྱི་གྲོང་གང་ཡིན་པ་སྟེ། གྲོང་འདི་ནི་ཁྱིམ་གཅིག་པ་ཡིན་ནོ། །ཁྱིམ་གཅིག་པ་ཇི་ལྟ་བར་ཁྱིམ་གཉིས་པ་ཡང་དེ་བཞིན་ནོ། །ཁྱིམ་གྱི་ཚོགས་ཀྱི་གྲོང་གང་ཞེ་ན། མིའི་གཙོ་བོ་སྣ་ཚོགས་གནས་པར་གྱུར་པའི་གྲོང་གང་ཡིན་པ་སྟེ། འདི་ནི་ཁྱིམ་གྱི་ཚོགས་ཀྱི་གྲོང་ཞེས་བྱའོ། །སབ་རས་བསྐོར་བའི་གྲོང་གང་ཞེ་ན། སབ་རས་བསྐོར་བའི་གྲོང་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གང་དུ་སྐས་གདང་བུ་བཅུ་གཉིས་པས་ཁྱབ་ཅིང་འདུག་པའམ། ཡུལ་མ་ག་དྷའི་ཤིང་རྟ་སྨྱིག་མས་བཀང་བར་འགྱུར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དག་བཞག་ནས། ཉེ་འཁོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེ་འཁོར་དུ་ཆོས་གོས་བཞག་སྟེ། ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཕྱི་རོལ་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེངས་འཆར་བར་བྱེད་ཅིང་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །རྩིག་པས་བསྐོར་བ་གང་ཞེ་ན། ར་བས་བསྐོར་བའི་གྲོང་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གང་དུ་རྡུང་བར་བྱེད་པ་དང། རྡོ་བར་བྱེད་པ་དང། ཟ་བར་བྱེད་པ་དང། ཁྱེའུ་སུས་བྱེད་པའམ། གང་དུ་མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་བཤང་བར་འགྲོ་བའམ། བྱ་གག་ཕུར་སྟབས་ཀྱིས་ཆོད་པ་སྟེ། དེའི་ཉེ་འཁོར་ནི་དེ་ཡིན་ནོ། །དགེ་སློང་


DKG009_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེ་འཁོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེ་འཁོར་དུ་ཆོས་གོས་དག་བཞག་སྟེ། ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ནང་ངམ་ཉེ་འཁོར་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེངས་འཆར་བར་བྱེད་ཅིང། སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །འོབས་ཀྱིས་བསྐོར་བའི་གྲོང་གང་ཞེ་ན། འོབས་ཀྱིས་བསྐོར་བའི་གྲོང་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རམ། གང་དུ་བ་ལང་དང་ལུག་དང་འགྲོ་བའི་རྡུལ་ལངས་པ་རླུང་གིས་མ་བསྐྱོད་པའམ། ཕྱག་དར་བོར་བའི་བོང་བ་འདྲིལ་བས་སླེབས་པ་ཡིན་ཏེ། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲོང་ཉེ་འཁོར་གཅིག་པ་གང་ཞེ་ན། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་གཅིག་ཡོད་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲོང་ཉེ་འཁོར་ཐ་དད་པ་གང་ཞེ་ན། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་མང་པོ་ཡོད་པའོ། །དེ་རྣམས་ཀྱི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེན་སྒོའོ། །གལ་ཏེ་དགེ་སློང་མས་ནང་ངམ། ཕྱི་རོལ་ཏུ་ཆོས་གོས་དག་བཞག་ལ་སྐྱ་རེངས་འཆར་ན་དགེ་སློང་མ་ཉེ་འཁོར་དང་བྲལ་བས་སྒོར་འདུག་ནས་སྐྱ་རེངས་འཆར་བར་བྱེད་ནའོ། །གལ་ཏེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ། །གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་རབ་ཏུ་མང་པོ་དག་ལ་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་གཅིག་ཡོད་པའོ། །དེ་རྣམས་ཀྱི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས་གཞན་དུ་


DKG009_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲོང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། དེ་རྣམས་ཀྱི་སྐྱེད་མོས་ཚལ་མང་པོ་ཡོད་པའོ། །དེ་རྣམས་ཀྱི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཁྱིམ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བའི་ཁྱིམ་གང་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངོ་ཞེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཁྱིམ་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངོ་ཞེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བའི་ཁྱིམ་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་པའོ། །ཚོང་ཁང་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་ཁང་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གང་དུ་འབྲུ་སྤུང་བར་བྱེད་པ་དང། གླེ་བ་དང། བྲེའུ་ཆུང་འཇོག་པར་བྱེད་པ་དང། འཇལ་བར་བྱེད་པའི་སྣོད་དག་འཇོག་པར་བྱེད་པ་སྟེ། དེའི་ཉེ་འཁོར་ནི་དེ་ཡིན་ནོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་ཁང་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཟོང་གི་མཛོད་དོ། །ཚོང་ཁང་


DKG009_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བའི་ཚོང་ཁང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་ཁང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཚོང་རྡལ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་རྡལ་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་གི་སྤང་ལེག་དག་འཇོག་པར་བྱེད་པ་དང། དྲི་དག་འཐག་བར་བྱེད་པ་དང། ཐུམ་བུ་དག་འཆིང་བར་བྱེད་པ་དང། འདྲ་བར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཉེ་འཁོར་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་རྡལ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཚོང་རྡལ་གང་དག་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། འདུག་སྟེགས་སོ། །ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་རྡལ་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཚོང་རྡལ་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཡང་ཐོག་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཡང་ཐོག་གོ། །དེའི་ཉེ་འཁོར་


DKG009_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངོ། །གཞན་ནི་སྔ་མ་བཞིན་ནོ། །ཡང་ཐོག་ཉེ་འཁོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཡང་ཐོག་གོ་།དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྐས་སོ། །ཡང་ཐོག་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོམ་བྱེ་བ་དག་གི་ཡང་ཐོག་གོ་།དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངོ། །གཞན་ནི་སྔ་མ་བཞིན་ནོ། །ཡང་ཐོག་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་བྱེ་བ་དག་གི་ཡང་ཐོག་གོ་།དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཀུན་ཏུ་རྒྱུའི་ཁྱིམ་གྱི་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཀུན་ཏུ་རྒྱུའི་ཁྱིམ་མོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་དེ་དག་གི་སྨྱིག་མ་གཤེགས་པར་བྱེད་པ་དང། གླེ་བ་བྱེད་པ་དང། གདུགས་ཀྱི་སྒོ་དག་ཅེས་བྱ་བ་ནས། སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཀུན་ཏུ་རྒྱུའི་ཁྱིམ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བ་དག་གི་ཀུན་ཏུ་རྒྱུའི་ཁྱིམ་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། རྒྱལ་མཚན་གྱི་ཤོང་ངོ། །ཀུན་ཏུ་རྒྱུ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཀུན་ཏུ་རྒྱུའི་ཁྱིམ་རབ་ཏུ་མང་པོ་གང་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་སྨྱིག་མ་དག་གཤེགས་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཀུན་ཏུ་རྒྱུ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའམ། སྤུན་སྒོ་བྱེ་བ་དག་གི་ཀུན་ཏུ་རྒྱུ་རབ་ཏུ་མང་པོའི་ཁྱིམ་གང་དག་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་པའོ། །གཡུལ་ཉེ་འཁོར་གཅིག་པ་


DKG009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་སོག་མ་དག་འཇོག་པར་བྱེད་པ་དང། བྲེལ་བ་དང། ཕྱགས་མ་དང། གཞལ་སྣོད་དག་འཇོག་པར་བྱེད་པ་དང། འཕྱར་བར་བྱེད་པ་དང། འབྲུ་དག་ཕྱར་བ་ན་ཕུབ་མ་རགས་པ་དག་གང་དུ་རླུང་གིས་མ་བདས་པར་ཕྱིན་པ་སྟེ་དེའི་ཉེ་འཁོར་ནི་དེ་ཡིན་ནོ། །དགེ་སློང་མས་ཉེ་འཁོར་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་ནི་སྔ་མ་བཞིན་ནོ། །གཡུལ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་གཡུལ་གང་ཡིན་པའོ། །ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། གཡུལ་གྱི་དབུས་སོ། །གཡུལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་གང་ཡིན་པའོ། །གཞན་ནི་སྔ་མ་བཞིན་ནོ། །གཡུལ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གཡུལ་གང་ཞིག་མི་ཐ་དད་པའམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །གཡུལ་ཚོགས་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གང་དུ་གླང་དག་འདོགས་པར་བྱེད་པ་དང། ལྕི་བ་དག་འདོར་བར་བྱེད་པའོ། །གཞན་ནི་སྔ་མ་བཞིན་ནོ། །གཡུལ་ཚོགས་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོ་ཞེས་བྱ་བའི་བར་རོ། །གཡུལ་ཚོགས་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། གཡུལ་གང་ཞིག་མི་གཅིག་གིའམ། ཞེས་བྱ་བ་ནས་སྔ་མ་བཞིན་ནོ། །གཡུལ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གཡུལ་ཚོགས་གང་ཞིག་མི་ཐ་དད་པའི་འམ་ཞེས་བྱ་


DKG009_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་གཅིག་པ་གང་ཞེ་ན། མུ་སྟེགས་ཅན་ལྟ་བ་གཅིག་པ། བཟོད་པ་གཅིག་པ། འདོད་པ་གཅིག་པ། བསམ་པ་གཅིག་པ་དག་གི་གང་ཡིན་པའོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། གནས་གང་དུ་དེ་དག་མེའི་སྦྱིན་སྲེག་སྲེག་པར་བྱེད་པ་དང། རྩྭ་དང། ལྕི་བ་དང། ཡམ་སྲེག་ཤིང་དང། བླུགས་གཟར་དག་འཇོག་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་ལྟ་བ་སྣ་ཚོགས་དང་ཞེས་བྱ་བ་ནས། བསམ་པ་སྣ་ཚོགས་གང་ཡིན་པའོ། །ཞེས་བྱ་བའི་བར་རོ། །དེ་དག་གི་ཉེ་འཁོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ལྷའི་གནས་སོ། །མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་གྱི་ཁྱིམ་གང་དག་མི་ཐ་དད་པའི་འམ། ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །ཤིང་རྟ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་རྟ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གིའོ། །དེའི་ཉེ་འཁོར་གང་ཞེ་ན། འགྲོ་བའམ་འདུག་ཀྱང་རུང། ཉེ་འཁོར་འདོམ་གང་ངམ། གནས་གང་དུ་གླང་འདོགས་པར་བྱེད་པ་དང། རྩྭ་མུན་ཙ་དག་རྡུང་བར་བྱེད་པ་དང། ཐ་ག་གུ་དག་འཁལ་བར་བྱེད་པའམ། ཡང་ན་གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཤིང་རྟ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཤིང་རྟ་གང་ཡིན་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་


DKG009_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཁ་ལོ་སྒྱུར་བའི་སྟན་ནོ་ཞེས་བྱ་བའི་བར་རོ། །ཤིང་རྟ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཤིང་རྟ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། ཤིང་རྟ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཉིས་པ། གྲུ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གྲུ་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། འགྲོ་བའི་ཉེ་འཁོར་འདོམ་གང་ངམ། གནས་གང་དུ་ཕུར་པ་འདེབས་པར་བྱེད་པ་དང། གྲུ་རྟོད་པར་བྱེད་པ་དང། རྩྭ་མུན་ཛ་དག་རྡུང་བར་བྱེད་པ་དང། ཐག་པ་དག་འཁལ་བར་བྱེད་པ་དང། རུ་སྐྱ་དག་འཇོག་པར་བྱེད་པ་དང། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲུ་ཉེ་འཁོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། གྲུ་གདོང་ངོ་ཞེས་བྱ་བའི་བར་རོ། །གྲུ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །གྲུ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན་གྲུ་གང་དག་མི་ཐ་དད་པའི་འམ། ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །ཀུན་དགའ་ར་བ་ཉེ་འཁོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོམ་བྱེ་བ་དག་གི་ཀུན་དགའ་ར་བ་གང་ཡིན་པའོ། །དེའི་ཉེ་འཁོར་གང་ཞེ་ན། གནས་གང་དུ་ལོ་མ་སྔོན་པོ་དག་འཁྲུ་བར་བྱེད་པ་དང། ཐུམ་བུ་དག་འཕུར་བར་བྱེད་པ་དང། མེ་ཏོག་དག་རྒྱུད་པར་བྱེད་པ་དང། ཁྱེའུ་སུས་དག་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དང་ཅེས་བྱ་བ་ནས། སྐྱ་རེངས་འཆར་


DKG009_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ན། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཀུན་དགའ་ར་བ་ཉེ་འཁོར་ཐ་དད་པ་གང་ཞེ་ན། ཀུན་དགའ་ར་བ་གང་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཁྲོན་པའོ་ཞེས་བྱ་བའི་བར་རོ། །ཀུན་དགའ་ར་བ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། ཀུན་དགའ་ར་བ་གང་དག་མི་གཅིག་གིའམ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཀུན་དགའ་ར་བ་མང་པོ་ཉེ་འཁོར་ཐ་དད་པ་གང་ཞེ་ན། ཀུན་དགའ་ར་བ་མང་པོ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །ཤིང་ལྗོན་པའི་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པའི་ཡལ་གའི་ལོ་འདབ་འབྱོར་པས་གཅིག་ཏུ་སྟུག་པའོ། །དེའི་ཉེ་འཁོར་གང་ཞེ་ན། ནང་ཐམས་ཅད་དང། ཕྱི་རོལ་འདོམ་གང་ངམ། སོ་ག་རྣམས་ཀྱེ་ཟླ་བ་ཐ་མ་ལ་བབ་པའི་ཉི་མ་ཕྱེད་པའི་གྲིབ་མས་ཁྱབ་ཅིང་འདུག་པའམ། ལོ་མ་སྐྱ་བོ་དག་རླུང་གིས་མ་བདས་པས་ལྟུང་བའམ། ཆར་འབབ་པ་ན་ཆུའི་ཐིགས་པ་དག་འབབ་པ་སྟེ། དེའི་ཉེ་འཁོར་ནི་དེ་ཡིན་ན། །དགེ་སློང་མས་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཤིང་ལྗོན་པ་ཉེ་འཁོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་གའི་ལོ་མ་འདབ་མ་འབྱོར་པའམ་ཞེས་བྱ་བ་ནས། ཐུན་མོང་ཅི་ཞིག་ཡིན་ཞེ་ན། ཤིང་དྲུང་ངོ་ཞེས་བྱ་བའི་བར་རོ། །ཤིང་ལྗོན་པ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་རབ་ཏུ་མང་པོ་ཡལ་གའི་ལོ་མ་འདབ་མ་འབྱོར་པ་གྲིབ་མ་ཐ་དད་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་མ་ཤུལ་དུ་ཞུགས་པའི་ཉེ་འཁོར་གང་ལགས། འགྲོ་བ་ན་འདོམ་གང། འགྲེང་བ་ན་འདོམ་གང། འདུག་པ་ན་འདོམ་གང་ཁོར་ཁོར་ཡུག་ཡིན་ནོ། །


DKG009_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་གལ་ཏེ་དགེ་སློང་མ་དག་ཤུལ་དུ་ཞུགས་ནས་ལྷན་ཅིག་གནས་པ་དང། ཉེ་གནས་དག་ལ་ཆོས་གོས་དག་གཏད་དེ། དེ་སླད་བཞིན་མཆིས་ན། དེ་དག་གི་ཉེ་འཁོར་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཇི་སྐད་བྲམ་ཟེ་གྲོ་བཞིན་སྐྱེས་ཀྱི་རིགས་ལ་བར་འདོས་བདུན་བདུན་གྱིས་བཅད་དེ་ཨ་མྲ་བསྐྱེད་ན། ཤིན་ཏུ་མེ་ཏོག་ཕུན་སུམ་ཚོགས་པ་དང། འབྲས་བུ་ཕུན་སུམ་ཚོགས་པ་དང། ཡལ་ག་ཕུན་སུམ་ཚོགས་པར་འགྱུར་བར་གསུངས་པའི་ཨ་མྲ་གང་དག་ཡིན་པ་དེ་དག་གི་བར་ནི། འདོམ་བཞི་བཅུ་རྩ་དགུར་འགྱུར་རོ། །བཙུན་པ་རེ་ཞིག་གཙུག་ལག་ཁང་གཉིས་ཀྱི་མཚམས་སུ་མཆིས་ཉལ་བར་བགྱིད་ན། མཚམས་གང་ལགས། ཇི་ཙམ་ཆོས་གོས་ཀྱི་གྲྭ་ལུས་དང་མ་བྲལ་བ་དེ་སྲིད་དུ་ཆོས་གོས་དང་བྲལ་བར་མི་འགྱུར་རོ། །གང་གི་ཚེ་དེའི་ཆོས་གོས་ཀྱི་གྲྭ་ལུས་དང་བྲལ་བ་དེའི་ཚེ། ཆོས་གོས་དང་བྲལ་བར་གྱུར་ཏེ། དགེ་སློང་མའི་ཆོས་གོས་སྤང་བར་གྱུར་ཏེ། དེ་མ་སྤངས་པར་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །སྤང་བའི་ལྟུང་བྱེད་གཉིས་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་མ་རྣམས་ལ་གོས་ཀྱི་རྙེད་པ་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། གང་སུ་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་འདི་འདྲ་བའི་གོས་བདག་གིས་རྙེད་པར་གྱུར་པ་དེའི་ཚེ། བདག་གིས་ལངས་པར་བྱས་ལ་བཅད་བར་བྱའོ་སྙམ་དུ་རེ་བ་ཡོད་ཅིང། དེས་དེ་འཇོག་པར་བྱེད་དོ། །སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ། སེར་པོ་དང། དམར་པོ་དང། སྟུག་པོ་དང། སྲབ་མོ་ལ་ཡང་བརྗོད་པར་བྱའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས། སྲ་བརྐྱང་ཕྱུང་ནས། དུས་མ་ཡིན་པར་གོས་ཤིག་རྙེད་ལ་འདོད་ན། དགེ་སློང་མ་དེས་གོས་དེ་བླང་བར་བྱའོ། །བླངས་ནས་


DKG009_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ལངས་ན་མྱུར་བ་ཁོ་ནར་བྱས་ཏེ། བཅང་བར་བྱའོ། །གལ་ཏེ་ཆོས་གོས་ལ་རེ་བ་ཡོད་པའམ། ཁ་མ་ལངས་པ་ཁ་སྐོང་བར་བྱེད་ན། དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐའི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མ་ཆོས་གོས་ཟིན་པས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ལ། གོས་ཀྱི་དུས་ནི་གང་ཡིན། དུས་མ་ཡིན་པའི་གོས་ནི་གང་ཡིན་ཞེ་ན། སྲ་བརྐྱང་གཏིང་བའི་གནས་ན་ནི། སྟོན་ཟླ་འབྲིང་པོའི་ཉ་ནས་བཟུང་སྟེ། དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་ལྔ་པོ་དེ་དག་ནི་གོས་ཀྱི་དུས་ཡིན་ནོ། །ལྷག་མ་ཟླ་བ་བདུན་པོ་དག་ནི་དུས་མ་ཡིན་ནོ། །གོས་བདུན་པོ་གང་ཡང་རུང་བ་ཞེས་བྱ་བ་ལ་བདུན་པོ་དེ་དག་གང་ཞེ་ན། བལ་གྱི་དང། རས་དང། རས་བལ་གྱི་དང། མོན་དར་དང། དུ་གུ་ལའི་རས་དང། ཀོ་ཏམ་པའི་རས་དང། ཉི་འོག་གི་གོས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །བླངས་ནས་གལ་ཏེ་བླངས་ན། མྱུར་བ་ཁོ་ནར་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་མ་ལངས་ན་ཞེས་བྱ་བ་ནི། ལྔ་པོ་གང་ཡང་རུང་བའོ། །དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་བཅང་བར་བྱའོ་ཞེས་བྱ་བ་ནི། ཉིན་ཞག་སུམ་ཅུའི་མཐར་རོ། །གོས་དེའི་རེ་བ་ཞེས་བྱ་བ་ལ། གོས་ཀྱི་རེ་བ་གང་ཞེ་ན། བདག་ལ་མས་སྦྱིན་པར་འགྱུར་བའམ། བདག་ལ་ཕས་སྦྱིན་པར་འགྱུར་བའམ། བདག་ལ་མིང་པོ་དང་ཕུ་ནུ་མོས་སྦྱིན་པར་འགྱུར་བའམ། ལོ་ལྔའི་དུས་སྟོན་ཆེན་པོའི་ཚེ་འཐོབ་པའོ། །ཁ་མ་ལངས་པ་ཁ་སྐོང་བར་བྱེད་ན། ཞེས་བྱ་བ་ནི་གོས་དེའི་ཁ་སྐོང་བར་བྱེད་ནའོ། །དེ་ལས་འདས་པར་ཞེས་བྱ་བ་ནི། དེ་ལས་ཐལ་བར་རོ། །འཇོག་ན་ཞེས་བྱ་བ་ནི་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ཞེས་བྱ་བ་ནས། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ཞེས་བྱ་བའི་བར་རོ།། །།དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ། རེ་བཅས་རེ་བ་


DKG009_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང། །ཉམས་པར་གྱུར་ལ་གསུམ་དག་དང། །མ་གྲུབ་པ་ལ་རྒྱུན་ཆད་དང། །གོས་ནི་གཉིས་པོ་ཉིད་དག་དང། །དེ་ནས་གོས་ནི་ལྔ་དག་དང། །ཕྱག་དར་ཁྲོད་ལ་གཉིས་དང་ཡང། །སྣམ་ཕྲན་ཚད་དང་གླན་པ་དང། །རྡུལ་ཟན་ཐང་གོས་ཉིད་དང་ཡང། །འཁོར་གསུམ་ཁེབ་པ་དག་དང་ནི། །ཁོར་ཡུག་ཕྱི་མར་བྱས་པ་ཡིན། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཆེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང། དེ་གོས་ཀྱི་རེ་བ་ཡོད་པ་ལས། དེས་ཚེས་དེ་ཉིད་ཀྱི་ཉིན་པར་རེ་བ་ཡོད་པ་རྙེད་ན། དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རུང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་ཉིད་ལ་གོས་མ་རྙེད་དམ། ཚེས་གཉིས་ལ་ཡང་མ་རྙེད་མོད་ཀྱི། ཚེས་དགུ་ལ་རེ་བ་དང་བཅས་པ་ཞིག་རྙེད་ན། དགེ་སློང་མ་དེས་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །གཞན་ཡང་དགེ་སློང་མས་ཚེས་ཉིད་ལ་གོས་མ་རྙེད་ཅིང། ཚེས་གཉིས་ལ་ཡང་མ་རྙེད་དེ། འོན་ཀྱང་ཞག་ཉི་ཤུ་རྩ་དགུའི་ཉིན་པར་རེ་བ་དང་བཅས་པ་ཞིག་རྙེད་ན། དགེ་སློང་མ་དེས་གོས་དེ་ཉི་མ་སུམ་ཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་སུམ་ཅུ་རྩ་གཅིག་པའི་སྐྱ་རེངས་ཤར་ནས་སྤང་བའི་ལྟུང་བྱེད་དོ། །སྔོན་པོ་ཇི་ལྟ་བ་དེ་བཞིན་དུ། སེར་པོ་དང། སྟུག་པོ་དང། སྲབ་མོ་ཡང་དེ་བཞིན་ནོ། །དགེ་སློང་མས་


DKG009_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང། དེས་ཚེས་དེ་ཉིད་ལ་རེ་བ་མེད་པ་གཞན་ཞིག་རྙེད་ན། དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན། ཚེས་གཉིས་ལ་ཡང་མ་ཡིན་པ་ཞེས་བྱ་བ་ནས། ཚེས་དགུ་དང། བཅུའི་ནང་དུ་ཡང་མ་ཡིན་ན་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གཞན་ཡང་དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར་རེ་བ་མེད་པ་ཞིག་རྙེད་ན་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ། །སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི་རེ་བ་དེ་ཉམས་པར་གྱུར། འགྱངས་པར་གྱུར། ཤས་ཆུང་བར་གྱུར་ལ། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་ཚེས་དགུ་ལ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གཞན་ཡང་དགེ་སློང་མས་ཚེས་ལ་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ། །དགེ་སློང་མས་ཆེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་ཅིང། དེས་དེ་འཇོག་པར་བྱེད་པ་ན། དེའི་གོས་ཀྱི་རེ་བ་ཡོད་པ་དེ་གྲུབ་པར་མ་གྱུར། རྒྱུན་ཆད་པར་མ་གྱུར་པར་དེས་ཆེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་


DKG009_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེ་བཞིན་དུ་ཚེས་ལ་མ་ཡིན་ཞེས་བྱ་བ་ནས་ཚེས་དགུའི་བར་དང། ཚེས་ཉི་ཤུ་དགུའི་ཉིན་མོ་ཞེས་བྱ་བའི་བར་རྒྱས་པར་བརྗོད་པར་བྱའོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མེའི་བར་ལ་ཡང་དེ་བཞིན་ནོ། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཆེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི་རེ་བ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་པ་དང། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་དང། དེ་བཞིན་དུ་ཚེས་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་དགུའི་བར་དང། དེ་བཞིན་དུ་ཚེས་ཉི་ཤུ་དགུའི་ཉི་མ་ལ་རེ་བ་མེད་པ་ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ། །སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ། །གོས་ནི་གཉིས་ཏེ། སར་པ་དང། དུས་ཚིགས་སུ་སྤྱད་པའོ། །དེ་ལ་སར་པ་ནི། ཐ་ག་པས་གསར་བུ་བཏགས་པའོ། །དུས་ཚིགས་པ་ནི། དུས་ཚིགས་གསུམ་པོ་གང་ཡང་རུང་བའི་དུས་ཚིགས་སུ་སྤྱད་པར་གྱུར་པའོ། །གོས་ལྔ་པོ་དག་ལ་ལྔ་གང་ཞེ་ན། གོས་བདག་པོ་ཡོད་པ་དང། བདག་པོ་མད་པ་དང། བོར་བ་བླངས་པ་དང། དུར་ཁྲོད་པ་དང། ལྔ་པ་ནི་ཕྱག་དར་ཁྲོད་པའོ། །དེ་ལ་གོས་བདག་པོ་ཡོད་པ་ནི། སྐྱེས་པ་དང། བུད་མེད་དང། མ་ནིང་སྦྱིན་པ་པོར་བཏགས་པ་གང་ཡིན་པའོ། །བདག་པོ་མེད་པ་ནི། མ་ནིང་གི་བར་དུ་སྦྱིན་པ་པོ་མེད་པ་གང་ཡིན་པ་འམ། ཡང་ན་ལམ་ཀར་ལྟུང་བ་རྙེད་པའོ། །བོར་བ་བླངས་པ་ནི། ཤི་བའི་ཉེ་དུས་གོས་ཀྱི་གདུགས་དག་པ་བསྒྲེངས་ཏེ་དུར་ཁྲོད་དུ་བསྐྱལ་ནས། དེ་ནས་བླངས་པ་དག་དགེ་སློང་མ་རྣམས་ལ་དབུལ་བར་བྱེད་པ་སྟེ། འདི་ནི་བོར་བར་བླངས་པའི་གོས་ཞེས་བྱའོ། །དུར་ཁྲོད་པ་ཞེས་བྱ་བ་ནི། ཡོངས་སུ་འཛིན་པ་མེད་པའི་དུར་ཁྲོད་ནས་བླངས་པ་གང་ཡིན་པའོ། །ལྔ་པ་ཉིད་ནི། ཕྱག་དར་ཁྲོད་པའོ། །གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཕྱག་དར་ཁྲོད་པ་ལམ་པོ་ཆེ་བ་དང།


DKG009_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འགྲམ་པ་དང། དགོན་པར་བོར་བ་དང། རལ་རུལ་དང། ལྔ་པ་ཉིད་ནི། ཕྱག་དར་ཁྲོད་པའོ། །གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། བེའུ་ཡིས་ཟོས་པ་དང། སྲིན་གྱིས་ཟོས་པ་དང། བྱི་བས་ཟོས་པ་དང། མེས་ཚིག་པ་དང། ལྔ་པ་ཉིད་ནི་ས་ལ་ལྷུང་བའི་གོས་སོ། །དགེ་སློང་མས་གོས་སར་པ་རྙེད་ལ། གལ་ཏེ་ནུས་ན་དེས་གོས་དེ་ལས་སྣམ་སྦྱར་ནི་ཉིས་རིམ་དུ་བྱ། གདིང་བ་ཡང་ཉིས་རིམ་དུ་བྱ། བླ་གོས་ནི་ཆིག་རྐྱང་དུ་བྱ། མཐང་གོས་ཀྱང་ཆིག་རྐྱང་དུ་བྱའོ། །དེ་བཞིན་དུ་རྡུལ་ཟན་དང། ཤི་ང་དཔུང་ཆད་ཀྱང་ཆིག་རྐྱང་དུ་བྱའོ། །དགེ་སློང་མས་སར་པ་ལ་སྣམ་སྦྱར་ཉིས་རིམ་ལ་རིམ་པ་གསུམ་པ་གློན་པར་བྱེད་ན། དེ་གློན་པར་བྱེད་པ་ན་ཉེས་བྱས་སོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སར་པ་ལ་སྣམ་སྦྱར་ཉིས་རིམ་བྱས་པ་ལས་གཞན་དུ་གླན་ནོ་སྙམ་ནས་རིམ་པ་གཅིག་འབོགས་པར་བྱེད་ན། དེ་འབོགས་པར་བྱེད་པ་ན་ཉེས་བྱས་སོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་འདི་སྙམ་དུ་སེམས་བསྐྱེད་དེ། བཀོགས་ལ་བཀྲུས་ཤིང་ཁ་བསྒྱུར་ཏེ། འདི་ཉིད་ལ་གླན་ནོ་སྙམ་པས། དེ་འབོགས་པར་བྱེད་ན་ལྟུང་བ་མེད་དོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ། །བླ་གོས་ཆིག་རྐྱང་ལ་རིམ་པ་གློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །བླ་གོས་ལ་ཇི་ལྟ་བ་བཞིན་དུ། མཐང་གོས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཆོས་གོས་ལྔའི་བར་དུ་ཡང་བརྗོད་པར་བྱ་སྟེ། ཐམས་ཅད་ལ་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་བརྗོད་པར་བྱའོ། །དགེ་སློང་མས་དུས་ཚིགས་སུ་སྤྱད་པའི་གོས་ཤིག་རྙེད་ལ། གལ་ཏེ་ནུས་ན་དེས་དེ་ལས་སྣམ་སྦྱར་ནི་བཞི་རིམ་བྱའོ། པ།གདིང་བ་དང། བླ་གོས་དང། མཐང་གོས་ནི་ཉིས་རིམ་དུ་བྱའོ། །རྡུལ་ཟན་དང། ཤི་ང་དཔུང་ཆད་ཀྱང་དེ་བཞིན་ནོ། །དགེ་སློང་མས་སྣམས་སྦྱར་བཞི་རིམ་ལ་རིམ་པ་ལྔ་པ་གློན་པར་བྱེད་ན་དེ་


DKG009_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །འབོགས་པར་བྱེད་ན་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ། །བླ་གོས་དང། མཐང་གོས་ཀྱང་དེ་བཞིན་ནོ། །རྡུལ་ཟན་དང། ཤིང་དཔུང་ཆད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །རིམ་པ་གཉིས་པ་ལ་ཞེས་བྱ་བ་ནས། འབོགས་ཤིང་རིམ་པ་གསུམ་པ་གློན་པར་བྱེད་ན། དེ་གློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་པ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཕོག་ལ་གཞན་དུ་གླན་ནོ་སྙམ་ནས། དེ་གློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །བཀོགས་ལ་བཀྲུས་ཤིང་ཁ་བསྒྱུར་ཏེ་ཞེས་བྱ་བ་ནས། འདི་ཉིད་ལ་གླན་པར་བྱའོ་སྙམ་ན་ལྟུང་བ་མེད་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཕྱག་དར་ཁྲོད་པའི་ཚེམ་བུ་རྣམས་ལ་ནི་ཇི་ཙམ་འདོད་པ་གླན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་སྣམ་སྦྱར་དག་གི་སྣམ་ཕྲན་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེར་བར་འཁོར། དགུ་སྟེ། དགུ་གང་ཞེ་ན། དགུ་པ་དང། བཅུ་གཅིག་པ་དང། བཅུ་གསུམ་པ་དང། བཅོ་ལྔ་པ་དང། བཅུ་བདུན་པ་དང། བཅུ་དགུ་པ་དང། ཉི་ཤུ་རྩ་གཅིག་པ་དང། ཉི་ཤུ་རྩ་གསུམ་པ་དང། ཉི་ཤུ་རྩ་ལྔ་པའོ། །ཉེ་བར་འཁོར། སྣམ་ཕྲན་ཅན་དགུ་པོ་འདི་དག་ནི་སྣམ་སྦྱར་ཞེས་བྱའོ། །ཉེ་བར་འཁོར། དེ་ལ་དགུ་པ་གང་ཡིན་པ་དང། བཅུ་གཅིག་པ་གང་ཡིན་པ་དང། བཅུ་གསུམ་པ་གང་ཡིན་པ་དེ་དག་ནི། གླེགས་བུ་ཕྱེ་དང་གསུམ་པར་བྱས་ཏེ་བཅང་བར་བྱའོ། །བཅོ་ལྔ་པ་གང་ཡིན་པ་དང། བཅུ་བདུན་པ་གང་ཡིན་པ་དང། བཅུ་དགུ་པ་གང་ཡིན་པ་དེ་དག་ནི། གླེགས་བུ་ཕྱེད་དང་བཞི་པར་བྱས་ཏེ་བཅང་བར་བྱའོ། །ཉི་ཤུ་རྩ་གཅིག་པ་གང་ཡིན་པ་དང། ཉི་ཤུ་རྩ་གསུམ་པ་གང་ཡིན་པ་དང། ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེ་


DKG009_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔ་པར་བྱས་ཏེ་བཅང་བར་བྱའོ། །དེ་བཞིན་དུ་གླན་པར་བྱའོ། །དེ་ཡན་ཆད་ནི་ཚེམ་བུའོ། །བཅོམ་ལྡན་འདས། ཆོས་གོས་ཀྱི་ཚད་ཇི་ཙམ་ལགས། ཉེ་བར་འཁོར། གསུམ་སྟེ། ཆོས་གོས་ཆེན་པོ་དང། འབྲིང་དང། ཆུང་ངུའོ། །དེ་ལ་སྣམ་སྦྱར་ཆེན་པོ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ལྔའོ། །ཞེད་དུ་ནི་ཁྲུ་གསུམ་མོ། །སྣམ་སྦྱར་ཆུང་ངུ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ཕྱེད་དང་ལྔའོ། །ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེའི་བར་མའོ། །དེ་བཞིན་དུ་བླ་གོས་ལ་ཡང་རྣམ་པ་གསུམ་མོ། །མཐང་གོས་ལ་ཡང་རྣམ་པ་གསུམ་མོ། །དེ་བཞིན་དུ་རྡུ་ལ་ཟན་དང། ཤིང་དཔུང་ཆད་ལ་ཡང་རྣམ་པ་གསུམ་མོ། །གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་ལྔའོ། །ཞེང་དུ་ནི་ཁྲུ་དོའོ། །གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་བཞིའོ། །ཞེང་དུ་ནི་ཁྲུ་དོའོ། །མཐང་གོས་ཀྱི་ཐ་མ་ནི་ཁོར་གསུམ་ཁེབས་པའི་ཚང་དོ། །སྤང་བ་རྣམས་ཀྱི་ཐ་མ་ནི་ཁྲུ་གང་ཁོར་ཡུག་གོ། དགེ་སློང་མས་གོས་སྤང་བར་གྱུར་པ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་བཞིན་དུ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །སྤང་བའི་ལྟུང་བྱེད་གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ། མགོན་མེད་ཟས་སྦྱིན་གྱིས་གསོལ་ནས། ཉེ་དུ་མ་ཡིན་པ་ལས་བསླབ་པའི་གཞི་བཅའ་བ་མཛད་པ་དང། དགེ་སློང་མ་དག་ཆོམ་རྐུན་པས་གཏོགས་ནས། དགེ་སློང་མ་ཆོམ་རྐུན་པས་གཏོགས་པ་ལས་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་ཞེས། དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་ཐོས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་པ་དང། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། །


DKG009_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བསླབ་པའི་གཞི་འདི་ལ་བདག་ཅག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང། བསླབ་པ་ལ་གུས་པ་དང། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་སློང་ན་དུས་མ་གཏོགས་ཏེ། དེ་ལས་འདས་ན་སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་མ་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་བསླང་བར་བྱ་སྟེ། དེ་ལ་དུས་ནི་དེ་ཡིན་ནོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། ཆོས་འདི་པའི་འོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི། ཕྱི་མོ་དང། མེས་པོའི་ཕྲུགས་བདུན་ཚུན་ཆད་ནི། ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི། སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི། བུད་མེད་དོ། །སོང་སྟེ་ཞེས་བྱ་བ་ནི། སོང་ནས་སོ། །སློང་ན་ཞེས་བྱ་བ་ནི། དུས་མ་གཏོགས་པར་བདག་ཉིད་དམ། གཞན་སློང་དུ་འཇུག་ནའོ། །དེ་ལ་དུས་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི། དེ་ལ་འདི་ནི་ཆོས་དང་མཐུན་པ་ཡིན་པའོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི། ཆོམ་རྐུན་ནམ་གཡོ་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ། །གོས་རླག་གམ་ཞེས་བྱ་བ་ནི། དེའི་གོས་དག་རླག་པའམ། འཁྱམས་པར་གྱུར་པའོ། །གོས་ཆུས་ཁྱེར་རམ་ཞེས་བྱ་བ་ནི། དེའི་གོས་དག་ཆུས་ཁྱེར་བར་གྱུར་པའོ། །གོས་ཚིག་གམ་ཞེས་བྱ་བ་ནི། དེའི་གོས་དག་མེས་ཚིག་པར་གྱུར་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང། ཁ་དོག་དང། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཤེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་ཀརྴ་པ་ཎ་ལྔ་རི་བ་བསླངས་ན་སློང་བ་ན་


DKG009_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་ཆེས་ལྷག་པར་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་ཀརྴ་པ་ཎ་བཅུ་དང། ཉི་ཤུ་རི་པ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ། །ཇི་ལྟར་ཁ་དོག་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་སྔོན་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སེར་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་སྔོན་པོ་དང། དེ་བཞིན་དུ་དམར་པོ་ལ་སྔོན་པོ་དང། དཀར་པོ་ཉིད་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སེར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་སེར་པོ་དང། དམར་པོ་དང། དཀར་པོ་ལ་ཡང་བརྗོད་པར་བྱའོ། །དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། དམར་པོ་བསླངས་ནས། སློབ་པ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་སེར་པོ་དང། དམར་པོ་དང། དཀར་པོ་ལ་ཡང་བརྗོད་པར་བྱའོ། །དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་དཀར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ། དཀར་པོ་དང། སེར་པོ་དང། དམར་པོ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་ཁ་དོག་ལས་སོ། །ཇི་ལྟར་ཁྲུ་ཚད་ལས་ཤེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་ཁྲུ་ལྔ་པ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །ཁྲུ་ལྔ་པའི་གོས་གང་ཡིན་པ་བསླངས་པ་ན། ཁྲུ་དྲུག་པ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ། ཁྲུ་བཅུ་པ་དང། ཁྲུ་བཅུ་


DKG009_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་དང། དེ་བཞིན་དུ། ཁྲུ་ཉི་ཤུ་པ་དང། ཁྲུ་ཉི་ཤུ་རྩ་གཅིག་པ་ཐོབ་པ་དང། དེ་བཞིན་དུ་ཁྲུ་བཅུའི་བར་དུ་བསླངས་ལ། རས་མ་ཐོབ་པ་དང། རས་མ་བསླངས་ལ། སྣམ་སྦྱར་གྱི་བར་དུ་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་བཞི་པ་རྫོགས་སོ།། །།གླེང་གཞི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་དུ་དགེ་སློང་མ་ཆོམ་རྐུན་པས་བཅོམ་པ་དག་ལྷགས་སོ། །དེ་ནས་བཅུ་གཉིས་སྡེ་དགའ་མོ་དང། ཉེ་དགའ་མོ་དང། སྦོམ་དགའ་མོ་རྣམས་ཀྱིས་དེ་དག་གི་ཆེད་དུ་བྲམ་ཟེ་དང་ཁྱིམ་བདག་དག་གི་ཁྱིམ་རྣམས་སུ་དོང་ནས། གོས་རབ་ཏུ་མང་པོ་དག་བསྒྲུབས་ཏེ། བསྒྲུབས་ནས་འབུལ་དུ་འཇུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་བླང་བར་བྱའོ། །གལ་ཏེ་དེ་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གྱིས་གོས་རབ་ཏུ་མང་པོ་སྟོབས་ལ། འདོད་ན་དགེ་སློང་མ་དེས་གོས་དེ་ལས་བླ་གོས་དང་མཐང་གོས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི། ཆོམ་རྐུན་ནམ། གཡོན་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ། །སློང་ན་ཞེས་བྱ་བ་ནི། རང་ངམ་གཞན་གྱི་བར་གྱིས་སོ། །གལ་ཏེ་དེ་ལ་ཞེས་བྱ་བ་ནི། དགེ་སློང་མ་དེ་ལའོ། །དད་པ་ཅན་ཞེས་བྱ་བ་ནི། སངས་རྒྱས་ལ་མངོན་པར་དད་པ་དང། ཆོས་དང། དགེ་འདུན་ལ་དད་པ་དང། བདེན་པ་མཐོང་བ་དང། འབྲས་བུ་ཐོབ་པ་གང་དག་ཡིན་པའོ། །བྲམ་ཟེ་ཞེས་བྱ་བ་ནི། བྲམ་ཟེ་གཙང་སྦྲ་ཅན་ལ་སོགས་པའོ། །ཁྱིམ་བདག་ཅེས་བྱ་བ་ནི། དེ་ལས་རིགས་གཞན་པའོ། །


DKG009_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་ཞེས་བྱ་བ་ནི། ཡང་དང་ཡང་དུའོ། །རབ་ཏུ་མང་པོ་ཞེས་བྱ་བ་ནི། གོས་བདུན་པོ་གང་ཡང་རུང་བ་ལས་ཇི་ཙམ་གྱིས་ཆོག་པའོ། །སྟོབས་ལ་ཞེས་བྱ་བ་ནི། མགྲོན་དུ་གཉར་ནའོ། །འདོད་ན་ཞེས་བྱ་བ་ནི། གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི། དོན་དུ་གཉེར་བ་གང་ཡིན་པ་དེས་སོ། །བླ་གོས་དང་མཐང་གོས་དང་བཅས་པའི་མཐར་ཐུག་པ་ཞེས་བྱ་བ་ལ། བླ་གོས་དང་མཐང་གོས་དང་བཅས་པ་ནི་གཉིས་ཏེ། ཁྱིམ་པའི་གོས་དང། མཐང་གོས་དང་བཅས་པ་དང། དགེ་སློང་མའི་བླ་གོས་དང། མཐང་གོས་དང་བཅས་པའོ། །ཁྱིམ་པའི་སྟོད་གཡོགས་དང། སྨད་གཡོགས་དང་བཅས་པ་གང་ཞེ་ན། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང། རས་ཡུག་ཕྲན་ཁྲུ་བདུན་པ་དང། དོ་པ་སྟེ་འདི་ནི་ཁྱིམ་པའི་སྟོད་གཡོགས་དང། སྨད་གཡོགས་དང་བཅས་པ་ཞེས་བྱའོ། །དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པ་གང་ཞེ་ན། སར་པ་ལས་སྣམ་སྦྱར་ཉིས་རིམ་དང། རས་ཡུག་ཕྲན་ཁྲུ་ལྔ་པ་དང་དོ་པའོ། །གོས་དེ་ལས་བླང་བར་བྱའོ། །ཞེས་བྱ་བ་ནི་དེ་ལས་བླ་གོས་དང། མཐང་གོས་དང་བཅས་པའོ། །དེ་ལས་ལྷག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པའི་སྟོད་གཡོགས་དང། སྨད་གཡོགས་དང་བཅས་པ་ཐོབ་ལ། ཁྱིམ་པའི་སྟོད་གཡོགས་དང། སྨད་གཡོགས་དང་བཅས་པ་བླངས་ནས། དེས་རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དེ་ལ་ནི་སྣམ་སྦྱར་ཉིས་རིམ་པར་བྱའོ། །རས་ཡུག་ཕྲན་ཁྲུ་བདུན་པ་དང། དོ་པ་ལ་ནི་མཐང་གོས་བྱའོ། །གལ་ཏེ་མི་ལྡང་ན་ཡང་བསླང་བར་མི་བྱ་ལ། ལྷག་པར་གྱུར་ན་ཡང་སྦྱིན་པར་མི་བྱའོ། །དགེ་སློང་མས་དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པར་ཐོབ་ལ། དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པ་བླངས་ན། དེས་སྣམ་སྦྱར་དེ་ལས་ནི་སྣམ་སྦྱར་ཉིད་དུ་བྱའོ། །རས་ཡུག་ཕྲན་ཁྲུ་ལྔ་པ་དང་དོ་པ་ནི་མཐང་གོས་བྱའོ། །གལ་ཏེ་མི་


DKG009_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་ན་ཡང་བསླང་བར་བྱའོ། །ལྷག་པར་གྱུར་ན་ཡང་སྦྱིན་པར་བྱའོ། །དགེ་སློང་མས་ཁྱིམ་པ་ལས་ཆུང་བ་སློང་ན་སློང་བ་དེ་ལ་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཆུང་བ་སློང་ན་ཉེས་བྱས་སོ། །ལྷག་སྟེ་མ་བྱིན་ན་སྤང་བའི་ལྟུང་བྱེད་དོ། །ལས་དང་པོ་པ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་ལྔ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ནས། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་སོ། །དེ་ཡང་ཇི་ཙམ་དུས་གཞན་ཞིག་ན། བུད་མེད་གཞན་ཞིག་དང་ལྷན་ཅིག་འཇིག་རྟེན་པའི་འཕྱན་པོ་དག་ལ་ཞུགས་པ་དང། དེ་ཆུང་མ་དེས་བཟློག་གོ་།དེ་བཟློག་པ་ནམ་བཏུབ་ནས། དེའི་ཆུང་མ་དེ་སྙིང་ན་ནས་མི་གཞན་ཞིག་དང་ལྷན་ཅིག་དགའ་མགུར་སྤྱད་པ་ལ་ཞུགས་པས། ཁྱིམ་དེ་སྒོ་གཉིས་ཀྱིས་རྒུད་པར་གྱུར་ནས། དེ་གཉིས་ཀྱིས་བྲན་མོ་ཡང་རྒྱུན་དུ་བརྡེགས་སོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཆོས་གོས་དང། ལྷུང་བཟེད་བླངས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་མཉན་ཡོད་དུ་བསོད་སྙོམས་སྤྱོད་ཅིང་ཁྱིམ་བདག་དེའི་ཁྱིམ་གང་ཡིན་པར་སོང་སྟེ། སོང་ནས་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདོད་ཆགས་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཆོས་བཤད་པ་དང། དེ་གཉིས་ཀྱིས་ཕན་ཚུན་དུ་བལྟས་ཏེ། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་འདི་ནི། བདག་གིས་མ་ནོངས་ཏེ། ནོངས་པ་འདི་ནི་རྗེའི་སྲས་འདི་ལགས་སོ། །ཚོང་དཔོན་གྱིས་འདི་སྐད་ཅེས། འདི་བདག་གིས་ཡང་མ་ལགས་མོད་ཀྱི། ནོངས་པ་འདི་ནི་བཟང་མོའི་ལགས་སོ། །ཞེས་སྨྲས་པ་དང། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་ཡང་གཞན་གྱི་བུད་མེད་དང། ཁྱིམ་བདག་གི་ཆུང་མ་དེ་ཡང་གཞན་གྱི་སྐྱེས་པ་དང། བསླབ་པའི་གཞི་འཛིན་དུ་བཅུག་གོ། །དེ་གཉིས་ཀྱིས་དམ་པ་མ་ཡིན་པའི་ཆོས་དེ་


DKG009_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོག་པས་ཁྱིམ་དེ་རྒྱས་པར་གྱུར་ནས། བྲན་མོ་དེ་ཡང་ཁྱིམ་བདག་དེའི་དཔོན་མོར་བཅུག་གོ། །དེ་ནས་ཁྱིམ་བདག་དེ་དང་ཁྱིམ་བདག་གི་ཆུང་མ་དེས་བསམས་པ། བདག་ཅག་གིས་ལེགས་པ་དང་སྐལ་པ་གང་ཅུང་ཟད་ཅི་བདོག་པ་ཐམས་ཅད་ནི་འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་སོ། །བྲན་མོ་དེས་ཀྱང་བསམས་པ། ད་ལྟར་བདག་ལ་བདེ་བ་དང་ཡིད་བདེ་བ་ཅུང་ཟད་ཅི་བདོག་པ་གང་ཡིན་པ་དེ་ཐམས་ཅད་ནི། འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་ཀྱི། ཀྱེ་མའོ་བདག་གིས་འཕགས་མ་སྦོམ་དགའ་མོ་ལ་དབུལ་བར་བྱའོ་སྙམ་ནས། དེ་ཕྱི་རོལ་ཏུ་བྱུང་བ་དང། སྦོམ་དགའ་མོ་མཐོང་ངོ། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ལ་གཏམ་སྙན་སྦྲན་པར་བགྱི་སྟེ། འཕགས་མས་རྗེའི་སྲས་ལས་རས་ཡུག་ཆེན་གཅིག་ཐོབ་པར་འགྱུར་རོ། །དེ་ནས་སྦོམ་དགའ་མོ་ཁྱིམ་དེར་སོང་ནས། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁོ་མོ་ལ་སྦྱིན་པར་འདོད་པའི་རས་ཡུག་ཆེན་གང་ཡིན་པ་དེ་བལྟས། འོན་ཅིག །དེ་ནས་ཁྱིམ་བདག་དེ་རས་ཡུག་ཆེན་དེ་བླངས་ནས། སྦོམ་དགའ་མོ་ལ་བྱིན་པ་ལས། སྦོམ་དགའ་མོས་རས་ཡུག་ཆེན་སྦོམ་པོ་དེ་མཐོང་ནས་བཞིན་སྒྱུར་བར་བྱེད། ལག་པ་འདྲིལ་བར་བྱེད་པ་དང། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་འདི་ཅི་ནོངས། དེས་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་འདི་ཅི་བཟང་པོ་ཡིན་སྙམ་མམ། ཁྱིམ་བདག་གལ་ཏེ་འདི་ཁོ་མོས་བགོས་ཏེ། ཁྱིམ་དག་ཏུ་སོན་ན་ཁོ་མོ་ལ། དེ་དག་སུ་ལས་ཐོབ་པའི་གོས་ཡིན་ཞེས་འདྲི་ན། ཁོ་མོ་ནི་ངོ་ཚ་ན་ཇི་སྐད་ལན་གདབ། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་ཅག་ལ་འདི་མཆིས་ཀྱི། གཞན་ནི་མ་མཆིས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁོ་མོས་ཁྱོད་ལ་བསྟན་པར་བྱའོ། །ཇི་ལྟར་བགྱི་ལགས། དེས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་རས་ཡུག་ཆེན་འདི་ཉིད་བཙོངས་པའི་སྟེང་དུ་ཅུང་ཟད་ཅིག་བསྣན་དང། ལྷག་པར་བཟང་པོར་འགྱུར་རོ། །


DKG009_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མས་ཀྱང་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །དེ་ཚོང་འདུས་སུ་སོང་སྟེ། ཚོང་པ་ལ་ཞག་དུས་བཏབ་ནས་རས་ཡུག་ཆེན་སར་པ་ཞིག་སྐྱིན་པར་བླངས་ཏེ་བསྐོན་ནོ། །དེ་ནས་ཚོང་པ་དེས་དུས་ཚང་ནས་ཚོང་དཔོན་དེ་བཟུང་བ་གཞན་དག་གིས་མཐོང་བ་ནས། སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་དགེ་སྦགས་པར་གྱུར་ལ། དེར་ཡང་དགེ་སློང་མ་དེ་ལ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱི་ཁོ་མོའི་ཆེད་དུ་གོས་ཀྱི་རིན་དག་སྤགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སྤགས་པ་དེ་དག་གིས། ཚེ་དང་ལྡན་པ་དག་གོས་འདི་ལྟ་བུ་དང། འདི་ལྟ་བུ་དག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག །ཅེས་སྨྲ་ན་བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མ་ཞེས་བྱ་བ་ནི། སྦོམ་དགའ་མོའོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི། སྔ་མ་བཞིན་ནོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི། དངུལ་དང་གསེར་རོ། །སྦགས་ཏེ་ཞེས་བྱ་བ་ནི། བདག་གི་གོས་ཀྱི་རིན་དངུལ་དང་གསེར་འདི་དག་གིས་ཞེས་མངོན་པར་འདུས་བྱས་པའོ། །འདི་ལྟ་བུ་དང་འདི་ལྟ་བུ་དག་ཅེས་བྱ་བ་ནི། གོས་བདུན་པོ་གང་ཡང་རུང་བ་ལས་གོས་འདི་འདྲ་བ་དག་ཉོས་ཤིག་ཅེས་བྱ་བའོ། །དགེ་སློང་མ་འདི་ཞེས་བྱ་བ་ནི། སྦོམ་དགའ་མོའོ། །འོངས་ན་ཞེས་བྱ་བ་ནི། འོངས་ནའོ། །སྐོན་ཅིག་ཅེས་བྱ་བ་ནི་ཕུལ་ཅིག་ཅེས་བྱ་བའོ། །གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །རུང་བ་དུས་སུ་ཞེས་བྱ་བ་ནི་ལོངས་སྤྱད་པར་འོས་པའོ། །དེར་དགེ་སློང་མ་དེས་ཞེས་བྱ་བ་ནི། སྦོམ་དགའ་མོའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་དོན་དུ་མ་གཉེར་བར་རོ། །རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ནས་ཞེས་བྱ་བ་ནི་རྟོག་པ་འགའ་ཁོ་ན་སྐྱེས་པའོ། །ཁྱེད་ཀྱིས་ཁོ་མོའི་ཆེད་དུ་ཞེས་བྱ་བ་ནི་བདག་ཉིད་


DKG009_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་སྟོན་པའོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང། ཁ་དོག་དང། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་ཀརྴ་པ་ཎ་ལྔ་རི་བ་བྱིན་ལ་གོས་ཀརྴ་པ་ཎ་ལྔ་རི་བ་བླངས་ན་ལྟུང་བ་མེད་དོ། །གལ་ཏེ་ལྷག་པར་སློང་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་པའི་ལྟུང་བྱེད་དོ། །དེ་བཞིན་དུ་ཀརྴ་པ་ཎ་ཉི་ཤུ་རི་བའི་བར་དུ་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ། །ཇི་ལྟར་ཁ་དོག་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སྔོན་པོ་གང་ཡིན་པ་བྱིན་ལ། གོས་སྔོན་པོ་བླངས་ན་ལྟུང་བ་མེད་དོ། །གལ་ཏེ་སེར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །སྔོན་པོ་ལ། ཇི་ལྟ་བ་བཞིན་དུ་སེར་པོ་དང། དམར་པོ་དང། སྟུག་པོ་དང། སྲབ་མོའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་ནི་ཁ་དོག་ལས་སོ། །ཇི་ལྟར་ཁྲུ་ཚད་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། རས་ཡུག་ཆེན་ཁྲུ་ལྔ་པ་བྱིན་ལ། རས་ཡུག་ཆེན་ཁྲུ་ལྔ་པ་བླངས་ན་ལྟུང་བ་མེད་དོ། །གལ་ཏེ་ལྷག་པ་བླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །ཁྲུ་ཉི་ཤུའི་བར་ལ་ཡང་དེ་བཞིན་ནོ། །སྤང་བའི་ལྟུང་བྱེད་དྲུག་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །བྱུང་བ་འདི་ཉིད་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་སོ་སོ་ནས་གོས་ཀྱི་རིན་དག་བསྔོགས་པར་གྱུར་ལ། བདག་ཅག་སོ་སོ་ནས་གོས་ཀྱི་རིན་བསྡོགས་པ་འདི་དག་གིས་གོས་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང། དེ་ལ་སོ་སོ་ནས་གོས་བསྐོན་པར་བྱའོ་སྙམ་


DKG009_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། དེར་གལ་ཏེ་དགེ་སློང་མ་དེ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་སོ་སོ་ནས་གོས་ཀྱི་རིན་བསྡོགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་སོ་སོ་ནས་གོས་འདི་ལྟ་བུ་དང། འདི་ལྟ་བུ་དག་ཉོས་ལ། གཉི་ག་འདུས་ཏེ་གོས་རུང་བ་དུས་གཅིག་ཏུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན། བཟང་པོ་འདོད་པའི་ཕྱིར། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ལྟུང་བའི་རིམ་པ་ནི། གོང་མ་ཇི་ལྟ་བ་བཞིན་དུ་བསླབ་པའི་གཞི་འདི་ལ་ཡང་རྗེས་སུ་མཐུན་པར་བརྗོད་པར་བྱའོ། །ད་ལྟ་མོད་ཀྱི་ཁྱད་པར་ནི་འདི་ཡོད་དེ། སོ་སོ་ཞེས་བྱ་བ་ནི་རེ་རེའོ་ཞེས་བྱ་བ་ནས། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བའི་བར་འདི་ནི་ཐ་དད་དུ་བྱ་བ་ཡིན་ནོ། །སྤང་བའི་ལྟུང་བྱེད་བདུན་པ་རྫོགས་སོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །བཅོམ་ལྡན་འདས་ཀྱིས། ཁ་ཅིག་དགེ་སློང་ཐུན་མོང་དང། ཁ་ཅིག་དགེ་སློང་མ་ཐུན་མོང་དང། ཁ་ཅིག་གཉིས་ཀ་ཐུན་མོང་པའི་བསླབ་པའི་གཞི་བཅའ་བར་མཛད་པ་ཡིན་པས། འདིར་ནི་བཅོམ་ལྡན་འདས་ཀྱིས་གཉིས་ཀ་ཐུན་མོང་བ་མཛད་དེ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས། རྒྱལ་པོའི་ཁབ་ཏུ་ཉེ་དགའ་བ་ལས་བརྟེན་ཏེ། ཀརྴ་པ་ཎ་ལེན་པའི་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ། དགེ་སློང་མ་གང་དག་བསླབ་པ་འདོད་པ་དག་ནི་རྗེས་སུ་བྱེད་དོ། །དེ་ནས་དགེ་སློང་མ་ཉེ་དགའ་མོ། རྒྱལ་པོ་དང། བློན་པོ་ཆེན་པོ་དང། བྲམ་ཟེ་དང། ཁྱིམ་བདག་རྣམས་ལས། ཀརྴ་པ་ཎ་སློང་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་


DKG009_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་འདི་དག་ཁྱེར་ནས། དགེ་སློང་མ་དེའི་དྲུང་དུ་སོང་སྟེ་སོན་ནས། དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་མཁྱེན་པར་མཛོད་ཅིག །ཁྱོད་ལ་གོས་ཀྱི་རིན་དག་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོ་ཞིག་གིས་བསྐུར་བ་ལགས་ཀྱི། འཕགས་མས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། གོས་ཀྱི་རིན་འདི་དག་བཞེས་སུ་གསོལ་ཞེས་སྨྲ་ན། དགེ་སློང་མ་དེས་ཕོ་ཉ་དེ་ལ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་པས། ཁོ་མོ་ཅག་ནི་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་མ་རྣམས་ཀྱིས་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་མཆིས་སམ་ཞེས་ཟེར་ན། དགེ་སློང་མ་གོས་འདོད་པས། ཕོ་ཉ་འདི་དག་ནི། དགེ་སློང་མ་རྣམས་ཀྱིས་ཞལ་ཏ་ཉམས་སུ་ལེན་པ་ཡིན་ནོ། ཞེས་ཀུན་དགའ་ར་བ་བའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ། གང་ན་བ་དེར་འགྲོ་བར་བྱ་སྟེ་སོན་ནས་ཞལ་ཏ་བྱེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །དགེ་སློང་མ་འདི་ལྟ་བུ་ཞིག་གི་ཆེད་དུ་གོས་ཀྱི་རིན་འདི་དག་རྒྱལ་པོའམ་ཞེས་བྱ་བ་ནས་དེད་དཔོན་ཞེས་བྱ་བའི་བར་གྱིས་བསྐུར་བ་ཡིན་གྱི། ཞལ་ཏ་བྱེད་པ་ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ། ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་དགེ་སློང་མ་དེ་གང་ན་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་དགེ་སློང་མ་དེ་ལ་


DKG009_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས། འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱི། ཁྱོད་དེའི་དྲུང་དུ་བཞུད་ཅིག་དང། དེས་ཁྱོད་ལ་གོས་རུང་བ་དུས་སུ་སྐོན་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དགེ་སློང་མ་གོས་འདོད་པས་ཀྱང་ཞལ་ཏ་བྱེད་པ་དེ། གང་བ་ན་དེར་འགྲོ་བར་བྱ་སྟེ་སོང་ནས་ཚེ་དང་ལྡན་པ་ཞལ་ཏེ་བྱེད་པ། ཁོ་མོ་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ། ཁོ་མོ་གོས་འདོད་དོ། །ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་སོང་སྟེ་བསྐུལ་ཅིང་དྲན་པར་བྱས་པ་ལས། གལ་ཏེ་གོས་གྲུབ་ན། དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན། ལན་བཞི་ལན་ལྔ་ལན་དྲུག་གི་བར་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་དྲུག་གི་མཐར་ཐུག་གི་བར་ཕྱོགས་སུ་བསྡད་པར་བྱས་པ་ལས། གལ་ཏེ་གོས་གྲུབ་ན། དེ་ལྟ་ལ་ལེགས། ཇི་སྟེ་མ་གྲུབ་ན། དེ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་རྩལ་བར་བྱས་ཏེ་གོས་སྒྲུབ་ན། སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན། དགེ་སློང་མ་དེས་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་ཉིད་འགྲོ་བར་བྱའོ། །ཡང་ན་ཡིད་གཅུགས་པའི་ཕོ་ཉ་ལས་ཁྱེད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་གང་ཡིན་པ་དེ་དག་བསྐུར་བ་ལས། གོས་ཀྱི་རིན་དེ་དག་གིས་ནི། དགེ་སློང་མ་དེའི་དོན་ཅི་ཡང་མ་གྲུབ་ཀྱི། ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག །རང་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང་པར་བྱ་སྟེ། དེ་ལ་དེ་ནི། ཆོ་ག་ཡིན་ནོ། །དགེ་སློང་མའི་ཆེད་དུ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དགའ་མོའི་འོ། །རྒྱལ་པོ་ནི། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་སྟེ། བུད་མེད་དམ། སྐྱེས་པའམ། མ་ནིང་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་བ་གང་ཡང་ཡིན་པ་དེ་ནི། རྒྱལ་པོ་ཡང་ཡིན། དེ་ནི། རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ། །བློན་པོ་ཆེན་པོའམ་ཞེས་བྱ་བ་ནི། རྒྱལ་པོའི་བྱ་བ་བྱེད་པ་སྟེ། གསང་ཚིག་མཐུན་


DKG009_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཚོ་བའོ། །བྲམ་ཟེའམ་ཞེས་བྱ་བ་ནི། བྲམ་ཟེ་གཙང་སྦྲ་ཅན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི། ཕྱུག་པོའོ། །གྲོང་རྡལ་གྱི་མི་ཞེས་བྱ་བ་ནི། གྲོང་གླིང་པའོ། །ཡུལ་གྱི་མིའམ་ཞེས་བྱ་བ་ནི། ཡུལ་ནག་གནས་པའོ། །ནོར་ཅན་ནམ་ཞེས་བྱ་བ་ནི། ནོར་བྱེ་བ་ཕྱུག་པའོ། །ཚོང་དཔོན་ནམ་ཞེས་བྱ་བ་ནི། ཆོད་པ་ན་བཅིངས་པའོ། །དེད་དཔོན་གྱིས་ཞེས་བྱ་བ་ནི། གང་གིས་ཡུལ་གཞན་དུ་དོན་མཐུན་དག་དེད་པའོ། །ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི། སྐྱེས་པ་དང། བུད་མེད་དང། མ་ནིང་གིའོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི། གསེར་དང། དངུལ་དག་གོ་།བསྐུར་ཏེ་ཞེས་བྱ་བ་ནི། བརྫངས་ཏེའོ། །དེ་ནས་ཕོ་ཉ་དེ་ཞེས་བྱ་བ་དེ་ནི། སྐྱེས་པ་དང། བུད་མེད་དང། མ་ནིང་ངོ། །གོས་ཀྱི་རིན་དེ་དག་བླངས་ཏེ་ཞེས་བྱ་བ་ནི། ཁྱེར་ནས་སོ། །དགེ་སློང་མ་དེ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ། །སོང་སྟེ་ཞེས་བྱ་བ་ནི། སོང་ནས་སོ། །འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བ་ནི། སྨྲས་པའོ། །འཕགས་མ་མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ནི། གོས་ཀྱི་རིན་འདི་དག་ནི། རྒྱལ་པོས་བསྐུར་བའོ། །ཞེས་རིག་པར་བྱ་བའོ། །སྣོམས་ཤིག་ཅེས་བྱ་བ་ནི། ལོང་ཞིག་པའོ། །ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི། ལེགས་པར་འདོད་པ་ཉེ་བར་བཟུང་སྟེའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི། ཉེ་དགའ་མོས་སོ། །ཕོ་ཉ་བ་དེ་ཞེས་བྱ་བ་ནི། སྐྱེས་པ་དང། བུད་མེད་དང། མ་ནིང་ངོ། །ཚིག་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། འདི་སྐད་ཅེས་ཡང་དག་པར་བསྒོ་བར་བྱའོ། །ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི། གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི། དེ་དག་ལེན་པ་བཅོམ་ལྡན་འདས་ཀྱིས་བཀག་གི་།བཅོམ་ལྡན་འདས་ཀྱིས་ཁོ་མོ་ཅག་ལ་ནི། གོས་རུང་བ་རྗེས་སུ་གནང་བའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི། འདྲི་ནའོ། །འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་ཞེས་བྱ་བ་ནི། འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་ཞེས་བྱའོ། །དགེ་སློང་མ་གོས་འདོད་པས་


DKG009_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཏ་བྱེད་པ་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ། ཀུན་དགའ་ར་བ་པ་ཞེས་བྱ་བ་ནི། རུང་བར་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི། བསླབ་པའི་གཞི་ལྔའོ། །འདི་དག་ནི། དགེ་སློང་མ་རྣམས་ཀྱིས་ཞལ་ཏ་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི། འདི་དག་གིས་དགེ་སློང་མ་དེ་རྣམས་ཀྱི་ཞལ་ཏ་བྱེད་པ་ཉམས་སུ་མྱོང་བའི་ཕྱིར་རོ། །གལ་ཏེ་ཕོ་ཉ་དེ་ཞལ་ཏ་བྱེད་པ་གང་ན་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་ཞེས་བྱ་བ་ནི། དེ་ལ་དགོས་པར་རིག་པར་བྱ་བའི་ཕྱིར་ཕྱིན་པའོ། །ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །གོས་ཀྱི་རིན་དག་ནི་ཞེས་བྱ་བ་ནི། གསེར་དང་དངུལ་དག་རྒྱལ་པོའི་བར་གྱིས་བསྐུར་བ་དག་གོ། དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དགའི་འོ། །དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི། སྐྱེས་པ་དང། བུད་མེད་དང། མ་ནིང་ངོ། །ཞལ་ཏ་བྱེད་པ་ཀུན་དགའ་ར་བའམ། དགེ་བསྙེན་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ནས་ཞེས་བྱ་བ་ནི། རྣམ་གྲངས་དུ་མས་སོ། །དགེ་སློང་མ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དགའ་མོའོ། །གང་ན་བ་དེར་འགྲོ་བ་བྱ་སྟེ། ཕྱིན་ནས་ཞེས་བྱ་བ་ནི། སོན་ནས་སོ། །འདི་སྐད་ཅེས་སྨྲ་བར་བྱ་སྟེ། འཕགས་མ་རྣམས་ཀྱི་ཞལ་ཏ་བྱེད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་པ་ལགས་ཀྱི། བཞུད་ཅིག་དང། དེས་ཁྱོད་ལ་གོས་བསྐོན་བར་འགྱུར་རོ། །ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །རུང་བ་ཞེས་བྱ་བ་ནི་ལོངས་སྤྱོད་པར་འོས་པའོ། །དགེ་སློང་མ་གོས་འདོད་པ་ཞེས་བྱ་བ་ནི། གལ་ཏེ་གོས་དོན་དུ་གཉེར་བར་གྱུར་ནའོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །ལན་གཉིས་ཞེས་བྱ་བ་ནི་ལན་གཉིས་ཀྱི་བར་དུའོ། །ལན་གསུམ་དུའོ་ཞེས་བྱ་བ་ནི་ལན་གསུམ་གྱི་བར་དུའོ། །བསྐུལ་བར་བྱ། དྲན་པར་བྱའོ། །དོན་དེ་གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟར་ན་བཟང་བའོ། །ཇི་སྟེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི། ཕྱོགས་སུ་བསྡད་པ་བཞི་དང། བསྐུལ་བའི་སྒོ་དྲུག་པོ་དག་


DKG009_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སོ། །ཕྱོགས་སུ་བསྡད་པ་བཞི་པོ་དག་གང་ཞེ་ན། ཀུན་གནས་དང། འདུག་གནས་དང། ཟོང་གནས་དང། ལས་ཀྱི་མཐའི་གནས་སོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གསུམ་པ། དེ་ལ་ཀུན་གནས་ཞེས་བྱ་བ་ནི་འདྲེག་མཁན་དང། རྫ་མཁན་གྱི་གནས་སོ། །འདུག་གནས་ཞེས་བྱ་བ་ནི་ཁྱིམ་སྟེ་ལྷག་པར་གནས་པའོ། །ཟོང་གནས་ཞེས་བྱ་བ་ནི་ཚོང་ཁང་དང་ཚོལ་རྡལ་ལོ། །ལས་ཀྱི་མཐའི་གནས་ནི་གསུམ་སྟེ། སཱ་ལུའི་ལས་ཀྱི་མཐའ་དང། ལན་ཚྭ་དང། བུ་རམ་ཤིང་གི་ལས་ཀྱི་མཐའ་སྟེ། འདི་ནི་ཕྱོགས་སུ་བསད་པ་བཞི་ཞེས་བྱའོ། །བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འོངས་སམ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང། འོངས་པ་ལེགས་སོ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང། སྟན་འདི་ལ་འདུག་ཅིག་ཅེས་ན། དེའི་ཕྱིར་རོ་ཞེས་བྱ་བ་དང། བཅའ་བ་འདི་འཚོ་ཞིག་ཅེས་བྱ་བ་དང། ཟས་འདི་ཟོ་ཞིག་ཅེས་བྱ་བ་དང། བཏུང་བ་འདི་འཐུངས་ཤིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་དག་ནི་བསྐུལ་བའི་སྒོ་དྲུག་གོ་།མ་ཐོགས་པར་བརྗོད་ཅིང་གང་དུ་སྐབས་མེད་པར་བསྐུལ་ན། བསྐུལ་བ་ཡོངས་སུ་མ་རྫོགས་པ་ཞེས་བརྗོད་པར་བྱའོ། །གལ་ཏེ་སྐབས་ཡོད་པ་ལ་བསྐུལ་ན། བསྐུལ་བ་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བྱའོ། །དེ་ལྟར་གནས་དེ་རྣམས་སུ་ཅང་མི་སྨྲ་བར་བསྡད་པ་ན་གོས་དེ་གྲུབ་ནའོ། །ཞེས་བྱ་བ་ནི་རྙེད་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟར་ན་བཟང་བའོ། །ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ། །ལྷག་པར་བརྩལ་བ་བྱས་ནས་ཞེས་བྱ་བ་ནི། དེའི་འོག་རོལ་ཏུ་ལྷག་པར་རོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི་ཉེ་དགའ་མོའོ། །ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པར་གྱུར་པ་ཞེས་བྱ་བ་ནི་གང་ལས་འོངས་པར་གྱུར་པའོ། །དེར་བདག་


DKG009_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འགྲོ་བར་བྱ་བའམ་ཞེས་བྱ་བ་ནི་རང་ཉིད་དོ། །ཡིད་གཅུགས་པའི་ཕོ་ཉ་གཏང་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་སོང་ན་དོན་དེ་བྱེད་པར་འགྱུར་བའོ། །ཁྱོད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་བསྐུར་བ་གང་ཡིན་པ་དེ་དག་གིས་ནི། དེའི་དོན་ཅི་ཡང་མ་གྲུབ་ཅེས་བྱ་བ་ནི་དགོས་པ་ཅུང་ཟད་ཀྱང་མ་བྱས་པའོ། །ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི། ཚེ་དང་ལྡན་པ་དག་རང་གི་ནོར་ཚུལ་མ་ཡིན་པར་ཆུད་མ་གཟན་ཅིག་ཅེས་བྱ་བའོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་མའི་དྲུང་དུ་སོང་ནས། འདི་སྐད་ཅེས་འཕགས་མ་གོས་དག་སྣོམས་ཤིག་ཅེས་ཟེར་ན། དགེ་སློང་མ་དེས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་འདི་དག་ཁོ་མོས་སྤངས་ཟིན་གྱི། དེ་ཉིད་ལ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་ཞལ་ཏ་བྱེད་པ་དེ་ཡང་འདི་སྐད་ཅེས་འཕགས་མ་གོས་འདི་དག་བཞེས་ཤིག་དང། བདག་གིས་དེའི་སེམས་གཟུང་ལགས་ཀྱི། ཞེས་ཟེར་ན། གལ་ཏེ་དགེ་སློང་མས་རིམ་པ་འདི་མ་བྱས་པར་ལེན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་དགེ་སློང་མས་བརྟགས་བ་མ་ཡིན་པ་དེས་གང་ཅུང་ཟད་དུ་ན་ལྷུང་བཟེད་དམ། ཆོས་གོས་སམ་གཞན་ཡང་དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་བདག་གིར་བྱེད་ན་དེ་དག་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་བརྒྱད་པ་རྫོགས་སོ།། །།གླེང་གཞི་ནི། མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མོན་དར་གྱི་གདིང་བ་བཀག་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་མོན་དར་གྱི་གདིང་བ་དག་ཀྱང་བྱེད། བྱེད་དུ་ཡང་འཇུག་པ་དང། དོན་ཉུང་བའི་དགེ་སློང་མ་དག་སྨོད་པ་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་


DKG009_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མ་གང་མོན་དར་སར་པ་ལས་གདིང་བ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའིའོ། །སར་པ་ཞེས་བྱ་བ་ལ་སར་པ་ནི་གཉིས་ཏེ། གསར་པས་སར་པ་དང། རྙེད་པས་སར་པ་སྟེ། སྐབས་འདིར་ནི་གསར་པས་སར་པ་ཁོ་ན་ཡིན་པར་དགོངས་སོ། །མོན་དར་ཞེས་བྱ་བ་ནི་སྲིན་བལ་ལ་བྱའོ། །གདིང་བ་ཞེས་བྱ་བ་ལ། གདིང་བ་ནི་གཉིས་ཏེ། ནང་ཚངས་ཅན་དང། བླིངས་པ་སྟེ། སྐབས་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་གྱིས་སོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཆུན་བོ་དང། མདའ་བ་དང་ཕུང་པོ་སྟེ། དགེ་སློང་མས་སྲིན་བལ་གྱི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ། །བྱས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སྲིན་བལ་གྱི་མདའ་བ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ། །བྱས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སྲིན་བལ་གྱི་ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ། །བྱས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སྲིན་བལ་གྱི་ཆུན་པོ་དང། མདའ་བ་དང། ཕུང་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ། །བྱས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སྲིན་བལ་གྱི་མདའ་བ་དང། ཕུང་པོ་དང། ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ། །བྱས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སྲིན་བལ་གྱི་ཕུང་པོ་དང། མདའ་བ་དང། ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང། ཇི་སྲིད་དུ་གདིང་བར་མི་བྱེད་ན་ཉེས་བྱས་སོ། །བྱས་ན་


DKG009_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ལྟུང་བྱེད་དོ། །གལ་ཏེ་བྱས་པ་རྙེད་ན་ལོངས་སྤྱོད་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་དགུ་པ་རྫོགས་སོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །གང་གི་ཚེ། བཅོམ་ལྡན་འདས་ཀྱིས་གཙུག་ན་ནོར་བུའི་མདོ་ལས་འབྱུང་བའི་ངོ་བོ་ལ་བརྟེན་ནས་གསེར་དང་དངུལ་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ། གསེར་དང་དངུལ་རང་གི་ལག་གིས་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད་པ་དང། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ། ཡང་དགེ་སློང་མ་གང་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད་དམ། ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །གསེར་དང་དངུལ་ཞེས་བྱ་བ་ནི་དབྱིག་དང་གསེར་རོ། །ལན་པར་བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གཞི་བཅོ་བརྒྱད་ཀྱིས་ཏེ་འདི་ལོང་ཞིག །འདི་ནས་ལོང་ཞིག །འདི་ཙམ་ལོང་ཞིག །ཅེས་བྱ་བ་དང། འདི་ཁྱེར་ཏེ་ཤོག །འདི་ནས་ཁྱེར་ཏེ་ཤོག །འདི་ཙམ་ཁྱེར་ཏེ་ཤོག་ཅེས་བྱ་བ་དང། འདི་ཞོག་ཅིག །འདིར་ཞོག་ཅིག །འདི་ཙམ་ཞོག་ཅིག་ཅེས་བྱ་བ་དང། དེ་ལོང་ཞིག །དེ་ནས་ལོང་ཞིག །དེ་ཙམ་ལོང་ཞིག་ཅེས་བྱ་བ་དང། དེ་ཁྱེར་ཤོག །དེ་ནས་ཁྱེར་ཏེ་ཤོག །དེ་ཙམ་ཁྱེར་ཏེ་ཤོག་ཅེས་བྱ་བ་དང། དེ་ཞོག་ཅིག །དེར་ཞོག་ཅིག །དེ་ཙམ་ཞོག་ཅིག་ཅེས་བྱ་བ་སྟེ། འདི་ལོང་ཞིག་ཅེས་བྱ་བ་ནི་དབྱིག་གམ་གསེར་རོ། །འདི་ནས་ལོང་ཞིག་ཅེས་བྱ་བ་ནི། ལྕགས་ཟངས་ནས་


DKG009_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སམ། རྫ་བོ་ནས་སམ། ཟངས་ནས་སམ། ཕྱི་གྲོང་ནས་སམ། ཟ་མ་ཏོག་ནས་སོ། །འདི་ཙམ་ལོང་ཞིག་ཅེས་བྱ་བ་ནི། བརྒྱའམ་སྟོང་སྟེ། གང་ན་རུང་བ་བྱེད་པའམ། དགེ་སྦྱོང་ཡོད་པ་དེར་ལོང་ཞིག་ཅེས་བསྒོ་ན་ཉེས་བྱས་སོ། །བླངས་ན་སྤང་བའི་ལྟུང་བྱེད་དོ། །འདི་ལོང་ཞིག །འདི་ནས་ལོང་ཞིག །འདི་ཙམ་ན་ལོང་ཞིག་ཅེས་བྱ་བ་ནས། འཐོབ་པར་མི་འགྱུར་བའི་ཕྱོགས་གང་དུ་རུང་བ་བྱེད་པའམ། དགེ་ཚུལ་མ་མེད་པ་དེར་ལོང་ཞིག་ཅེས་བསྒོ་ན་ཉེས་བྱས་སོ། །བླངས་ན་ཡང་ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །གང་ཡང་ཡུལ་ཙམ་པའི་ཁྱིམ་བདག་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་སྟེ། བཤེས་པ་གཞན་གྱིས་བཅང་བར་བྱའོ། །བཅང་བ་ནི་འདི་ལྟར་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཀར་ཤ་པ་ཎ་རུང་བ་མ་ལགས་པ་དག་བྱུང་སྟེ། བདག་མིང་འདི་ཞེས་བགྱི་བས་ཡོན་བདག་གམ། ཡོན་བདག་གི་མཆིས་བྲང་ཆེ་གེ་མོ་ཞེས་བགྱི་བའི་མིང་གིས་རུང་བར་བགྱི་སྟེ། རྐྱེན་དེ་ཁོ་ནས་བཅང་བར་བགྱིའོ། །ནམ་རུང་བར་མ་བགྱིས་པ་འདིས་རུང་བར་བགྱིས་པ་གྲུབ་པ་དེའི་ཚེ། བདག་གིས་རུང་བར་བགྱིས་སོ། །ཞེས་བྱ་བ་ནས་བཅང་བར་བྱའོ། །སྤང་བའི་ལྟུང་བྱེད་བཅུ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ནས་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ། མངོན་མཚན་ཅན་གྱིས་སྤྱོད་པ་སྣ་ཚོགས་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་བ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མངོན་མཚན་གྱིས་སྤྱོད་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་


DKG009_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ནི་སྔ་མ་བཞིན་ནོ། །སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ། །སྤྱོད་ན་ཞེས་བྱ་བ་ནི་ལྷག་པར་སྤྱོད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རྣམ་པ་བཞི་སྟེ། ཀུན་ཏུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད་པའོ། །དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི། ཡུལ་གྱི་རྙེད་པའི་ཕྱིར་ཟོང་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང། ཤིང་རྟ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང། མི་རྣམས་སྡུད་པར་བྱེད་པ་དང། དེ་ནས་རྫས་འདི་ནི་ཁྱོད་ཀྱིའོ། །འདི་ནི་ཁོ་མོའི་འོ་ཞེས་བྱ་བ་སྟེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་ཀུན་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་ཅེ་ན། གསེར་གྱི་རྙེད་པའི་ཟོང་གིས་བཅུ་ལས་བཅུ་གཅིག་ཏུ་བསྐྱེད་པའི་ཕྱིར། ཟོང་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་དཔང་རྒྱའི་ཆེད་དུ་དེར་གྲོ་ག་དང། སྣག་ཚའམ། དཔང་པོ་འཚོལ་དུ་འགྲོ་བའོ། །ཇི་ཙམ་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ། །བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་བུན་འགྱེད་པར་བྱེད་ཅེ་ན། ནས་དང་གྲོ་གསར་ཐོག་གི་ཕྱིར། བུན་འགྱེད་པར་གཞལ་བའི་སྣོད་ཀྱིས་གྲོ་དང། ནས་སྐྱེད་དུ་གཏོང་བ་སྟེ། དེར་དེ་དག་གཞལ་བའི་སྣོད་དང། བྲེའུ་ཆུང་དང། ཕུལ་དང། འཇལ་བ་དང་མི་དག་དོན་དུ་གཉེར་བར་འགྲོ་བ་ཡིན་ཏེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ། །བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་བུན་འགྱེད་པར་བྱེད་པ་ཡིན་ནོ། །ཇི་ལྟར་སྐྱེད་འགྱེད་པར་བྱེད་ཅེ་ན། དེ་དག་མུ་ཏིག་གི་སྐྱེད་ཉིད་ཀྱིས་སྐྱེད་འགྱེད་པར་བྱེད། གསེར་གྱི་སྐྱེད་ཀྱིས་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ། །དེར་དེ་དག་གྲོ་ག་དང། སྣག་ཚ་དང། དཔང་པོ་དོན་དུ་གཉེར་བར་བྱེད་པ་ཡིན་ཏེ། ཇི་སྲིད་


DKG009_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ། །བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་བསླབ་པའི་གཞི་བཅས་པ་དང། མཆོད་རྟེན་གྱི་དང། དགེ་འདུན་གྱི་མི་ཟད་པར་བྱ་བ་དེ་དག་རབ་ཏུ་སྦྱོར་བར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་སྦྱར་བར་བྱའོ། །དེ་དག་གིས་སུ་ཡང་རུང་བ་དག་ལ་གཏང་བ་དེ་དག་འཁྱམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲེན་པ་ལ་ཡང་ནོར་མི་གཏང། །མཐའ་འཁོབ་གནས་ལའང་མ་ཡིན་ཞིང། །གཏུམ་པོ་སྡིག་པའི་ལས་ཅན་དང། །མཐུ་ཅན་ལ་ཡང་ནམ་ཡང་མིན། །སྤང་བའི་ལྟུང་བྱེད་བཅུ་གཅིག་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དྲུག་སྡེ་རྣམས་ཉོ་ཚོང་རྣམ་པ་སྣ་ཚོགས་དག་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་དོ། །ཇི་ལྟར་ལེན་པར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད་ནའོ། །དཀོན་བར་གྱུར་ལ་ལྗོངས་རྣམས་སུ་མོད་པར་གྱུར་པ་དེའི་ཚེ་ལྗོངས་རྣམས་ནས་བླངས་ནས། མཉན་ཡོད་དུ་ལེན་པར་བྱེད་དེ། དེ་ལྟ་བུའི་ནི་ལེན་པར་བྱེད་པའོ། །ཇི་ལྟར་གཏོང་བར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད་དུ་ལོ་ལེགས་པར་གྱུར་ལ་ལྗོངས་རྣམས་སུ་ལོ་ཉེས་པར་གྱུར་པ་དེའི་ཚེ། མཉན་ཡོད་ནས་བླངས་ནས་ལྗོངས་རྣམས་སུ་གཏོང་བར་བྱེད་དེ། དེ་ལྟ་བུ་ནི་གཏོང་བར་བྱེད་པའོ། །ཇི་ལྟར་ཉོ་བར་བྱེད་ཅེ་ན། གང་གི་ཚེ་མོད་པར་གྱུར་པ་དེའི་ཚེ། ཉོ་བར་བྱེད་པ་སྟེ། དེ་ལྟ་བུ་ནི་ཉོ་བར་བྱེད་པའོ། །ཇི་ལྟར་འཚོང་བར་བྱེད་ཅེ་ན། གང་གི་ཚེ་དཀོན་པར་གྱུར་པ་དེའི་ཚེ། འཚོང་བར་བྱེད་པ་སྟེ། དེ་ལྟ་བུ་ནི་འཚོང་བར་བྱེད་པའོ། །ཉོ་འཚོང་བྱེད་པར་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་


DKG009_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་[~ILTUNG]་བར་ཇི་ལྟར་འགྱུར་ཞེ་ན། རྙེད་པ་འདོད་པས་ཉོ་བར་བྱེད་ཅིང། རྙེད་པ་འདོད་པས་འཚོང་བར་བྱེད་ན། ཉོ་བར་བྱེད་པ་ན་དེ་ལ་ཉེས་བྱས་སོ། །འཚོང་བར་བྱེད་པ་ན་སྤང་བའི་ལྟུང་བྱེད་དོ། །རྙེད་པ་འདོད་པས་ཉོ་བར་བྱེད་ལ། རྙེད་པ་མི་འདོད་པས་འཚོང་བར་བྱེད་ན། ཉོ་བར་བྱེད་པ་ན་དེ་ལ་ཉེས་བྱས་སོ། །འཚོང་བར་བྱེད་པ་ན་ལྟུང་བ་མེད་དོ། །རྙེད་པ་མི་འདོད་པས་ཉོ་བར་བྱེད་ལ། རྙེད་པ་འདོད་པས་འཚོང་བར་བྱེད་ན། ཉོ་བ་ན་དེ་ལ་ལྟུང་བ་མེད་དོ། །འཚོང་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །རྙེད་པ་མི་འདོད་པས་ཉོ་བར་བྱེད་ཅིང། རྙེད་པ་མི་འདོད་པས་འཚོང་བར་བྱེད་ན་གཉིས་ཀ་ལ་ལྟུང་བ་མེད་དོ། །ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱང་བར་བྱའོ། །དེ་ནས་དགེ་འདུན་གྱི་དག་ཡོད་ལ། སྦྱིན་པ་པོ་དག་ཀྱང་འོངས་ཏེ། ཟན་སྦྱར་བར་འདོད་ནས། དེ་དག་གིས་ཟོང་གི་བཙལ་བ་དང། བཟའ་བ་དང། བཏུང་བ་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཉོས་པ་བཞིན་སྦྱིན་ནོ། །རེས་དགའ་མོད་པ་ན་ཉོས་ལ་དཀོན་པར་གྱུར། རེས་དགའ་དཀོན་པ་ན་ཉོས་ལ་མོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དུས་ཀྱི་རིན་ཐང་གིས་སྦྱིན་པར་བྱའོ། །སྤང་བའི་ལྟུང་བྱེད་དང་པོའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ།། །།སྡོམ་ལ། ལྷུང་བཟེད་སྐུད་པ་དེ་ཕྱིར་དང། །ཕྱིར་འཕྲོག་དེ་བཞིན་བརྟད་པ་དང། །རྙེད་དང་སྨན་དང་ཞག་གཅིག་དང། །བརྗེས་དང་དུས་དང་དུས་མིན་པའོ། །གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ། ལྷུང་བཟེད་འབྲེལ་བ་མེད་པའི་བསླབ་པའི་གཞི་བཅའ་བ་མཛོད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་འབྲེལ་བ་མེད་པ་ཡང་འཆང་བར་བྱེད། འབྲེལ་བ་མེད་པ་ལྷན་པ་མེད་


DKG009_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་འཆང་བར་བྱེད་དོ་།དེ་ནས་རང་བཞིན་དུ་གནས་པའི་དགེ་སློང་མ་དག་གིས། བཅུ་གཉིས་སྡེ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་མ་བཅས་སམ། དེ་ནས་བཅུ་གཉིས་སྡེ་དེ་དག་གིས། དགེ་སློང་མ་དེ་རྣམས་ལ་འདི་སྐད་ཅེས་བསླབ་པའི་གཞི་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་དེ་མ་ཡིན་ནོ། །ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ། སྤྱད་བཟོད་པ་ཡོད་བཞིན་དུ། བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་སྤོང་ཞིང། ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མ་དེས་ལྷུང་བཟེད་དེ། དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་མའི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ། དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ། །ཞེས་སྦྱིན་པར་བྱ་སྟེ། དེ་ལ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྷན་པ་ལྔ་མེད་པའི་ལྷུང་བཟེད་ཅེས་བྱ་བ་ནི། ལྷན་པ་ལྔར་མ་ཚང་བ་གང་ཡིན་པའོ། །ཡོད་བཞིན་དུ་ཞེས་བྱ་བ་ནི། སྤྱད་བཟོད་པའོ། །སར་པ་གཞན་སློང་ན་ཞེས་བྱ་བ་ནི་གཉིས་པ་ཤོས་སོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི། ཚོགས་འདོད་པའི་ཕྱིར་རམ། ཡང་ན་གཞན་འདོད་པའི་ཕྱིར་རོ། །གྲུབ་ནའོ་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་མ་དེས་ལྷུང་བཟེད་དེ། དགེ་སློང་མའི་དགེ་འདུན་ལ་འབུལ་བར་བྱའོ། །ཞེས་བྱ་བ་ནི་སྦྱིན་པར་བྱའོ། །དགེ་སློང་མའི་འཁོར་གང་ཡིན་པ་དེའི་ཞེས་བྱ་བ་ནི། དགེ་སློང་མའི་ལྷུང་བཟེད་ཐ་མར་གྱུར་པའོ། །དེ་ནས་དགེ་


DKG009_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མའི་དགེ་འདུན་དེས། ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པའི་དགེ་སློང་མ་བསྐོ་བར་བྱའོ། །ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི། མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་བ་དང། གཏི་མུག་གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང། ལྷུང་བཟེད་བྲིམས་པ་དང་མ་བྲིམས་པ་མ་ཤེས་པའོ། །དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཡང་སྦྱར་བར་བྱའོ། །དེའི་འོག་ཏུ་གསོལ་བ་དང། གཉིས་ཀྱི་ལས་ཀྱིས་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པའི་དགེ་སློང་མ་བསྐོ་བར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པར་སྤྲོ་ལགས་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། གནང་བར་མཛོད་ཅིག་དང། འཕགས་མའི་དགེ་འདུན་མས། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པར་བསྐོ་བར་བགྱི་སྟེ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་ལགས་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པར་འབྲིམ་པར་བསྐོས་ཏེ། མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པར་བགྱིད་ན། ཕུ་ནུ་མོ་དག་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་


DKG009_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས། དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པའི་དགེ་སློང་མས། ཚོགས་པའི་དུས་སུ་དགེ་འདུན་ལས་སང་སྔ་དྲོ་འབྲེལ་བ་མེད་པའི་ལྷུང་བཟེད་འབྲིམ་གྱི། རང་རང་གི་ལྷུང་བཟེད་སྣོམས་ལ་སྦྱོན་ཅིག །ཅེས་བརྗོད་པར་བྱའོ། །དེ་ནས་ནམ་ནངས་པ་དང། འབྲིམ་པར་བྱེད་པའི་དགེ་སློང་མས་གནས་མལ་བཤམས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་ཚོགས་ཤིང་མཐུན་པར་གྱུར་པ་དང། ལྷུང་བཟེད་འབྲེལ་བ་མེད་པ་ཐོགས་ཏེ། དགེ་སློང་མའི་གནས་བརྟན་གྱི་མདུན་དུ་འདུག་ནས། ལྷུང་བཟེད་འབྲེལ་བ་མེད་པའི་བསྔགས་པ་ཇི་ལྟ་བ་བཞིན་བརྗོད་པར་བྱ་ཞིང། འདི་སྐད་ཅེས་གནས་བརྟན་མ་ལྷུང་བཟེད་བཞེས་ཤིག །ཅེས་ཀྱང་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས། ལྷུང་བཟེད་འབྲེལ་བ་མེད་པ་བླངས་ནས་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་གནས་བརྟན་གཉིས་པ་ཤོས་ལ་སྦྱིན་པར་བྱའོ། །གནས་བརྟན་གཉིས་པ་ཤོས་ཀྱི་ལྷུང་བཟེད་གསུམ་པ་ཤོས་ལ་སྦྱིན་པར་བྱ་སྟེ། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་ཡང་ངོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་འབྲེལ་བ་མེད་པ་མ་བླངས་ལ། གནས་བརྟན་གསུམ་པའི་ཐད་དུ་ཕྱིན་པ་ལས། གལ་ཏེ་སླར་ཡང་དགེ་འདུན་གྱི་གནས་བརྟན་གྱིས་སློང་ན་སྦྱིན་པར་མི་བྱའོ། །ལན་གཉིས་སློང་ན་ཡང་སྦྱིན་པར་མི་བྱའོ། །གལ་ཏེ་ལན་གསུམ་དུ་སློང་ན་སྦྱིན་པར་བྱ་སྟེ། འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ། །དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་སྟེ། གལ་ཏེ་སུས་ཀྱང་ལྷུང་བཟེད་འབྲེལ་བ་མེད་པ་མ་བླངས་སམ། གཞན་གྱི་ལྷག་པར་གྱུར་ན་དེ་ཉིད་ལ་སྦྱིན་པར་བྱའོ། །དེས་དེའི་འོག་ཏུ་ཀུན་ཏུ་སྤྱད་པར་བྱ་བ་བརྗོད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ན་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་མའི་


DKG009_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་མ་ལྷུང་བཟེད་འབྲེལ་བ་མེད་པ་འཆང་བ་གལ་ཏེ་བསོད་སྙོམས་ལ་འགྲོ་ན། ལག་པ་གཡས་པར་ལྷུང་བཟེད་འབྲེལ་བ་མེད་པ་བསྐུར་ཞིང། ལག་པ་གཡོན་པར་བྱིན་གྱིས་བརླབས་པའོ། །གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་བྱིན་གྱིས་བརླབས་པར་བླང་བར་བྱའོ། །གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་བ་མེད་པར་བླང་བར་བྱའོ་།གལ་ཏེ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་ན། ཞབས་སུ་ནི་བྱིན་གྱིས་བརླབས་པའོ། །སྟེང་དུ་ནི་ལྷུང་བཟེད་འབྲེལ་བ་མེད་པའོ། །གལ་ཏེ་བྱི་དོར་བྱེད་ན། དང་པོར་ལྷུང་བཟེད་འབྲེལ་བ་མེད་པའོ། །ཕྱི་ནས་བྱིན་གྱིས་བརླབས་པའོ། །གལ་ཏེ་ལྷུང་བཟེད་གདུ་བུའི་སྟེང་དུ་འཇོག་ན། བྱིན་གྱིས་བརླབས་པའི་སྟེང་དུ་ལྷུང་བཟེད་འབྲེལ་བ་མེད་པ་གཞག་པར་བྱའོ། །གལ་ཏེ་ལྷུང་བཟེད་ཀྱི་ལས་བྱེད་ན། རྫ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་བསྲེག་པར་བྱའོ། །ངན་པར་ནི་བྱིན་གྱིས་བརླབས་པའོ། །གལ་ཏེ་ལམ་དུ་འགྲོ་ན་ལྷན་ཅིག་གནས་པ་དང། ཉེ་གནས་རྣམས་ལ་བྱིན་གྱིས་བརླབས་པ་བསྐུར་བར་བྱ་ཞིང། ལྷུང་བཟེད་འབྲེལ་བ་མེད་པ་ནི་རང་གིས་སོ། །གལ་ཏེ་ཁྱེར་བ་འགའ་ཡང་མེད་ན། མཆན་ཁུང་གཡས་ཀྱིས་ནི་ལྷུང་བཟེད་འབྲེལ་བ་མེད་པའོ། །གཡོན་གྱིས་ནི་བྱིན་གྱིས་བརླབས་པའོ། །ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་མས། ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ། འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་འདུན་གྱིས་ལྷུང་བཟེད་ཐ་མ་དེ་བྱིན་གྱིས་མི་བརླབ་སྟེ། བྱིན་གྱིས་བརླབ་པར་མི་བྱ། སུ་ལ་ཡང་སྦྱིན་པར་མི་བྱ་བར་ཁད་ཀྱིས་དལ་བུས་དལ་བུས་ཇི་སྲིད་འཚོའི་བར་ཆག་པའི་མཐར་ཐུག་པའི་བར་དུ་བཅང་བར་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྷན་པ་གཅིག་གིས་གླན་པར་འོས་ཤིང། མ་གླན་པ་སྤྱད་པ་བཟོད་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་


DKG009_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་པ་གཉིས་ཀྱིས་གླན་པར་འོས་ཤིང། མ་གླན་པ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མ་ལྷུང་བཟེད་ཆག་པར་གྱུར་ཀྱང། ལྷན་པ་གསུམ་གླན་པར་འོས་ཤིང། མ་གླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བ་བྱེད་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང། ལྷན་པ་བཞིས་གླན་པར་འོས་ཤིང། མ་གླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང། ལྷན་པ་ལྔས་གླན་པར་འོས་ཤིང། མ་གླན་ལ་སྤྱད་བཟོད་བཞིན་དུ་གལ་ཏེ་གཞན་ཡང་ཚོལ་བར་བྱེད་ན་ཉེས་པ་མེད་དོ། །དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང། ལྷན་པ་གཅིག་གིས་གླན་པར་འོས་པས་གླན་ཏེ་སྤྱད་བཟོད་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང། ལྷན་པ་གཉིས་ཀྱིས་གླན་པར་འོས་པས་གླན་ཏེ་སྤྱད་བཟོད་བཞིན་དུ་ཞེས་བྱ་བ་ནས། ཉེས་བྱས་དང། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ལྷན་པ་གསུམ་འོས་པ་དང། དེ་བཞིན་དུ་ལྷན་པ་བཞིས་འོས་པ་ཡང་བརྗོད་པར་བྱའོ། །དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང། ལྷན་པ་ལྔས་གླན་པར་འོས་པས་གླན་ཀྱང་རུང་མ་གླན་ཀྱང་རུང། ལྷུང་བཟེད་གཞན་ཚོལ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་བཅུ་གསུམ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཉེ་དགའ་ལ་བརྟེན་ཏེ། ཉེ་དུ་མ་ཡིན་པ་ལས་སྐུད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་སྦོམ་དགའ་མོས། ཉེ་དུ་མ་ཡིན་པ་དང། ཉེ་དུ་ལས་ཀྱང་སྐུད་པ་བསླངས་ཤིང། ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་ཡང་གོས་འཐག་ཏུ་འཇུག་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་


DKG009_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་མ་མེས་དང། ཕ་མེས་ཕྲུགས་བདུན་གྱི་བར་རོ། །སྐུད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའིའོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཐགས་ཐག་པའོ། །གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །འཐག་ཏུ་འཇུག་ན་ཞེས་བྱ་བ་ནི་འཐག་ཏུ་བཅུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཉེ་དུ་མ་ཡིན་པ་ལ་སྐུད་པ་བསླངས་ཏེ། ཐག་པ་ཉེད་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ནས་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ནས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །བདག་ཉིད་འཐག་ན་ཡང་ཉེས་བྱས་སོ། །ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བླངས་སྟེ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐ་ག་པ་ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ། །དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ། ཉེ་དུ་འཐག་ཏུ་འཇུག་ན། སློང་བ་ན་དེ་ལ་ཉེས་བྱས་སོ། །བདག་ཉིད་འཐག་ན་ཉེས་བྱས་སོ། །


DKG009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དུ་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་འཐག་གམ། ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །བདག་ཉིད་འཐག་ན་ཉེས་བྱས་སོ། །ཉེ་དུ་འཐག་ཏུ་འཇུག་ན་ལྟུང་བ་མེད་དོ། །ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། བདག་ཉིད་འཐག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ། །བདག་ཉིད་འཐག་ན་ཉེས་བྱས་སོ། །དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན། སློང་བ་ན་དེ་ལ་ལྟུང་བ་མེད་དོ། །གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ། ཉེ་དུ་འཐག་ཏུ་འཇུག་ན་དེ་སློང་བ་ན་དེ་ལ་ལྟུང་བ་མེད་དོ། །བདག་ཉིད་འཐག་ན་ཉེས་བྱས་སོ། །ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ། །དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། བདག་ཉིད་འཐག་གམ། ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ། །བདག་ཉིད་འཐག་ན་ཉེས་བྱས་སོ། །ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞིག་ཉེ་དུ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ། །ཉེ་དུ་འཐག་ཏུ་བཅུག་པ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་མས་ཉེ་དུ་ལ་སྐུད་པ་བསླངས་ཏེ། བདག་ཉིད་འཐག་གམ། ཉེ་དུ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ། །བདག་ཉིད་འཐག་ན་ཉེས་བྱས་སོ། །ཉེ་དུ་འཐག་ཏུ་འཇུག་ན་ལྟུང་བ་མེད་དོ། །ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ། གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་བཅུ་བཞི་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་དུ་སྦོམ་དགའ་མོས་ཁྱིམ་བདག་མོ་དང། ཁྱིམ་བདག་འཁོར་དང་བཅས་པ་མངོན་པར་དད་པར་བྱས་པས། ཁྱིམ་བདག་དེས་དགེ་སློང་མ་སྦོམ་དགའ་མོའི་ཕྱིར། སྐུད་པ་དག་ཐ་ག་པ་ལ་བྱིན་པ། སྦོམ་དགའ་མོས་བྲན་མོ་དེ་ལས་ཐོས་ཏེ་ཐོས་ནས། ཐ་ག་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། འདི་སྐད་ཅེས་སྨྲས་སོ། །ཐ་ག་པ་བརྒྱངས་ཏེ་འཐག་པའི་རས་ཡུག་ཆེན་འདི་སུའི་ཕྱིར་ཡིན་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ། །མ་འཚལ་ཏོ། །


DKG009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འདི་སྐད་ཅེས་ཁོ་མོའི་ཕྱིར་ཡིན་ནོ་ཞེས་སྨྲས་ནས། ཇི་ཙམ་གྱི་བར་དུ་དེ་ལ་དེ་བཟའ་བའམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་སྒྲུབ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མས། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལ་དེ་ཡང་དགེ་སློང་མ་དེ་ལ་སྔར་མ་བསྟབས་བཞིན་དུ། རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས། ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་མོའི་ཕྱིར་ཡིན་གྱི། ཚེ་དང་ལྡན་པ་གོས་འདི་ཞེང་ཆེ་བ་དང། ཁྲུན་རིང་བ་དང། ཐར་གྱིས་ཞག་པ་དང། ཐགས་རན་བཟང་བར་ལེགས་པར་གྱིས་ཤིག །དེ་ལྟར་བྱས་ན་ཁོ་མོས་ཚེ་དང་ལྡན་པ་ལ་འདི་ལྟ་སྟེ། བཟའ་བའམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་ཟད་ཙམ་གྱིས་ཀྱང་བསྒྲུབ་པར་བྱའོ། །ཞེས་བྱས་ནས། དེ་ལ་དགེ་སློང་མ་དེ། འདི་ལྟ་སྟེ། བཟའ་བའམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་ཟད་ཙམ་བྱིན་ནས་གོས་བསྒྲུབས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཉེ་དུ་མ་ཡིན་པ་ལས་ཞེས་བྱ་བ་ནི། མ་མེས་དང་ཕ་མེས་ཕྲུགས་བདུན་གྱི་བར་དག་གོ་།ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཐགས་འཐག་པའོ། །གོས་འཐག་ཏུ་བཅུག་པ་ལ་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བའོ། །དེ་ནས་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ན་ཞེས་བྱ་བ་ནི་དོགས་པ་འགའ་ཞིག་སྐྱེས་ནས་སོ། །ཐ་ག་པའི་དྲུང་དུ་སོང་ནས་ཞེས་བྱ་བ་ནི་ཕྱིན་ནས་སོ། །འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའོ། །གོས་འདི་ཞེས་


DKG009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གོས་ཉེ་བར་སྟོན་པའོ། །ཁོ་མོའི་ཕྱིར་འཐག་ཏུ་བཅུག་གི །ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །ཚེ་དང་ལྡན་པ་ཐ་ག་པས་ལེགས་པར་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཐ་ག་པས་བཟང་པོར་རོ། །ཁྱེད་ཀྱིས་གོས་འདི་ཞེས་བྱ་བ་ནི་འཐག་ཏུ་བཅུག་པ་གང་ཡིན་པ་དེའོ། །ཞེང་ཆེ་བ་ཞེས་བྱ་བ་ནི་འདི་ལྟར་རྒྱ་ཆེ་བ་ཉིད་དོ། །ཁྲུན་རིང་བ་ཞེས་བྱ་བ་ནི་འདི་ལྟར་མཆུ་རིང་བ་ཉིད་དོ། །ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པའོ། །ཐགས་རན་བཟང་བར་ཞེས་བྱ་བ་ནི་ཐགས་བཟང་བ་དང། ཁ་ཚར་ཐུང་བར་རོ། །གལ་ཏེ་དེ་ལྟར་ན་ཁོ་མོ་ཁྱོད་ལ་བཟའ་བའམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་ཟད་ཙམ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་བཟའ་བ་ལྔ་དང། བཅའ་བ་ལྔ་པོ་དག་གོ་།དེ་ལ་གལ་ཏེ་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཅུང་ཟད་བསྒྲུབ་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། བཟའ་བའམ། བཟའ་བ་ཙམ་མམ། བཟའ་བའི་རྒྱུ་ཅུང་ཟད་བྱིན་པའོ། །གོས་བསྒྲུབས་ཏེ་ཞེས་བྱ་བ་ནི། གོས་ཐོབ་པར་བྱ་བའི་ཕྱིར་རོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་གོས་བསྒྲུབ་པའི་ཕྱིར་ཁྱིམ་བདག་གི་ཁྱིམ་རྣམས་སུ་བསོད་སྙོམས་ལ་འཇུག་ཅིང་བཅའ་བ་ལྔ་དང། བཟའ་བ་ལྔ་པོ་དག་ཐ་ག་པ་ལ་སྦྱིན་པར་བྱེད་པ་ནས། ཇི་ཙམ་མ་གྲུབ་པ་དེ་སྲིད་དུ་ཉེས་བྱས་སོ། །གྲུབ་ན་སྤང་བའི་ལྟུང་བྱེད་དོ། །སྤང་བའི་ལྟུང་བྱེད་བཅོ་ལྔ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷན་ཅིག་གནས་པ་དང། ཉེ་གནས་རྣམས་ལ། ཆོས་གོས་དང་ལྷུང་བཟེད་དག་བགོ་བཤའ་བྱེད་ལ། བུད་མེད་ནི་ཁྲོ་བའི་དབང་དུ་འགྱུར་པ་ཡིན་པས། གང་གི་ཚེ་དེ་དག་དང། དེ་རྣམས་འཐབ་མོ་དང། མཚང་འདྲུ་བར་གྱུར་པ་དེའི་ཚེ། དེ་དག་གིས་ལྷན་ཅིག་གནས་པ་དང་ཉེ་གནས་ལ་ཕྱིར་ཡང་གོས་དག་འཕྲོགས་པར་བྱེད། འཕྲོག་ཏུ་འཇུག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་


DKG009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དག་ལ་གོས་དག་བྱིན་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཅིང། ཡིད་མ་རངས་པས་དགེ་སློང་མ་ཁྱོད་ལ་གོས་དག་མི་སྦྱིན་གྱི། ཕྱིར་བྱིན་ཅིག་ཅེས་འཕྲོག་གམ། འཕྲོག་ཏུ་འཇུག་ན། དགེ་སློང་མ་དེས་གོས་ཀྱི་ལྷག་མ་ཡོད་པ་སླར་སྦྱིན་པར་བྱ་སྟེ། ལོངས་སྤྱད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ། དགེ་སློང་མ་རྣམས་ཞེས་བྱ་བ་ནི། ལྷན་ཅིག་གནས་པ་དང། ཉེ་གནས་རྣམས་སོ། །གོས་དག་བྱིན་ནས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བ་དག་གོ་།དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡིད་མ་རངས་པས་ཞེས་བྱ་བ་ན། འཁྲུགས་པ་མ་སངས་བར་རོ། །འཕྲོག་གམ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སོ། །འཕྲོག་ཏུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ། །དགེ་སློང་མ་ཁྱོད་ལ་གོས་དག་མི་སྦྱིན་གྱི། ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང་མ་དེས་གོས་དེས་ཞེས་བྱ་བ་ནི། གོས་བདུན་པོ་གང་ཡང་རུང་བའི་ལྷག་མ་ཡོད་པའོ། །ཕྱིར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཏང་བར་བྱའོ། །དེ་ལོངས་སྤྱད་ན་ཞེས་བྱ་བ་ནི། དེ་ཇི་ཙམ་གྱི་བར་ལོངས་སྤྱད་པར་གྱུར་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར་བྱེད་པ་དང། ཚིག་རྗོད་པར་བྱེད་པ་དང། དེ་གཉི་ག་དང་ལྡན་པའོ། །ཇི་ལྟར་ལུས་གཡོ་བར་བྱེད་པས་ཤེ་ན། ལག་པས་བཟུང་ཞིང་འཕྲོག་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་དང་བྲལ་བར་བྱེད་ཀྱི་བར་དུ་ཉེས་


DKG009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་ལུས་གཡོ་བར་བྱེད་པས་སོ། །ཇི་ལྟར་ཚིག་རྗོད་པས་ཤེ་ན། ཚིག་འདི་སྐད་ཅེས་དགེ་སློང་མ་གོས་ཕྱིར་བྱིན་ཅིག་ཅེས་སྨྲས་ནས། ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ། །ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་ཚིག་རྗོད་པར་བྱེད་པས་སོ་།ཇི་ལྟར་དེ་གཉི་ག་དང་ལྡན་པས་ཤེ་ན། ཚིག་ཏུ་གོས་ཕྱིར་བྱིན་ཅིག་ཅེས་སྨྲ་ཞིང་ལག་པས་འཛིན་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ། །ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ། །དེ་ལྟ་བུ་ནི་གཉི་ག་དང་ལྡན་པས་སོ། །དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ། །ཇི་ལྟར་དོན་གཞན་གྱིས་ཤེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱི་ལྷན་ཅིག་གནས་པ་དང། ཉེ་གནས་དག་དུས་མ་ཡིན་པས་འཇིགས་པ་དང་བཅས་པའི་དུས་སུ་འགྲོ་བ་ན། དེ་དག་གི་མཁན་པོ་དང། སློབ་དཔོན་དག་གིས་ཆོམ་རྐུན་པ་རྣམས་ཀྱིས་གོས་དག་ཕྲོགས་པར་གྱུར་ན་མི་རུང་ངོ་ཞེས་འཕྲོགས་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དོན་གཞན་གྱིས་ཡིན་ནོ། །ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཤེ་ན། འདི་ལྟར་ཡང་དགེ་སློང་རྣམས་ཀྱི་ལྷན་ཅིག་གནས་པ་དང། ཉེ་གནས་རྣམས་མི་དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོགས་ཤིང་འགྲོ་བ་ན། དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོ་བར་གྱུར་ཅིག །ཅེས་དེ་དག་ལས་གོས་འཕྲོགས་པར་བྱེད་པ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ་བྱད་ཀྱིས་ཡིན་ནོ། །སྤང་བའི་ལྟུང་བྱེད་བཅུ་དྲུག་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཆོས་སྦྱིན་གྱིས་ཉམས་པའི་རྒྱལ་རིགས་འཁོར་དང་བཅས་པ་བདེན་པ་རྣམས་ལ་རབ་ཏུ་བཀོད་པ་དང། དེ་རྣམས་ཀྱིས་རྒྱལ་པོ་གསལ་རྒྱལ་ལས་དཔྱ་རྒྱུ་དག་ཐོབ་བོ། །དེ་དག་འདི་སྙམ་དུ་བདག་ཅག་བདེན་པ་མཐོང་བར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་འཕགས་མ་ཆོས་སྦྱིན་ལས་བརྟེན་ཏེ་ཡིན་ན། དེ་ལ་བདག་ཅག་གིས་ཅི་ཞིག་བྱས་ནས་པར་གྱུར། མ་ལ་བདག་ཅག་གིས་རྒྱལ་པོ་ལས་རྙེད་པ་དང། བཀུར་སྟི་ཐོབ་པ་དེ་བདག་ཅག་གིས་ཆོས་སྦྱིན་ལ་དབུལ་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཉམས་པའི་རྒྱལ་རིགས་རྣམས་ཀྱིས་རྙེད་པ་དེ་ཁྱེར་ཏེ། ཆོས་སྦྱིན་ག་ན་བ་དེར་དོང་ནས་ལྷགས་པ་དང། ཆོས་སྦྱིན་


DKG009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། ཆོས་སྦྱིན་ལ་རྙེད་པ་དང་བཀུར་སྟི་དེ་ཕུལ་ལོ། །ཆོས་སྦྱིན་གྱིས་བསམས་པ། ཅི་བཅོམ་ལྡན་འདས་ལ་འགའ་ཞིག་གིས་ཟླ་བ་གསུམ་དུ་ན་བཟའ་དང་བསོད་སྙོམས་ཀྱིས་བསྟབས་སམ་སྙམ་མོ། །དེ་ནས་དེ་རྟོག་པ་ལ་ཞུགས་པ་ན། བཅོམ་ལྡན་འདས་དེ་དག་ཁོ་ན་ལ་གཞེས་པར་ཤེས་སོ། །དེ་ནས་ཆོས་སྦྱིན་གྱིས་ཉམས་པའི་རྒྱལ་རིགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་དག་བཅོམ་ལྡན་འདས་ལ་ཟླ་བ་གསུམ་དུ་ན་བཟའ་དང་བསོད་སྙོམས་དང་ཞེས་བྱ་བ་ནས། སྨན་དང་མཁོ་བའི་ཡོ་བྱད་ཀྱི་བར་གྱིས་སྟོབས་ཤིག །དེ་ནས་དེ་དག་དོང་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང། ཆོས་སྦྱིན་འཁོར་དང་བཅས་པ་ལ་བསྟབས་སོ། །དེ་ནས་ཉམས་པའི་རྒྱལ་རིགས་ཀྱི་ཆུང་མ་དེ་དག་གིས་དགེ་སློང་མ་དེ་རྣམས་ལ་བསྙེན་བཀུར་བྱ་བར་བརྩམས་སོ། །ཉམས་པའི་རྒྱལ་རིགས་དེ་དག་གིས་ཀྱང་དགེ་སློང་དང། དགེ་སློང་མ་རྣམས་ཀྱི་ཕྱིར་རིན་ཐང་ཆེན་པོའི་གོས་དང། གོས་ཕལ་དག་འཇོག་ཏུ་བཅུག་གོ་།དེ་དག་དབྱར་གྱི་ནང་ལོགས་སུ་རྒྱལ་པོས་གཞན་དུ་མངགས་པ་ལས་མགོན་མེད་ཟས་སྦྱིན་གྱིས་དེ་དག་བཟློག་པ་དང། དེ་དག་ལ་དགེ་སློང་མ་ས་གྱིས་དབྱར་ཟད་ནས། གོས་འདོད་པའི་ཕྱིར་བརྡ་བྱས་པ་དང། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་དག་བདག་ཅག་གིས་གོས་ཀྱི་རིན་དེ་དག་ཕུལ་ལགས་སོ། །སྲིལ་རྣམས་ཀྱིས་ཟོས་སོ། །དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་དབྱར་གྱི་དུས་ཀྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བགོ་བར་མི་བྱའོ་ཞེས་གསུངས་པས། བསླབ་པ་འདོད་པས་མ་བགོས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་སྟོན་ཟླ་ཐ་ཆུང་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་


DKG009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད་ལ་བརྟད་པ་ལས་བྱུང་བའི་གོས་འདོད་ན། དགེ་སློང་མ་དེས་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཞག་བཅུ་ཞེས་བྱ་བ་ནི། ཞག་བཅུ་པ་ལ་དགག་དབྱེ་འབྱུང་བར་འགྱུར་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ་།རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ། །བརྟད་པ་ལས་བྱུང་བའི་གོས་ཞེས་བྱ་བ་ལ་བརྟད་པ་ལས་བྱུང་བའི་གོས་ལྔ་སྟེ། ལྔ་གང་ཞེ་ན། འོངས་པ་དང། འགྲོ་བར་ཆས་པ་དང། ནད་པ་དང། ནད་གཡོག་དང། དགེ་སྐོས་མའོ། །གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །གོས་སྦྱིན་པའི་དུས་སུ་བཅང་བར་བྱའོ། །ཞེས་བྱ་བ་ནི་གོས་སྦྱིན་པའི་དུས། ཞག་བཅུའི་དགག་དབྱེ་གང་ཡིན་པའོ། །དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དབྱར་གྱི་རྙེད་པ་ཅི་ཡང་རུང་དབྱར་གྱི་ནང་ལོགས་སུ་འགེད་པ་དང། དགག་དབྱེ་ལས་འདས་པར་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་གོས་སྦེད་པའི་དགེ་སློང་མ་བསྐོས་ན་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་བཅུ་བདུན་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ། དགེ་འདུན་གྱི་གང་ཟག་རང་གིར་སྒྱུར་བར་བྱེད་པའི་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཆེད་དུ་རྙེད་པ་བླངས་ནས་གང་ཟག་གིར་སྒྱུར་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ།


DKG009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགེ་སློང་མ་གང་ཞིག་ཤེས་བཞིན་དུ་དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་པོ་གོས་ཀྱི་རྙེད་པ་དང། ཟས་ཀྱི་རྙེད་པ་སྟེ། སྐབས་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །བསྔོས་པ་ཞེས་བྱ་བ་ནི་ཕུལ་བའོ། །གང་ཟག་བདག་གིར་བྱེད་ན་ཞེས་བྱ་བ་ནི་རང་གིར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཤེས་བཞིན་དུ་གང་ཟག་ལ་བསྔོས་པའི་རྙེད་པ་གཞན་དུ་གང་ཟག་ལ་སྒྱུར་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་དགེ་འདུན་སྡེ་གཞན་དུ་གནས་ལ་སྡེ་གཅིག་ལ་བསྔོས་པའི་རྙེད་པ། སྡེ་གཉིས་པ་ཤོས་ལ་སྒྱུར་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་བསྔོས་པ། དགེ་སློང་མའི་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་གཉི་གའི་དགེ་འདུན་ལ་བསྔོས་པ། དགེ་འདུན་སྡེ་གཅིག་ལ་སྒྱུར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་དགེ་འདུན་སྡེ་གཅིག་ལ་བསྔོས་པ་གཉི་གའི་དགེ་འདུན་ལ་སྒྱུར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་མཆོད་རྟེན་རྣམས་ཀྱི་མེ་ཏོག་གི་གནས་ནས་བཟུང་སྟེ། བུམ་པའི་བར་མེ་ཏོག་གི་གནས་དང། སྒོ་ཁང་ལ་སོགས་པ་དང། དེ་བཞིན་དུ་རིམ་གྲོའི་ཁང་པར་བསྡོས་པ་དྲོད་ཁང་དུ་སྒྱུར་བར་བྱེད་པ་དང། དེ་བཞིན་དུ་སྲོ་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བ་དང། ཀ་བ་དང། གདུང་དང། ས་ལ་ཡང་བརྗོད་པར་བྱའོ། །ཐ་ན་མུ་ལྟོ་བ་གཅིག་ལ་བསྔོས་པ་གཉིས་པ་


DKG009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་ལ་སྒྱུར་བར་བྱེད་ན་ཡང་ཉེས་བྱས་སོ། །གལ་ཏེ་བཙལ་བ་ལས་མ་རྙེད་དམ། གནང་བར་བྱིན་ན་ཉེས་པ་མེད་དོ། །སྤང་བའི་ལྟུང་བྱེད་བཅོ་བརྒྱད་པ་རྫོགས་སོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་བཞི་པ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང། ཉེ་གནས་རྣམས་ལ་བརྟེན་ཏེ། གཉི་གའི་ཐུན་མོང་བའི་ནད་ཀྱི་སྨན་ཀྱི་བསླབ་པའི་གཞི་བཅང་བར་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ནད་ཀྱི་སྨན་དེ་ལས་བྱིན་ལེན་བྱས་ཤིང་ཟ་བར་བྱད། མྱུར་བར་བྱིན་ལེན་བྱས་ནས། དེ་ལས་བྱིན་ལེན་བྱས་པ་དག་ཕན་ཚུན་དུ་སྲེ་བར་བྱེད། ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤན་འབགས་པར་དབྱེར་ཡང་མི་མངོན་པ་དེ་དག །དུས་དང་དུས་མ་ཡིན་པར་ཟ་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ནད་པ་རྣམས་ལ་འཕྲོད་པ་སོ་སོར་བསྟེན་པར་བྱ་བའི་སྨན་རྗེས་སུ་གནང་བ་གང་ཡིན་པ་འདི་ལྟ་སྟེ། མར་སར་དང། ཏིལ་མར་དང། སྦྲང་རྩི་དང། བུ་རམ་གྱི་དབུ་བ་སྟེ། དེ་དག་དགེ་སློང་མ་ནད་པས་གསོག་འཇོག་གི་ལོངས་སྤྱོད་ཀྱིས་ཞག་བདུན་གྱི་མཐར་ཐུག་པར་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་ལོངས་སྤྱད་ན་སྤང་བའི་ལྟུང་བྱེད་དོ། །ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་མ་ནད་པ་རྣམས་ལ་ཞེས་བྱ་བ་ནི་ན་བ་རྣམས་ལའོ། །འཕྲོད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའོ། །སོ་སོར་བསྟེན་པར་བྱ་བའི་ཞེས་བྱ་བའི་ནི་རུང་བའིའོ། །སྨན་རྣམས་ཞེས་བྱ་བ་ལ་མར་སར་ཞེས་བྱ་བ་ནི་མར་རོ། །ཏིལ་མར་ཞེས་བྱ་བ་ནི་ཏིལ་མར་ཉིད་དོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའིའོ། །བུ་རམ་


DKG009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་མོ། །ཞག་བདུན་པའི་མཐར་ཐུག་པའི་ཞེས་བྱ་བ་ནི་ཉིན་ཞག་བདུན་དུའོ། །གསོག་འཇོག་གི་ལོངས་སྤྱོད་ཀྱིས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་ནས་སོ། །སོ་སོར་བསྟེན་པར་ཞེས་བྱ་བ་ནི་བཟའ་བར་བྱའོ། །དེ་ལས་འདས་པར་ཞེས་བྱ་བ་ནི། དེ་ལས་ལྷག་པར་རོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཚེས་ལ་ན་བའི་སྨན་ཞིག་རྙེད་ན། ངེས་ན་བའི་སྨན་དེ་ཞག་བདུན་པའི་ནང་རོལ་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། ལོངས་སྤྱད་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས་སྤྱོད་པར་མི་བྱེད་ན། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་ཚེས་ལ་ཞེས་བྱ་བ་ལྟར་ཞག་དྲུག་བའི་བར་དུ་དེ་ཁོ་ན་གཞན་སྔ་མ་དང་འདྲ་བར་བརྗོད་དོ། །དགེ་སློང་མས་ཚེས་ལ་ན་བའི་སྨན་ཞིག་རྙེད་ལ། ཚེས་གཉིས་ལ་ཡང་གཞན་ཞིག་རྙེད་ན། དགེ་སློང་མ་དེས་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། ཕྱི་མར་ཤོས་ལོངས་སྤྱད་པར་བྱ་བའམ། ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་བའམ། སྔ་མ་ཤོས་ལོངས་སྤྱད་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས་སྤྱོད་པར་མི་བྱེད་ན། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་ཚེས་ལ་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་རྙེད་ན་ཞེས་བྱ་བ་ནས། ཞག་དྲུག་དང། བདུན་གྱི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་མས་ཚེས་ལ་ན་བའི་སྨན་རབ་ཏུ་མང་པོ། ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ། །དེ་བཞིན་དུ་ཚེས་ལ་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་གཞན་དག་ཅེས་བྱ་བའི་བར་དུ་རྒྱས་པར་རོ། །དེ་ལ་ན་བའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན་དུ་འདྲེས་པ་དང། ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤན་འབགས་པ་དེ་དག་ནི་གཙུག་ལག་ཁང་གཞན་གྱིས་དགེ་ཚུལ་མ་རྣམས་ལ་སྦྱིན་པར་བྱའོ། །ན་བའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན་མ་འདྲེས་པ་དང། ཟས་ཀྱི་ཕྱེ་མ་ཇད་མ་འདྲེས་ཤིང་ཤན་མ་འབགས་པ་དེ་


DKG009_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྦྱིན་པར་བྱ་ཞིང། འདི་སྐད་ཅེས་ན་བའི་སྨན་འདི་ཉི་མ་གཅིག་ལོན་ལགས་ཀྱི། ཉི་མ་དྲུག་ཏུ་ལོངས་སྤྱད་པར་བགྱིའོ། །ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ཉི་མ་གཅིག་ལུས་པའི་བར་དུ་སྟེ། དགེ་སློང་མས་ན་བའི་སྨན་སྤང་བར་གྱུར་ལ། དེ་མ་སྤངས་སམ། བྲལ་བར་མ་བྱས་སམ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ལ་ཡང་སྔ་མའི་ཤན་གྱིས་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་སྤངས་ལ་བྲལ་བར་མ་བྱས་ཤིང་ལྟུང་བ་མ་བཤགས་ན། དེ་ཡང་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་བྲལ་བ་བྱས་ལ། ལྟུང་བ་མ་བཤགས་ན། དེ་ཡང་སྤང་བའི་ལྟུང་བྱེད་དོ། །སྤང་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ཏེ་ལོངས་སྤྱད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །པབང་བའི་ལྟུང་བྱེད་བཅུ་དགུ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷུང་བཟེད་རྙེད་ཅིང་རྙེད་པ་རྣམས་གསོག་པར་བྱེད་ཅིང། བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་མ་འཁོད་པ་ལ་ཡང་འགེད་པར་མི་བྱེད། ཐ་ན་སློང་བ་ལ་ཡང་སྦྱིན་པར་མི་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག་གི་མཐར་ཐུག་གི་བར་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཞག་གཅིག་ཅེས་བྱ་བ་ནི་ཉིན་ཞག་གཅིག་གོ་།དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེའམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ། །ལྷུང་བཟེད་


DKG009_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལས་ལྷག་པའོ། །དེ་ལས་འདས་པར་འཆང་ན། ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཞག་གཅིག་ལས་འདས་པར་ལྷུང་བཟེད་ལྷག་པ་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ལྷུང་བཟེད་སྐྱ་བོ་འཆང་ན་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཅིག་གནས་པ་དེས། ཇི་ཙམ་ན་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་རྩེ་བར་བྱེད་པ་ནས། ཁྱེའུ་ཞིག་བཙས་པའི་བར་དུ་སྟེ། དེའི་མིང་འདུན་པ་ཞེས་བྱ་བར་བཏགས་སོ། །འདོད་པ་རྣམས་ནི་ཚ་ཆུ་དང་འདྲ་བས་ཡང་རྩེ་བར་བྱེད་པ་ན། བུ་མོ་ཞིག་བཙས་ཏེ། དེའི་མིང་ནི་འདུན་མ་ཞེས་བྱ་བར་བཏགས་སོ། །ངེས་ནས་དུས་གཞན་ཞིག་ན་ཁྱིམ་བདག་ཤི་བར་གྱུར་ཏོ། །གང་གི་ཚེ་ཁྱིམ་བདག་དེ་ཤི་བར་གྱུར་བ་དེའི་ཚེ། ཁྱིམ་བདག་དེའི་ཆུང་མ་མ་སྨད་གསུམ་རབ་ཏུ་བྱུང་ངོ། །དེ་ནས་གཞོན་ནུ་འདུན་པ་དགེ་སློང་ཕའི་གཙུག་ལག་ཁང་ནས། དགེ་སློང་མའི་གཙུག་ལག་ཁང་དུ་མ་ལ་བལྟ་བའི་ཕྱིར་དེས་སྣམ་སྦྱར་ཚོན་གསར་གྱིས་ཁ་བསྒྱུར་བ་དམར་སེར་ཞིག་བགོས་ཏེ་སོང་བ་དང། སྲིང་མོ་དེས་དྲིས་པ། མིང་པོ་ཆོས་གོས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་བོའི་ཡིན་ནོ། །དེས་འདི་སྐད་ཅེས་བདག་ལ་སྩོལ་ཅིག་ཅེས་སྨྲས་པ་ལས། དེས་མ་བྱིན་པ་དང། དེ་ངུ་བར་གྱུར་ཏོ། །དེ་ལ་མས་དྲིས་པ་བུ་མོ་ཅི་སྟེ་ངུ། དེས་འདི་སྐད་ཅེས་སྨྲས་སོ། །མིང་པོ་ལ་བདག་གིས་ཆོས་གོས་བསླངས་ནས། དེས་མ་སྩལ་ཏོ། །དེ་ནས་མས་གཞོན་ནུ་འདུན་པ་ལ་སྨྲས་པ། བུ་སྲིང་མོ་ལ་ཆོས་གོས་བྱིན་ཅིག །དེས་སྨྲས་པ། ཉེས་པ་འགའ་ཞིག་ཏུ་མི་འགྱུར་ལགས་གྲང། དེས་འདི་སྐད་ཅེས་སྨྲས་སོ། །དེ་ལ་ཉེས་པ་ཅི་ཡང་མེད་དོ། །དེ་ནས་འདུན་པས་ཆོས་གོས་དེ་འདུན་མ་ལ་བྱིན་ནོ། །འདུན་མས་ཀྱང་


DKG009_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཆོས་གོས་འདུན་པ་ལ་བྱིན་ནོ། །དེ་ནས་འདུན་མས་ཆོས་གོས་དེ་ཞག་མང་པོ་མ་ལོན་པར་དྲི་མ་ཅན་དུ་བྱས་སོ། །འདུན་པས་ཡང་ཆོས་གོས་དེ་ལེགས་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བ་བྱས་ནས། ཡང་མ་བལྟ་བའི་ཕྱིར་སོང་བ་དང། དེ་ནས་འདུན་མས་མིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །མིང་པོ་ཆོས་གོས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ། །འདི་དེའི་ཚེ་ཁྱོད་ཀྱི་ཡིན་མོད། དེས་འདི་སྐད་ཅེས་སྨྲས་སོ། །རང་གི་ཆོས་གོས་འདི་སྣོམས་ལ། བདག་གི་ཆོས་གོས་ནི་ཚུར་སྩོལ་ཅིག །དེས་མ་བྱིན་པ་དང། དེས་ཡང་མ་ལ་གསོལ་བ་བཏབ་པ་དང། བུ་བྱིན་ཅིག །དེས་དེ་ལ་བྱིན་ནོ། །དེ་ནས་དགེ་སློང་མ་འདུན་མ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ཆོས་གོས་ལ་རྟག་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བས་གནས་གཙང་མའི་བཞིན་དུ་གྱུར་ཏོ། །དེའི་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་པ་དང། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་འཁོར་གྱི་གཙོ་བོ་དང་ལྷན་ཅིག་ཆོས་གོས་བརྗེ་བ་ཉམས་སུ་མྱོང་བར་བྱེད། དེས་འདི་སྐད་ཅེས་གལ་ཏེ་བརྗེར་རུང་ཡང་རུང། བརྗེར་མི་རུང་ཡང་རུང། བདག་གིས་བརྗེས་ལགས་སོ། །ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་ཆོས་གོས་བརྗེས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་པ། འཕགས་པའི་ཆོས་གོས་གང་ལགས་པ་འདི་བཞེས་ལ། བདག་གིས་ཆོས་གོས་གང་ལགས་པ་དེ་སླར་སྩོལ་ཅིག་ཅེས་སྨྲ་ན། སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འདུན་མ་དང། དགེ་སློང་འདུན་པར་རོ། །ཆོས་གོས་བརྗེས་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་


DKG009_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་ཅུང་ཟད་དགེ་སློང་དང། ཆོས་གོས་བརྗེས་པ་ཉམས་སུ་མྱོང་བར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་ཉི་ཤུ་གཅིག་པ་རྫོགས་སོ།། ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོས་དགེ་སློང་མའི་དགེ་འདུན་དང་ལྷན་ཅིག་སྟོན་ཟླ་ཐ་ཆུང་ཚེས་ལ། སྲ་བརྐྱང་བཏིང་མ་ཐག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་སྲ་བརྐྱང་དབྱུང་གི་།ཚུར་ཤོག །སྲ་བརྐྱང་ཕྱུང་ན་གྲུབ་པ་དང། བདེ་བ་མང་པོ་འབྱུང་ངོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་དུས་མ་ཡིན་པར་སྲ་བརྐྱང་མི་འབྱིན་ཏོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ན། ཁོ་མོས་ཅི། སྲ་བརྐྱང་དབྱུང་བའི་དུས་གང་ཡིན་པ་མི་ཤེས་སམ། དེས་དགེ་སློང་མ་དེ་དག་གི་ཚིག་མ་མཉན་པར། དུས་མ་ཡིན་པར་སྲ་བརྐྱང་ཕྱུང་ནས། རྙེད་པ་བགོས་སོ། །དེ་ནས་དགེ་སློང་མ་དེ་དག་ཆོས་གོས་ལྔ་ཐོགས་ཏེ། ལྗོངས་རྒྱུ་ཞིང་དོང་བ་དང། དེ་ནས་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་དྲིས་པ། འཕགས་མ་དག་ཁྱེད་ཀྱིས་སྲ་བརྐྱང་བཏིང་བ་ཚང་ངམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ཅག་ནི་མི་ཤེས་མོད་ཀྱི། འཕགས་མ་སྦོམ་དགའ་མོ་ན་རེ། འདི་སྐད་ཅེས་ཁོ་མོ་སྡེ་སྣོད་གསུམ་བ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ། །ཞེས་ཟེར་རོ། །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གིས་སྲ་བརྐྱང་ཕྱུང་ངམ། དེ་དག་གིས་ཕྱུང་ངོ། །ཞེས་སྨྲས་པ་ན། དོན་ཉུང་པའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་སྲ་བརྐྱང་འབྱིན་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དུས་མ་ཡིན་པ་ཞེས་བྱ་བ་ནི་སྲ་བརྐྱང་གི་དུས་དང་དུས་མ་ཡིན་པ་གང་ཞེ་ན། སྟོན་ཟླ་ཐ་ཆུང་ནས་བཟུང་སྟེ། དཔྱིད་ཟླ་ར་བའི་བར་དེ་ནི་


DKG009_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྲ་བརྐྱང་གདིང་བའི་དུས་ཡིན་ནོ། །གལ་ཏེ་ནང་དེར་སྲ་བརྐྱང་འབྱིན་ན། དུས་མ་ཡིན་པར་སྲ་བརྐྱང་ཕྱུང་བ་ཡིན་ནོ། །དེ་ལྟ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དུས་མ་ཡིན་པར་སྲ་བརྐྱང་དེ་འབྱིན་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ཆོམ་རྐུན་པས་བཏོགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཡིན་ན་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་གཉིས་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོས་སྲ་བརྐྱང་དབྱུང་བའི་དུས་སུ་སྲ་བརྐྱང་མ་ཕྱུང་བ་དང། དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྲ་བརྐྱང་དབྱུང་བའི་དུས་ལ་བབ་ན། ཁྱོད་ཀྱིས་ཅིའི་སླད་དུ་སྲ་བརྐྱང་མི་དབྱུང། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་ཁོ་མོས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ། །དེ་ནས་དགེ་སློང་མ་དེ་རྣམས་སྲ་བརྐྱང་གི་དུས་ལས་འདས་ཏེ། བླ་གོས་མཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་དོང་པ་དང། དགེ་སློང་མ་དེ་དག་གིས་དྲིས་པ། ཕུ་ནུ་མོ་དག །ཁྱེད་ཅག་ཅིའི་ཕྱིར་སྲ་བརྐྱང་དབྱུང་བ་ལས་འདས་ཏེ། བློ་གོས་མཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་འདོང། དེ་དག་གིས་འདི་སྐད་ཅེས་འཕགས་མ་སྦོམ་དགའ་མོ་ན་རེ། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ནོ། །ཞེས་ཟེར་ནས་ད་དུང་སྲ་བརྐྱང་མ་ཕྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དུས་སུ་སྲ་བརྐྱང་མི་འབྱིན་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དུས་སུ་ཞེས་བྱ་བ་ནི་དཔྱིད་ཟླ་ར་བའི་ཉ་ལ་སྲ་བརྐྱང་འབྱིན་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་སྲ་བརྐྱང་དུས་སུ་འབྱིན་པར་མི་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་པའི་ལྟུང་བྱེད་ཉི་ཤུ་གསུམ་པ་རྫོགས་སོ།། །།སྡོམ་ལ། མངོན་མཚན་ཅན་དང་སོ་སོ་དང། །དེ་ནི་ཡང་ཡང་འགྲོལ་བ་དང། །གོས་ཕྱིར་


DKG009_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་གཞན་རྙེད་དང། །གནས་མལ་དང་ནི་དབྱར་ཁང་དང། །སྐྱེ་བོ་མང་པོའི་ཕྱིར་རྙེད་དང། །དགེ་འདུན་ཆེད་དུ་སློང་བ་དང། །ལྕི་ལ་རིན་ཐང་ཆེ་བ་དང། །ཡང་བ་དེ་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་གསེར་མགར་ཞིག་ཡོད་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་སོ། །དེ་ནས་དེ་ཁུ་འཕྲིག་ཅན་ཞིག་པས། ཆུང་མ་གསར་པ་དེ་བགམ་པར་འདོད་ནས། གསེར་གྱི་རྣ་གདུབ་ཅིག་བཞག་སྟེ། དབེན་པར་བསྡད་དོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། གསེར་མགར་གྱི་ཁྱིམ་གང་ན་བ་དེར་སོང་ནས་ཕྱིན་པ་དང། བག་སར་དེ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱས་ནས། འདི་སྐད་ཅེས་སྨྲས་སོ། །མཚན་བཟང་མ་བསོད་སྙོམས་བྱིན་ཅིག །དེས་ཟས་ཕྱེ་ཞིག་ཕྱུང་བ་དང། དེས་ཟས་ཕྱེ་དེ་མཐོང་ནས་འདི་སྐད་ཅེས། ཁོ་མོ་ཁྱོད་ལས་ཐོག་མར་ཟས་ཕྱེ་ལེན་པ་ནི་མི་བཟང་སྟེ། མི་ཤིས་ཀྱི། གསེར་གྱི་རྣ་གདུབ་དེ་བསྟན་ནས་འོ་ནི་བྱིན་ཅིག་ཅེས་སྨྲས་པ་དང། དེས་སྣོམས་ཤིག་ཅེས་ཀྱང་མ་སྨྲས། མ་བསྣམས་ཤིག་ཅེས་ཀྱང་མ་སྨྲས་པ་ལས། དེས་དེ་བླངས་ཏེ་སོང་ངོ། །དེ་ནས་མི་དེས་གསེར་གྱི་རྣ་གདུབ་དེ་མ་མཐོང་ངོ། །མ་མཐོང་ནས་བག་སར་དེ་ལ་བརྡེག་པར་ཞུགས་པ་དང། གཡས་གཡོན་ན་འཁོད་པ་དག་གིས་འདི་སྐད་ཅེས་ཁྱོད་གནོང་མེད་ཅིང་མ་ཉེས་པ་འདི་ལ་དབྱུག་པས་རྡེག་གམ་ཅི། གསེར་གྱི་རྣ་གདུབ་ནི་དགེ་སློང་མ་ཕ་བིས་ཁྱེར་ཏེ་སོང་ངོ། །ཞེས་སྨྲས་པ་དང། དེ་ནས་གསེར་མགར་གྱིས་སྦོམ་དགའ་མོ་གང་ན་བ་དེར་བརྒྱུགས་པ་ལས། དེ་ཡང་སྐྱེས་པ་དང་བུད་མེད་ཀྱི་རྐང་པའི་སྒྲ་ལ་མཁས་པ་ཡིན་པས། དེས་འཕྲིགས་ནས་གསེར་གྱི་རྣ་གདུབ་ཁར་བཅུག་གོ། །ཇི་ཙམ་ན་མི་དེ་ཉེ་བ་དང། མི་དེ་ལ་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །བུ་ཟན་མོའི་བུ། ཁོ་མོ་ཅག་རྒྱལ་བོས་བཙུན་མོའི་ཐབས་གནང་བར་ཁྱོད་ཀྱིས་མི་ཤེས་སམ། ཁོ་མོ་ལ་


DKG009_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པས་མ་རེག་ཅིག །དེས་མགོ་རེག་མོ། ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཁུ་ཚུར་གྱིས་བསྣུན་ནས། ཁ་ནས་ཁྲག་བྱུང་དུ་ཏེ་བོར་བརྡེགས་སོ། །དེ་ཡང་མིག་ཕུབས་སྐྲངས་ཤིང་དབྱར་ཁང་དུ་འོངས་པ་དང། དགེ་སློང་མ་དེ་རྣམས་ཀྱིས་དྲིས་པ། འཕགས་མ་ཅི་ནོངས། དེ་ཁྲོས་པས་འདི་སྐད་ཅེས། ཁྱེད་ཅག་ཕ་རོལ་མི་བདེ་བས་སྙིང་ཚིམ་མམ་ཞེས་སྨྲས་ནས། གཏམ་དེ་ཡང་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པ་དང། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ། །མངོན་མཚན་ཅན་སློང་ན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་རང་གི་དོན་དུ་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ། །གསེར་སློང་ན་སྤང་བའི་ལྟུང་བྱེད་དོ། །གང་ཡང་དགེ་སློང་མས་ཅི་ཡང་རུང་བ་མ་ཡིན་པ་སློང་ན་དེ་ཡང་སྤང་བའི་ལྟུང་བྱེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་བཞི་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་སྦོམ་དགའ་མོ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ལ་ཆོས་སྙན་པ་དག་སྟོན་ཏོ། །དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་ལྔ་ནི་རྙིངས། སྣམ་སྦྱར་ནི་དེངས་པ་དང། དེ་ལ་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་གལ་ཏེ་འདི་འདྲ་བའི་ཆོས་འཆད་མཁྱེན་ན། ཁྱེད་ཅིའི་སླད་དུ་ཆོས་གོས་རྙིང་པ་ལྔས་འཁྱམ་པར་མཛད། དེས་འདི་སྐད་ཅེས་སྨྲས་སོ། །ཅི་ཁོ་མོ་ལ་


DKG009_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁྱོད་བཞིན་དུ་ཁྱོ་དང། བུ་ལས་བྱེད་པ་དག་ཡོད་དམ། ཁོ་མོ་དགེ་སློང་མ་ལ་སྟེར་བ་སུ་ཡོད། དེ་ལ་དེ་དག་གིས་སྐུད་པ་དག་བསྟན་ནས་བདག་ཅག་གིས། སྐུད་པ་འདི་འཕགས་མའི་སླད་དུ་གོས་སུ་འཐག་ཏུ་སྩལ་ནས་གསོལ་ལོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས། ཁོ་མོ་རང་གིས་བཏག་གོ་ཞེས་དེ་སྐུད་པ་དེ་ཁྱེར་ནས། ཚོང་པའི་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚོང་བའི་མི་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་རྗེ་ཁྱོད་སྐུད་པ་འདི་ཇི་ཙམ་གྱིས་ཉོ། ཉོས་ནས་ཇི་ཙམ་དུ་འཚོང། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ནི་འདི་ཙམ་གྱིས་ཉོས་ནས། ཁོ་བོ་ནི་འདི་ཙམ་དུ་འཚོང་ངོ། །དེས་འདི་སྐད་ཅེས་སྨྲས་སོ། །སྐུད་པ་འདི་ཁྱེར་ལ་ཁོ་མོ་ལ་རིན་བྱིན་ཅིག །ཚོང་པའི་མི་དེས་སྐུད་པ་རིན་ཀར་ཤ་པ་ཎ་དག་བྱིན་ནོ། །དེ་ནས་སྦོམ་དགའ་མོ་དབྱར་ཁང་དུ་སོང་ནས། ཀར་ཤ་པ་ཎ་དེ་དག་ལས་ཁ་ཟས་དག་གཡོ་བར་བྱེད་དེ། ཀུན་ཏུ་གཡོས་པ་དང། ལེགས་པར་གཡོས་པ་དང། འབྲས་བུས་བརྒྱན་པ་དང། ཚིལ་གྱི་བེ་རེག་དང། འབྲས་བུའི་བེ་རེག་དང། རིམ་པ་བརྒྱ་པ་དང། ནང་ཚངས་ཅན་དག་སྟེ། དེ་ལྟར་ཁ་ཟས་ཀྱི་གཡོས་ཀྱི་སྣ་གྲངས་བཅོ་བརྒྱད་པ། དང། ཉི་ཤུ་པ་དག་བྱས་ཏེ། ཀར་ཤ་པ་ཎ་དེ་དག་ཞག་མང་པོ་མ་ལོན་པར་ཟོས་སོ། །ཟོས་ནས་ཀྱང་ཡང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱི་དྲུང་དུ་སོང་བ་དང། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གོས་དེ་བཏགས་ལགས་སམ། དེས་འདི་སྐད་ཅེས་སྨྲས་སོ། །དེ་ལ་གླ་ཡང་དགོས་སོ། །དེ་དག་གིས་གླ་ཡང་བྱིན་པ་དང། དེ་ཡང་ཟོས་སོ། །དེ་བཞིན་དུ་འདྲུབ་པའི་དང། ཚོན་རྩིའི་གླ་ཡང་ཟོས་སོ། །དེ་ནས་སྦོམ་དགའ་མོ་ལ་ཡང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་སླད་དུ་ན་བཟའ་མི་མནབས། དེས་འདི་སྐད་ཅེས་སྨྲས་སོ། །རྗེས་སུ་ཡི་རང་བར་གྱིས་ཤིག །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱིས་ཅི་ཞིག་ཏུ་བགྱིས། དེས་


DKG009_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་སྨྲས་སོ། །གཏེར་དུ་སྦས་སོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །རེ་ཞིག་བདག་ཅག་ནི་བུ་དང། ཁྱོའི་ཆེད་དུ་གཏེར་དུ་སྦས་ན། ཁྱོད་མུན་དི་ཏི་དང། རྒྱ་ཤུག་ལྟར་གཅིག་པུ་ལགས་ན། སུའི་སླད་དུ་གཏེར་དུ་སྦས། དེས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་ཅི། དོང་བརྐོས་ནས་གཏེར་དུ་སྦས་སྙམ་མམ། འོན་ཀྱང་ཁོ་མོས་ནི། ཁ་ཟས་ཀྱི་གཡོས་ཀྱི་སྣ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ཏེ། ལག་མཐིལ་ནས་ལྐོག་མར་བརྫངས་སོ། །ལྐོག་མ་ནས་སའི་འོག་ཏུ་བོར་རོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་རེ་ཞིག་བདག་ཅག་ལ་བུ་དང། སྡུམ་ཐབ་ལས་བགྱིད་པ་མཆིས་ཀྱང་བདག་ཅག་འདི་འདྲ་བའི་ཁ་ཟས་མི་འཚལ་ན། ཅི་སླད་དུ་ཁྱོད་རབ་ཏུ་བྱུང་བར་གྱུར་པ། ཁ་ཟས་ཀྱི་རྣམ་པ་འདི་ལྟ་བུ་ལ་ལོངས་སྤྱོད་ལགས། དེས་འདི་སྐད་ཅེས་ཁོ་མོ་ནི་ཤཱཀྱའི་བུ་མོ་ཤིན་ཏུ་གཞོན་པ་སྡེ་སྣོད་གསུམ་པ་ཡིན་ཏེ། ཁ་ཟས་ངན་པས་འཚོ་བར་མི་ནུས་སོ། །ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཐོས་ནས། དགེ་སློང་མ་རྣམས་སྨོད་པར་བྱེད་དོ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ། །ཡང་དགེ་སློང་མ་གང་གོས་ཀྱི་རྙེད་པ་སོ་སོ་བ་དག་བདག་གི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་དང་མཐུན་པའོ། །སོ་སོ་བ་ཞེས་བྱ་བ་ནི་དངོས་པོ་གཞན་དག་གོ་།གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །བདག་རང་གི་ཁའི་སྒོར་ཞེས་བྱ་བ་ནི་ལྐོག་མར་མིད་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གོས་ཀྱི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་ཉི་ཤུ་ལྔ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ཞིག་ལ་ཆགས་པས་དེ་དེའི་ཚོང་ཁང་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །བཞིན་བཟང་སྒེའུ་གཤེར་


DKG009_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུམ་པོ་ཆིངས་ཤིག །ཇི་ཙམ་ན་འཆིང་བ་ལ་ཞུགས་པ་དང། དེས་ཡང་འདི་སྐད་ཅེས་སྨྲས་སོ། །མ་ཡིན། མ་ཡིན། པི་པི་ལིང་གི་ཐུམ་པོ་ཆིངས་ཤིག །མ་ཡིན། མ་ཡིན། ན་ལེ་ཤམ་གྱི་ཐུམ་པོ་ཆིངས་ཤིག །བུད་མེད་ནི་བརྗེད་ངས་པ་ཡིན་པས། བུ་རམ་གྱི་ཐུམ་པོ་ཆིངས་ཤིག་མ་ཡིན། མ་ཡིན། ཤ་ཁ་རའི་ཐུམ་པོ་ཆིངས་ཤིག །མ་ཡིན། མ་ཡིན། བཙག་ཡུག་སྣམ་གྱི་ཐུམ་པོ་ཆིངས་ཤིག །གང་གི་ཚེ་དེ་གཞན་འགྲོལ་ཞིང། གཞན་འཆིང་བ་དེའི་ཚེ། སྤོས་འཚོང་གི་ཁྱེའུ་ཁྲོས་ནས་ཐུམ་པོ་དེ་བརྔབས་སོ། །བརྡབས་ནས་འདི་སྐད་ཅེས་མགོ་རེག་མོ། ངན་པ་མོ་ཞེས་སྨྲས་སོ། །དེ་ལ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྨྲས་པ། ཁྱོད་ནུས་པ་འདིས་སྡེ་སྣོད་གསུམ་པོ་དག་ལེགས་པར་སྟོན་ནམ། དེས་བླུན་མོ། ཁོ་མོ་བརྗེད་སྙམ་མམ། དེས་ལྟ་མོད་ཀྱི། ཁོ་མོ་ཚིག་ཙམ་རང་གིར་བྱེད་དོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་འདོད་ཆགས་ཀྱིས་བརྡེགས་ན་མི་འགས་ཤིང། ཤིང་ཞུགས་ཇི་ལྟ་བ་བཞིན་དུ་མེ་འབར་བ་ངོ་མཚར་ཆེའོ་ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་ཡང་དང་ཡང་དུ་འགྲོལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཐུམ་པོ་བཅིངས་ཤིང་བཅིངས་ཤིང་ཞེས་བྱ་བ་ནི་ཟོང་ངོ། །ཡང་དང་ཡང་དུ་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་གཞན་དང་གཞན་ནོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆགས་པས་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་ཉི་ཤུ་དྲུག་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས།


DKG009_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་དང་ཆོས་གོས་བླངས་ཏེ། བཙུན་མོ་ཕྲེང་ལྡན་མའི་ཕོ་བྲང་གང་ན་བ་དེར་སོང་བ་དང། བཙུན་མོ་ཕྲེང་ལྡན་མས་རྒྱང་རིང་པོ་ཁོ་ན་ནས་སྦོམ་དགའ་མོ་འོང་བ་མཐོང་ངོ། །མཐོང་ནས་ཀྱང་སྟན་ཤོམ་དུ་བཅུག་གོ་།དེ་ནས་སྦོམ་དགའ་མོ་སྟན་བཤམས་པ་ཉིད་ལ་འདུག་སྟེ། འདུག་ནས་བཙུན་མོ་ཕྲེང་ལྡན་མ་ལ་ཆོས་སྙན་ཅིང་སྙན་པ་དག་བཤད་དོ། །དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་སྨད་ལྔ་རྙིངས་ཤིང། སྣམ་སྦྱར་ཡང་དེངས་སོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོ་ལ། བཙུན་མོ་ཁྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱི་ཆོས་གོས་རྣམས་རྙིངས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །བཙུན་མོ་ཅི། བདག་ལ་གསུས་པོ་ཆེ་ཁ་ད་བགྱིད་དམ། འོན་ཏེ་ཡུལ་ཀ་ཤི་དང། ཀོ་ས་ལ་བདོག །གཞན་ཡང་བཙུན་མོ། །བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ། །དེ་ནས་བཙུན་མོ་ཕྲེང་ལྡན་མས། དགེ་སློང་མ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ལ་བདག་གིས་ཆོས་གོས་ལྔ་དབུལ་ལོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་དགེ་སློང་མའི་ཆོས་གོས་དག་འཚེམ་མི་མཁྱེན་ཏེ། དེ་ལྟར་མོད་ཀྱི་བདག་ཉིད་ཀྱིས་བཙེམ་མོ། །དེས་དེ་ལ་ཆོས་གོས་ལྔའི་རྒྱུར་རིན་ཆེ་བའི་རས་ཡུག་པོ་ཆེ་དག་བྱིན་ནོ། །དེས་དེ་བླངས་ཏེ་ཚོང་བའི་དྲུང་དུ་སོང་ནས། བཙོངས་ཏེ་ཞེས་བྱ་བ་ནས། ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང། ཉི་ཤུ་པ་དག་བྱས་ནས་ཟོས་ཏེ། སླར་ཡང་སོང་བ་དང་ཞེས་བྱ་བ་ནས། འདྲུབ་པའི་དང། ཚོན་རྩིའི་གླ་ཡང་ཟོས་སོ། །དེ་ནས་སྦོམ་དགའ་མོ་ལ། བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཅིའི་སླད་དུ་ཆོས་གོས་དེ་དག་མི་མནབས། དེས་འདི་སྐད་ཅེས་སྨྲས་སོ། །བཙུན་མོ་གཏེར་དུ་སྦས་ལགས་ཀྱི་རྗེས་སུ་ཡི་རང་བར་མཛོད་ཅིག །དེ་ནས་སྦོམ་དགའ་མོ་ལ། བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ཡུལ་ཀ་ཤི་ཀ་དང། ཀོས་ལ་ཡོད་ཀྱང་གཏེར་མི་འཆའོ་ཞེས་བྱ་བ་ནས། རྣམ་གྲངས་བཅོ་བརྒྱད་བ་དང་ཉི་ཤུ་བདག་བགྱིས་ཏེ། ལག་མཐིལ་


DKG009_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྐོག་མར་བརྫངས་སོ། །ཞེས་བྱ་བ་ནས། བདག་ནི་སྡེ་སྣོད་གསུམ་པ་ལགས་སོ་ཞེས་བྱ་བའི་བར་རོ། །དོན་ཉུང་བའི་དགེ་སློང་མ་དག་སྨོད་བར་བྱེད་པའི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གོས་ཀྱི་ཕྱིར་དངོས་པོ་གཞན་རྙེད་པ་རང་གི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དངོས་པོ་གཞན་ཞེས་བྱ་བ་ནི་གཞན་དུ་བསྔོས་པའོ། །གོས་ཀྱི་རྙེད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའི་འོ། །ཁའི་སྒོ་ཞེས་བྱ་བ་ནི་ཀློག་མར་མིད་པའོ། །སྤང་བའི་ལྟུང་བྱེད་དོ། །ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་ཇི་ཙམ་དགེ་སློང་མས་དངོས་པོ་གཞན་རྙེད་པ་དེ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་རང་གི་དབྱར་ཁང་གི་གནས་མལ་གྲུགས་ཤིང་ཆག་པ་དང། དེ་ལ་བྲམ་ཟེ་དང། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་གནས་མལ་གྲུགས་ཤིང་ཆག་པ་དག་ཅིའི་སླད་དུ་མ་བཅོས། དེས་འདི་སྐད་ཅེས་སྨྲས་སོ། །ཅི་ཁོ་མོ་ལ་བུ་དང་ཁྱིམ་ཐབ་ལས་བྱེད་པ་ཡོད་སྙམ་མམ། དེ་དག་གིས་གནས་མལ་བཅོས་པའི་ཕྱིར་ཀར་ཤ་བ་ཎ་མང་པོ་ཕྱིན་ནོ་ཞེས་བྱ་བ་ནས། དེས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང། ཉི་ཤུ་པ་དག་བྱས་ཏེ་ཟོས་སོ་ཞེས་བྱ་བའི་བར་རོ། །ཡང་གྲུགས་ཤིང་ཆག་པ་མཐོང་ནས་ཞེས་བྱ་བ་ནས། འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་གི་གནས་མལ་གྱི་རྙེད་པ་རང་གི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གནས་མལ་གྱི་རྙེད་པ་ཞེས་བྱ་བ་ནི་


DKG009_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གདིང་བ་དང་གཡོག་བ་བཏགས་པའམ་རིན་ནོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་ཡིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་གི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་བརྒྱད་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཚེས་བརྒྱད་དང། བཅོ་ལྔ་དག་ལ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ཆོས་ཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་དང། དེ་ནས་མཚན་མོ་ཆར་བབ་པས་དབྱར་ཁང་ཐམས་ཅད་ཐིགས་པ་འཛགས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཀྱིས་ཅིའི་སླད་དུ་དབྱར་ཁང་མི་བཅོས། དེས་འདི་སྐད་ཅེས་ཅི་ཁོ་མོའི་ཁྱིམ་ན་ཡང་བུ་དང་ཁྱིམ་ཐབ་ཡོད་སྙམ་མམ་ཞེས་སྨྲས་པ་དང། དེ་དག་གིས་དབྱར་ཁང་བཅོས་པའི་ཕྱིར་ཀར་ཤ་པ་ཎ་དག་བྱིན་ཏེ། དེས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང། ཉི་ཤུ་པ་དག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཡང་ཐིགས་པ་འཛག་པ་མཐོང་ནས་ཞེས་བྱ་བའི་བར་རོ། །དེ་དག་གིས་སྨྲས་པ། འཕགས་མ་དབྱར་ཁང་མ་བཅོས་སམ་ཞེས་བྱ་བའི་བར་དུ་སྟེ། དེས་འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་བཅོས་པའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ། །རྙེད་པ་ཞེས་བྱ་བ་ནི་གསེར་དང་དངུལ་ལམ་གཞན་ཅི་ཡང་རུང་བའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་བཅོས་པའི་རྙེད་པ་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན་


DKG009_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ལྟུང་བྱེད་དོ། །སྤང་བའི་ལྟུང་བྱེད་ཉི་ཤུ་དགུ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ལྗོངས་ཤིག་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་ལྷགས་པ་དང། དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཆུང་མས་རྙེད་པ་མང་དུ་གཏད་ནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གདུགས་ཚོད་མཛོད་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཉུངས་ཀྱིས་ཡང་དང་ཡང་དུ་སྣོན་ཅིག །དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གདུགས་ཚོད་བགྱི་བའི་དུས་ནི་འདི་ལགས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ད་དུང་ཟན་བྱ་བའི་དུས་ལ་མ་བབ་བོ། །གང་གི་ཚེ་དགེ་སློང་མ་དེ་རྣམས་ལྗོངས་དག་ཏུ་དོང་བ་དེའི་ཚེ། དེས་རྙེད་པ་དེ་ལས་རྣམ་གྲངས་བཅོ་བརྒྱད་དང། ཉི་ཤུ་བའི་བར་དག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་རྙེད་པ་བསླངས་ཏེ། གཅིག་པུ་ཟ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་རྣམས་སོ། །རྙེད་པ་ཞེས་བྱ་བ་ལ། རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང། གོས་ཀྱི་རྙེད་པའོ། །དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །སྦང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་རྙེད་པ་ཡོད་པ་གཅིག་པུ་ཟ་བར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་པའི་ལྟུང་བྱེད་སུམ་ཅུ་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟས་དག་ཡང་དག་པར་སྐུལ་


DKG009_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་ན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ། ཅིའི་སླད་དུ་དགེ་འདུན་མའི་ཟས་ཀྱི་རྙེད་པ་མི་བགྱི། འདི་ལྟར་ཉུངས་སོ། །ཞེས་ཡང་དང་ཡང་དུ་བསླངས་ནས། གཅིག་པུས་ཀུན་ཏུ་གཡོས་པ་དང། ལེགས་པར་གཡོས་པ་ནས་རྣམ་གྲངས་བཅོ་བརྒྱད་པ་དང། ཉི་ཤུ་བ་དག་གི་བར་དག་བྱས་ཏེ་ཟོས་སོ་ཞེས་བྱ་བ་ནས། རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བྱ་བ་དང། ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་བསླངས་ཏེ། བདག་ཉིད་ཀྱི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་འདུན་མའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའིའོ། །རྙེད་པ་ཞེས་བྱ་བ་ལ། རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང། གོས་ཀྱི་རྙེད་པའོ། །དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །བསླངས་ཏེ་ཞེས་བྱ་བ་ནི་ཕ་རོལ་ལས་སོ། །ཁའི་ཞེས་བྱ་བ་ནི་ཁའི་བཟའ་བར་རོ། །བྱིན་གྱིས་རློབ་པར་བྱེད་ན་ཞེས་བྱ་བ་ནི་ལྐོག་མར་མིད་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་མའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་རློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་སུམ་ཅུ་གཅིག་བ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཡུལ་ལུས་འཕགས་ཀྱི་རྒྱལ་པོས། ལ་བ་རིན་པོ་ཆེ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་ལ་བ་རིན་


DKG009_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་དེ་དེ་ལ་བྱིན་ནོ། །དེས་ཀྱང་ལ་བ་རིན་པོ་ཆེ་དེ་ཆོས་གོས་ཀྱི་གདང་ལ་གཟར་ཏེ་བཞག་གོ་།གཙུག་དགའ་མོ་གནས་ཁང་དུ་ཞུགས་པས་མཐོང་ནས། དེས་ཆོས་སྦྱིན་ལ་དྲིས་པ། འཕགས་མ་ལ་བ་རིན་པོ་ཆེ་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་ཡིན་ནོ། །དེ་ནས་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས། བསོད་ནམས་དག་ནི་བྱ་བ་སྟེ། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །བསོད་ནམས་བྱས་པ་དགའ་བར་འགྱུར། །ཞེས་གསུངས་པ་ནི་ཐོག་ཏུ་བབ་སྟེ། ཁྱོད་ནི་བསོད་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏོ། །དེ་ནས་ཆོས་སྦྱིན་གྱིས་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་འདོད་ན་ཁྱེར་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འདི་ནི་ལྷའི་ཕམ་ཕབས་ལགས་སོ། །ཞེས་བྱས་ནས་ལ་བ་རིན་པོ་ཆེ་དེ་བླངས་ཏེ་བགོས་ནས་ལག་པ་གཉིས་སྦྱར་བ་བྱས་ཏེ། ལམ་པོ་ཆེ་དང་སྲད་དུ་འཁྱམ་པ་ན། དེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཕ་བི་སུ་ཞིག་ཡིན། ཅི་ནོར་ཅན་གྱི་ཆུར་མའམ། ཚོང་དཔོན་གྱི་ཆུང་མའམ། དེད་དཔོན་གྱི་ཆུང་མ་ཞིག་ཡིན། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ། །གཙུག་དགའ་མོ་ཡིན་ནོ། །བལྟས་ནས་ཤེས་ལྡན་དག །བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ལ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་འདི་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ན་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ་ཞེས་བྱ་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་ལ་རྨད་པར་མཛད་


DKG009_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟ་བུ་མཛེས་པ་མ་ཡིན་པ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས། གཙུག་དགའ་མོ་ལ་དགེ་སྦྱོང་མའི་ཚུལ་མ་ཡིན་པ་དང། རུང་བ་མ་ཡིན་པ་དང། མཛེས་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་གཉིས་ཀའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་ཁ་ཟས་དང་འདྲ་སྟེ། རེ་ཞིག་གོས་བཟང་པོ་མེད་ན་ཡང་འདོད་པར་བྱ་བ་ཡིན་ན། གོས་བཟང་པོ་བགོས་ན་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ཐམས་ཅད་ནི། ལྕི་ལ་རིན་ཆེ་བའི་གོས་འཆང་བ་ལས་གྱུར་ཏོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དགེ་སློང་མ་གང་ལྕི་ལ་རིན་ཆེ་བའི་གོས་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ། །ལྕི་ལ་ཞེས་བྱ་བ་ནི་དགུན་གྱི་བགོ་བའོ། །རིན་ཆེ་བའི་ཞེས་བྱ་བ་ནི་ཀར་ཤ་བ་ཎ་ཉི་ཤུའམ། ཉི་ཤུ་རྩ་ལྔ་རི་བའོ། །འཆང་ན་ཞེས་བྱ་བ་ནི་གྱོན་ནའོ། །སྤང་བའི་ལྟུང་བྱེད་དེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྕི་ལ་རིན་ཆེ་བའི་གོས་འཆང་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤང་བའི་ལྟུང་བྱེད་སུམ་ཅུ་གཉིས་པ་རྫོགས་སོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཡུལ་ཀ་ལིང་ཀའི་རྒྱལ་པོས་སེང་རས་རིན་ཆེ་བ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེ་རྒྱལ་རིགས་ཉམས་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ། །ཞེས་དེ་ལ་བྱིན་ནོ། །དེས་དེ་བླངས་ཏེ་ཆོས་གོས་ཀྱི་གདང་ལ་གཟར་ཏེ་བཞག་གོ་།གཙུག་དགའ་མོ་ཡང་གནས་ཁང་དུ་ཞུགས་པ་ན། མཐོང་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སེང་རས་


DKG009_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སུའི་ལགས་དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་ཡིན་ནོ། །དེ་ནས་གཙུག་དགའ་མོས་ཆོས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་བསོད་ནམས་བགྱིད་པས་ལྷ་དང་མིས་མཆོད་པར་འགྱུར་ཏེ། ཁྱོད་ལ་དཔྱིད་ཀའི་བགོ་བ་འདི་ལྟ་བུ་མངའོ། །དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་འདོད་ན་ཁྱེར་ཅིག །དེ་ནས་འདི་སྐད་ཅེས་སྨྲས་སོ། །ལྷའི་ཕམ་ཕབས་སུ་མི་འཚལ། དེ་ནས་ཆོས་སྦྱིན་གྱི་སེང་རས་གཙུག་དགའ་མོ་ལ་བྱིན་ནོ། །དེས་དེ་བགོས་ནས་སྲང་དུ་ཞུགས་ན་དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ། །དེ་ནས་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་གཙུག་དགའ་མོ་རྒྱང་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཕ་བི་སུ་ཞིག་ཡིན། ནོར་ཅན་གྱིའམ། ཚོང་དཔོན་གྱིའམ། དེད་དཔོན་གྱི་བུ་མོ་ཞིག་འོངས་པར་གྱུར་ཏམ། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་མ་གཙུག་དགའ་མོ་ཡིན་ནོ། །དེར་རྣམས་ཀྱིས་བལྟས་ནས། འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། སེང་རས་གྱོན་པ་འདི་ནི་དགེ་སློང་མ་རྣམས་ལ་མཛེས་པ་མ་ཡིན་ནོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་རྒྱས་པར་དགེ་སློང་དག་ལ་སྨྲས་པ་དང། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང། སྐབས་འདི་ལ་ངའི་ཉན་ཐོས་མ་རྣམས་ཀྱིས་རྣམ་པར་ཤེས་པར་འགྱུར་བ་དང། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བར་བྱ་བའི་ཕྱིར་གཉི་གའི་དགེ་འདུན་བསྡུ་བར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་བ། མི་མཁྱེན་པ་མ་ཡིན་གྱི། མཁྱེན་བཞིན་དུ་རྨེད་པ་ཡིན་པས་ཞེས་བྱ་བ་ནས། དགེ་སློང་མ་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་འདི་ལྟ་བུ་བྱས་པ་བདེན་ནམ་ཞེས་བྱ་བའི་བར་རོ། །བཙུན་པ་མད་དོ། །སངས་རྒྱས་


DKG009_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་སྨད་པར་མཛད་དེ། དགེ་སློང་མ་དག་བུད་མེད་ནི་ལེགས་པར་སྦས་ཀྱང་མཛེས་པ་མ་ཡིན་ན། མ་སྦས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་ངས་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་མཛད་དེ། འདི་ལྟ་སྟེ། དགེ་འདུན་ཡང་དག་པར་བསྡུ་བའི་ཕྱིར་དང་ཞེས་བྱ་བ་ནས། ལྷ་དང་མིའི་བར་ལ་ཡང་དག་པར་ལེགས་པར་རབ་ཏུ་བཤད་པར་འགྱུར་བའི་བར་རོ། །ཡང་ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་སྐད་ཅེས་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཡང་ལ་རིན་ཆེ་བའི་གོས་གྱོན་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ། །གོས་ཡང་ལ་ཞེས་བྱ་བ་ནི་སེང་རས་སོ། །རིན་ཆེ་བ་ཞེས་བྱ་བ་ནི་[~KRsh]་པ་ཎ་ཉི་ཤུ་རི་བའམ། [~KRsh]་པ་ཎ་ཉི་ཤུ་རྩ་ལྔ་བའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སེང་རས་གྱོན་ན་སྤང་བའི་ལྟུང་བྱེད་དོ། །སྣ་ཚོགས་སུ་བཀྲ་བ་གྱོན་ནམ། སྲབ་མོ་གྱོན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ་པ་རྫོགས་སོ། །དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།


previousསྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་འཆད་པ། next