Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་པ།


  collapse section
   
   
   
   
   
   
   
  collapse section
  collapse section
   
   
   
   
   
   
   
   
   
   
   
   
   
རྩོད་པ་ཞི་བར་བྱ་བའི་ཆོས་བདུན་འཆད་པ།


 
previousརྩོད་པ་ཞི་བར་བྱ་བའི་ཆོས་བདུན་འཆད་པ། no next

རྩོད་པ་ཞི་བར་བྱ་བའི་ཆོས་བདུན་འཆད་པ།


DKG009_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྩོད་པ་ཞི་བར་བྱེད་པ་རྣམས་སྨྲ་བར་བྱ་སྟེ། སྡོམ་ལ། མངོན་སུམ་དང་ནི་དྲན་པ་དང། །མ་མྱོས་འདུལ་དང་དེའི་ངོ་བོ། །ཚུལ་ཤིང་མང་པོ་བྲིམ་པ་དང། །ཁས་བླང་བ་དང་རྩྭ་བཀྲམ་པའོ། །མངོན་སུམ་གྱིས་འདུལ་བར་འོངས་པ་ལ་ནི་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་ནི་མ་མྱོས་པས་འདུལ་བ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་ནི། དེའི་ངོ་བོ་ཉིད་དུ་ཚོལ་དུ་གཞུག་པ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་བྲིམ་པར་འོས་པ་ལ་ནི་ཚུལ་ཤིང་མང་པོ་བྲིམ་པ་སྤྱིན་ནོ། །ཁས་བླང་བར་འོས་པ་ལ་ནི་ཁས་བླང་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་ནི་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ཏེ། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་འདི་དག་གིས་རྩོད་པ་བྱུང་བར་གྱུར་པ་རྣམས་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱ་བར་བསླབ་པར་བྱའོ། །རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་སོ། །དགེ་


DKG009_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་སོ།། །།ཕམ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང། །དེ་བཞིན་སྤང་བ་སུམ་ཅུ་རྩ་གསུམ་དང། །གཞན་ཡང་ལྟུང་བྱེད་བརྒྱ་ནི་བརྒྱད་ཅུ་དང། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ནི། །བསླབ་པ་ཡི་ནི་ཕྲེང་བ་ལྷག་པ་སྟེ། །ཞི་བར་བྱེད་པ་དགེ་སློང་ཕ་དང་མཐུན་བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་ཕ་རོལ་གནོན་ཡོད་ན། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང། །སྐུར་བ་མ་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ནི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལས་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་རྣམས་ཀྱི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པ། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང། །ཉོན་མོངས་ཟད་བས་མྱ་ངན་འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས་ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང། །


DKG009_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང། །ཤཱཀྱ་ཐུབ་པ་གོའུ་ཏ་མ་ལྷ་ཡི་ལྷ། མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཏོན། །འདི་ལ་སངས་རྒྱས་རྣམས་དང་གང། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་པར་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། སོ་སོར་ཐར་པ་དང་བཅས་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་སརྦཛྙཱ་དེ་བ་དང། དྷརྨ་ཀ་ར་དང། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང། ལོཙྪ་བ་བན་དྷེ་དཔལ་གྱི་ལྷུན་པོས་བསྒྱུར་རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། སྔ་ཞུས་ཀུན་དཀའ་ཤཱཀྱ་དཔལ གཉིས་ཀྱིས་མ་དག་དྲི་མ་བསལ། གསུམ་ཞུས་མཁས་པ་སྣར་ཐང་དཔོན་སློབ་པས། ས་ཡི་སྟེང་འདིར་ལེགས་པར་དག་བགྱིས་སོ།། །།གཉིས་ཞུས་སྔགས།། །


previousརྩོད་པ་ཞི་བར་བྱ་བའི་ཆོས་བདུན་འཆད་པ། no next