Nitartha Digital Library
Tibetan
 
previousཕྲ་མོའི་སྒོ་གཉིས་པ། ཆན་པའི་སྡེ་ཚན། next

ཕྲ་མོའི་སྒོ་གཉིས་པ། ཆན་པའི་སྡེ་ཚན།


DKG010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སྡོམ་ནི། ཆན་པས་འབྲེག་དང་གདུགས་དང་ནི། །བེའུ་རས་དང་ནི་རྒྱན་སྤེལ་མ། །ལེན་དང་ཚོགས་དང་ཁྲུས་དང་ནི། །གཅིན་དང་སྒོ་འཕར་སྤོ་བའོ། །སྡོམ་ནི། ཆན་པས་འབྲེག་དང་མདོམས་དང་ནི། །དེ་བཞིན་བྱིན་པ་ཉིད་དང་ནི། ། ཁྲི་དང་རྩ་སྟན་གཅིག་དང་ནི། །ཁྱིམ་ན་གནས་དང་བགོ་བ་མིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཕྱོགས་བཞིའི་དགེ་འདུན་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཕུལ་བ་དེའི་ཚེ་དེས་འཕགས་པ་རྣམས་ཀྱི་སྐྲ་དང། ཁ་སྤུ་བྲེགས་ཤིག་ཅེས་འབྲེག་མཁན་གྱི་མི་བཏང་བ་དང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཉེ་དགའ་བོས་སྨྲས་པ། བཞིན་བཟང། ཁྱོད་སྐྲ་ཆན་པས་འབྲེག་ཤེས་སམ། དེས་སྨྲས་པ། འཕགས་པ། དེ་ཉིད་བདག་གི་བཟོ་ལགས་སོ། །བཞིན་བཟང། གལ་ཏེ་དེ་ལྟ་ན། ཚུར་ཤོག་། བྲེགས་ཤིག་། དེས་སྐྲ་ཆན་པས་བྲེགས་པ་དང། ཉེ་དགའ་བོས་སྨྲས་པ། ད་དུང་བྲེགས་ཤིག་། དེས་ཡང་བྲེགས་པ་དང། དེས་སྨྲས་པ། ད་དུང་ཡང་བྲེགས་ཤིག་། དེས་ཡང་བྲེགས་སོ། །དེ་བཞིན་དུ་ཇི་ཙམ་ཉི་མ་ནུབ་ཀྱི་བར་དུ་མ་བཏང་ནས་དེའི་འོག་ཏུ་འདི་སྐད་ཅེས་སྨྲས་ཏེ། བཀྲེན་པ། ཁྱོད་ཅི་ཡང་མི་ཤེས་པ་ཞིག་། འདི་ཁོ་ན་བཞིན་ མཉམ་པར་བྱོས་ཏེ་སོང་ཞིག་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྐྲ་ཆན་པས་བྲེག་པར་མི་བྱའོ། །དགེ་སློང་སྐྲ་ཆན་པས་འབྲེག་ན། འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྐྲ་ཆན་པས་བྲེག་པར་མི་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་དག་གི་མགོ་ལ་རྨ་བྱུང་ནས་སྤུ་གྲིས་རེག་པ་ན་དེ་དག་སྣང་བའི་སྐབས་དེ་དགེ་སློང་དག་གིས་


DKG010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨའི་ཐན་ཀོར་གྱི་སྐྲ་ཆན་པས་བྲེག་པར་བྱ་ཞིང། ལྷག་མ་རྣམས་སྤུ་གྲིས་བྲེག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འབྲེག་མཁན་གྱི་མི་བཏང་སྟེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཞིན་བཟང། མདོམས་ཀྱི་ཕྱོགས་ཀྱི་སྤུ་འབྲེག་ཤེས་སམ། དེས་སྨྲས་པ། འཕགས་པ། དེ་ཉིད་བདག་གི་བཟོ་ལགས་སོ། །བཞིན་བཟང། གལ་ཏེ་ན་དེ་ལྟ་ན། ཚུར་ཤོག་། བྲེགས་ཤིག་། འཕགས་པ། ཇི་འདྲ་བར་བྲེག་། བཞིན་བཟང། མཛེས་པར་བྲེགས་ཤིག་། དེས་བྲེག་པར་བརྩམས་པ་དང། ཉེ་དགས་སྨྲས་པ། བཞིན་བཟང། འདི་ལྟར་བྱོས་ཤིག་། དེས་དེ་བཞིན་བྱས་པ་དང། ཡང་སྨྲས་པ། གཞན་འདི་ལྟ་བུར་ཡང་བྱོས་ཤིག་། ཅེས་དེས་དེ་ཇི་ཙམ་ཉི་མ་ནུབ་ཀྱི་བར་དུ་མ་བཏང་ནས་དགེ་སྦྱོང་ཤཱཀྱའི་སྲས་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི། ཉམས། ཚངས་པའི་ཚུལ་ནི། ཉམས་ཏེ། ད་ནི། གསང་བའི་ཕྱིགས་ཀྱི་སྤུ་ཡང་འབྲེག་པར་བྱེད་དོ། །ཞེས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་མདོམས་ཀྱི་ཕྱོགས་ཀྱི་སྤུ་བྲེག་པར་མི་བྱའོ། །དགེ་སློང་མདོམས་ཀྱི་ཕྱོགས་ཀྱི་སྤུ་འབྲེག་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་དགེ་སློང་གིས་མདོམས་ཀྱི་ཕྱོགས་ཀྱི་སྤུ་བྲེག་པར་མི་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་དག་གི་མདོམས་ཀྱི་ཕྱོགས་སུ་རྨ་བྱུང་བ་དང། དགེ་སློང་དག་འགྱོད་ནས་སྤུ་འབྲེག་པར་མི་བྱེད་དོ། །དགེ་སློང་གཞན་དག་ལ་ཡང་སྲིན་བུ་བྱུང་སྟེ། དེ་དག་དེའི་གནོད་པས་དགེ་བའི་ཕྱོགས་ཀྱི་བྱ་བ་མི་ནུས་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གནས་བརྟན་གནས་བརྟན་དག་ལ་བསྟན་ནས་རྨའམ། སྲིན་བུའི་ཕྱིར་ནི། མདོམས་ཀྱི་ཕྱོགས་ཀྱི་སྤུ་བྲེག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་


DKG010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འབྲེག་མཁན་གྱི་མི་བཏང་བ་དང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཞིན་བཟང། ཁྱོད་བྱིན་སྤུ་འབྲེག་ཤེས་སམ། འཕགས་པ། དེ་ཉིད་བདག་གི་བཟོ་ལགས་སོ། །བཞིན་བཟང་གལ་ཏེ་དེ་ལྟ་ན། ཚུར་ཤོག་། བྲེགས་ཤིག་། འཕགས་པ། ཅི་འདྲ་བར་བྲེག་པར་བགྱི། བཞིན་བཟང། མཛེས་པར་བྲེགས་ཤིག་། དེས་བྲེག་པར་བརྩམས་པ་དང། ཉེ་དགའ་བོས་སྨྲས་པ། བཞིན་བཟང། འདི་ལྟར་བྱོས་ཤིག་། དེས་དེ་བཞིན་བྱས་པ་དང། ཡང་སྨྲས་པ། གཞན་འདི་ལྟར་ཡང་བྱོས་ཤིག་། དེས་དེ་ཇི་ཙམ་ནམ་སྲོས་ཀྱི་བར་དུ་མ་བཏང་བས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་ལ་ཞེས་བྱ་བ་ནས་དྲིས་པ། ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེས་ཇི་ལྟར་གྱུར་པ་སྨྲས་པ་དང། དེ་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་བྱིན་སྤུ་བྲེག་པར་མི་བྱའོ། །དགེ་སློང་བྱིན་སྤུ་འབྲེག་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བྱིན་སྤུ་བྲེག་པར་མི་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་རྣམས་ ཀྱི་བརླ་ལ་རྨ་བྱུང་ཞིང། དགེ་སློང་གཞན་དག་ལ་སྲིན་བུ་བྱུང་ནས་དེ་དག་དེའི་གནོད་པས་དགེ་བའི་ཕྱོགས་བྱ་བར་མི་ནུས་པར་གྱུར་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྨ་བྱུང་བའི་ཕྱིར་རམ། སྲིན་བུའི་ཕྱིར་ནི། བྱིན་སྤུ་བྲེག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ཁྲི་གཅིག་ལ་ཉལ་བར་བྱེད་ཅིང། དེ་དག་དེར་ཉལ་ནས་ཀུ་རེ་བྱེད། རྩེ་བར་བྱེད། ཅ་ཅོ་སྨྲ་བར་བྱེད། རྒོད་པ་དང། འཕྱིར་གཡེང་དང། ལུས་ལ་རྡེག་པར་བྱེད་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི། དགེ་སློང་རྣམས་ཁྲི་གཅིག་ལ་ཉལ་བར་བྱེད་པ་ལས་


DKG010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་དེའི་ཕྱིར་དགེ་སློང་གཞན་དང་ལྷན་ཅིག་ཁྲི་གཅིག་ལ་ཉན་དུ་མི་གཞུག་གོ །སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་། ཁྱེད་ཀྱིས་དེང་ཕྱིན་ཆད་དགེ་སློང་གིས་ཁྲི་གཅིག་ལ་ཉལ་བར་མི་བྱའོ། །བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྲི་གཅིག་ལ་ཉལ་བར་མི་བྱའོ། །ཞེས་བཀའ་སྩལ་པ་དང། ཇི་ཙམ་ན་དགེ་སློང་མང་པོ་རྣམས་ལྗོངས་རྒྱུ་ཞིང་དོང་སྟེ། ལྗོངས་རྒྱུ་བ་ན་རི་བྲག་གཅིག་ཏུ་ཕྱིན་ནས་དེ་དག་གིས་དེར་ཁྲི་བརྙས་པ་དང་དེ་དག་གིས་ཁྲི་དག་བྱིན་ནོ། །དེ་རྣམས་ཀྱིས་སྨྲས་པ། འདི་དག་ཉུང་གི། གཞན་ཡང་བསྣམས་ཏེ་སྤྱོན་ཅིག་། དེ་དག་གིས་སྨྲས་པ། འཕགས་པ་དག་། བདག་ཅག་ནི། ཁྲི་རེ་རེ་ལ་སྐྱེ་བོ་མང་པོ་དག་ཉལ་བར་བགྱིད་ན། ཁྱེད་གཞན་ཡང་གཡོར་རམ། རེ་རེ་ལ་གཉིས་སམ། གསུམ་གཟིམས་པར་མཛོད་ཅིག་། དེ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཁྲི་གཅིག་ལ་གཉིས་སམ། གསུམ་ཉལ་དུ་མ་གནང་ན། ཇི་ལྟར་ཉལ་བར་བྱ། དེ་དག་གིས་སྨྲས་པ། འཕགས་པ་དག་། ཁྲི་གཞན་ནི། མ་མཆིས། དེ་སྐད་སྨྲས་པས་ཅང་མི་སྨྲ་བར་འཁོད་པའི་ སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གང་དག་ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ། བསླབ་པ་འདོད་པ་དེ་དག་གིས་དྲན་པ་ཉེ་བར་བཞག་སྟེ་གདིང་བ་བཏིང་ལ་བར་དུ་ཆོས་གོས་ཀྱི་གཏུར་བུའམ། ལྷུང་བཟེད་ཀྱི་སྣོད་དག་བཅུག་ལ་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཁྲི་ལ་ཇི་ལྟ་བར་རྩྭ་སྟན་དང། གཞན་དག་ལ་ཡང་དེ་དང་འདྲའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མང་པོ་རྣམས་ལྗོངས་རྒྱུ་ཞིང་དོང་བ་དང། རི་བྲག་ཅིག་ཏུ་ཕྱིན་ནས་དེ་རྣམས་ཀྱིས་ཁྱིམ་བདག་ཅིག་ལས་བསྟི་གནས་བརྙས་སོ། །གྲང་བའི་དུས་ལ་བབ་པས་དེ་རྣམས་ཀྱིས་གོས་བརྙས་པ་དང། བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་འདི་དག་ནི། རབ་ཏུ་བྱུང་བ་ཡིན་ནོ། །སྙམ་སྟེ། སྙིང་རྗེ་ཉེ་བར་བཞག་སྟེ་གོས་དག་བྱིན་པ་དང། གང་གིས་གང་ཐོབ་པ་དས་དེ་གྱོན་ཏེ་ཉལ་ནས་དགེ་སློང་གཞན་དག་གྲང་བས་སྦྲེབས་པར་གྱུར་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་


DKG010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་གང་ཐོབ་པ་དེ་དག་ཉིད་ཀྱིས་བགོ་བར་མི་བྱའི། ཐམས་ཅད་ཀྱིས་བགོ་བར་བྱ་སྟེ། གཅིག་རྙེད་པར་གྱུར་པ་གང་ཡིན་པ་དེས་ཐམས་ཅད་ཀྱི་སྟེང་དུ་རྒན་རིམ་བཞིན་ཇི་ཙམ་ཡོག་པ་དག་བ་པར་བྱའོ། །ཇི་ཙམ་ན་རི་བྲག་གཞན་ཞིག་ཏུ་སོང་བ་དང་གོས་གཅིག་ཅིག་རྙེད་ནས་ད་དག་གིས་སྟེང་དུ་གཡོགས་པ་ན། ཉེ་དགས་དེ་གྱོན་ཏེ་འཆག་ཏུ་སོང་བ་དང། དགེ་སློང་རྣམས་གྲང་བས་སྡུག་བསྔལ་བར་གྱུར་ནས་སྨྲས་པ། བཙུན་པ་ཉེ་དགའ་བོ། བདག་ཅག་ནི། གྲང་བས་སྡུག་བསྔལ་ན། ཁྱོད་འབའ་ཞིག་གྱོན་ནས་འཆག་གམ། དེས་སྨྲས་པ། ཁོ་བོས་བཀག་གམ་ཅི། ཁྱེད་ཀྱང་ཅི་ཕྱིར་མི་འཆག་། དེ་རྣམས་གྲང་བའི་སྡུག་བསྔལ་གྱིས་མཚན་འདས་པར་གྱུར་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། འཆག་པ་གང་ཡིན་པ་དེས་གང་ཟག་གི་གོས་བགོས་ཏེ་བཅག་པར་མི་བྱའོ། །གཞན་གྱིས་འཆག་ན། འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གྲང་བའི་དུས་ལ་བབ་པས་དགེ་སློང་རྣམས་གྲང་བའི་གནོད་པས་གློས་ཕབ་སྟེ་འདུག་གོ། ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཙུག་ལག་ཁང་དུ་འོངས་བ་དང། དེས་དེ་དག་མཐོང་ནས་སྨྲས་པ། འཕགས་པ་དག་། ཅིའི་སླད་དུ་གཅིག་ཏུ་བརྩོན་པའི་གསུང་རབ་ལ་གློས་ཕབ་སྟེ་བཞུགས་ཤིང། དགེ་བའི་ཕྱོགས་དག་མི་མཛད། དེ་དག་གིས་སྨྲས་པ། ཁྱིམ་བདག་། བདེ་བ་དང་ལྡན་པ་དག་ནི། ཆོས་དྲན་པར་འགྱུར་གྱི། ཁོ་བོ་ཅག་ཤིན་ཏུ་གྲང་བས་སྡུག་བསྔལ་བར་གྱུར་ཏོ། །དེས་ཁྱིམ་དུ་སོང་ནས་བེའུ་རས་ལྔ་བརྒྱ་བཀུར་བ་དང། དགེ་སློང་རྣམས་ཀྱིས་ཁྱིམ་པའི་གོས་དེ་དག་བགོས་ཏེ་ཕྱི་རོལ་ཏུ་དོང་བ་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་ཅོ་འདྲི་ཞིང་སྨྲས་པ། འཕགས་པ་དག་། ཅི། ཁྱེད་བབས་སམ། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གྲང་བར་གྱུར་ནས་བགྱིས་ཀྱི། ཚེ་དང་ལྡན་པ་དག་དེ་སྐད་མ་ཟེར་ཅིག་། དེ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་


DKG010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པའི་གོས་བགོ་བར་མི་བྱའོ། །དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། སྟེང་དུ་གོས་ངུར་སྨྲིག་གིས་གཡོགས་ནས་བགོ་བར་བྱའོ། །དགེ་འདུན་གྱི་ཡང་དེ་བཞིན་དུ་གྱོན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ནི། འོག་ཏུ་གོས་བཅུག་ནས་སྟེང་ནས་གཡོགས་ཏེ་བགོ་བར་བྱའི། གཞན་དུ་ན། འགལ་ཚབས་ཅན་དུ་འགྱུར་རོ། །སྡོམ་ནི། གདུགས་དང་འཇིག་རྟེན་རྒྱང་པན་དང། །བསྡེབས་སྦྱར་དེ་བཞིན་ནགས་མེ་དང། །གནས་མེད་པར་ནི་ལམ་དག་དང། །ལ་བ་བགོས་པས་མི་བཅག་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་གོས་སྤྱོད་པ་ཞིག་འདུག་པ་དེས་གོས་བྱས་ཤིང་བྱས་ཤིང་འཚོང་བར་བྱེད་དོ། །དུས་གཞན་ཞིག་ན་དེས་གོས་མང་པོ་རྙེད་པར་གྱུར་ནས་དེས་བསམ་པ། ཐབས་ཇི་ལྟ་བུ་ཞིག་བྱས་ན། དེས་བསོད་ནམས་ཀྱང་འཐོབ་ཅིང། རྙེད་པ་ཡང་འགྲུབ་པར་འགྱུར་སྙམ་པ་དང། དེ་དད་པ་ཅན་ཞིག་པས་དེའི་བློ་སྐྱེས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ལ་གོས་ཀྱི་གདན་བཤམས་དེ་གདུགས་ཚོད་གསོལ་ལོ། །དེ་ལྟར་བྱས་ན། གོས་ཀྱང་ཡོངས་སུ་ལོངས་སྤྱད་པར་འགྱུར་ལ། གོས་ཡོངས་སུ་ལོངས་སྤྱད་པ་དང། ཞལ་ཟས་ཡོངས་སུ་ལོངས་སྤྱད་པས་བསོད་ནམས་ཆེན་པོ་ཡང་འཐོབ་པར་འགྱུར་རོ། །སྙམ་དུ་རིག་ནས་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཞལ་ཟས་གཙང་ཞིང་བསོད་པ་བཤམས་ཏེ་གདན་དག་གི་སྟེང་དུ་གོས་བཏིང་ངོ། །དེ་ནས་གདན་བཤམས་ཟིན་པ་དང་བཅོམ་ལྡན་འདས་སྤྱན་འདྲེན་གྱིས་སྤྱན་དྲངས་ན། དགེ་སློང་གི་དགེ་འདུན་ནི། གཤེགས། བཅོམ་ལྡན་འདས་ནི། གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་དྲངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྒྱུ་རྣམ་པ་ལྔས་གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་འདྲེན་ཏེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་བཞེད་པར་གྱུར་པ་དང། ལྷ་རྣམས་ལ་ཆོས་སྟོན་བཞེད་པར་གྱུར་པ་དང། ནད་པ་གཟིགས་བཞེད་པར་གྱུར་པ་དང། གནས་མལ་གཟིགས་བཞེད་པར་གྱུར་པ་དང། ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདི་ལ་ནི་སངས་རྒྱས་བཅོམ་


DKG010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་ནས་གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་དྲངས་སོ། །དགེ་སློང་རྣམས་ལམ་གར་ཆར་པ་བབ་ནས་དེ་དག་གི་གོས་ཆར་པས་གཤེར་བཞིན་དུ་འཁོད་པས། གང་གི་གོས་ཅི་འདྲ་བས་འཁོད་པ་དེའི་དེ་ཁོ་ན་ལྟ་བུའི་སྦྲ་སྦྲེ་བྱུང་བར་ གྱུར་པ་བྲམ་ཟེ་དེས་མཐོང་བ་དང། འཁྲུགས་ནས་སྨྲས་པ། བདག་གི་ཟང་འདི་ལྟ་བུ་དག་ཟོང་དུ་མི་རུང་བར་བགྱིས་ཀྱི། གོས་འདི་དག་ཁྱེད་ཐལ་བྱུང་སྣོམས་ཤིག་། ཅེས་ཟེར་བའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། བྲམ་ཟེ་དེས་མ་དད་བ་སྐྱེས་ནས་བྱིན་པས་བླང་བར་མི་བྱའོ། །དེ་འཁྲུགས་པ་དེ་དང་བྲལ་ནས་ཡང་དེས་དད་པའི་སེམས་ཀྱིས་ཕུལ་བའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། ད་ནི། བྲམ་ཟེ་དེས་དད་པའི་སེམས་ཀྱིས་ཕུལ་བས་བླང་བར་བྱ་སྟེ། བླངས་ནས་ཀྱང་རུང་བ་བྱས་ལ་བགོ་བར་བྱའོ། །དགེ་སློང་དག་གིས་བླངས་པ་དང། བྲམ་ཟེ་དེས་སྨྲས་པ། ཨེ་མའོ་འཕགས་པ་དག་། གདུགས་བཅང་པའི་རིགས་སོ། །སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟ་ན། རྗེས་སུ་གནང་སྟེ། དགེ་སློང་དག་གིས་གདུགས་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་གདུགས་བཅང་པར་བྱའོ། །ཞེས་བཀའ་སྩལ་པ་དང། དྲུག་སྡེ་རྣམས་ཀྱིས་གདུགས་ཀྱི་རྩ་བ་གསེར་དང། དངུལ་དང། བཻ་ཌཱུརྱ་དང། ཤེལ་ལས་བྱས་ཤིང། གཞན་ཡང་བཀྲ་ཞིང་ཉེ་བར་བཀྲ་བ་དང། བསྲུབས་ལས་བྱས་ལ། གདུགས་ནི། དཀར་པོ་དང། རྨ་བྱའི་མདོངས་དག་ལས་བྱས་པ་དང། བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་དག། འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་གདུགས་གནང་ངོ། །འཕགས་པ་དག་། དགེ་སྦྱོང་ཁྱེད་ཅི་འདོང་པའི་ཡོན་ཏན་གྱིས་གཟིར་ཏམ། གང་གི་ཕྱིར་འདི་འདྲ་བའི་གདུགས་དག་འཆང། དེ་དག་གིས་སྨྲས་པ། དགྲ་བོ་རྣམས་ཀྱི་མགྲིན་པ་རྡོག་བས་མནན་ནས་འདོད་པའི་ཡོན་ཏན་གྱིས་གཟིར་ཏོ། །


DKG010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་གདུགས་དག་བཅང་བར་མི་བྱའི། འོན་ཀྱང་རྩ་བ་རུ་ཏ་དང། ལོ་མ་ལས་བྱས་པའི་གདུགས་རྣམ་གཉིས་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་གདུགས་རྣམ་གཉིས་བཅང་བར་བྱའོ། །ཞེས་བཀའ་སྩལ་པ་དང། དྲུག་སྡེ་རྣམས་ཀྱིས་གདུགས་ཀྱི་རྩ་བ་རིང་པོ་རིང་པོར་བྱས་ནས། གདུགས་ཀྱི་རྩ་བ་བསྒྲེང་སྟེ་གྲོང་ཁྱེར་གྱི་ནང་དུ་སོང་བ་དང། བྲམ་ཟེ་དང། ཁྱིམ་བདག་དག་གིས་མཐོང་ནས་འདི་ལྟ་བུ་ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ནམ། སུ་ཞིག་འོང་ཞེས་ལངས་ནས་རྟོག་པར་བྱེད་དོ། །ཁ་ཅིག་བསུར་དོང་བ་དང། གང་གི་ཚེ་མཐོང་བར་གྱུར་པ་དེའི་ཚེ་མ་དད་པར་གྱུར་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདུགས་ཀྱི་རྩ་བ་རིང་པོ་རིང་པོར་མི་བྱའི། འོན་ཀྱང་ལུས་ཀྱི་ཚད་ཙམ་གྱི་རྩ་བ་གདགས་པར་བྱ་ཞིང། གྲོང་གི་ནང་དུ་གདུགས་ཐོགས་ཏེ་འགྲོ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གྲོང་གི་ནང་དུ་གདུགས་ཐོགས་ཏེ་འགྲོ་བར་མི་བྱའོ། །ཞེས་བཀའ་སྩལ་པ་དང། ཇི་ཙམ་ན་དགེ་སློང་མང་པོ་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་དོང་བ་དང། རེ་ཞིག་ན་གྲོང་དུ་ལམ་བྱུང་བར་གྱུར་ནས་དེ་དག་གིས་བསམ་པ། བཅོམ་ལྡན་འདས་ཀྱིས་གྲོང་གི་ནང་དུ་གདུགས་ཐོགས་ཏེ་འགྲོ་བར་མི་བྱའོ། །ཞེས་བཀའ་སྩལ་པས། གྲོང་དོར་བར་བྱའོ། །སྙམ་ནས་དེ་དག་གིས་གྲོང་སྤངས་པ་དང། དོན་མཐུན་རྣམས་དང་བྲལ་བས་ཆོམ་བོས་བཅོམ་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གྲོང་གི་དབུས་སུ་ལམ་བྱུང་བར་གྱུར་ན། གདུགས་གློར་བསྙལ་ནས་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བསོད་སྙོམས་པ་རྣམས་བསོད་སྙོམས་ལ་ཞུགས་པ་དང། ཆར་པ་བབ་ནས་ཆར་ཆུས་གོས་གཤེར་བར་གྱུར་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསོད་སྙོམས་པས་གདུགས་ཀྱི་རྩ་བ་རུང་བར་བྱས་ནས་འཇུག་པར་བྱ་སྟེ་ཞུགས་ནས་གལ་ ཏེ་ཆར་པ་ཆད་ན་གདུགས་ཁྱིམ་


DKG010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་བཞག་ལ་འཇུག་པར་བྱ་ཞིང། དེ་ནས་ཕྱིར་བླངས་ཏེ་འགྲོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ལྷོ་ཕྱོགས་ཀྱི་ཡུལ་ནས་ཀུན་ཏུ་རྒྱུ་འཇིག་རྟེན་རྒྱང་ཕན་པ་འཆར་པ་ཞེས་བྱ་བ་ཞིག་ལྗོངས་རྒྱུ་ཞིང་མཉན་ཡོད་དུ་འོངས་སོ། །དེ་ངལ་བསོས་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་ག་ལ་པ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། ཀྱེ་དགེ་སློང། ཁོ་བོས་བླ་མ་དག་ལས་བླངས་པའི་ཡི་གེ་ཅུང་ཟད་ཡོད་དེ། དེའི་ཕྱིར་ཁྱོད་དང་ལྷན་ཅིག་གཏམ་བྱ་བར་འདོད་དོ། །དེས་དེ་ལ་སྨྲས་པ། བྲམ་ཟེ། ཁོ་བོ་སྨྲ་བ་མ་ཡིན་གྱི། སོང་ཞིག་། དེ་ཚེ་དང་ལྡན་པ་རྟ་ཐུལ་དང། བཟང་པོ་དང། རླངས་པ་དང། མིང་ཆེན་དང། གྲགས་པ་དང། གང་པོ་དང། དྲི་མེད་དང། བ་ལང་བདག་དང། ལག་བཟང་ག་ལ་བ་དེར་སོང་བ་དང། དེ་རྣམས་ཀྱིས་ཀྱང་དེ་ཁོ་ན་སྐད་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། ཀྱེ་དགེ་སློང། ཁོ་བོས་བླ་མ་ལས་ཡི་གེ་ཅུང་ཟད་བླངས་པ་དག་ཡོད་དེ། དེའི་ཕྱིར་ཁྱོད་དང་ལྷན་ཅིག་གཏམ་བྱ་བར་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། ཅི། ཀུན་ཏུ་རྒྱུ་འདི་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ། འོན་ཏེ་མེད་སྙམ་ན། ཡོད་པར་མཐོང་ངོ། །སུ་ལ་རག་ལས་བརྟགས་ན། བདག་ཉིད་ལའོ། །ཅི། སྨྲ་བས་འདུལ་བ་གཞན་ཅུང་ཟད་ཡོད་དམ་སྙམ་ན། ཡོད་པར་མཐོང་ངོ། །ཇི་ཙམ་ན་ཚོགས་པ་བརྟགས་ན། ཞག་བདུན་ཚུན་ཆད་ཀྱིས་ཚོགས་པར་ཤེས་ནས་སྨྲས་པ། ལེགས་ཏེ། དེ་བཞིན་བྱ་ན། རིག་པའི་གནས་གང་དུ་བྱ། ཆེ་གེ་མོ་ཞིག་ཏུའོ། །སྨྲ་བའི་ཞལ་ཆེ་བ་བཞག་སྟེ་ཕྱོགས་སྔ་མ་དང། ཕྱི་མ་རྣམ་པར་བཞག་ནས་ཕྱོགས་སྔ་མ་སུས་གཟུགས་ཞེས་གླེང་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཀུན་ཏུ་རྒྱུ་གློ་བུར་དུ་འོངས་པ་ཡིན་པས་འདི་ཉིད་ཀྱིས་ཕྱོགས་སྔ་མ་ཚུགས་ཤིག་། ཀུན་ཏུ་རྒྱུས་ཕྱོགས་སྔ་མ་སྨྲས་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་བཟླས་ནས་ཁྱོད་ཀྱི་འདི་ནི། མི་རིགས་སོ། །འདི་ ནི། མི་འདྲའོ། །འདི་ནི། མི་འཐད་དོ། །ཞེས་སྐྱོན་བརྟགས་སོ། །དེས་ཡང་སྨྲས་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་མཇུག་ཏུ་མ་ཕྱིན་བར་བཞག་གོ །


DKG010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་ཀྱི་ཡུལ་ནས་ཀུན་ཏུ་རྒྱུ་འཇིག་རྟེན་རྒྱང་པན་པ་འཆར་པ་ཞེས་བྱ་བ་ཞིག་མཉན་ཡོད་དུ་འོངས་ཏེ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་བརྩད་ནས་དེང་དུ་ཞག་བདུན་ལོན་ནོ། །ཞེས་ཀུན་ཏུ་སྒྲ་གྲགས་པ་དང། སྲོག་ཆགས་བརྒྱ་ཕྲག་མང་པོ་དག་ཁ་ཅིག་ནི། ཡ་མཚན་སྐྱེས། ཁ་ཅིག་ནི། སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་ནས་འདུས་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། བདག་གི་སྨྲ་བས་འདུལ་བ་འདུས་སམ་སྙམ་ན། འདུས་པར་མཐོང་ངོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་མ་ལུས་པར་སྨྲས་པ་དང། ཀུན་ཏུ་རྒྱུ་དེ་ཚར་བཅད་དོ། །དེ་ནས་མངོན་པར་དད་བར་གྱུར་ཏེ་སྨྲས་པ། བཙུན་པ་ཤཱ་རིའི་བུ། བདག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོ་འཐོབ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ཚེ་དང་ལྡན་པ་ཤཱ་རིའི་བུས་རབ་ཏུ་ཕྱུང། བསྙེན་པར་རྫོགས་པར་བྱས་ཏེ་གདམས་ངག་བྱིན་ནོ། །དེས་བརྩལ་བ་དང། འབད་པ་དང། བསྒྲིམ་པ་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང། མི་གཡོ་བ་འདི་ཉིད་རིག་སྟེ་ཞེས་བྱ་བ་ནས་གུས་པར་སྨྲ་བར་བྱ་བར་གྱུར་ཏོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་འཁོད་དེ་དག་འཕགས་པ་ཤཱ་རིའི་བུས་འདི་ལྟ་བུའི་སྨྲ་བ་ཆེན་པོ་ཕམ་པར་བྱས་སོ། །ཞེས་ཤིན་ཏུ་ཡ་མཚན་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་དེ་དག་གི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་རྟོགས་ནས་དེ་དག་དང་མཐུན་པར་ཆོས་བསྟན་ཏེ་སྲོག་ཆགས་འབུམ་ཕྲག་མང་པོ་དག་གི་དེ་ཐོས་ནས་ལྷག་པའི་ཁྱད་པར་ཆེན་པོ་ཐོབ་པ་འདི་ལྟ་སྟེ། ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནས་ དགེ་འདུན་ལ་གཞོལ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། ཐམས་ཅད་དུ་དགེ་སློང་ཤཱ་རིའི་བུའམ། ཤཱ་རིའི་བུ་དང་འདྲ་བར་མི་འགྱུར་བས། དེ་ལྟ་བས་ན། གནང་གི ། དགེ་སློང་དག་གིས་འཇིག་རྟེན་རྒྱང་ཕན་པ་ལ་སོགས་པ་ཕྱི་རོལ་པའི་


DKG010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་འཇིག་རྟེན་རྒྱང་ཕན་པ་ལ་སོགས་པ་ཕྱི་རོལ་པའི་བསྟན་བཅོས་བསླབ་པར་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་བྱིས་པའམ། རྨོངས་པའམ། མི་གསལ་བ་དང། མི་མཁས་པ་དག་གིས་ཀྱང་ཐམས་ཅད་ཀྱིས་ཁྱད་པར་མེད་པར་བསླབ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་གང་ཡིན་པ་དེ་དག་གིས་འཇིག་རྟེན་རྒྱང་ཕན་པ་ལ་སོགས་པ་ཕྱི་རོལ་པའི་བསྟན་བཅོས་བསླབ་པར་བྱའོ། །བྱིས་པ་དང། རྨོངས་པ་དང། མི་གསལ་བ་དང། མི་མཁས་པ་དག་གིས་ནི། མ་ཡིན་ནོ། །དེ་རྣམས་དེ་ལ་བརྩོན་པ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་དུ་བྱས་ལ། དུས་གཉིས་ནི། སངས་རྒྱས་ཀྱི་གསུང་རབ་བཀླག་པར་བྱ་ཞིང་གསུམ་པ་ལ་ནི། ཕྱི་རོལ་པའི་བསྟན་བཅོས་དག་གོ་། བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་རྣམས་ལོ་དང། ཟླ་བའི་དུས་དག་ཏུ་སློབ་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། ཚེ་ནི། སྐད་ཅིག་མ་ཡིན་པས། ངས་ལོ་དང་ཟླ་བའི་དུས་ལས་དགོངས་ཏེ་མ་གསུངས་ཀྱི། འོན་ཀྱང་ཉིན་གཅིག་ལ་ཆ་གསུམ་དུ་བྱའོ། །དགེ་སློང་རྣམས་གསལ་བའི་དུས་སུ་ནི། ཕྱི་རོལ་པའི་བསྟན་བཅོས་འདོན་ལ། གཞན་དག་ཏུ་ནི། སངས་རྒྱས་ཀྱི་གསུང་རབ་འདོན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསལ་བའི་དུས་སུ་སངས་རྒྱས་ཀྱི་གསུང་རབ་གདོན་པར་བྱ་སྟེ། ཕྱི་རོལ་པའི་བསྟན་བཅོས་ནི། མ་ཡིན་ནོ། །སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེའི་ཁྱེའུ་ལྷ་སྦྱིན་དང། བ་ལང་འབྱོར་གཉིས་རབ་ཏུ་ཕྱུང་ནས་དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུས་མདོ་སྡེ་འདོན་དུ་བཅུག་གོ་། ཇི་ཙམ་དུས་གཞན་ཞིག་ན་ལྗོངས་རྒྱུ་ཞིང་དོང་ནས་རི་བྲག་ཅིག་ཏུ་ཕྱིན་པ་དང། དེར་དེ་དག་ལ་རྙེད་པ་དང། བཀུར་སྟི་ཆེན་པོ་བྱུང་ནས་དེ་གཉིས་དེར་འཁོད་དོ། །དེ་གཉིས་སྔོན་གོམས་པའི་ཤུགས་ཀྱིས་སངས་རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང། ཚིག་དང་རིམ་པར་སྦྱར་ནས་ཁ་ཏོན་དུ་འདོན་ནོ། །དེ་དག་ལས་གཅིག་ནི་ཤིའོ། །གཅིག་


DKG010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་ཀྱིས་གཞུང་བརྗེད་པར་གྱུར་ནས་དེ་ལ་ཁ་ཏོན་ལས་བྱུང་བའི་རྙེད་པ་མེད་ནས་དེ་དང། དེ་དག་ཏུ་འཁྱམས་འཁྱམས་ནས་ཕྱིར་མཉན་ཡོད་དུ་འོངས་སོ། །དེ་ནས་ངལ་བསོས་ཏེ་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་ག་ལ་བ་དེར་སོང་སྟེ་ཕྱག་བྱས་ནས་སྨྲས་པ། གནས་བརྟན། གཡར་ཏོན་དཔོག་ཏུ་གསོལ། དེས་སྨྲས་པ། བུ། ལེགས་སོ། །དེ་བཞིན་ཁ་ཏོན་བསླབ་བོ། །ཞེས་དེས་དེ་དང་ལྷན་ཅིག་ཁ་ཏོན་བྱ་བར་བརྩམས་པ་དང། ཁ་ཏོན་ཐུང་ངུར་འདོན་ནས་སྨྲས་པ། གནས་བརྟན། ཁྱོད་ཀྱིས་རིང་པོར་མ་བཏོན་པས་གདོན་ནོངས་སོ། །དེས་སྨྲས་པ། བུ། ཁོ་བོས་དེ་ལྟར་བསླབ་བོ། །དེས་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཚེ་དང་ལྡན་པ་རྟ་ཐུལ་དང། བཟང་པོ་དང། རླངས་པ་དང། མིང་ཆེན་དང། གྲགས་པ་དང། གང་པོ་དང། དྲི་མེད་དང། བ་ལང་བདག་དང། ལག་བཟང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། གནས་བརྟན། གཡར་ཏོན་དབོག་ཏུ་གསོལ། དེས་སྨྲས་པ། བུ། ལེགས་སོ། །དེ་བཞིན་ཁ་ཏོན་བསླབ་པར་བྱའོ། །ཞེས་དེས་དེ་དང་ལྷན་ཅིག་ཁ་ཏོན་འདོན་པར་བརྩམས་པ་དང། དེ་ནས་ཁ་ཏོན་ཐུང་ངུར་བཏོན་ནས་སྨྲས་པ། གནས་བརྟན། ཁྱོད་ཀྱིས་གདོན་ནོངས་སོ། །དེས་སྨྲས་པ། བུ། ཁོ་བོས་དེ་ལྟར་བསླབ་བོ། །དེས་དེའི་རྐང་པ་ལ་ཕྱག་བྱས་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་ཕྱག་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ། གཡར་ཏོན་དབོག་ཏུ་གསོལ། དེས་སྨྲས་པ། བུ། ལེགས་སོ། །དེ་བཞིན་དུ་ཁ་ཏོན་བསླབ་བོ། །དེས་དེ་དང་ལྷན་ཅིག་ཁ་ཏོན་བྱ་བར་བརྩམས་པ་དང། ཇི་ཙམ་ན། ཁ་ཏོན་རིང་པོར་བཏོན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་རིང་པོར་བཏོན་པ་དང། དེས་སྨྲས་པ། མཁན་པོ། དགེ་སློང་དེ་དག་ཀུན་གྱིས་ནི། གདོན་ནོངས་ཀྱི། ཁྱོད་ཉག་གཅིག་གིས་མ་ཉམས་པར་བཏོན་ཏོ། །དེས་སྨྲས་པ། མི་བླུན་པོ། ཁྱོད་ཉིད་ཀྱིས་གདོན་ཉེས་ཀྱི། དགེ་སློང་དག་གིས་ནི། མ་ཉམས་པར་བཏོན་ཏོ། །ཞེས་དེས་སྤྱོས་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ།


DKG010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དམིགས་ཅུང་ཟད་གང་བྱུང་བ་ནི། དགེ་སློང་རྣམས་སངས་རྒྱས་ཀྱི་གསུང་སྡེབ་སྦྱོར་དང། ཚིག་དང། རིམ་པ་སྦྱར་ནས་འདོན་པ་ལས་གྱུར་གྱི། དེ་ལྟ་བས་ན། དགེ་སློང་གིས་སངས་རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང། ཚིག་དང། རིམ་པ་སྦྱར་ནས་གདོན་བར་མི་བྱའོ། །དགེ་སློང་གིས་སངས་རྒྱས་ཀྱི་གསུང་རབ་སྡེབ་སྦྱོར་དང། ཚིག་དང། རིམ་པ་སྦྱར་ནས་འདོན་ན། འགལ་ཚབས་ཅན་དུ་འགྱུར་རོ། །ཡུལ་གྱི་ངེས་པའི་ཚིག་དང། སྐད་ཀྱི་ངེས་པའི་ཚིག་དང། ལྗོངས་ཀྱི་ངེས་པའི་ཚིག་ཡིན་ན། ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་རྒས་པའི་གནས་སྐབས་ན་ཡང་རྒོད་བག་བྱེད་པ་དང། དགེ་སློང་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་། ཁྱེད་མགོ་སྐྱེས་ཀྱང་དཀར་པོར་གྱུར་ན། ད་དུང་རྒོད་བག་མི་གཏོང་ངམ། དེ་དག་ཅང་མི་སྨྲ་བར་འཁོད་ནས་མཐའ་གཅིག་ཏུ་དོང་སྟེ་སྨྲས་པ། དགའ་བོ་ཉེ་དགའ། ལྷུང་བཟེད་ནག་པོ་ཅན། ཀོས་ཐག་པ་འདི་དག་ལ་མི་དགའ་བ་ཞིག་བྱའོ། ། ཞེས་དེ་དག་དེ་ལྟར་གླགས་ཚོལ་བ་ལ་བརྩོན་པར་འཁོད་པ་ན། དགེ་སློང་གནས་བརྟན་གནས་བརྟན་དག་དགོན་པའི་གནས་སུ་དོང་སྟེ་བསམ་གཏན་དང། བཀླག་པར་བྱ་བ་དག་བརྩམས་སོ། །དེ་ནས་དྲུག་སྡེ་རྣམས་ཀྱིས་གནས་གསུམ་ནས་ནགས་མེས་བཏང་སྟེ་ངོས་གཅིག་ཏུ་འདུས་ནས་བསྡད་པ་དང། དགེ་སློང་རྣམས་ནགས་མེས་ཚིག་པའི་གནོད་པ་བྱུང་བས་རིངས་པ་རིངས་པར་འབྲོས་པར་བརྩམས་སོ། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། གནས་བརྟན་དག་། ཅིའི་སླད་དུ་རིངས་རིངས་ལྟར་བཞུད། ཚེ་དང་ལྡན་པ་དག་། ནགས་ཀྱི་མེ་མ་མཐོང་ངམ། གནས་བརྟན་དག་། བཅོམ་ལྡན་འདས་ཀྱིས་བདེ་བའི་གནས་སྐབས་སུ་ཚུལ་ཁྲིམས་གསུངས་སམ་ཅི་ལགས། ཞེས་ཅུང་ཟད་བགད་པ་དང། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་། ཁྱེད་ཀྱིས་ཁོ་བོ་ཅག་ལ་བསམ་བཞིན་དུ་མ་གཙེས་གྲང། བཀྲེན་པ་དག་། ཁྱེད་དེ་ལྟར་མི་དགའ་བར་བྱའོ། །ཞེས་ཟེར་བའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ནགས་མེས་གཏང་བར་མི་བྱའོ། །གཏོང་ན། ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་


DKG010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་རྒན་པོ་ཞིག་དང་གསར་བུ་ཞིག་ལྗོངས་རྒྱུ་ཞིང་དོང་བ་དང་རྒན་པོ་ལ་ནི། སྣོད་མང་ཞིང་ཡོ་བྱད་མང་་། གསར་བུ་ནི། མ་གྲགས་ཤིང་ཆོས་གོས་གསུམ་ལས་ལྷག་པ་མེད་པ་ཞིག་པས། རྒན་པོས་སྨྲས་པ། ཚེ་དང་ལྡན་པ། ཁོ་བོ་ངལ་གྱི། རེ་ཞིག་ཆོས་གོས་ཀྱི་གཏུར་བུ་ཁྱེར་ཏེ་ཤོག་ཅིག་གསར་བུ་དེས་སྨྲས་པ། གནས་བརྟན། བཀའ་འབབ་པར་མི་འགྱུར་ན། རེ་ཞིག་ཅུང་ཟད་ཅིག་གསོལ་བ་མཆིས་སོ། །ཚེ་དང་ལྡན་པ། འདི་ལ་སུ་ཞིག་གཤེ་། སྨྲོས་ཤིག་། གནས་བརྟན། སངས་རྒྱས་དང། ཆོས་དང། དགེ་འདུན་མ་གཟིགས་སམ། ཅི། རྨོངས་པའི་ཡོ་བྱད་འདིས་ཅི་ཞིག་བགྱི། བཞིན་བཟང། གལ་ཏེ་མི་བཀུར་བ་ནི། རེ་ ཞིག་རུང་ན། འདི་འདྲི་བར་བྱ་སྟེ། ཁྱོད་ཁོ་བོའི་མཁན་པོའམ། སློབ་དཔོན་ཡིན་ནམ། ཅི། གང་གི་ཕྱིར་རྗེས་སུ་སྟོན་པར་བྱེད། དེ་ཅང་མི་སྨྲ་བར་འདུག་པ་དང། རྒན་པོས་བསམ་པ། བཀྲེན་པ་འདི། མི་དགའ་བར་བྱའོ། །སྙམ་མོ། །ཇི་ཙམ་ན། དེ་གཉིས་གཙུག་ལག་ཁང་དུ་དོང་བ་དང། དེ་ན་ནུབ་གཅིག་ཀྱང་མི་གནས་པར་འདུག་པར་མི་བྱ་བའི་ཁྲིམས་སུ་བྱ་བ་ཡོད་དེ། དེ་གཉིས་ལ་གནས་མལ་གྱི་ཞལ་ཏ་བྱེད་པས། གནས་མལ་དག་སྣོམས་ཤིག་ཅེས་སྨྲས་པ་དང། རྒན་པོས་ནི། བླངས་སོ། །གསར་བུ་དེས་སྨྲས་པ། ཚེ་དང་ལྡན་པ། ཁོ་བོས་གནས་མ་བཅས་ཀྱི། ཇེ་གནས་གསོལ་ལོ། །ཞེས་དེ་དགེ་འདུན་གྱི་གནས་བརྟན་གྱི་གན་དུ་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། གནས་བརྟན། བདག་གི་གནས་མཛད་དུ་གསོལ། དེས་སྨྲས་པ། བཞིན་བཟང། ཁྱོད་སུ་དང་ལྷན་ཅིག་འོངས། གནས་བརྟན་དགེ་སློང་ཆེ་གེ་མོ་ཞིག་དང་ངོ། །བཞིན་བཟང། དེ་དགེ་འདུན་གྱི་གནས་བརྟན་གྱིས་བདག་འཁོར་དང་ཕྱེའོ། །ཞེས་ཟེར་དུ་འོང་གི། སོང་ལ་དེ་ཉིད་ལ་གནས་གསོལ་ཅིག་། དེ་གཞན་དག་གི་གན་དུ་སོང་བ་དང། ཐམས་ཅད་ཀྱིས་དེ་བཞིན་སྤངས་ནས་ནམ་སྲོས་ཏེ་རྒན་པོ་དེ་ཉིད་ཀྱི་གན་དུ་སོང་ནས་སྒོ་ལ་བརྡབས་ཏེ་སྨྲས་པ། གནས་བརྟན་ཕྱག་འཚལ་ལོ། །ཁྱོད་སུ་ཞིག་། བདག་མིང་འདི་ཞེས་བགྱི་བ་དེ་ལགས་སོ། །ཁྱོད་ནད་མེད་པར་གྱུར་ཅིག་། གནས་བརྟན་གཙུག་ལག་ཁང་འདི་ན་


DKG010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་གཅིག་ཀྱང་མི་གནས་པར་མཆིས་པར་མི་བགྱི་བའི་ཁྲིམས་སུ་མཛད་པ་མཆིས་ན། བདག་གི་གནས་མཛད་དུ་གསོལ། བཞིན་བཟང། དགེ་འདུན་གྱིས་དེ་ལྟ་བུའི་ཁྲིམས་སུ་བཅའ་བ་མཛད་པ་ལེགས་ཏེ། གལ་ཏེ་མ་མཛད་ན། ཁོ་བོས་འཆར་གཞུག་པ་ཞིག་། དེའི་ཚེ་ནི། ཁོ་བོ་སྣོད་མང་ཞིང་ཡོ་བྱད་མང་བ་ཡིན་ལ། ད་ནི། གནས་བརྟན་ཡིན་ནམ། ཁྱོད་མ་གུས་པ་བྱས་ཀྱང་གནས་སྟེར་བ་གང་ཡིན་པ་དེ་ལ་གནས་ཆོས་ཤིག་། དེ་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འདུག་སྟེ། དེའི་གནས་བར་ཆད་དུ་གྱུར་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱ། དགེ་སློང་གིས་སེང་གེ་བཞིན་གཏུམ་པོར་མི་བྱ། དགེ་འདུན་གྱིས་ཀྱང་དགེ་སློང་རྣམས་ལ་གནོད་པར་འགྱུར་བའི་ཁྲིམས་བཅའ་བར་མི་བྱ་སྟེ། དགེ་སློང་གནས་མ་བཅས་པར་ལྗོངས་རྒྱུ་ཞིང་འགྲོའམ། སེང་གེ་བཞིན་གཏུམ་པོར་བྱེད་དམ། དགེ་འདུན་གྱི་ཁྲིམས་སུ་བྱ་བ་དེ་ལྟ་བུ་བཅས་ན། ཐམས་ཅད་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཞམ་འབྲིང་བ་ཚེ་དང་ལྡན་པ་ཀླུ་སྐྱོང་དང་ཡུལ་མ་ག་དྷར་ལྗོངས་རྒྱུ་ཞིང་གཤེགས་ཏེ་གྲོང་ཁྱེར་ས་དཀར་ཅན་དུ་གཤེགས་ནས་དཀར་ཅན་ན་གནོད་སྦྱིན་བ་ཀུ་ལའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་མཚན་མོ་ནམ་སྲོས་ཏེ་མུན་གནག་ཅིང་ཁད་ཀྱིས་ཅུང་ཟད་ཆར་འབབ་ཅིང་གློག་འབྱུང་བ་ན། བླ་གབ་མེད་པའི་འཆག་ས་ན་འཆག་པ་མཛད་དོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞམ་འབྲིང་བ་དགེ་སློང་རྣམས་ནི། ཇི་སྲིད་སངས་རྒྱས་བཅོམ་ལྡན་འདས་རྣམས་ནང་དུ་ཡང་དག་འཇོག་ལ་མི་བཞུགས་པ་དེ་སྲིད་དུ་ནང་དུ་ཡང་དག་འཇོག་ལ་མི་འཇུག་གོ། བརྒྱ་བྱིན་ལྷའི་དབང་པོའི་ཤེས་པ་དང། མཐོང་བ་ནི། འོག་ཏུ་འཇུག་པ་ཡིན་པས་དེས་བསམ་པ། སངས་རྒྱས་བཅོམ་ལྡན་འདས་དེ་གྲོང་ཁྱེར་ས་དཀར་ཅན་ན་ས་དཀར་ཅན་གྱི་རི་ལ་གནོད་སྦྱིན་བ་ཀུ་ལའི་གནས་ན་བཞུགས་ཤིང། དེ་མཚན་མོ་ནམ་སྲོས་ཏེ་མུན་གནག་ཅིང་ཁད་ཀྱིས་ཅུང་ཟད་ཅུང་ཟད་ཆར་འབབ་ཅིང་གློག་འབྱུང་ན། བླ་གབ་མེད་པའི་འཆག་ས་ན་འཆག་སྟེ། མ་ལ་བདག་


DKG010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཉེ་བར་འགྲོའོ། །སྙམ་དུ་རིག་ནས་བཻ་ཌཱུརྱ་ལས་བྱས་པའི་དྲི་གཙང་ཁང་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་འཆག་པ་མཛད་པའི་ཞམ་འབྲིང་ན་འཆག་ཅིང་འདུག་གོ་། དེའི་ཚེ་ཡུལ་མ་ག་དྷ་པའི་མི་རྣམས་ཁྱེའུ་དང། བུ་མོ་ངུ་བ་གང་ཡིན་པ་དེ་དག་ལ་དེ་རྣམས་གནོད་སྦྱིན་བ་ཀུ་ལའི་མིང་གིས་བསྡིགས་པར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀླུ་སྐྱོང་གིས་འདི་སྙམ་དུ་བསམ་སྟེ། ཀྱེ་མ་བཅོམ་ལྡན་འདས་ཧ་ཅང་ཡུན་རིང་དུ་བླ་གབ་མེད་པའི་ འཆག་ས་ན་འཆག་པ་མཛད་པས། མ་ལ་བདག་གིས་དེ་ལ་གནོད་སྦྱིན་བ་ཀུ་ལས་བསྡིགས་སོ། །སྙམ་དུ་རིག་ནས་ལ་བ་ལྡོག་སྟེ་བགོས་ནས་འཆག་པའི་སླད་དུ་འདུག་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བ་ཀུ་ལ། བ་ཀུ་ལ། དགེ་སྦྱོང། ང་ནི། གནོད་སྦྱིན་བ་ཀུ་ལ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀླུ་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་བླུན་པོ། ཁྱོད་ཀྱང་དེ་བཞིན་གཤེགས་པ་ལ་གནོད་སྦྱིན་བ་ཀུ་ལས་བསྡིགས་པར་སེམས་སམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། བསྙེངས་པ་དང། བག་ཚ་བ་དང་བྲལ་བ་སྟེ། དེ་བཞིན་གཤེགས་པ་ལ་བསྙེངས་པའམ། ཞུམ་པའམ། སྤུ་ཟིང་ཞེས་བྱེད་པ་མི་མངའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་མ་དད་པར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཆོས་འདུལ་བ་འདི་ལ་འདི་འདྲ་བའི་གང་ཟག་ཀྱང་མཆིས་སམ། ཀོའུ་ཤི་ཀ། ཁྱོད་སྡོད་ཅིག་། གོའུ་ཏ་མའི་རིགས་ནི། རྒྱ་ཆེ་བ་ཡིན་པས། འདི་ཡང་ཕྱིས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི། དགེ་སློང་དག་ལ་བ་ལྡོག་སྟེ་གྱོན་པ་ལས་གྱུར་པར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་། མི་བླུན་པོ་ཀླུ་སྐྱོང་གིས་ལ་བ་ལྡོག་སྟེ་བགོས་ནས་དེ་བཞིན་གཤེགས་པ་ལ། བ་ཀུ་ལ། བ་ཀུ་ལ། དགེ་སྦྱོང། ང་ནི། གནོད་སྦྱིན་བ་ཀུ་ལ་ཡིན་ནོ། །ཞེས་ཟེར་ཏེ། དེ་ལྟ་བས་ན། དགེ་སློང་གིས་ལ་བ་ལྡོག་སྟེ་བགོ་བར་མི་བྱའོ། །གྱོན་ན། འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་


DKG010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལ་བ་ལྡོག་སྟེ་བགོ་བར་མི་བྱའོ། །གྱོན་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བཀའ་སྩལ་པ། དགེ་སློང་བ་ལང་གི་གནས་ན་འཁོད་པ་དེ་དག་གིས་དེར་ལ་བའི་བགོ་བ་དག་རྙེད་པ་དང། དེ་དག་ལ་ཤིག་ཞུགས་ཏེ་དགེ་སློང་རྣམས་ཤིག་གིས་ཟོས་པས། བདེ་བ་མི་ཐོབ་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལ་བ་ལྡོག་སྟེ་གྱོན་པས་འདུག་པར་བྱའོ། །ཉལ་བར་བྱའི། བཅག་པར་ནི། མི་བྱའོ། །སྡོམ་ནི། བེའུ་རས་དང་ནི་ལ་བ་དང། དེ་བཞིན་ལ་བའི་མཆོག་དང་ནི། །སྒྲོག་མིག་སྒྲོག་རྟེན་མདུད་པ་དང། །སྐ་རགས་དག་ནི་གསུམ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་། གལ་ཏེ་དགེ་འདུན་ལ་བེའུ་རས་གྲུབ་ན་ཡང་གནང་ལ། གང་ཟག་ལ་ཡང་གནང་ངོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཤིང་སྔ་མ་བཞིན་ཏེ། དགེ་འདུན་ལ་ལ་བ་གྲུབ་ན་ཡང་གནང་ལ། གང་ཟག་ལ་ཡང་གནང་ངོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཤིང་སྔ་མ་བཞིན་ཏེ། དགེ་འདུན་ལ་ལ་བ་མཆོག་གྲུབ་ན་ཡང་གནང་ལ། གང་ཟག་ལ་ཡང་གནང་ངོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་པ་ཞིག་འདུག་པ་དེ། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ཆོས་གོས་ནར་ནས་དེས་མྱུར་བ་མྱུར་བར་ལྷུང་བཟེད་ས་ལ་བཞག་ནས་དེ་ཚགས་བྱས་པ་དང། དེ་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་ཞིང་དགེ་སྦྱོང་ཤཱཀྱའི་བུ་རྣམས་ནི། གཙང་སྦྲ་མེད་དེ། ལྷུང་བཟེད་བབ་བབ་ཏུ་འཇོག་གོ་། ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་


DKG010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། དགེ་སློང་གིས་ལྷུང་བཟེད་བབ་བབ་ཏུ་བཞག་པར་མི་བྱའོ། །དགེ་སློང་ལྷུང་བཟེད་བབ་བབ་ཏུ་འཇོག་ན། འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་ཆོས་གོས་བསྲུང་བའི་ཕྱིར་ཆོས་ གོས་ཀྱི་སྒྲོག་མིག་གདགས་པར་བྱའོ། །དགེ་སློང་རྣམས་ཀྱིས་བཏགས་པ་དང། དེས་ཆོས་གོས་རལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲོག་ཟུངས་ཀྱིས་གློན་ལ་ཐོགས་ཤིག་། དགེ་སློང་རྣམས་ཀྱིས་སྒྲོག་ཟུངས་ཀྱིས་གླན་ནས་བཏགས་པ་དང། དེ་སྒྲོག་མདུད་མེད་པས། མ་ཆགས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུད་པ་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་པ་ཞིག་འདུག་པ་དེ། སྔ་དྲོ་ཤམ་ཐབས་དང། ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་དང། སྨད་གཡོགས་བསྙིལ་བ་དང། དེས་མྱུར་བ་མྱུར་བར་ལྷུང་བཟེད་ས་ལ་བཞག་སྟེ་དེ་ཚགས་བཅོས་སོ། །བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་བསྲུང་བའི་ཕྱིར་སྐ་རགས་རྣམ་པ་གསུམ་པོ། ཤུར་བུ་དང། ཤུར་བུ་ཕྲེའུ་དང། ལྕག་ཕོད་བཅང་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བདུན་པ། སྡོམ་ནི། སྟོན་པ་སེར་སྐྱའི་གནས་བཞུགས་པས། རྒྱན་སྤེལ་མ་དང་འཕྱང་འཕྲུལ་ཅན། །ཟླ་གམ་དང་ནི་གསེར་སྐུད་ཅན། །ཁྲ་བོ་ཐམས་ཅད་བཀག་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཤཱཀྱ་མིང་ཆེན་གྱི་ཁྱིམ་གྱི་ཞལ་ཏ་པ་དུས་ལས་འདས་པ་དང། རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས། ཤཱཀྱ་མིང་ཆེན་ག་ལ་བ་དེར་སོང་སྟེ་སྨྲས་པ། རྗེ། ཁྱོད་ཀྱི་ཁབ་ཀྱི་ཞལ་ཏ་པ་གུམ་ན། ཞལ་ཏ་པ་གཞན་ཞིག་བསྐོ་བར་གསོལ། དེས་དེའི་དྲུང་ན་བྲམ་ཟེའི་ཁྱེའུ་ཞིག་འདུག་པ་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ། རེ་ཞིག་ཁྱོད་སོང་ཞིག་། ཇི་ཙམ་ན་ཞལ་ཏ་པ་གཞན་ཞིག་བཏང་ངོ། ། དེ་སོང་ནས་དེས་ཆོས་བཞིན་དུ་རིགས་པར་སྤྱད་


DKG010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཔྱ་ནར་མ་དང། བླ་སྐྱེས་རབ་ཏུ་མང་པོར་ཕུལ་བ་དང། ཤཱཀྱ་མིང་ཆེན་གྱིས་སྨྲས་པ། བྲམ་ཟེའི་ཁྱེའུ། དཔྱ་ནར་མ་དང། བླ་སྐྱེས་འདི་ལྟར་མང་བ། ཁྱོད་ཀྱིས་སྐྱེ་བོའི་ཚོགས་ལ་གནོད་པར་མ་བྱས་གྲང། དེས་སྨྲས་པ། རྗེ་དཔྱ་ནར་མ་དང། བླ་སྐྱེས་འདི་རིགས་པས་མཆིས་པ་ལགས་ཏེ། བདག་གིས་སྐྱེ་བོའི་ཚོགས་ལ་གནོད་པ་བགྱིས་པ་མ་ལགས་སོ། །དེས་རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས་དེ་ལ་སྨྲས་པ། ཤེས་ལྡན་དག་། བྲམ་ཟེའི་ཁྱེའུ་འདིས། ཁྱེད་འགའ་ལ་གནོད་པ་མ་བྱས་གྲང། རྗེ། དཔྱ་ནར་མ་དང། བླ་སྐྱེས་འདི་རིགས་པས་མཆིས་པ་ལགས་སོ། །འདིས་འགའ་ལ་ཡང་གནོད་པ་མ་བགྱིས་སོ། །ཞེས་སྨྲས་པ་དང། དེས་དེ་རི་བྲག་གི་ཞལ་ཏ་པར་བཅུག་གོ་། འཇིག་རྟེན་ནི། འབྱོར་པ་འདོད་ཅིང། རྒུད་པ་དང་མི་མཐུན་པ་ཡིན་པས། དེ་ལ་བྲམ་ཟེ་གཞན་ཞིག་གིས་བུ་མོ་བྱིན་པ་དང། དེས་དེ་ཉི་མ་དང། ཚེས་གྲངས་དང། ཡུད་ཙམ་དང་སྦྱར་ནས་བག་མར་བླངས་སོ། །དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། བུ་ཁྱེའུ་ཞིག་བཙས་ཏེ། དེ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་སོ། །ཡང་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་ཡང་རྒྱ་ཆེར་བྱས་ནས་མིང་ཟླ་བ་ཞེས་བྱ་བར་བཏགས་སོ། །དེ་བསྐྱེད་བསྲིངས་ཏེ་ཆེན་མོར་གྱུར་པ་དང། དེ་མཁས་ཤིང་སྤྱོད་ལམ་དང། འགྲོ་འདུག་འོ་བཟེ་བས། རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་ཡིད་དུ་འོང་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེའི་ཁྱེའུ་དེ་ན་བར་གྱུར་ནས། རྩ་བ་དང། སྡོང་བུ་དང། ལོ་མ་དང། མེ་ཏོག་དང། འབྲས་བུའི་སྨན་གྱིས་རིམ་གྲོ་བྱས་ཀྱང། ནད་དེ་ཞི་བར་མ་གྱུར་ནས་རི་བྲག་པ་དེས་དཔྱ་ནར་མ་དང། བླ་སྐྱེས་ཕུལ་བ་གང་ཡིན་པ་དེ་དག་ཐམས་ཅད་སྤྱད་ཅིང། སྐྱིན་པོ་གཞན་དག་བླངས་ནས་འོན་ཀྱང་སོས་པར་མ་གྱུར་ནས་དེ་དེ་ཉིད་དུ་དུས་ ལས་འདས་སོ། །རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས་དག་ཤཱཀྱ་མིང་ཆེན་ག་ལ་བ་དེར་འོངས་ཏེ་སྨྲས་པ། རྗེ། ཞལ་ཏ་བ་དེ་ནི། གུམ་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་དེ་ན་དཔྱ་ནར་མ་དང་བླ་སྐྱེས་


DKG010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕུལ་བ་ཡོད་དམ། རྗེ། ཏེ་པོར་མང་དུ་ཕུལ་མོད་ཀྱི། དེས་བྲོ་འཚལ་བའི་ཡོ་བྱད་དུ་སྤྱད་ན། འོན་ཀྱང་སོས་པར་མ་གྱུར་ནས་སྐྱིན་པོ་གཞན་དག་ཀྱང་བགྱིས་སོ། །དེངས་ལ་དེ་ན་ལྷག་མ་ཅུང་ཟད་ཅི་ཡོད་པ་དེས་བུ་ལོན་སོབས་ཤིག་། རྗེ། དེ་ན་ཅུང་ཟད་ཀྱང་མ་མཆིས་ཏེ། ལུས་པར་བཏབ་ན། དེའི་མཆིས་བྲང་དང། བུ་ཕོ་དང། བུ་མོ་མཆིས་ཏེ། དེའི་བུ་མོ་དེ་མཁས་ཤིང་སྤྱོད་ལམ་དང། འགྲོ་འདུག་འོ་བཟེ་བ་ལགས་པས། རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་ཡིད་དུ་མཆི་བར་གྱུར་ཏོ། །མིང་ཆེན་གྱི་སྨྲས་པ། ཤེས་ལྡན་དག་། དེའི་ཆུང་མ་དང། བུ་ཕོ་དག་ཅི་དགར་ཐོང་ལ། བུ་མོ་དེ་འདིར་ཁུག་ཅིག་། དེ་རྣམས་ཀྱིས་དེའི་ཆུང་མ་དང། བུ་ཕོ་དེ་དག་ཅི་དགར་བཏང་ནས་བུ་མོ་དེ་མིང་ཆེན་གྱི་གན་དུ་ཁྲིད་དོ། །ཤཱཀྱ་མིང་ཆེན་གྱི་ཆུང་མ་རྒན་མོ་ཞིག་ཁ་ཟས་གཡོ་བ་དང། མེ་ཏོག་འཐུ་བའི་ལས་རྣམ་གཉིས་བྱེད་པ་དེས་སྨྲས་པ། ཇོ་བོ། དེ་ནི། བདག་ཤིན་ཏུ་རྒས་པས་སུག་ལས་རྣམ་གཉིས་བགྱིད་རྔོ་མི་ཐོགས་ན། ཟླ་བ་འདི་བདག་གི་ངན་གྲོགས་སུ་བསྐོར་གསོལ། དེས་དེ་ངན་གྲོགས་སུ་བསྐོས་སོ། །དེས་དེ་ལ་སྨྲས་པ། ཟླ་བ། ཁྱོད་ནི། ཀུན་དགའ་ར་བར་སོང་ལ་མེ་ཏོག་ཐུས་ཤིག་། ངས་ནི། ཁ་ཟས་གཡོའོ། །དེ་ཀུན་དགའ་ར་བར་སོང་ནས་མེ་ཏོག་བཏུས་ཏེ། དེ་ནས་ཕྲེང་བ་ལེགས་པར་བརྒྱུས་ནས་མིང་ཆེན་གྱི་གན་དུ་སོང་བ་དང། དེས་མཐོང་ནས་ཡོངས་སུ་དགའ་སྟེ་སྨྲས་པ། ལེགས་སོ། །ཞོག་ཅིག་ཅེས་སྨྲས་ནས་ཆུང་མ་རྒན་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་སྔོན་ནི། མེ་ཏོག་ཉུང་ལ། དེ་རིང་མང་བར་གྱུར། དེས་སྨྲས་པ། སྔོན་ནི། ཁྱོད་ཀྱི་གཉེན་དག་མཆིས་ནས་བདག་ལ་སློང་བ་ན། བདག་གིས་དེ་དག་ལ་སྩལ་ལ། འདིས་ནི། སུ་ལ་ཡང་མ་སྩལ་པ་དང། བདག་ནི། རྒས་པས་མིག་རྟུལ་ལ། འདི་ནི། མིག་རྣོ་བས་འཐུ་མཁས་པ་ལས་གྱུར་ཏོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན། དེ་ཀུན་དགའ་ར་བར་ཐོང་ལ་དེར་ཞོག་ཅིག་། དེས་དེ་ཀུན་དགའ་ར་བ་དེ་ཉིད་དུ་བཞག་པ་དང། དེ་མེ་ཏོག་གི་ཕྲེང་བ་བཟང་པོ་རྒྱུད་པར་བྱེད་པས། དེའི་མིང་ཕྲེང་ལྡན་མ་ཞེས་བྱ་བར་གྲགས་སོ། །དུས་གཞན་དེ་ཁྱིམ་ནས་རང་གི་ཟན་བླངས་ཏེ་ཀུན་དགའ་ར་བར་སོང་བ་དང། བཅོམ་ལྡན་འདས་ཀྱང་བསོད་སྙོམས་ལ་གཤེགས་སོ། །དེས་བཅོམ་ལྡན་འདས་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཤིན་ཏུ་


DKG010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཞིང་རབ་ཏུ་དགའ་བས་རྟོག་པར་བྱེད་ཅིང་བསམ་པ། འདི་ལྟ་བུའི་ཡོན་གནས་ཡང་དག་པ་ལ་བདག་གིས་བྱ་བ་མ་བྱས་པས། དེས་ན་བདག་འདི་ལྟ་བུའི་གནས་སྐབས་སུ་གྱུར་པར་གདོན་མི་ཟའོ། །དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལས་བསོད་སྙོམས་བཞེས་ན། བདག་གིས་བཅོམ་ལྡན་འདས་ལ་དབུལ་ལོ། །སྙམ་པ་དང། སྐབས་དེ་ལྟ་བུ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པ་དང། མི་གཟིགས་པ་དང། མི་རིག་པ་དང། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི། ཆོས་ཉིད་ཀྱིས་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྗེས་སུ་གཟུང་བའི་ཕྱིར་ལྷུང་བཟེད་བཞེད་དེ། སྲིང་མོ། ཁྱོད་ཀྱི་གལ་ཏེ་ཡོངས་སུ་བཏང་ན། ལྷུང་བཟེད་འདིར་བྱིན་ཅིག་། ཅེས་བཀའ་སྩལ་པ་དང། དེས་ཤིན་ཏུ་དད་པས་བཅོམ་ལྡན་འདས་ལ་བསོད་སྙོམས་དེ་ཕུལ་ནས་ཞབས་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། བདག་གི་དགེ་བའི་རྩ་བ་འདིས། བྲན་མོ་དང། དབུལ་པོར་མི་འགྱུར་བ་ཤོག་ཅིག་། ཇི་ཙམ་ན། དེའི་ཕའི་གྲོགས་པོ་བྲམ་ཟེ་མཚན་མཁན་ཞིག་ཡོད་པ་དེས་དེ་མཐོང་ནས་སྨྲས་པ། བུ་མོ། ཁྱོད་ག་ལས་འོངས། རི་བྲག་དེ་ཁོ་ན་ནས་སོ། །སུ་ལ་གནས་ཤིང་འདུག་། དེས་སྨྲས་པ། གང་ན་སྐལ་པ་ཆུང་ངུ་གནས་པ་ན་སྟེ། བདག་མིང་ཆེན་གྱི་བྲན་མོར་བགྱིས་སོ། །ཁྱོད་ཀྱི་ ཕ་དེ་གར་སོང། གུམ་མོ། །མ་དང། མིང་ཕོ་དེ་དག་གར་དོང། གར་མཆིས་མ་འཚལ་ཏོ། །ཟླ་བ། ཁྱོད་བྲན་མོའི་འོས་མ་ཡིན་ན། ལག་པ་རྐྱོངས་ཤིག་དང་བལྟའོ། །དེས་ལག་པ་བརྐྱང་པ་དང། དེས་བལྟས་ནས་ཚིགས་སུ་བཅད་དེ་སྨྲས་པ། གང་གི་ལག་པའི་མཐིལ་དག་ལ། །ལྕགས་ཀྱི་འཁོར་ལོའི་མཚན་ཡོད་པ། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །གང་གི་བཞིན་ནི་རྒྱས་པ་དང། །ངང་པའི་རྒྱལ་པོའི་གདངས་འདྲ་བ། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །གང་གི་རྐང་པའི་མཐིལ་དགལ། །གྲོང་ཁྱེར་ལྕོག་དང་རྟ་བབས་བཅས། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །


DKG010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མི་དགའ་བ་མ་བྱེད་པར་སོང་ཞིག་དང། ཁྱོད་བྲན་མོར་མི་འགྱུར་གྱི། ཁྱོད་རྒྱལ་པོའི་བཙུན་མོར་འགྱུར་རོ། །དེ་གནས་དེ་ནས་སྐྱེད་མོས་ཚལ་དུ་སོང་བ་དང། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་དྲགས་ཤོར་དུ་སོང་བ། རྟས་ཁ་ཁྱེར་ཏེ་གཅིག་པུ་སེར་སྐྱའི་གནས་སུ་ཕྱིན་ཏོ། །དེ་ཕན་ཚུན་འཁྱམས་པ་ལས། མིང་ཆེན་གྱི་ཀུན་དགའ་ར་བར་སོང་ནས་དེས་བུ་མོ་དེ་ལ་དྲིས་པ། བུ་མོ། འདི་སུའི་ཀུན་དགའ་ར་བ་ཡིན། དེས་སྨྲས་པ། ལྷ། ཤཱཀྱ་མིང་ཆེན་གྱི་ལགས་སོ། །དེས་རྟ་ལས་བབས་ཏེ། སྨྲས་པ། བུ་མོ། རྐང་པ་བཀྲུའི། ཆུ་ལོངས་ཤིག་། དེས་ཤིན་ཏུ་མྱུར་བར་རྫིང་བུར་སོང་སྟེ་ཉི་མའི་འོད་ཟེར་གྱིས་བསྲོས་པའི་ཆུ་བླངས་པ་དང། དེས་རྐང་པ་བཀྲུས་ནས་ཡུད་ཙམ་ཞིག་བསྡད་ཏེ་སྨྲས་པ། བུ་མོ། གདོང་བཀྲུའི་ཆུ་ལོངས་ཤིག་། དེས་ཆུའི་སྟེང་རིམ་ལག་པས་བསལ་ཏེ། ཆུ་ཧ་ཅང་དྲོ་བ་ཡང་མ་ཡིན། ཧ་ཅང་གྲང་བ་ཡང་མ་ཡིན་པ་བླངས་ནས་དེས་གདོང་བཀྲུས་སོ། །དེས་ཡང་སྨྲས་པ། བུ་མོ། བཏུང་དགོས་ཀྱི། ཆུ་ལོངས་ཤིག་དེས་ཆུ་རྣམ་པར་གློངས་ཏེ་ཆུ་བསིལ་པ་ལོ་མའི་སྣོད་དུ་བླངས་པ། རྒྱལ་པོས་འཐུངས་ནས་སྨྲས་པ། བུ་མོ། །ཀུན་དགའ་ར་བ་འདི་ན་རྫིང་བུ་གསུམ་ཡོད་དམ། ཅི་ན་ཁྱོད་ཀྱིས་ཆུ་རྣམ་པ་གསུམ་ཁྱེར་ཏེ་འོངས། དེས་སྨྲས་པ། ལྷ། འདི་ན་རྫིང་བུ་གཅིག་ཁོ་ན་མཆིས་ཀྱི། གསུམ་ནི། མ་མཆིས་སོ། །དེས་སྨྲས་པ། འོ་ན་ཁྱོད་ཀྱིས་ཆུ་རྣམ་པ་གསུམ་ག་ལས་ཁྱེར་ཏེ་འོངས། དེས་ཇི་ལྟར་གྱུར་པ་བརྗོད་པ་དང། རྒྱལ་པོས་སྨྲས་པ། དེ་ནི། གོའོ། །འདི་འདྲི་བར་བྱ་སྟེ། ཅིའི་ཕྱིར་ཁྱོད་ཀྱིས་ཆུ་རྣམ་པ་གསུམ་ཁྱེར་ཏེ་འོངས། དེས་སྨྲས་པ། ལྷ། བདག་གིས་དང་པོར་ཆབ་དྲོན་པོ་འཚལ་ཏེ་མཆིས་པ་ནི། ལྷ། མཉེལ་སོས་པར་བགྱི་བའི་སླད་དུའོ། །སྨྲད་ཀྱི་ཧ་ཅང་དྲོ་བ་ཡང་མ་ལགས། ཧ་ཅང་གྲང་བ་ཡང་མ་ལགས་པ་འཚལ་ཏེ་མཆིས་པ་ནི། དྲོ་བ་དང། གྲང་བ་གང་ལགས་པ་དག་སྤྱན་ལ་གནོད་པ་སྤང་བའི་སླད་དུའོ། །རྣམ་པར་གློངས་ནས་ཤིན་ཏུ་བསིལ་བ་འཚལ་ཏེ་མཆིས་པ་ནི། ལྷ་སྐྱེམས་པ་དང་བྲལ་བར་བགྱི་བའི་སླད་དུའོ། །དེས་བསམ་པ། བུ་མོ་འདི་ནི། མཁས་པ་ཡིན་ནོ། །སྙམ་དུ་རིག་ནས་སྨྲས་པ། བུ་མོ་མཛངས་ཤིང་མཁས་པ་ཁྱོད། རྐང་པ་མཉེ་དགོས་ཀྱི། རེ་ཞིག་མལ་ཆོས་ཤིག་། དེས་དེའི་རྐང་པ་


DKG010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པ་དང། དེ་རེག་བྱ་དང་ལྡན་པ་ཡིན་པས། མཉེས་མ་ཐག་ཉིད་དུ་དེ་གཉིད་ལོག་། དེ་གཉིད་ལོག་པ་དང། དེས་བསམ་པ། རྒྱལ་པོ་འདི་དག་ལ་ནི། དགྲ་མང་བས། གལ་ཏེ་འདི་གཉིད་ལོག་པ་ལ། འགའ་ཞིག་གིས་གནོད་པ་བྱས་ན། ངེས་པར་བདག་གི་རྗེ་བོ་ལ་གྲགས་པ་མ་ཡིན་པར་འགྱུར་བས། སྒོ་གཅད་པར་བྱའོ། །སྙམ་ནས་དེས་སྒོ་བཅད་དེ་འདུག་པ་དང། ཇི་ཙམ་ན་གཅིག་ནས་གཅིག་ཏུ་ཐོས་ཏེ་དཔུང་གི་ཚོགས་ཡན་ལག་བཞི་པ་དག་སྐྱེད་མོས་ཚལ་དེར་ལྷགས་ནས་དེ་རྣམས་སྒོ་ཕྱེ་ཞེས་ཟེར་རོ། །དེས་སྒོ་མ་ཕྱེ་བ་དང། རྒྱལ་པོ་ཀུ་ཅོའི་སྒྲས་སད་ནས་སྨྲས་པ། བུ་མོ། དེ་ཅི་ཞིག་། དེས་སྨྲས་པ། ལྷ། མི་དག་ཅིག་ཆབ་སྒོ་ཕྱེ་ཞེས་མཆི་ཞིང། ལྷའི་མཚན་ཀྱང་སྨོས་སོ། །དེས་སྨྲས་པ། བུ་མོ། སྒོ་འདི་སུས་བཅད། ལྷ། བདག་གིས་བཀུམ་མོ། །ཅིའི་ཕྱིར་བཅད། ལྷ། བདག་གི་གློ་བ་ལ་རྒྱལ་པོ་འདི་དག་ལ་ནི། དགྲ་མང་བས། གལ་ཏེ་འདི་མནལ་ལོག་པ་ལ་འགའ་ཞིག་གིས་གནོད་པ་བགྱིས་ན། ངེས་པར་བདག་གི་རྗེ་བོ་ལ་གྲགས་པ་མ་ལགས་པར་འགྱུར་རོ། །སྙམ་ནས་ དེའི་སླད་དུ་བདག་གིས་ཆབ་སྒོ་བཀུམ་མོ། །དེས་སྨྲས་པ། བུ་མོ་མཛངས་མ་མོ་ཁྱོད་ལ་ངའི་ཐེ་ཚོམ་འདི་འདྲི་བར་བྱ་སྟེ། རེ་ཞིག་ཁྱོད་མིང་ཆེན་གྱི་ཅིར་འོང་སྨྲོས་ཤིག་། དེས་སྨྲས་པ། བདག་དེའི་མངག་གཞུག་བགྱིད་པའི་བྲན་མོ་ལགས་སོ། །ཁྱོད་དེའི་མངག་གཞུག་བྱེད་པའི་བྲན་མོ་མ་ཡིན་གྱི། ཁྱོད་ངེས་པར་དེའི་བུ་མོ་ཡིན་གྱི། ཁྱོད་ཀྱིས་དྲང་པོར་སྨྲོས་ཤིག་། དེ་ཅང་མི་སྨྲ་བར་འདུག་པ་དང། རྒྱལ་པོས་སྨྲས་པ། བུ་མོ། ཁྱོད་མིང་ཆེན་གྱི་གན་དུ་སོང་ལ་རྒྱལ་པོ་གསལ་རྒྱལ་ཁྱོད་ཀྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཞེས་བྱོས་ཤིག་། དེ་མྱུར་བ་མྱུར་བར་སོང་སྟེ། ཇོ་བོ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁྱོད་ཀྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཞེས་སྨྲས་སོ། །ཤཱཀྱ་མིང་ཆེན་གྱིས་ཐོས་ནས་བཟའ་བ་དང། བཏུང་བ་དང། དྲི་དང། ཕྲེང་བ་དག་བཤམས་ནས་སྐྱེ་བོ་ཕལ་པོ་ཆེས་བསྐོར་ཏེ་ཀུན་དགའ་ར་བར་སོང་ངོ། །དེ་ནས་གཅིག་ལ་གཅིག་བྱོན་པ་ལེགས་སོ། །ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་པས་སོ་སོ་ཡང་དག་པར་དགའ་བར་བྱས་ནས་རྒྱལ་པོ་ཁྲུས་བྱས་ཤིང་ཟན་ཟོས་ནས་གཏམ་དག་བྱས་ཏེ་ཡུད་ཙམ་ཞིག་བསྡད་ནས་སྨྲས་པ། མིང་ཆེན་བུ་མོ་འདི་ཁྱོད་ཀྱི་ཅིར་འོང།


DKG010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མངག་གཞུག་བགྱིད་པའི་བྲན་མོ་ལགས་སོ། །འདི་ཁྱོད་ཀྱི་མངག་གཞུག་བྱེད་པའི་བྲན་མོ་མ་ཡིན་གྱི། འདི་ཁྱོད་ཀྱི་བུ་མོ་ཡིན་གྱི། ང་ལ་བྱིན་ཅིག་། དེས་སྨྲས་པ། ལྷ། ཤཱཀྱའི་བུ་མོ་གཞན་འདི་བས་ཆེས་ཁྱད་པར་དུ་འཕགས་པ་དག་མཆིས་ན། དེ་དག་བཞེས་སུ་གསོལ། འདི་ཅིར་འཚལ་རྒྱལ་པོས་སྨྲས་པ། འདི་ཉིད་ང་ལ་དགོས་ཀྱི། འདི་ང་ལ་བྱིན་ཅིག་། དེས་སྨྲས་པ། ལྷ། གལ་ཏེ་དེ་ལྟ་ན་ཚུལ་བཞིན་བགྱིས་ཏེ་དབུལ་ལོ། །དེ་བཞིན་བྱོས་ཤིག་། དེ་ནས་ཤཱཀྱ་མིང་ཆེན་གྱིས་གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་སྟེ། བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་ཀླུབས་ནས་གླང་པོ་ཆེ་ལ་བསྐྱོན་ཏེ་ལམ་པོ་ཆེ་དང། སྲང་དང། ལམ་གྱི་སུམ་མདོ་དང། བཞི་མདོ་དག་ཏུ་གྲོང་ཁྱེར་སེར་སྐྱའི་གནས་ན་འཁོད་པ་དང། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ ཚོགས་ལ། ཤེས་ལྡན་དག་ཉོན་ཅིག་། ཤཱཀྱ་མིང་ཆེན་གྱི་བུ་མོ་ཕྲེང་ལྡན་མ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོར་ཕུལ་ལོ། །ཞེས་དྲིལ་བསྒྲགས་པ་བྱས་སོ། །དེ་ནས་དེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོར་ཕུལ་བར་སྐྱེ་བོ་ཕལ་པོ་ཆེ་རྣམས་ཀྱིས་ཀྱང་ཤེས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དཔལ་གྱི་འབྱོར་བ་ཆེན་པོས་བླངས་ནས་མཉན་ཡོད་དུ་ཁྲིད་པ་དང། དེའི་མས་བདག་གི་བུས་བྲན་མོ་ཆུང་མར་བླངས་སོ། །ཞེས་ཐོས་ཏེ། དེ་ཀུན་ནས་དཀྲིས་པ་སྐྱེས་ནས་བསམ་པ། འདི་ནི། ངེས་པར་ཕ་དེའི་བུ་མ་ཡིན་པའམ། བདག་གི་ཁོང་དུ་དོན་མེད་པ་ཞིག་བསྲེལ་ཏེ། འདི་ལྟར་བྲན་མོའི་ཁྱོར་སྐྱེས་པར་གྱུར་ཏོ། །སྙམ་ནས་དེ་ཡང་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང། རྒྱལ་པོས་ཀྱང་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ། སོང་ལ་སྒྱུག་མོའི་ཞབས་ལ་ཕྱག་བྱོས་ཤིག་། དེ་སོང་སྟེ་དེའི་རྐང་པ་གཉིས་ལ་བཟུང་བ་དང། དེ་རེག་བྱ་དང་ལྡན་པ་ཡིན་པས། དེས་རེག་པ་ཙམ་གྱིས་དེ་གཉིད་ལོག་སྟེ། སད་ནས་བསམ་པ། བུ་ཟན་མའི་བུ་མོ་འདིའི་རེག་པ་འདི་འདྲ་བས། ཀོ་ས་ལའི་རིགས་འདི་རྒྱས་པར་འགྱུར་རོ། །སྙམ་མོ། །དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ། བཙུན་མོ་དམ་པ། རྒྱལ་རིགས་དབྱར་ཚུལ་མ་དང། ཕྲེང་ལྡན་མ་གཉིས་ཡོད་དེ། གང་གི་ཚེ་རྒྱལ་པོ་ཕྲེང་ལྡན་མ་དང་ཐབས་ཅིག་བཞུགས་པ་དེའི་ཚེ། ཕྲེང་ལྡན་མ་རྒྱལ་རིགས་དབྱར་


DKG010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མ་ནི། འདི་ལྟ་བུར་ཡང་གཟུགས་བཟང་ངོ། །ཞེས་དབྱར་ཚུལ་མའི་བསྔགས་པ་བརྗོད་པ་དང། དེས་སྨྲས་པ། ལྷ། དེ་བདག་གིས་ནམ་ཞིག་ན་མཐོང་བར་འགྱུར་ལགས། རྒྱལ་པོས་སྨྲས་པ། མ་རིངས་ཤིག་དང། རིང་པོ་མི་ཐོགས་པར་མཐོང་བར་འགྱུར་རོ། །དེ་རེ་བ་དང་བཅས་པས་འདུག་གོ་། གང་གི་ཚེ་རྒྱལ་རིགས་དབྱར་ཚུལ་མ་དང་ཐབས་ཅིག་འདུག་པ་དེའི་ཚེ་ཡང། དབྱར་ཚུལ་མ། ཕྲེང་ལྡན་མ་ནི། དེ་ལྟ་བུའི་རེག་བྱ་དང་ཡང་ལྡན་པ་ཡིན་ནོ། །ཞེས་ཕྲེང་ལྡན་མའི་བསྔགས་པ་བརྗོད་པ་དང། དེས་སྨྲས་པ། ལྷ། དེ་བདག་གིས་ནམ་ཞིག་ན་མཐོང་བར་ འགྱུར་ལགས། རྒྱལ་པོས་སྨྲས་པ། མ་རིངས་ཤིག་དང། རིང་པོ་མི་ཐོགས་པར་མཐོང་བར་འགྱུར་རོ། །དེ་དག་རྒྱལ་པོས་ཇི་ལྟ་ཇི་ལྟར་ཡ་མཚན་བསྐྱེད་པ་དེ་ལྟར་ཕན་ཚུན་མཐོང་བར་སྤྲོ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་སོ་གའི་དུས་ལ་བབ་སྟེ། ནགས་ཚལ་ན་ཤིང་རྣམས་མེ་ཏོག་རྒྱས་པར་གྱུར་ཅིང། ངང་པ་དང། ཁྲུང་ཁྲུང་དང། རྨ་བྱ་དང། ནེ་ཙོ་དང། རི་སྐེགས་དང། ཁུ་བྱུག་དང། ཤང་ཤང་ཏེའུ་སྒྲ་འབྱིན་པའི་སྐྱེད་མོས་ཚལ་གྱི་གནས་སུ་རྒྱལ་པོ་བཙུན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་གཤེགས་སོ། །བུད་མེད་ནི། མེ་ཏོག་དང། འབྲས་བུ་ལ་དགའ་བ་ཡིན་པས། སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་འཁྱམས་པར་བརྩམས་པ་དང། རྒྱལ་རིགས་དབྱར་ཚུལ་མ་ངལ་བས་སྐྱོ་ཞིང་སྙོམ་པར་གྱུར་ནས་ཤིང་མྱ་ངན་འཚང་ལ་བསྙེས་ཏེ་འདུག་པ་དང། ཇི་ཙམ་ན་ཕྲེང་ལྡན་མས་མཐོང་ངོ། །དེ་དེའི་གཟུགས་བཟང་བ་མཐོང་བས། ཤིང་གི་ལྷ་མོ་ཡིན་ནོ། །སྙམ་དུ་རིག་ནས་མོད་ལ་རྐང་པ་ལ་ཕྱག་བྱས་པ་དང། ཕྲེང་ལྡན་མའི་ལག་པས་རེག་མ་ཐག་པ་ཉིད་དུ་གཉིད་ལོག་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོས་དབྱར་ཚུལ་མ་ལ་ཕྲེང་ལྡན་མའི་བསྔགས་པ་བརྗོད་པར་བརྩམས་པ་དང། དེས་སྨྲས་པ། ལྷ། དེ་བདག་གིས་ནམ་ཞིག་ན་མཐོང་བར་འགྱུར་ལགས། རྒྱལ་པོས་སྨྲས་པ། དེ་ཁྱོད་ཀྱིས་མཐོང་ངོ། །ལྷ། བདག་མ་དྲན་ནོ། །ངས་ཁྱོད་དྲན་པར་བྱའོ། །ལེགས་སོ། །གང་གི་ལག་པ་གཉིས་ཀྱིས་ཁྱོད་ཀྱི་རྐང་པ་ལ་བཟུང་བ་དེ་དྲན་ནམ། ལྷ། དེ་ལྷ་མོ་ཕྲེང་ལྡན་མ་ལགས་སམ། དེ་ཡིན་ནོ། །ལྷ་གང་ཁྱོད་རེག་བྱ་དང་ལྡན་པའི་བཙུན་མོ་དེ་ལྟ་


DKG010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྤངས་ཏེ། བདག་གི་དྲུང་དུ་གཤེགས་པ་དེ་ནི། ཁྱོད་བདག་ལ་ངེས་པར་བྱམས་ཤིང་ཐུགས་གཅུགས་པ་ལགས་སོ། །དེ་བཞིན་དུ་ཕྲེང་ལྡན་མ་ལ། དབྱར་ཚུལ་མ་ནི། འདི་ལྟ་བུ་ཡིན་ནོ། །ཞེས་བསྔགས་པ་བརྗོད་པར་བརྩམས་པ་དང། དེས་སྨྲས་པ། ལྷ། བདག་གིས་ནམ་ཞིག་ན་མཐོང་བར་འགྱུར་ལགས། རྒྱལ་པོས་སྨྲས་པ། དེ་ཁྱོད་ཀྱིས་མཐོང་ངོ། །ལྷ། བདག་མི་དྲན་ནོ། །ངས་ཁྱོད་དྲན་པར་བྱའོ། །ལེགས་སོ། །ཁྱོད་ཀྱིས་ཤིང་མྱ་ངན་འཚང་ ལ་བསྙེས་ཏེ་འདུག་པ་གང་ལ་ཕྱག་བྱས་པ་དེ་དྲན་ནམ། ལྷ། ཅི་དེ་དབྱར་ཚུལ་མ་ལགས་སམ། དེ་ཡིན་ནོ། །ལྷ། གང་ཁྱོད་ཀྱིས་བཙུན་མོ་གཟུགས་བཟང་བ་དེ་ལྟ་བུ་སྤངས་ཏེ་བདག་གི་དྲུང་དུ་གཤེགས་པ་དེ་ནི། ཁྱོད་ངེས་པར་བདག་ལ་བྱམས་ཤིང་ཐུགས་གཅུགས་པ་ལགས་སོ། །སྐབས་དེར་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཙུན་མོ་དམ་པ་རྒྱལ་རིགས་དབྱར་ཚུལ་མ་དང། ཕྲེང་ལྡན་མ་གཉིས་ཡོད་དེ། དེ་དག་ལས་གཅིག་ནི། གཟུགས་བཟང་བ་རྣམས་ཀྱི་མཆོག་ཡིན་ལ། གཅིག་ཤོས་ནི། རེག་བྱ་དང་ལྡན་པ་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་ཕྱོགས་སུ་སྒྲ་གྲགས་པ་དང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་མོ་ཕྲེང་ལྡན་མ་དང། དབྱར་ཚུལ་མས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། གཅིག་ནི། རེག་བྱ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གྱུར་ལ། གཅིག་ཤོས་ནི། གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་། ལས་བྱས་ཤིང་བསགས་པ་དག་ནི། སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་


DKG010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་། སྔོན་བྱུང་བ་འདས་པའི་དུས་ན་རི་བྲག་ཅིག་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་ པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པས་བུ་ཁྱེའུ་ཞིག་བཙས་སོ། །ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། བུ་མོ་ཞིག་བཙས་ཏེ། དེ་དག་བསྲིངས་ཤིང་བསྐྱེད་ནས་ཆེན་པོར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན། བྲམ་ཟེ་དེ་ཆུང་མ་དང་བཅས་ཏེ་ཤི་ནས་བྲམ་ཟེའི་ཁྱེའུ་དེ་ཕ་མ་དང་བྲལ་བས་དབེན་པ་ལ་དགའ་བར་གྱུར་ཏེ། དེས་སྲིང་མོ་དེ་ཁྲིད་དེ། དགོན་པའི་གནས་སུ་སོང་ནས་འཁོད་དེ། དེར་དེ་དག་རྩ་བ་དང། སྡོང་བུ་དང། མེ་ཏོག་དང། འབྲས་བུ་དག་གིས་འཚོ་བར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། སྦྲུལ་ནག་པོ་ལ་ནི། ཉེས་དམིགས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། ཁྲོ་བ་དང། འཁོན་དུ་འཛིན་པ་དང། འཁུ་བ་དང། བྱས་པ་མི་གཟོ་བ་དང། དུག་རྣོ་བའོ། །དེ་བཞིན་དུ་བུད་མེད་ཁ་ཅིག་ལ་ཡང་ཉེས་དམིགས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། ཁྲོ་བ་དང། འཁོན་དུ་འཛིན་པ་དང། འཁུ་བ་དང། བྱས་པ་མི་གཟོ་བ་དང། དུག་རྣོ་བའོ། །དགེ་སློང་དག་། དེ་ལ་བུད་མེད་ཀྱི་དུག་རྣོ་བ་ནི། འདི་ཡིན་ཏེ། འདི་ལྟར་བུད་མེད་ནི། ཕལ་ཆེར་འདོད་ཆགས་ལྷག་པར་ཆེ་བའོ། །དེའི་སྲིང་མོ་དེ་ཉོན་མོངས་པ་དག་གིས་གདུངས་ནས། དེས་སྨྲས་པ་མིང་པོ། བདག་དགོན་པའི་རྩ་བ་དང། སྡོང་བུ་དང། མེ་ཏོག་དང། འབྲས་བུས་འཚོ་བའི་རྔོ་མི་ཐོགས་ཀྱི། གྲོང་མཐར་བཞུད་དོ། །དེས་དེ་ཁྲིད་དེ་གྲོང་མཐར་སོང་སྟེ། དེ་བྲམ་ཟེ་ཞིག་གི་དེར་སློང་མོ་ལ་ཞུགས་སོ། །དེས་སྲིང་མོ་དང་ལྷན་ཅིག་སློང་མོའི་ཕྱིར་གཅིག་ཅར་སྒྲ་ཕྱུང་བ། བྲམ་ཟེ་དེས་ཐོས་ཏེ་ཕྱིར་བྱུང་ནས་སྨྲས་པ། དྲང་སྲོང་དག་ཀྱང་ཆུང་མ་དང་བཅས་ཏེ་རྒྱུའམ། དེས་སྨྲས་པ། འདི་བདག་གི་ཆུང་མ་མ་ཡིན་གྱི། སྲིང་མོའོ། །འདི་སུ་ལ་བྱིན། སུ་ལ་ཡང་མ་བྱིན་ནོ། །གལ་ཏེ་དེ་ལྟ་ན། ཁོ་བོ་ལ་ཅིའི་ཕྱིར་མི་སྦྱིན། འདི་ནི། དམ་ པ་མ་ཡིན་པ་སྡིག་པའི་ཆོས་དེ་སྤངས་པ་ཡིན་ནོ། །དེ་འདོད་པའི་འདོད་ཆགས་ཀྱིས་གདུངས་


DKG010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྨྲས་པ། མིང་པོ། ཅི། བདག་དགོན་པའི་རྩ་བ་དང། སྡོང་བུ་དང། ལོ་མ་དང། མེ་ཏོག་དང། འབྲས་བུས་འཚོ་བར་རྔོ་མི་ཐོགས་པ་མེད་སྙམ་མམ། བདག་གིས་ནི། ཉོན་མོངས་པ་སྤང་རྔོ་མ་ཐོགས་པའི་སླད་དུ་ཁྱོད་ལ་དེ་སྐད་བགྱིས་ཀྱི། བདག་བྲམ་ཟེ་འདི་ལ་སྩོལ་ཅིག་། དེས་སྨྲས་པ། དེ་ནི། ཆོས་དང་འགལ་བས་ངས་ཁྱོད་སྦྱིན་པར་མི་བྱའི། ཁྱོད་ཉིད་ཤེས་པར་ཟད་དོ། །བྲམ་ཟེ་དེས་དེ་དང་དེའི་བསམ་པ་ཤེས་ནས་འབྱོར་བའི་དཔལ་ཆེན་པོས་དེ་བག་མར་བླངས་ཏེ་རང་གི་ཁྱིམ་དུ་བཅུག་གོ་། དེ་ནས་དེས་མིང་པོ་དེ་ལ་སྨྲས་པ། མིང་པོ་ཚུར་སྤྱོན། ཁྱོད་ཀྱིས་ཁ་བ་དབུབ་པར་མཛོད་ཅིག་དང་ཐབས་ཅིག་བཞུགས་སོ། །དེས་སྨྲས་པ། སྲིང་མོ། ཁོ་བོ་ནི། འདོད་པ་དོན་དུ་མི་གཉེར་ཏེ། ཁྱོད་ཀྱིས་གནང་ན། རབ་ཏུ་འབྱུང་ངོ། །དེས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་ཁྱོད་སྐབས་སྐབས་སུ་བདག་གཟིགས་ཤིང་བྱོན་ན། གནང་བར་བགྱིའོ། །དེས་སྨྲས་པ། ལེགས་ཏེ། དེ་བཞིན་བྱའོ། །དེ་དེས་གནང་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ། ། དེ་དགེ་བའི་རྩ་བ་བསྐྱེད་པ་ཡིན་པས་དེས་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ཏེ། རང་བྱང་ཆུབ་མངོན་སུམ་དུ་བྱས་ནས་དེས་བསམ་པ། བདག་གིས་སྲིང་མོ་དེ་ལ་འོང་ངོ། །ཞེས་དམ་བཅས་པས། དེའི་ཕྱིར་དེའི་གན་དུ་འགྲོ་བར་བྱའོ། །སྙམ་ནས་དེ་དེའི་གན་དུ་སོང་ངོ། །སོང་ནས་འབར་བ་དང། གསལ་བ་དང། ཆར་འབབ་པ་དང། གློག་འབྱུང་བའི་ཆོ་འཕྲུལ་དག་བྱ་བར་བརྩམས་པ་དང། སོ་སོའི་སྐྱེ་བོ་དག་ནི། རྫུ་འཕྲུལ་ལ་མྱུར་དུ་དད་པ་ཡིན་པས། དེ་ཤིང་དྲུངས་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། མིང་པོ། ཁྱོད་ཀྱིས་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་ཐོབ་བམ། ཐོབ་བོ། གལ་ཏེ་དེ་ལྟ་ན། ཁྱོད་ནི། བསོད་སྙོམས་དོན་དུ་གཉེར་བ་ལགས། བདག་ཀྱང་བསོད་ནམས་དོན་དུ་གཉེར་བ་ལགས་པས། དེའི་སླད་དུ་འདི་ཉིད་དུ་ བཞུགས་ཤིག་དང། ཁྱོད་ལ་བདག་གིས་བསོད་སྙོམས་དབུལ་བར་བགྱིའོ། །དེས་སྨྲས་པ། སྲིང་མོ། ཁྱོད་ནི་གཞན་ལ་རག་ལས་པ་ཡིན་གྱི། ཁྱིམ་ཐབ་ལ་ཇེ་དྲིས་ཤིག་། ལེགས་ཏེ། དེ་བཞིན་བགྱིའོ། །དེས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་གི་མིང་པོ་རབ་ཏུ་བྱུང་བ།


DKG010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་གྲུབ་པ། བདག་ཉིད་ཆེན་པོར་གྱུར་ཏེ། གལ་ཏེ་ཁྱོད་ཀྱིས་གནང་ན། བདག་གིས་ཟླ་བ་གསུམ་དུ་བསོད་སྙོམས་ལ་སྤྱན་དྲང་ངོ། །དེས་སྨྲས་པ། བཟང་མོ། གལ་ཏེ་འདི་རབ་ཏུ་བྱུང་བར་མ་གྱུར་ན། བདག་ཅག་གིས་མི་འདོད་བཞིན་གསོ་དགོས་པར་འགྱུར་ན། དེ་རབ་ཏུ་བྱུང་སྟེ་བརྟུལ་ཞུགས་གྲུབ་པ། བདག་ཉིད་ཆེན་པོར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས། སོང་ལ་སྤྱན་དྲོངས་ཤིག་། དེས་དེ་ཟླ་བ་གསུམ་དུ་བསོད་སྙོམས་ལ་སྤྱན་དྲངས་སོ། །བྲམ་ཟེ་དེའི་ཆུང་མ་གཉིས་པ་གཞན་ཞིག་ཡོད་པ་དེས་བསམ་པ། བདག་ཅག་ལོངས་སྤྱོད་ཐུན་མོང་ལས། འདི་ནི། བསོད་ནམས་འདི་ལྟ་བུ་བྱེད་ན། བདག་གིས་ཅིའི་ཕྱིར་མི་བྱ་སྙམ་དུ་རིག་ནས་དེ་ལ་སྨྲས་པ། ཕུ་ནུ་མོ། ཁྱོད་ཀྱི་དྲལ་གང་ལགས་པ་དེ་བདག་གི་མིང་པོ་ཡང་དེ་ཁོ་ན་ལགས་པས། ཁྱོད་ཀྱིས་གདུགས་གཅིག་བཤོས་གསོལ་ལ། བདག་གིས་ཀྱང་གདུགས་གཅིག་བཤོས་གསོལ་བར་བགྱིའོ། །དེས་སྨྲས་པ། ལེགས་ཏེ། དེ་བཞིན་བགྱིའོ། །རང་སངས་རྒྱས་ཀྱི་སྲིང་མོ་དེ། དེའི་སེམས་བསྲུང་བའི་ཕྱིར་ཟས་བསོད་པ། རེག་བྱ་ཕུན་སུམ་ཚོགས་པ། ཟས་དམན་པས་གཡོགས་ཏེ་དེ་ལ་བསྟན་ནས་ཕུ་ནུ་མོ། ཁྱོད་རྗེས་སུ་ཡི་རང་བྱོས་ཤིག་། བདག་གི་མིང་པོ་ལ་ཞལ་ཟས་འདི་ལྟ་བུ་གསོལ་ལོ། །དེས་སྨྲས་པ། ལེགས་སོ། །རྗེས་སུ་ཡི་རང་ངོ། །དེ་ཡང་དེའི་སེམས་བསྲུང་བའི་ཕྱིར་ཟས་དམན་པ། བསོད་པ་དག་གིས་གཡོགས་ཏེ་དེ་ལ་བསྟན་ནས་ཕུ་ནུ་མོ། ཁྱོད་ཀྱང་རྗེས་སུ་ཡི་རང་བ་གྱིས་ཤིག་། བདག་ཀྱང་དྲལ་ལ་ཞལ་ཟས་བསོད་པ། ཁ་དོག་ཕུན་སུམ་ཚོགས་པ་འདི་ལྟ་བུ་གསོལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། རང་སངས་རྒྱས་ཀྱི་སྲིང་མོ་གང་ཡིན་པ་དེས་རང་སངས་རྒྱས་ལ་རེག་བྱ་ཕུན་སུམ་ཚོགས་པ། ཟས་དམན་པས་ བཀབ་སྟེ་འབུལ་བ་གང་ཡིན་པ་དེ་ནི་ལྷ་མོ་ཕྲེང་ལྡན་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདིས་གང་རང་སངས་


DKG010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་རེག་བྱ་ཕུན་སུམ་ཚོགས་པ། ཟས་དམན་པས་བཀབ་སྟེ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས། ཚེ་རབས་ལྔ་བརྒྱ་ར་རེག་བྱ་དང་ལྡན་པར་གྱུར་ཏེ། དེའི་བར་དུ་ཡང་རེག་བྱ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །གཅིག་ཤོས་གང་ཡིན་པ་དེས། རང་སངས་རྒྱས་ལ་ཟས་དམན་པ། ཁ་དོག་ཕུན་སུམ་ཚོགས་པས་བཀབ་སྟེ་ཕུལ་བ་གང་ཡིན་པ་དེ་ནི་རྒྱལ་རིགས་དབྱར་ཚུལ་མ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་གང་འདིས། རང་སངས་རྒྱས་ལ་ཟས་དམན་པ། ཁ་དོག་ཕུན་སུམ་ཚོགས་པས་བཀབ་སྟེ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས། ཚེ་རབས་ལྔ་བརྒྱར་གཟུགས་བཟང་བར་གྱུར་ཏེ། ད་ལྟའི་བར་དུ་ཡང་གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །དགེ་སློང་དག་། དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་སྟེ་གཅིག་ཏུ་ནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་། འདི་ལྟར་བསླབ་པར་བྱའོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དུས་གཞན་ཞིག་ན་ལྷ་མོ་ཕྲེང་ལྡན་མ་སེམས་ཅན་ཞུགས་བར་གྱུར་ཏོ། །ཉི་མ་གང་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉི་མ་ལ་བྲམ་ཟེ་མདུན་ན་འདོན་གྱི་ཆུང་མ་ལ་ཡང་སེམས་ཅན་ཞུགས་པར་གྱུར་ཏེ། ཉི་མ་གང་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉི་མ་ནས་སྡུག་བསྔལ་གྱི་ཉེན་ཏོ། །ཇི་ཙམ་ན་ལྷ་མོ་ཕྲེང་ལྡན་མ་ཟླ་བ་དགུ་ལོན་ནས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་སོ། །དེའི་བཙས་བའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན། རྒྱལ་པོས་སྨྲས་པ། སོང་ལ་འདི་ཕྱི་མོ་ལ་ཕུལ་ཅིག་དང། དེ་ཉིད་མིང་འདོགས་པར་འགྱུར་རོ། ། བློན་པོ་རྣམས་ཀྱིས་དེ་ཁྱེར་ཏེ་དེའི་གན་དུ་དོང་ནས་སྨྲས་པ། ལྷ་མོ། ལྷའི་ཞལ་ནས་གཞོན་ནུའི་མིང་གདགས་སུ་གསོལ་ཞེས་བྱུང་ངོ། །དེས་སྨྲས་པ། ཤེས་ལྡན་དག་། ངས་དང་པོ་ཉིད་ནས་བུ་ཟན་མའི་བུ་མོ་འདིས་ཀོ་ས་ལའི་རིགས་འདི་རྒྱས་པར་འགྱུར་རོ། །ཞེས་མ་སྨྲས་སམ། བློན་པོ་དག་གིས་ སྨྲས་པ། དེའི་དོན་འཚལ་ཏེ། ལྷ་མོས་འདི་མ་བལྟམས་པ་ཉིད་ནས་འཕགས་སྐྱེས་པོ་ཞེས་ཀུན་ཏུ་སྤྱད་པས། དེའི་སླད་དུ་གཞོན་ནུའི་མཚན་འཕགས་སྐྱེས་པོ་ཞེས་གདགས་སོ། །ཞེས་དེའི་མིང་འཕགས་སྐྱེས་པོ་ཞེས་བྱ་བར་བཏགས་སོ། །གང་གི་ཉིན་པར་གཞོན་ནུ་འཕགས་སྐྱེས་པོ་བཙས་པ་དེ་ཉིད་ཀྱི་ཉི་མ་ལ་མདུན་ན་འདོན་གྱི་བུ་བཙས་ནས་དེའི་ཉེ་དུ་དག་ཀྱང་འོངས་ཤིང་འདུས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན། དེ་ན་ཁ་ཅིག་གིས་སྨྲས་པ། འདི་གང་གི་ཉི་མ་ལ་མའི་མངལ་དུ་ཞུགས་པ་དེའི་ཉིན་མོ་ཉིད་ནས་མ་སྡུག་བསྔལ་གྱིས་ཉེན་ཅིང། སྐྱེས་ནས་ཀྱང་སྡུག་


DKG010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་ཁོ་ན་ཡིན་པས། དེའི་ཕྱིར་ཁྱེའུའི་མིང་མ་ལ་གནོད་ཅེས་གདགས་སོ། །ཞེས་དེའི་མིང་མ་ལ་གནོད་ཅེས་བྱ་བར་བཏགས་སོ། །གཞོན་ནུ་འཕགས་སྐྱེས་པོ་མ་མ་བརྒྱད་པོ། ནུ་མ་བསྣུན་པའི་མ་མ་གཉིས་དང། པང་ན་འཚོ་བའི་མ་མ་གཉིས་དང། དྲི་མ་འཕྱི་བའི་མ་མ་གཉིས་དང། རྩེ་གྲོགས་ཀྱི་མ་མ་གཉིས་ལ་གཏད་དེ། མ་མ་བརྒྱད་པོ་དེ་དག་གིས། འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་ཁུ་དང། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་གཙོ་བོ་དག་གིས་རྫིང་ན་གནས་པའི་པདྨ་བཞིན་དུ་བསྲིངས་ཤིང་བསྐྱེད་དོ། །གང་གི་ཚེ་དེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་བསླབ་སྟེ་ཡི་གེ་མཐར་ཕྱིན་ནས་བརྟག་པ་བརྒྱད་པོ། འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང། ཤིང་བརྟག་པ་དང། གཞི་བརྟག་པ་དང། གོས་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། བུད་མེད་བརྟག་པ་དང། སྐྱེས་པ་བརྟག་པ་ལ་མཁས་བར་གྱུར་ཅིང། དབྱེ་བ་དང། བཀླག་པ་ལ་མཁས་ཤིང། སྤྱོད་པ་གསལ་བ། རྣམ་པ་ཐམས་ཅད་ཀྱི་ཚུལ་ལ་མཁས་ཏེ། དེ་རྒྱལ་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་གྱི་དབང་ཕྱུག་མཐུ་དང་བརྩོན་འགྲུས་ཐོབ་པ། སའི་དཀྱིལ་འཁོར་ཆེན་པོ་ཚན་དུ་ཕབ་སྟེ་གནས་པ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང། རྟ་ལ་ ཞོན་པ་དང། ཤིང་རྟའི་ཐབས་དང། རལ་གྲིའི་ཐབས་དང། གཞུ་བཟུང་བ་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། ལྕགས་ཀྱུས་བསྒྱུར་ཐབས་དང། ཞགས་པ་གདབ་པ་དང། མདའ་བོ་ཆེའི་འཕེན་ཐབས་དང། འཛིན་སྟངས་དང། གོམ་སྟབས་དང། ཐོར་ཚུགས་དང། རྒྱང་ནས་ཕོག་པ་དང། སྒྲ་གྲགས་པར་ཕོག་པ་དང། གནད་དུ་ཕོག་པ་དང། མི་འཚོར་བར་ཕོག་པ་དང། ཚབས་ཆེ་བ་དང། དྲལ་བ་དང། དབུག་པ་དང། གཅད་པའི་གནས་ལྔ་པོ་དག་ལ་མཁས་པར་གྱུར་ཏོ། །ཁྱེའུ་མ་ལ་གནོད་ཀྱང་མ་མ་བརྒྱད་པོ་དག་ལ་གཏད་དེ་ཞེས་བྱ་བ་ནས་རྫིང་ན་གནས་པའི་པདྨ་བཞིན་དུ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་བསླབ་སྟེ། བྲམ་ཟེའི་ལྟ་བ་དང། སྤྱོད་ལམ་དང། ཚུལ་དང། གཙང་སྦྲ་དང།


DKG010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཚུལ་དང། རིལ་བ་བཟུང་བ་དང། ས་བླང་བ་དང། ཐལ་བ་བླང་བ་དང། ཨཱོཾ་ཞེས་བྱ་བ་དང། བྷོ་ཞེས་བྱ་བ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། དྲང་སྲོང་[~GR+GS]་བྱས་པ་དང། མ་ཋ་རས་བྱས་པ་དང། ས་གཡོ་བའི་དཔྱད་དང། བར་སྣང་གི་དཔྱད་དང། བྲམ་ཟེའི་ལས་ཀྱི་མཐའ་དྲུག་པོ། མཆོད་སྦྱིན་བྱེད་པ་དང། མཆོད་སྦྱིན་བྱེད་དུ་འཇུག་པ་དང། ཀློག་པ་དང། ཀློག་ཏུ་འཇུག་པ་དང། སྦྱིན་པ་དང། ལེན་པ་དག་ལ་མཁས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་འཕགས་སྐྱེས་པོ་དང། མ་ལ་གནོད་ལྷན་ཅིག་རི་དྭགས་བཤོར་བའི་ཕྱིར་དོང་བ་དང། དེ་རྟས་ཁ་ཁྱེར་ཏེ་སེར་སྐྱའི་གནས་སུ་ཕྱིན་ནས་དེ་དང་དེ་དག་ན་འཁྱམས་ཞིང། སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཀྱི་སྐྱེད་མོས་ཚལ་དུ་སོང་ངོ། །སྐྱེད་མོས་ཚལ་སྲུང་བའི་མིས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལ་སྨྲས་པ། ཤེས་ལྡན་དག་། འཕགས་སྐྱེས་པོ་རྟས་ཁ་ཁྱེར་ཏེ་ཁྱོད་ཀྱི་སྐྱེད་མོས་ཚལ་དུ་འོངས་སོ། །དེ་རྣམས་མི་བཟོད་པ་སྐྱེས་ནས་སྨྲས་པ། ཤེས་ལྡན་དག་། གལ་ཏེ་དེ་ལྟ་ན། དུས་ལ་བབ་པ་འདི་ཡིན་གྱི། འདོང། དེ་གསད་དོ། །དེ་བཞིན་བྱའོ། །ཞེས་དེ་རྣམས་གོ་བགོས་ཏེ་དོང་བ་དང། ཤཱཀྱ་རྒན་རབས་རྣམས་ཀྱིས་མཐོང་ནས་ དེ་དག་གིས་སྨྲས་པ། གཞོན་ནུ་དག་གར་དོང། དེ་རྣམས་ཀྱིས་སྨྲས་པ། འཕགས་སྐྱེས་པོ་བདག་ཅག་གི་སྐྱེད་མོས་ཚལ་དུ་མཆིས་ཏེ། དེ་འགུམ་དུ་མཆིའོ། །ཤཱཀྱ་རྒན་རབས་རྣམས་ཀྱིས་སྨྲས་པ། གཞོན་ནུ་དག་། དེ་གློ་བུར་བ་ཡིན་པས། དེའི་ཉེས་པ་འགའ་བཟོད་པ་གྱིས་ལ་ཕྱིར་ལོག་ཅིག་། དེ་རྣམས་ཕྱིར་ལོག་པ་དང། ཇི་ཙམ་ན་འཕགས་སྐྱེས་པོའི་དཔུང་གི་ཚོགས་ཡན་ལག་བཞི་པས་གཅིག་ནས་གཅིག་ཏུ་ཐོས་ནས་ཚོལ་ཞིང་སྐྱེད་མོས་ཚལ་དུ་འོངས་ནས་དཔུང་གི་ཚོགས་ཡན་ལག་བཞི་པས། སྐྱེད་མོས་ཚལ་ཀུན་ནས་ཁྱབ་པར་གྱུར་པ་དང། སྐྱེད་མོས་ཚལ་སྲུང་བའི་མིས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལ་སྨྲས་པ། ཤེས་ལྡན་དག་། འཕགས་སྐྱེས་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམས་སྐྱེད་མོས་ཚལ་དུ་ལྷགས་ཏེ། གླང་པོ་ཆེ་དང། རྟའི་མི་གཙང་བ་དག་གིས་སྐྱེད་མོས་ཚལ་ཐམས་ཅད་མ་རུང་བར་བྱས་སོ། །དེ་རྣམས་


DKG010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མི་བཟོད་པ་སྐྱེས་ནས་ཤཱཀྱ་རྒན་པོའི་ཚིག་བཅག་སྟེ་འཕགས་སྐྱེས་པོ་གསད་པའི་ཕྱིར་དོང་བ་དང། འཕགས་སྐྱེས་པོས་འདི་ལྟར་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་བདག་གསོད་དུ་འོང་ངོ། །ཞེས་ཐོས་ནས་དེས་མི་ཞིག་བཞག་སྟེ་སྨྲས་པ། ཀྱེ་སྐྱེས་བུ། གུད་དུ་འགྲོའི། ཁྱོད་ཀྱིས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཅི་ཟེར་བ་དེ། ང་ལ་ཟློས་ཤིག་། སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་སྐྱེད་མོས་ཚལ་དུ་འོངས་པ་ན། འཕགས་སྐྱེས་པོ་མི་སྣང་ནས་དེ་རྣམས་ཀྱིས་མི་དེ་ལ་བྲན་མོའི་བུ་དེ། གར་སོང་ཞེས་དྲིས་པ་དང། དེས་སྨྲས་པ། བྲོས་ཏེ་མཆིས་སོ། །དེ་དག་ལས་ཁ་ཅིག་གིས་སྨྲས་པ། དེ་གལ་ཏེ་བདག་ཅག་གིས་མཐོང་བར་གྱུར་ན། བདག་ཅག་གིས་དེའི་ལག་པ་གཅད་པར་འགྱུར་རོ། །གཞན་དག་གིས་སྨྲས་པ། གལ་ཏེ་བྲོས་པར་མ་གྱུར་ན། དེ་ཁོ་བོ་ཅག་གིས་རྐང་པ་གཅད་པར་འགྱུར་རོ། །ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་གིས་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་ཕྲལ་བར་ འགྱུར་བ་ཞིག་ན། གལ་ཏེ་བྲོས་ན། དེ་ཇི་ལྟར་བྱ། དེ་དག་གིས་གླ་མི་རྣམས་ལ་བསྒོ་བ། སྐྱེད་མོས་ཚལ་ཕྱག་དར་བྱོས་ལ་བྲན་མོའི་བུས་ཕྱོགས་གང་དུ་བཅགས་པའི་ཕྱོགས་དེའི་ས་དག་འོ་ར་ལ། ས་གཞན་གྱིས་ཁོངས་ཤིག་། རྩིག་པའི་ཕྱོགས་གང་ལ་བརྟེན་པ་དེ་དག་ཀྱང་ཞལ་ཞལ་ཁོགས་ལ། གཞན་གྱིས་ཡུགས་ཤིག་། འོ་མའི་ཆུས་ཆག་ཆག་ཐོབ་ལ། སྤོས་ཆུས་བཏབ་སྟེ། དྲི་དང་མེ་ཏོག་ལ་སོགས་པས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་བྱོས་ཤིག དེས་དེ་བཞིན་དུ་བྱས་སོ། །དེ་ནས་མི་དེས་ཇི་ལྟར་གྱུར་པ་དག་མཐོང་ནས་འཕགས་སྐྱེས་པོའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་གོ་། འཕགས་སྐྱེས་པོས་སྨྲས་པ། ཀྭའི་སྐྱེས་བུ། སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཅི་ཟེར། ལྷ་ཇི་སྐད་མཆི་བ་ལྷ་ལ་གསོལ་བའི་རྔོ་མི་ཐོགས་ཏེ། དེ་ནི་དེ་དག་ཉིད་ལ་གྱུར་ཅིག་ཀྭའི་སྐྱེས་བུ་དེ་ཡང་ཤེས་པ་ཙམ་དུ་བྱའི། སྨྲོས་ཤིག་། དེས་དེ་དུས་ཀྱིས་འཆུ་བར་རྟོགས་ནས་རྒྱས་པར་བསྙད་པ་དང། དེས་ནང་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་། གང་གི་ཚེ་ང་ཡབ་འདས་ཏེ་རྒྱལ་པོར་གྱུར་པ་དེའི་ཚེ། ངས་དེ་དག་སྲོག་དང་བྲལ་བ་གང་ཡིན་པ་དེ་ཁོ་ན་ཐོག་མར་བྱ་དགོས་ཀྱི། ཁྱོད་ཀྱིས་ཇི་ལྟར་གྱུར་པ་འདི་ཐམས་ཅད་སྐུལ་ཅིག་དང། ངས་


DKG010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཁ་གདག་གོ་། དེ་རྣམས་ཀྱིས་ཀྱང་ཁས་བླངས་སོ། །མ་ལ་གནོད་ཀྱིས་སྨྲས་པ། ལེགས་སོ། །ལེགས་སོ། །ལྷ་ཁྱོད་ཀྱིས་ཀྱང་དེ་ནི། གདོན་མི་འཚལ་བར་བགྱིད་འཚལ་ཏེ། དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ལགས་སོ། །དེས་སྨྲས་པ། ང་དུས་ཇི་ཙམ་ཞིག་ན་རྒྱལ་པོར་འགྱུར་བ་དེ་མི་ཤེས་སོ། །མ་ལ་གནོད་ཀྱིས་སྨྲས་པ། དེ་ལྟར་མ་དགོངས་ཤིག་། རྒྱལ་པོ་བགྲེས་པོ་ནི། རིང་པོ་མི་ཐོགས་པར་ལྷ་ཉིད་དུ་གཤེགས་པས། ཁྱོད་ཉིད་རྒྱལ་པོར་འགྱུར་རོ། །འདོད་པ་བསྟེན་པས་ནི། སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་བས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བློན་པོ་ལྔ་བརྒྱ་ཡོད་པ་ལས་འཕགས་སྐྱེས་པོས་བློན་པོ་རྣམས་དང་དབྱེ་བར་བརྩམས་པ་དང། སྤྱོད་པའི་བུ་རིང་པོ་མ་གཏོགས་པ་ཐམས་ཅད་ཁ་ཕྱིན་ཏོ། །བློན་པོའི་ མཆོག་དེ་ནི། རྗེ་བོ་ལ་སྙིང་ཉེ་བ་ཡིན་པས་ཁ་མ་ཕྱིན་ཏོ། །ཇི་ཙམ་དུས་གཞན་ཞིག་ན་སྤྱོད་པའི་བུ་རིང་པོ་བྱ་བ་ཞིག་གི་ཕྱིར་འཕགས་སྐྱེས་པོའི་གན་དུ་སོང་བ་དང། འཕགས་སྐྱེས་པོས། རྒྱལ་པོ་གསལ་རྒྱལ་གསོད་པའི་སྦྱོར་བས། སྤྱོད་པའི་བུ་རིང་པོ་ལ་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལ་ངས་ཤ་གླན་པར་བྱ་ན། ང་ནམ་རྒྱལ་པོར་འགྱུར་བ་སྨྲོས་ཤིག་། དེས་སྨྲས་པ། ལྷ། ཅིའི་སླད་དུ་བསོད་ནམས་མ་ལགས་པ་སྐྱེད་པར་མཛད། རྒྱལ་པོ་བགྲེས་པོ་ནི། རིང་པོ་མི་ཐོགས་པར་ལྷ་ཉིད་དུ་གཤེགས་ཏེ། རྒྱལ་པོར་གཞན་མི་འགྱུར་གྱི། ཁྱོད་ཉིད་འགྱུར་རོ། ། སྤྱོད་པའི་བུ་རིང་པོ། དེ་ནི། ངས་བགམ་པར་ཁྱོད་ཁོ་ན་ལ་སྨྲས་ཀྱི། ཁྱོད་ཀྱིས་སུ་ལ་ཡང་སྨྲ་བར་མི་བྱའོ། །ལྷ། བདག་གིས་མ་འཚལ་ཏམ་ཅི། སུ་ལ་ཡང་ཇི་ལྟར་བརྗོད་པར་བགྱི་ཞེས་སྨྲས་ཏེ་སོང་ངོ། །དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན། ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ཞེས་བྱ་བ་ན་བཞུགས་ཏེ། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཞོན་པ་བཟང་པོ་ལ་ཞོན་ཏེ་ཁ་ལོ་སྒྱུར་བ་སྤྱོད་པའི་བུ་རིང་པོ་དང་ལྗོངས་རྒྱུ་ཞིང་འགྲོ་བ་ན། གྲོང་ཁྱེར་ཞིག་ཏུ་ཕྱིན་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགོན་པའི་ནགས་འདབ་བས་མཐའི་གནས་མལ། དབེན་པ། སྐྱེ་བོ་སྡིག་ཅན་དང་བྲལ་བ། མི་ཆིག་རྐྱ་ཐུབ་པས་སོ་སོར་བསྟེན་པ། ནང་དུ་ཡང་དག་འཇོག་དང་མཐུན་པ་མཐོང་ངོ། །མཐོང་ནས་ཡང་སྤྱོད་པའི་བུ་རིང་པོ་


DKG010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨྲས་པ། སྤྱོད་པའི་བུ་རིང་པོ། བཅོམ་ལྡན་འདས་དེ། དགོན་པ། ནགས་འདབ། བས་མཐའི་གནས་མལ། དབེན་པ། སྐྱེ་བོ་སྡིག་པ་ཅན་རྣམས་དང་བྲལ་བ། མི་ཆིག་རྐྱ་ཐུབ་པས་སོ་སོར་བསྟེན་པ། ནང་དུ་ཡང་དག་འཇོག་དང་མཐུན་པ་འདི་ལྟ་བུ་ན་བཞུགས་ཏེ། དེར་ངས་བཅོམ་ལྡན་འདས་དེ་ལ་རེས་འགའ་བསྙེན་བཀུར་བྱས་ན། རིང་པོ། བཅོམ་ལྡན་འདས་དེ་ལྟར་གང་ན་བཞུགས། ཇི་ག་ཁྱོད་ཀྱི་ཐོས་སམ། ལྷ། བདག་གིས་ཐོས་ཏེ། བཅོམ་ལྡན་འདས་ནི། ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ཞེས་བགྱི་ བ་ན་བཞུགས་སོ། །རིང་པོ། ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ཞེས་བྱ་བར་ཐག་ཇི་སྲིད་ཡོད། ལྷ། རྒྱང་གྲགས་གསུམ་ལྷག་ཙམ་མཆིས་སོ། །དེས་རིང་པོ། ཤཱཀྱ་རྣམས་ཀྱི་གྲོང་རྡལ་མེ་ཙུ་རུ་དི་ག་ལ་བ་དེར་ཤིང་རྟ་དྲོངས་ཤིག་། ལྷ། དེ་བཞིན་འཚལ་ལོ། །ཞེས་སྤྱོད་པའི་བུ་རིང་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ལྟར་མཉན་ནས་ཤཱཀྱ་རྣམས་ཀྱི་གྲོལ་རྡལ་མེ་ཙུ་རུ་དི་ག་ལ་བ་དེར་ཤིང་རྟ་ཁྲིད་དེ་བཞོན་པས་འགྲོ་བའི་ས་ཇི་སྲིད་པ་དེ་སྲིད་དུ་ཞོན་ཏེ་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གཙུག་ལག་ཁང་ཆེན་པོ་སྒོ་བཅད་པ་ཞིག་ན་ཉིན་མོ་གནས་པས་བཞུགས་སོ། །དགེ་སློང་མང་པོ་རྣམས་ནི། གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པའི་འཆག་ས་ན་འཆག་པར་བྱེད་པ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་ངོ། །དགེ་སློང་མང་པོ་དག་ཐག་རིང་པོ་ཉིད་ནས་མཐོང་ནས་ཀྱང་དགེ་སློང་མང་པོ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་མང་པོ་དག་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དག་། བཅོམ་ལྡན་འདས་ག་ལ་བཞུགས་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་ནི། གཙུག་ལག་ཁང་ཆེན་པོ་ཆབ་སྒོ་བཀུམ་པ་འདི་ན་ཉིན་མོ་གནས་པས་བཞུགས་ཏེ། རྒྱལ་པོ་ཆེན་པོ། ཁྱེད་བཞེད་ན། གཙུག་ལག་ཁང་ཆེན་པོ་སྒོ་བཀུམ་པ་ག་ལ་བར་བཞུད་དེ། དེར་བྱོན་པ་དང། ཁད་ཀྱིས་དལ་བུས་སྒོ་གླེགས་ལ་རྡུངས་ཤིག་དང། བཅོམ་ལྡན་འདས་ཆབ་སྒོ་འབྱེད་པར་འགྱུར་རོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོའི་རྟགས་ལྔ་པོ། གཙུག་ཏོར་དང། གདུགས་དང། རལ་གྲི་དང། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང། ལྷམ་ཁྲ་བོ་དག་ཕུད་དེ་སྤྱོད་པའི་བུ་རིང་པོ་ལ་བྱིན་ནས་ཁ་ཕྱིར་ལྟའོ། །དེ་ནས་སྤྱོད་པའི་བུ་རིང་པོ་འདི་སྙམ་དུ་སེམས་ཏེ། ལྷས་རྒྱལ་པོའི་རྟགས་


DKG010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ། གཙུག་ཏོར་དང། གདུགས་དང། རལ་གྲི་དང། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང། ལྷམ་ཁྲ་བོ་དག་བདག་ལ་བཞག་སྟེ་ཞལ་ཕྱིར་གཟིགས་པ་ལས་ན། ལྷ་ནི། འཕྲིན་ལས་གསང་བ་ཞིག་མཛད་པར་བཞེད་པས། བདག་འདི་ཉིད་དུ་འདུག་པར་བྱའོ། །སྙམ་མོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཙུག་ལག་ཁང་ཆེན་པོ་སྒོ་གཅད་ པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁད་ཀྱིས་དལ་བུ་དལ་བུས་སྒོ་གླེགས་ལ་བརྡབས་པ་དང། དེ་ལ་བཅོམ་ལྡན་འདས་ཀྱིས་སྒོ་ཕྱེའོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་གདོང་དང། ཁ་ཕྱིས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིང་མོ་ཞིག་ལགས་ནས་མཐོང་ངོ། །བདེ་བར་གཤེགས་པ་བདག་གིས་རིང་མོ་ཞིག་ལགས་ནས་མཐོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་ཤིན་ཏུ་དམན་པ་བས་ཀྱང་ཆེས་དམན་པ་བྱེད། བཙུན་པ། བཅོམ་ལྡན་འདས། བདག་ལ་ཆོས་ལས་བྱུང་བའི་དད་པ་མཆིས་ཏེ། དེས་ན། བདག་འདི་སྙམ་དུ། བཅོམ་ལྡན་འདས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཁྱོད་ཀྱི་ཆོས་འདུལ་བ་ནི། ལེགས་པར་གསུངས་པའོ། །ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པའོ། །སྙམ་མོ། །རྒྱལ་པོ་ཆེན་པོ། ཁྱོད་ང་ལ་ཆོས་ལས་བྱུང་བའི་དད་པ་ཇི་ལྟ་བུ་ཞིག་ཡོད། བཙུན་པ། བདག་གིས་འདི་ན་དགེ་སྦྱོང་དང། བྲམ་ཟེ་མཁས་པ། མཁས་པའི་ང་རྒྱལ་ཅན་སྨྲ་བ་དང། ཕས་ཀྱི་རྒོལ་བ་ལ་གོམས་པར་བགྱིས་པ། སྐྱེ་བོ་ཕལ་པོ་ཆེ་ལ་བྱིས་པའི་དང་བས་འབིགས་པའི་ངོ་བོར་བཀུར་བ་ཁ་ཅིག་མཐོང་སྟེ། དེ་དག་རང་གི་ཤེས་རབ་དང་སྤོབས་པས། གཞན་གྱི་ལྟ་བའི་རྣམ་པ། འདྲེན་མའི་ངོ་བོ་དག་འཇིག་ཅིང། དེ་དག་ཞུ་བ་རྩོམ་པར་བགྱིད་དེ། བདག་ཅག་ཤེས་ལྡན་གོའུ་ཏ་མ་དེའི་དྲུང་དུ་དོང་ལ། དྲི་བ་འདི་དང་འདི་ལྟ་བུ་དག་དྲི་སྟེ། གལ་ཏེ་ལུང་སྟོན་པར་མི་བྱེད་ན་ནི། བརྩད་པར་བྱའོ། །གལ་ཏེ་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ། །ཞེས་ལུང་སྟོན་པར་བྱེད་ན། དེ་ལྟ་བུ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཀྱེ་གོའུ་ཏ་མ། ཁྱོད་ཀྱི་འདི་ནི་མི་


DKG010_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོ། །འདི་ནི། མི་འདྲའོ། །འདི་ནི། མི་འཐད་དོ། །ཞེས་བརྗོད་པར་བྱའོ། །ཞེས་དེ་རྣམས་ ཀྱིས་ཞུ་བ་དེ་དག་བསྡོགས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བབ་པར་མཆིས་པའི་རྔོ་ཡང་མ་ཐོགས་ན། སྨྲ་བར་ལྟ་ག་ལ་རྔོ་ཐོགས་ཏེ། བཙུན་པ། བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་དེ་ལྟ་བུ་མཆིས་ཏེ། དེས་ན། བདག་འདི་སྙམ་དུ། བཅོམ་ལྡན་འདས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས། ཁྱོད་ཀྱི་ཆོས་འདུལ་བ་ནི། ལེགས་པར་གསུངས་པ་ལགས། ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ་ལགས་སོ། །སྙམ་བགྱིད་དོ། ། བཙུན་པ། བདག་ལ་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། བཙུན་པ། འདི་ན་བདག་གིས་དགེ་སྦྱོང་དང། བྲམ་ཟེ་མཁས་པ་མཁས་པའི་ང་རྒྱལ་ཅན་ཞེས་བྱ་བ་ནས་ཁ་ཅིག་མཐོང་སྟེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་རྣམས་ཀྱིས་ཞུ་བ་དེ་དག་བསྡོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཞུ་བ་ཞུ་བའི་རྔོ་མི་ཐོགས་ཀྱི། གཞན་དུ་ན། བཅོམ་ལྡན་འདས་ཁོ་ནའི་ཞལ་དུ་ལྟ་པ་དང། ཞལ་དུ་རྟོག་པར་བགྱིད་ཅིང། བཅོམ་ལྡན་འདས་གོའུ་ཏ་མ་འདི་ཁོ་ནས་ཤེས་པར་བྱ་བ་མཁྱེན་ཏོ། ། གཟིགས་པར་བྱ་བ་གཟིགས་སོ། །སྙམ་སྟེ། བཙུན་པ། འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་ཏེ་ཞེས་བྱ་བ་སྔ་མ་བཞིན་ནོ། །བཙུན་པ། བདག་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། བཙུན་པ། འདི་ན་བདག་གིས་དགེ་སྦྱོང་དང། བྲམ་ཟེ་མཁས་པ། མཁས་པའི་ང་རྒྱལ་ཅན་ཞེས་བྱ་བ་ནས་ཁ་ཅིག་མཐོང་སྟེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེས་ཞུ་བ་དེ་དག་བསྡོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཞུ་བ་ཡོངས་སུ་མ་རྫོགས་པར་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཞུ་བ་ཡོངས་སུ་མ་རྫོགས་པར་ཞུས་བཞིན་ཡོངས་སུ་རྫོགས་པར་ལུང་བསྟན་པ་དང། དེ་དག་ཞུ་བ་ལུང་བསྟན་པ་དེས། ཡིད་རངས་ཤིང་མགུ་ནས་སངས་རྒྱས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཞིང། བསླབ་པའི་གནས་དག་ཀྱང་ལེན་པར་བགྱིད་དེ། བཙུན་པ་འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་སོ། །ཞེས་པའི་བར་སྔ་མ་བཞིན་ནོ། །བཙུན་པ་


DKG010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། འདི་ན་བདག་གིས་བྲམ་ཟེ་དང། ཁྱིམ་བདག་མཁས་པ། མཁས་པའི་ང་རྒྱལ་ཅན་ཞེས་བྱ་བ་ནས་ཁ་ཅིག་མཐོང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་དག་གིས་ཞུ་བ་དེ་དག་བསྡོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞུ་བ་རྫོགས་པར་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་ཡོངས་སུ་རྫོགས་པར་ལུང་བསྟན་ནས་དེ་དག་ལུང་བསྟན་པ་དེས་ཡིད་རངས་ཤིང་མགུ་ནས་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་ཞིང། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བར་མཛད། བསྙེན་པར་རྫོགས་པར་མཛད་དེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ། དགྲ་བཅོམ་པ་ཉིད་ཐོབ་པ། རྣམ་པར་གྲོལ་བའི་དགའ་བ་དང། བདེ་བ་ཉམས་སུ་མྱོང་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་དེའུ་མ་རུང་ངོ། །བདག་ཅག་རབ་ཏུ་དེའུ་མ་རུང་ངོ། ། བདག་ཅག་སྔོན་དགེ་སྦྱོང་མ་ཡིན་བཞིན་དུ་བདག་ཅག་དགེ་སྦྱོང་ངོ། །སྙམ་དུ་ཁས་འཆེས། བདག་ཅག་བྲམ་ཟེ་དང། དགྲ་བཅོམ་པ་མ་ཡིན་བཞིན་དུ་བདག་ཅག་དགྲ་བཅོམ་པའོ། །སྙམ་དུ་ཁས་འཆེའི། ད་ནི། བདག་ཅག་དགེ་སྦྱོང་དང། བྲམ་ཟེ་དང། དགྲ་བཅོམ་པ་ཡིན་ནོ། །སྙམ་སྟེ། བཙུན་པ། འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་ཏེ་ཞེས་བྱ་བ་སྔ་མ་བཞིན་ནོ། །བཙུན་པ། བདག་ལ་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། བཙུན་པ། འདི་ན་བདག་གིས་དགེ་སྦྱོང་དང། བྲམ་ཟེ་སྐྱ་བོ། སེང་སེང་བོ། ཤ་བྲི་སྲབ་པ། ཉམ་ཆུང་བ། མདོག་ངན་པ། དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་བལྟར་མི་ཆགས་པ་དག་ཅིག་མཐོང་ངོ། །མཐོང་ནས་ཀྱང་བདག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་འདི་དག་མི་འདོད་བཞིན་དུ་ཚངས་པར་སྤྱོད་པ འམ། ནད་ཡུན་རིང་པོ་འགའ་ཞིག་གིས་ཐེབས་སམ། སྡིག་པ་མི་དགེ་བའི་ལས་འགའ་ཞིག་ལྐོག་ཏུ་བྱས་ནས་བཅབས་པར་མ་གྱུར་གྲང། འདི་ལྟར་ཤེས་ལྡན་འདི་དག་སྐྱ་བོ། སེང་སེང་པོ། ཤ་བྲི་ངན་པ། ཉམ་ཆུང་བ། དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་བལྟར་མི་ཆགས་སོ། །སྙམ་མོ། །དེ་དག་གི་དྲུང་དུ་མཆིས་ཤིང་མཆིས་ནས་འདི་སྐད་ཅེས་བགྱིས་ཏེ། ཤེས་ལྡན་དག་། ཅིའི་ཕྱིར་སྐྱ་བོ་སེང་སེང་པོ། ཤ་བྲི་ངན་པ།


DKG010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ཆུང་བ། དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་བལྟར་མི་ཆགས་པར་གྱུར། དེ་དག་གི་མཆིད་ནས་རྒྱལ་པོ་ཆེན་པོ། འདོད་ཆགས་ཀྱིས་གནོད་དོ། །བཙུན་པ། དེ་ལ་བདག་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདོད་པ་རྣམས་རྙེད་པ་དང། བསྟེན་པ་དང། བསགས་པས། གཟུགས་བཟང་བའམ། བལྟ་ན་སྡུག་པའམ། མཛེས་པ་ཞིག་ཏུ་འགྱུར་ན་ནི། ད་ལྟ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བདག་། གཟུགས་ཆེས་བཟང་བ་དང། ཆེས་བལྟ་ན་སྡུག་པ། ཆེས་མཛེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བདག་ནི། འདོད་པའི་ཡོན་ཏན་ལྔ་པོ་རྣམས་འདོད་རྒུར་རྙེད་པ་དང། ཚེགས་མེད་པར་རྙེད་པ་ལགས་སོ། །གང་གི་ཕྱིར་འདོད་པ་རྣམས་རྙེད་པ་དང། བསྟེན་པ་དང། བསགས་པས་གཟུགས་ཆེས་བཟང་བ་དང། ཆེས་བལྟ་ན་སྡུག་པ་དང། ཆེས་མཛེས་པར་མི་འགྱུར་བ་དེའི་ཕྱིར་བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གཟུགས་ཤིན་ཏུ་བཟང་བ། དབང་པོ་རྒྱས་པ། བཞིན་གྱི་མདངས་གསལ་བ། པགས་པའི་མདོག་ཡོངས་སུ་དག་པ། སེམས་ཁྲལ་ཆུང་བ། འཚོ་བ་གཞན་ལ་རག་མ་ལུས་པ་མཐོང་སྟེ། དེས་ན་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་སྤྱོད་པར་ནུས་སོ། །སྙམ་སྟེ། བཙུན་པ། འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་ཏེ། ཞེས་བྱ་བ་སྔ་མ་བཞིན་ནོ། །བཙུན་པ། བདག་ལ་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། བཙུན་པ། འདི་ན་བདག་གིས་ནོར་གྱི་སླད་དུ་མཆིས་པ་རྣམས་འདོད་ པའི་རྒྱུ་དང། འདོད་པའི་གཞི་དང། འདོད་པའི་ཆེད་ཀྱི་སླད་དུ་མ་ནི། བུ་དང་ལྷན་ཅིག་རྩོད། བུ་ནི། ཕ་དང། ཕ་ནི། བུ་དང། བུ་ནི། མ་དང། མིང་པོ་ནི། སྲིང་མོ་དང། སྲིང་མོ་ནི། མིང་པོ་དང། གྲོགས་ནི། གྲོགས་དང་རྩོད་པ་དག་མཐོང་ན། སྐྱེ་བོ་དང་སྐྱེ་བོར་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་རྩོད་ཅིང་འགྱེད་པར་གྱུར་པ་ན། མ་ནི། བུའི་མི་སྙན་པ་སྨྲ། བུ་ནི། མའི། ཕ་ནི། བུའི། བུ་ནི། ཕའི། མིང་པོ་ནི། སྲིང་མོའི། སྲིང་མོ་ནི། མིང་པོའི། གྲོགས་ནི། གྲོགས་ཀྱི་མི་སྙན་པ་སྨྲ་ན། སྐྱེ་བོ་སྐྱེ་བོའི་ལྟ་སྨོས་ཀྱང་ཅི་འཚལ། ཡང་འདི་ན་བདག་གིས་མཐོང་བ། དགེ་སློང་གཉིས་ཤིག་དགེ་སློང་དག་དང་ལྷན་ཅིག་གཞི་འགའ་ཞིག་གི་སླད་དུ་རྩོད་ནས་བསླབ་པ་ཕུལ་ཏེ་བབས་བར་གྱུར་ན། དེ་དག་རྣམ་གྲངས་གང་


DKG010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་སངས་རྒྱས་ལ་མི་སྙན་པ་བརྗོད་པའམ། ཆོས་དང། དགེ་འདུན་ལ་མི་སྙན་པ་བརྗོད་པར་མི་བགྱིད་ཀྱི། གཞན་དུ་ན་བདག་ཉིད་ཁོ་ན་ལ་ཡོངས་སུ་སྨོད་པར་བགྱིད། བདག་ཅག་གཉིས་ནི། འདི་ན་དམན་པ་དང། མ་རབས་དང། དཔལ་མེད་པ་སྟེ། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་སྲིད་འཚོ་བའི་བར་དུ་ཚངས་པར་སྤྱོད་པ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་སྤྱད་པར་མ་ནུས་སོ། །ཞེས་མཆི་སྟེ། བཙུན་པ། འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་སོ། །ཞེས་བྱ་བ་སྔ་མ་བཞིན་ནོ། །བཙུན་པ། བདག་ལ་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། བཙུན་པ། འདི་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བདག་དགུ་མ་པར་བགྱི་བ་མ་ལགས་པ་རྣམས་ཀྱང་འགུམས། དགུམ་པར་བགྱི་བ་རྣམས་ནི། གཏོང་བར་དབང་ན། བདག་དོན་གྱི་ཆེད་དུ་མཆིས་པ་ལས། རྒྱལ་རིགས་རྒྱ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང། བྲམ་ཟེ་རྒྱ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང། ཁྱིམ་བདག་རྒྱ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གཏམ་མཇུག་ཏུ་ཕྱིན་པ་ལ་མི་སྡོད་པར་བར་སྐབས་བར་སྐབས་སུ་བཀའ་མཆིད་མཆི་ཞིང་མ་གུས་པ་དང། ཞེ་ས་མ་མཆིས་པར་སྨྲ་བར་བགྱི་བར་ སེམས་ལགས་སོ། །བཙུན་པ། དུས་གཅིག་ཅིག་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པར་མཛད་པ་དེ་ན་ལུད་པའི་སྒྲ་ཡང་མི་གདའ། སྦྲིད་པའི་སྒྲ་ཡང་མི་གདའོ། །དེ་ནས་མི་ཞིག་གིས་ལུད་པའི་སྒྲ་ཕྱུང་བ་དང། ཡང་མི་ཞིག་གིས། མི་དེ་ལ་འདི་སྐད་ཅེས། ཀྱེ་སྐྱེས་བུ། ཁྱོད་ཁ་རོག་པར་འདུག་། བཅོམ་ལྡན་འདས་སྦྲང་མའི་རྩིས་ཚིམ་པར་མཛད་པ་ལྟ་བུའི་ཆོས་སྙན་པ་སྟོན་པར་མཛད་པ་མ་མཐོང་ངམ་ཞེས་སྨྲས་ལགས་སོ། །དེ་སྐད་ཅེས་བགྱིས་པ་དང། མི་དེ་ཅང་མི་མཆི་བར་མཆིས་སོ། །དེ་ལ་བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་ནི། དེ་ཙམ་དུ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་ལགས་ན། འདི་ན་ད་ལྟར་ཆད་པ་མེད་པ་དང། མཚོན་ཆ་མེད་པའི་ཆོས་མཉན་པས། འཁོར་བཏུལ་བ་ངོ་མཚར་ཏོ། །སྙམ་སྟེ། བཙུན་པ། འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་ཏེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཙུན་པ་བདག་བཅོམ་


DKG010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་འདི་ཡང་མཆིས་ཏེ། བཙུན་པ་འདི་ན་བདག་གིས་དགེ་སྦྱོང་དང། བྲམ་ཟེ་ཁ་ཅིག་མཐོང་ན། ནོར་མེད་པར་བགྱིས་ཏེ་ཚངས་པར་སྤྱད་པ་སྤྱོད་པ་ལས། དེས་ཟླ་བ་དགུའམ་ཟླ་བ་བརྒྱད་འདས་པ་དང། རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་བོར་ཏེ་ཕྱིར་འདོད་པའི་ཡོན་ཏན་ལྔ་པོ་དག་འབྱོར་ཅིང་ལྡན་པར་གྱུར་ཅིང། རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་དོ། །བཙུན་པ། འདི་ན་བདག་གིས་མཐོང་བ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་། ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་སྤྱོད་ཅིང་ཞེས་བྱ་བ་ནས་སྲོག་གི་མཐའི་བར་ཞེས་བྱ་བ་དང། བཙུན་པ། འདི་ཡང་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་སོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བརྒྱད་པ། བཙུན་པ། བདག་ལ་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་གཞན་འདི་ཡང་མཆིས་ཏེ། བཙུན་པ། འདི་ན་བདག་དྲང་ སྲོང་སྦྱིན་པ་དང། རྙིང་པ་དེ་དག་ལ་ཡིད་རྟོན་ཅིང་དེ་དག་ལ་ལོངས་སྤྱོད་རྣམས་ཀྱང་སྩོལ། གྲགས་པ་ཡང་སྩོལ་བ་ནས་དེ་དག་གི་སྲོག་གི་བར་ཡང་སྩོལ་ན། དེ་དག་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་ལྟར་བགྱི་བ་བགྱིད་པར་མི་སེམས་ཏེ། བཙུན་པ། དུས་གཅིག་ཅིག་ན་བདག་དྲང་སྲོང་ཡིད་བརྟན་པ་སྦྱིན་པ་དང། རྙིང་པ་དག་བརྟག་པར་འཚལ་ནས་འཁོར་གྱི་ནང་ནས་བྱུང་སྟེ་ཕྱོགས་དོག་པ་ཞིག་ཏུ་མཆིས་ནས་འདི་ལྟར་འདི་དག་བཅོམ་ལྡན་འདས་དང། བདག་གང་ལོགས་སུ་རྐང་པ་སྟོན་བལྟའོ། །སྙམ་ན། དེ་དག་གིས་རྣམ་གྲངས་དུ་མར་སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་དང། དགེ་འདུན་གྱི་བསྔགས་པ་བརྗོད་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ནི། མགོ་བསྟན། བདག་ག་ལ་བ་དེ་ལོགས་སུ་ནི། རྐང་པ་བསྟན་ཏོ། །དེ་ལ་བདག་འདི་སྙམ་བགྱིད་དོ། །བཅོམ་ལྡན་འདས་ནི། དེ་ཙམ་དུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། འདི་ན་ད་ལྟར་བདག་འདི་དག་ལ་ལོངས་སྤྱོད་རྣམས་ཀྱང་སྦྱིན། གྲགས་པ་ཡང་སྦྱིན་པ་ནས་སྲོག་གི་བར་ཡང་སྩོལ་ན། འདི་དག་བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་བདག་ལ་བྱ་བ་བྱེད་པར་མི་སེམས་པ་ནི་ངོ་མཚར་ཏོ་སྙམ་སྟེ་ཞེས་བྱ་བ་ནས་


DKG010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་སོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཙུན་པ། བདག་ལ་ཆོས་ལས་བྱུང་བའི་དད་པ་གཞན་ཡང་མཆིས་ཏེ། བཙུན་པ། བདག་ཀྱང་ཡུལ་ཀོ་ས་ལ་པ་ལགས། བཅོམ་ལྡན་འདས་ཀྱང་ཀོ་ས་ལ་པ་ལགས། བདག་གི་རིགས་ཀྱང་རྒྱལ་རིགས་ལགས་བཅོམ་ལྡན་འདས་ཀྱི་རིགས་ཀྱི་ཀྱང་རྒྱལ་རིགས་ལགས། བདག་ཀྱང་རྒས་པ། འཁོགས་པ། གཏུགས་པ། ན་ཚོད་ལོ་བརྒྱད་ཅུ་ལོན་པ་ལགས། བཅོམ་ལྡན་འདས་ཀྱང་བགྲེས་པ། འཁོགས་པ། གཏུགས་པ། སྐུ་ན་ཚོད་ལོ་བརྒྱད་ཅུ་ལོན་པ་ལགས། བཙུན་པ། བདག་ཀྱང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བ་ལགས། བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ལགས་ པས། བཙུན་པ། འདི་ཡང་བདག་བཅོམ་ལྡན་འདས་ལ་ཆོས་ལས་བྱུང་བའི་དད་པ་ལགས་ཏེ། དེས་ན་བདག་འདི་སྙམ་དུ། བཅོམ་ལྡན་འདས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཁྱོད་ཀྱི་ཆོས་འདུལ་བ་ནི། ལེགས་པར་གསུངས་པའོ། །ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པའོ། །སྙམ་དུ་སེམས་ལགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་སྣ་ཚོགས་རྒྱ་ཆེར་བཤད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སོང་ངོ། །ད་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་། ཁྱོད་ཀྱིས་ཆོས་སྣ་ཚོགས་པའི་ཆོས་ཀྱི་རྣམ་གྲངས་ཟུངས་ཤིག་། ཆོངས་ཤིག་། ལྷོགས་ཤིག་། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་། ཆོས་སྣ་ཚོགས་པའི་ཆོས་ཀྱི་རྣམ་གྲངས་ནི། དོན་དང་ལྡན་པ། ཆོས་དང་ལྡན་པ། ཚངས་པར་སྤྱོད་པ་དང་ལྡན་པ་སྟེ། མངོན་པར་ཤེས་པར་བྱེད་པ་དང། རྫོགས་པར་བྱང་ཆུབ་པར་བྱེད་པ་དང། མྱ་ངན་ལས་འདས་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན། རིགས་ཀྱི་བུ་དད་པས་རབ་ཏུ་བྱུང་བས། ཆོས་སྣ་ཚོགས་པའི་ཆོས་ཀྱི་རྣམ་གྲངས་བླངས་ཏེ་ཀུན་ཆུབ་པར་བྱས་ནས་དེ་ལྟ་དེ་ལྟར་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱའོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པ་ལ་རིང་ཞིག་


DKG010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་དང། སྤྱོད་པའི་བུ་རིང་པོ་ཡང་ཅུང་ཞིག་བསྡད་ནས་ཤིང་རྟར་ཞུགས་ཏེ་མཉན་ཡོད་དུ་སོང་ནས་དེས་འཕགས་སྐྱེས་པོ་རྒྱལ་སྲིད་ལ་བཞག་གོ་། ཕྲེང་ལྡན་མ་དང། དབྱར་ཚུལ་མས་སྤྱོད་པའི་བུ་ལ་དྲིས་པ། སྤྱོད་པའི་བུ། ལྷ་ག་ལ་བཞུགས། གྲོང་རྡལ་མེ་ཙུ་རུ་དི་ན་བཞུགས་སོ། །དེ་དག་རྐང་གིས་གྲོང་རྡལ་མེ་ཙུ་རུ་དིར་ཆས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡང་བཅོམ་ལྡན་འདས་ལས་ཆོས་མཉན་ནས་གཙུག་ལག་ཁང་ནས་བྱུང་ན། སྤྱོད་པའི་བུ་རིང་པོ་མི་སྣང་ནས་དེས་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་། སྤྱོད་བྱེད་ཀྱི་བུ་རིང་པོ་གར་མཆིས། དེ་དག་གིས་ སྨྲས་པ། དེ་ལྷ་ནང་དུ་གཤེགས་མ་ཐག་ཏུ་ཤིང་རྟར་ཞུགས་ནས་མཆིས་སོ། །ཞེས་བྱས་པ་དང། རྒྱལ་པོ་རྐང་གིས་སོང་ངོ། །བཅོམ་ལྡན་འདས་ཀྱང་ཆེས་སྔ་བ་ཞིག་ཏུ་རྒྱལ་པོའི་ཁབ་ཏུ་གཤེགས་སོ། །ཇི་ཙམ་ན་རྒྱལ་པོས་ལམ་གར་ཕྲེང་ལྡན་མ་དང། དབྱར་ཚུལ་མ་མཐོང་ནས་དེས་དེ་དག་ལ་དྲིས་པ། ཁྱེད་ཅི་ཕྱིར་རྐང་གིས་འདིར་འོངས། དེ་དག་གིས་སྨྲས་པ། ལྷ། སྤྱོད་པའི་བུ་རིང་པོས་འཕགས་སྐྱེས་པོ་རྒྱལ་སྲིད་ལ་བཞག་སྟེ། དེ་ནས་བདག་ཅག་ལྷའི་གན་དུ་མཆིས་མོད། བདག་ཅག་གཞན་གར་མཆི། རྒྱལ་པོས་སྨྲས་པ། ཕྲེང་ལྡན་མ། ཁྱོད་ཀྱིས་ཁྱོའི་རྒྱལ་སྲིད་ཉམས་སུ་མྱོང་ཟིན་གྱི། སོང་ལ་ད་བུའི་རྒྱལ་སྲིད་ཉམས་སུ་མྱོང་བར་གྱིས་ཤིག་། ང་ཡང་དབྱར་ཚུལ་མ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་འགྲོ་འོ། །ཞེས་བྱས་པ་དང། དེར་ཕྲེང་ལྡན་མ་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཅིང་ངུ་བཞིན་ཕྱིར་ལོག་གོ་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡང་དབྱར་ཚུལ་མ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་ཆས་ཏེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་ཕན་ཚུན་འཁྱམས་འཁྱམས་པ་ལས་མ་སྐྱེས་དགྲའི་སྐྱེད་མོས་ཚལ་དུ་འདུག་སྟེ། དེས་དབྱར་ཚུལ་མ་ལ་སྨྲས་པ། དབྱར་ཚུལ་མ་སོང་ལ་རྒྱལ་པོ་མ་སྐྱེས་དགྲ་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྐྱེད་མོས་ཚལ་ན་འདུག་གོ་། ཞེས་གྱིས་ཤིག་། དེས་རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་པ། ལྷ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཁྱོད་ཀྱི་སྐྱེད་མོས་ཚལ་ན་བཞུགས་ཏེ་ལྷ་གཟིགས་པར་བཞེད་དོ། །དེས་ཐོས་ནས་སྡངས་ཏེ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་དེ་དམག་མང་པོ་ཅན་ཡིན་ནོ། །གློ་བུར་ཁོ་ནར་འོངས་ན་ཁྱེད་སུས་ཀྱང་མ་ཚོར་རམ། དབྱར་ཚུལ་མས་སྨྲས་པ། ལྷ་དེ་ལ་དམག་


DKG010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་མཆིས། བུས་རྒྱལ་སྲིད་ལས་ཕྱུང་ནས་དེ་གཡོག་དང་གཉིས་སུ་འདིར་མཆིས་སོ། །དེས་སྨྲས་པ། དེ་རྒྱལ་པོ་བྱེད་པ་ལེགས་ཏེ། བདག་ནི། གཞོན་ནུའི་གནས་ན་གནས་སོ། །ཞེས་སྨྲས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་། གང་ངས་རྒྱལ་པོ་རྒྱལ་ རིགས་སྤྱི་བོ་ནས་དབང་བསྐུར་བ། བཀུར་སྟི་མེད་པར་སྤྱན་དྲང་བ་ནི། ང་ལ་རིགས་པ་མ་ཡིན་པར་འགྱུར་བས། དེངས་ལ་གྲོང་ཁྱེར་མཛེས་པ་དང། ལམ་མཛེས་པར་གྱིས་ཤིག་། དེ་དག་གིས་གྲོང་ཁྱེར་དེ་རྡོ་དང། གསེག་མ་དང། གྱོ་མོ་མེད་པར་བྱས་ཞེས་བྱ་བ་ནས་ལྷ་རྣམས་ཀྱི་སྐྱེད་མོས་ཚལ། དགའ་བའི་ཚལ་བཞིན་དུ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་ལམ་མཛེས་པ་དང། གྲོང་ཁྱེར་མཛེས་པ་སོ་སོར་ཁྱད་པར་དུ་འཕགས་པར་བྱས་ནས་དྲིལ་བསྒྲགས་པ། ཤེས་ལྡན་རྒྱལ་པོའི་ཁབ་ན་གནས་པ་དང། ཕོ་བྲང་འཁོར་བ་དང། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་དག་ཉོན་ཅིག་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྐྱེད་མོས་ཚལ་ན་འདུག་གི ། དེ་ཁྱེད་ལྷ་དང་ལྷན་ཅིག་ཏུ་གདུགས་དང། རྒྱལ་མཚན་དང། བ་དན་དག་གིས་བསུ་བར་བྱའོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་ཤིང་རྟ་སྟོང་ཕྲག་དུ་མ་ཕྱི་བཞིན་དུ་ཁྲིད་དེ་དཔུང་གི་ཚོགས་ཡན་ལག་བཞི་པ་དང། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བསུར་དོང་ངོ། །དེ་ཡང་མ་སྐྱེས་དགྲ་རིང་དུ་ཐོགས་པས། བྲུ་བས་བསྐྱེད་པའི་སྡུག་བསྔལ་བར་གྱུར་ཏོ། །སྐྱེད་མོས་ཚལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། ལ་ཕུག་གི་ར་བ་ཞིག་ཡོད་པ་དེར་སོང་བ་དང། དེ་ལ་ལྡུམ་པས། ལ་ཕུག་སྤར་གང་བྱིན་ནོ། །དེ་ནས་དེས་ལ་ཕུག་གི་རྡོག་མ་དང། ལོ་མ་དག་ཟོས་པ་དང། སྐོམ་རབ་ཏུ་གྱུར་ནས་རྫིང་དྲུང་དུ་སོང་སྟེ་ཆུ་ངོམས་པར་འཐུངས་ནས་ལངས་པ་དང། ལག་པ་རེངས་ཤིང་མ་ཞུ་བས་ཐེབས་ནས་ཤིང་རྟའི་ལམ་དུ་འགྱེལ་བ་དང། དེ་འཁོར་ལོ་དྲིལ་བའི་རྡུལ་གྱིས་ཁ་གང་ནས་དུས་ལས་འདས་སོ། །རྒྱལ་པོ་མ་སྐྱེས་དགྲ་སྐྱེད་མོས་ཚལ་དུ་སོང་སྟེ་ཕན་ཚུན་བཙལ་བར་བསམ་ན། མ་རྙེད་དོ། །དེས་ཕྱོགས་བཞིར་ཕོ་ཉ་རྟ་པ་བཀྱེ་སྟེ་ཚོལ་ཅིག་ཅེས་བྱས་པ་དང། དེ་ན་ཕོ་ཉ་གཅིག་ལ་ཕུག་གི་ར་བར་ཕྱིན་ནས་དེས་ལྡུམ་པ་དེ་ལ་དྲིས་པ། ཀྱེ་སྐྱེས་བུ། སྐྱེད་མོས་ཚལ་འདིར་འོངས་པ་འགའ་ལྟ་ཡོད་དམ། འོངས་སོ། །དེ་གར་སོང། ལ་ཕུག་སྦར་གང་ཁྱེར་


DKG010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལམ་འདི་ནས་རྫིང་བུར་སོང་ངོ། །དེ་དེའི་རྗེས་བཞིན་དུ་སོང་ན། ཤིང་རྟའི་ལམ་ན་དུས་ལས་ འདས་པར་མཐོང་ངོ། །དེས་རྒྱལ་པོ་མ་སྐྱེས་དགྲ་ལ་སྨྲས་པ། ལྷ། ཤིང་རྟའི་ལམ་ག་གེ་མོ་ཞིག་གི་ཕྱོགས་སུ་དུས་ལས་འདས་སོ། །རྒྱལ་པོས་ཀྱེ་མ་ཀྱེ་ཧུད་ཅེས་སྨྲས་ནས་སྐྱེ་བོ་བརྒྱ་སྟོང་དུ་མས་བསྐོར་ཏེ་ཕྱོགས་དེར་སོང་བ་དང། ཇི་ཙམ་ན་ཤི་བའི་རོ་ཤིན་ཏུ་མི་སྡུག་པ་མཐོང་ནས་ཡང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་འདི། ངའི་ཡུལ་དུ་དུས་ལ་འདས་པ། ང་ལ་སྙན་པ་མ་ཡིན་པར་འགྱུར་གྱི། ཁྱེད་ཀྱིས་འདི་བཀུར་སྟི་ཆེན་པོས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སྐྱོལ་ཅིག་། ང་ཡང་འདིའི་ཁོག་པ་ལ་མཆོད་པ་ལྷག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ཞུའོ། །དེ་དག་གིས་ཀྱང་དེ་བཀུར་སྟི་ཆེན་པོས་བསིལ་ཚལ་གྱི་དུར་ཁྲོད་ཆེན་པོར་བསྐྱལ་ཏོ། །རྒྱལ་པོ་མ་སྐྱེས་དགྲ་ཡང་བཅོམ་ལྡན་འདས་ག་ལ་བདེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བདག་གི་ཡུལ་དུ་དུས་ལས་འདས་ན། དེའི་ཁོག་པ་ལ་བདག་གིས་མཆོད་པ་ཇི་ལྟ་བུ་ཞིག་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཅི་ནུས་ཅི་ཕོད་ཀྱིས་ལུས་ལ་མཆོད་པ་རྒྱ་ཆེར་གྱིས་ཤིག་། དེ་ནས་རྒྱལ་པོས་དེའི་ཁོག་པ་ལ་མཆོད་པ་ཆེན་པོ་བྱས་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། ལ་ཕུག་གི་རྡོག་མ་དང་ལོ་མ་དག་འཚལ་ནས་སུག་པ་རེངས་ཤིང་མ་ཞུ་བས་ཐེབས་ཏེ་དུས་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དཔའ་རྒལ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བ་དག་། གཞན་སུ་ཞིག་གིས་མྱོང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་


DKG010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་དང་ལྡན་པ་ན། ལུས་ཅན་རྣམས་ལ་འབྲས་བུར་སྨིན། །རྒྱལ་པོ་ཆེན་པོ། སྔོན་བྱུང་བ་རི་བྲག་ཅིག་ན་བྲམ་ཟེ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། བུ་ཕོ་ཞིག་བཙས་ཏེ། ཇི་ཙམ་ན་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་ཏོ། །དེས་དུས་གཞན་ཞིག་ན་སློང་མོ་ལ་སོང་བ་དང། ལ་ཕུག་སྦར་གང་ཞིག་རྙེད་དོ། །དེས་མ་ལ་འདི་རེ་ཞིག་ཁྲུས་བྱས་ཏེ་འོང་ངོ། །ཞེས་གཏམས་སོ། །དེས་དེ་དེ་ལ་གཏམས་ནས་ཁྲུས་བྱེད་དུ་སོང་ངོ། །སངས་རྒྱས་རྣམས་མ་བྱུང་བའི་ཚེ་འཇིག་རྟེན་དུ་རང་སངས་རྒྱས་ངན་པ་དང་དམན་པ་ལ་ཐུགས་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དད་པ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་རོ། །ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་འགྲོ་བ་ན། རི་བྲག་དེར་ཕྱིན་ཏེ། དེ་ཕྱོགས་ཤིག་ཏུ་ཞག་ལོན་ནས་སྔ་དྲོ་ཤམ་ཐབས་དང། ཆོས་གོས་བགོས། ལྷུང་བཟེད་བླངས་ཏེ་རི་བྲག་ཏུ་བསོད་སྙོམས་ལ་ཞུགས་པ་དང། རིམ་གྱིས་ཁྱིམ་དེར་ཕྱིན་ཏོ། །བྲམ་ཟེ་མོ་དེས་དེ་ལུས་མཛེས་པ་དང། སེམས་མཛེས་པ་ལ་སོགས་པ་མཐོང་སྟེ། དེ་སེམས་དང་བ་སྐྱེས་པ་དེས་ལ་ཕུག་སྦར་གང་རང་སངས་རྒྱས་དེ་ལ་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་དག་ནི། ལུས་ཀྱི་ཆོས་སྟོན་གྱི། ཚིག་གིས་མ་ཡིན་པས། དེས་དང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའི་དབྱིངས་ལ་འཕགས་ཏེ། ཆོ་འཕྲུལ་སྣ་ཚོགས་དག་བསྟན་པར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་ལ་མྱུར་དུ་དད་པར་བྱེད་པ་ཡིན་པས། དེས་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་གཏུགས་པ་དང། དེས་དེ་ལ་སྙིང་བརྩེ་བར་ བྱས་ནས་སོང་ངོ། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་དེ་འོངས་ནས་སྨྲས་པ། ཡུམ། ལ་ཕུག་སྦར་གང་པོ་དེ་སྩོལ་ཅིག་། དེས་སྨྲས་པ། བུ། རྗེས་སུ་ཡི་རང་བ་གྱིས་ཤིག་། ངས་དེ་རབ་ཏུ་བྱུང་བ་ཞི་བའི་བདག་ཉིད་ཅན། བསོད་སྙོམས་དོན་དུ་གཉེར་བ་བྱོན་ནས་དེ་ལ་ཕུལ་ལོ། །ཞེས་བྱས་པ་དང། དེ་བཀྲེས་པས་སྡུག་


DKG010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང། ཡིད་མི་བདེ་བ་སྐྱེས་ཏེ་སྨྲས་པ། རབ་ཏུ་བྱུང་བ་དེས་དེ་ཟོས་ནས་ཅི་སྟེ་ལག་པ་རེངས་ཤིང་གསུད་དེ་དུས་བྱས་པར་མ་གྱུར། རྒྱལ་པོ་ཆེན་པོ། ཇི་སྙམ་དུ་སེམས། བྲམ་ཟེའི་བུ་གང་ཡིན་པ་དེ་ནི། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདིས། རང་སངས་རྒྱས་ལ་ཚིག་རྩུབ་མོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས། ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ། ལོ་སྟོང་ཕྲག་མང་པོ། ལོ་བརྒྱ་སྟོང་ཕྲག་མང་པོར་དམྱལ་བ་རྣམས་སུ་སྐྱེས་སོ། །ལས་ཀྱི་ལྷག་མ་དེ་ཉིད་ཀྱིས་ལན་དྲུག་ཏུ་ལག་པ་རེངས་ཤིང་གསུང་པས་དུས་ལས་འདས་ཏེ། ད་ལྟའི་དུས་ཀྱི་བར་འདི་དང་ལན་བདུན་དུ་ལག་པ་རེངས་ཤིང་གསུད་པ་ཁོ་ནས་དུས་ལས་འདས་སོ། །དེ་ལྟ་བས་ན། རྒྱལ་པོ་ཆེན་པོ། ལས་གཅིག་ཏུ་ནག་པ་རྣམས་ཀྱི་ཞེས་བྱ་བ་ནས་ལས་གཅིག་ཏུ་དཀར་བ་རྣམས་ཁོ་ན་ལ་འབད་པར་བྱ་སྟེ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དད་ནས་རྗེས་སུ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནས་སོང་ངོ། །ཇི་ཙམ་ན་མ་ལ་གནོད་ཀྱིས་འཕགས་སྐྱེས་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ། ཡབ་རྒྱལ་པོ་མཛད་ཅིང། ལྷ་དབང་མ་བསྐུར་པ་ན། གང་གི་ཚེ་ང་རྒྱལ་པོར་གྱུར་པ་དེའི་ཚེ་ངས་ཤཱཀྱ་རྣམས་ཁ་བདག་སྟེ། དེ་ནི། ངས་དང་པོར་བྱ་བ་ཡིན་ནོ། །ཞེས་དེ་ལྟ་བུའི་ཁྱུ་མཆོག་གི་ཚིག་རླབས་པོ་ཆེ་གསུངས་ནས་གཅིག་ཏུ་ཆད་པར་མཛད་དེ། འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་བསྒྲགས་པ་གང་ལགས་པ་དེ་དགོངས་སམ། ད་ནི། དེའི་དུས་ལ་བབ་ལགས་སོ། ། དེས་སྨྲས་པ། མ་ལ་གནོད། ཅི། ཇི་སྙེད་སྨྲས་པ་དེ་ཐམས་ཅད་བྱའམ། དོན་དེ་འདས་པ་ཡིན་པས་ཐོང། རྒྱལ་པོའི་བྱ་བ་དག་དང། རྒྱལ་པོའི་བྱེད་པ་དག་ཡོངས་སུ་ཉམས་པར་འགྱུར་རོ། །དེས་སྨྲས་པ། ལྷ། དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ལགས་པས་ཇི་ལྟར་དམ་བཅས་པ་བཞིན་སྒྲུབ་ཏུ་གསོལ། མ་ལ་གནོད། རེ་ཞིག་ཞོག་ཅིག་དང། དེ་ཡང་མི་དགའ་བར་འགྱུར་རོ། །དེས་སྨྲས་པ། ལྷ། འདི་ནི། ཐོག་མར་དམ་བཅས་པ་ལགས་པས། གདོན་མི་འཚལ་བར་བགྱི་


DKG010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཏེ། དེང་ཁོ་ན་གདུགས་ཀྱང་བཟང། ཡུད་ཙམ་ཡང་བཟང། སྐར་མ་ཡང་བཟང། བསོད་ནམས་ཀྱི་གདུགས་ཀྱང་བཟང་བས། ལྷ། དེ་དག་གིས་ངོ་ལོན་མ་བཤམས་པར་དེང་ཉིད་གཤེགས་པའི་རིགས་སོ། །དེ་ནས་འཕགས་སྐྱེས་པོ་མ་ལ་གནོད་ཀྱིས་བསླུས་པས། དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེའི་ཚོགས་དང། རྟ་པའི་ཚོགས་དང། ཤིང་རྟ་པའི་ཚོགས་དང། དབུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་སེར་སྐྱའི་གཞིན་གནས་པའི་ཤཱཀྱ་རྣམས་གསད་པའི་ཕྱིར་མཉན་ཡོད་ནས་སེར་སྐྱའི་གཞིར་ཆས་སོ། །སྐབས་དེ་ལྟ་བུ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པའམ། མི་གཟིགས་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། དེ་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཀྱི་ལས་ཆུད་མི་ཟ་བར་མཁྱེན་ནས་ཆེས་སྔར་མཉན་ཡོད་ནས་སེར་སྐྱའི་གཞིར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ལམ་ཀར་ཤིང་ཤ་ཀོ་ཊ་ཀ་ཤུན་པར་རི་འཆུས་ཤིང། མི་སྡུག་པ། ལོ་མ་སྲབ་པ། གྲིབ་མ་ཆུང་ངུ་ཞིག་གི་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ཉིན་མོའི་གནས་པས་བཞུགས་སོ། །རྒྱལ་པོ་འཕགས་སྐྱེས་པོས། བཅོམ་ལྡན་འདས་ཐག་རིང་པོ་ནས་མཐོང་ངོ། །མཐོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཤིང་ལོ་མ་མི་སྡུག་ཅིང། གྲིབ་མ་ཆུང་ངུ་མ་ལགས་པ་གཞན་དག་མཆིས་ན། ཅིའི་སླད་དུ་བཅོམ་ལྡན་འདས་དེ་དག་སྤངས་ཏེ་ཤིང་ཤ་ཀོ་ཊ་ཀ་ཤུན་པ་འཆུས་ཤིང། མི་སྡུག་པ། ལོ་མ་སྲབ་པ། གྲིབ་མ་ཆུང་ངུ་འདིའི་ དྲུང་ན་བཞུགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། གཉེན་བཤེས་རྣམས་ལ་ནི། གཉེན་བཤེས་ཀྱི་གྲིབ་མ་བསིལ་ལོ། །འཕགས་སྐྱེས་པོས་བསམ་པ། བཅོམ་ལྡན་འདས་ལ་གཉེན་རྣམས་ལ་གཟིགས་ཤིང་ཐུགས་བརྩེ་བ་མངའ་སྟེ། ཀྱེ་མ། བཅོམ་ལྡན་འདས་ནི་གཉེན་རྣམས་ལ་ཐུགས་བརྩེ་བ་མཛད་དོ། །སྙམ་དུ་རིག་ནས་དེ་ཉིད་ནས་སླར་ལོག་གོ་། བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཀྱིས་བདེན་པ་མ་མཐོང་བར་འཕགས་སྐྱེས་པོའི་དམག་གིས་ཐེབས་ན། བདེན་པ་དག་མཐོང་བའི་སྣོད་དུ་མི་འགྱུར་རོ། །སྙམ་དུ་མཁྱེན་ནས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས། སེར་སྐྱའི་གཞིར་བྱོན་ཏེ་སེར་སྐྱའི་གཞིའི་


DKG010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་བཅོམ་ལྡན་འདས། ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་འདིར་བྱོན་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བ་འདི་ཁོ་ན་ན་བཞུགས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་དེ་ལྟ་བུ་སྟོན་པར་མཛད་པ་དང། དེ་ཐོས་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་སྟེ། ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་ནས་དགེ་འདུན་ལ་འབབ་པ་ལ་བཀོད་དོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །མ་ལ་གནོད་ཀྱིས་འཕགས་སྐྱེས་པོ་མཐོང་ནས་དེས་སྨྲས་པ། ལྷ། ཅི་སྟེ་སླར་ལོག་། དེས་སྨྲས་པ། མ་ལ་གནོད། བཅོམ་ལྡན་འདས་ཉེ་དུ་རྣམས་ལ་གཟིགས་ཤིང་ཐུགས་བརྩེ་བ་མངའ་སྟེ། ཀྱེ་མ། བཅོམ་ལྡན་འདས་ཉེ་དུ་རྣམས་ལ་ཐུགས་བརྩེ་བ་ མངའ་བས། རྒྱལ་པོ་ཆེན་པོ། ཉེ་དུ་རྣམས་ལ་ནི། ཉེ་དུའི་གྲིབ་མ་བསིལ་ལོ། །ཞེས་དེ་ལྟ་བུའི་གསུང་འདི་བཀའ་སྩལ་ཏོ། །དེ་ནི། ངའི་སྙིང་ལ་ལྷང་ཞེས་བྱེད་ཀྱི། སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་གསད་པ་ཐོང་ཞིག་། དེས་སྨྲས་པ། ལྷ། དགེ་སྦྱོང་གོའུ་ཏ་མ་ནི། འདོད་ཆགས་དང་བྲལ་བ་ལགས་ཏེ། འདོད་ཆགས་དང་བྲལ་བ་རྣམས་ནི། ཉེ་དུ་ལ་མི་ལྟ་བས། དེང་ཁོ་ན་ལྷའི་ཉི་མ་ཡང་བཟང། ཡུད་ཙམ་ཡང་བཟང། སྐར་མ་ཡང་བཟང། བསོད་ནམས་ཀྱི་གདུགས་ཀྱང་བཟང་བས། ལྷ། དེང་ཉིད་སེར་སྐྱའི་གཞིར་གཤེགས་ཤིག་། དེ་མི་དགེ་བའི་གྲོགས་པོས་ལོག་པར་བཟུང་བས། དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང། རྟ་པའི་ཚོགས་དང། ཤིང་རྟ་པའི་ཚོགས་དང། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་སེར་སྐྱའི་གཞིར་སོང་སྟེ་ཧ་ཅང་མི་རིང་བ་ཞིག་ཏུ་ཕྲུ་མ་བཏབ་ནས་འདུག་གོ་། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་


DKG010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་སྐྱེས་བུ་གཏི་མུག་ཅན་འཕགས་སྐྱེས་པོ་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང། རྟ་པའི་ཚོགས་དང། ཤིང་རྟ་པའི་ཚོགས་དང། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་དགུམ་པའི་སླད་དུ་སེར་སྐྱའི་གཞིར་མཆིས་ཞེས་ཐོས་ཏེ། དེའི་སླད་དུ་བདག་དེ་དཔུང་དང་བཞོན་པ་དང་བཅས་ཏེ་འཇིག་རྟེན་གྱི་ཁམས་གཞན་དུ་བཀུར་བའམ། ཁོར་ཡུག་གི་སླད་རོལ་ཏུ་འཕངས་པའམ། སེར་སྐྱའི་གཞིའི་གྲོང་ཁྱེར་ལྕགས་ཀྱི་ར་བས་བསྐོར་བའམ། ལྕགས་ཀྱི་དྲ་བས་བསྐོར་བ་སྤྲོ་ལགས་སོ། །མོའུ་འགལ་གྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྔ་མ་བཞིན་དུ་བསྐོར་བ་ཞེས་བྱ་བའི་བར་ནུས་མོད་ཀྱི། འོན་ཀྱང་སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རྣམས་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དཔའ་རྒལ་བཞིན་ཉེ་བར་གནས་པ། གདོན་མི་ཟ་བར ་འབྱུང་བར་འགྱུར་བ་དག་། བྱས་ཤིང་བསགས་པ་རྣམས་གཞན་སུ་ཞིག་གིས་མྱོང་བར་འགྱུར་ཏེ། དགེ་སློང་དག་། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱིའི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། མེའི་ཁམས་ལ་མ་ཡིན། ཆུའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན། འོན་ཀྱང་ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །མོའུ་འགལ་གྱི་བུ། འཇིག་རྟེན་ནི། ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་བསྒོ་སྐལ་ལ་སྤྱོད་པ། ལས་ལ་རྟོན་པ་ཡིན་པས། གང་གིས་ལས་དགེ་བའམ་སྡིག་པ་བྱས་པ་དེ་ནི། ལས་དེའི་སྐལ་པ་ཅན་དུ་འགྱུར་རོ། །མོའུ་འགལ་གྱི་བུ། དེ་ལྟ་བས་ན། ལས་ལ་གཞོལ་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ནི། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་སོང་ངོ། །སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རྣམས་ཀྱིས། སྐྱེས་བུ་གཏི་མུག་ཅན་འཕགས་སྐྱེས་པོ་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང། རྟ་པའི་ཚོགས་དང། ཤིང་རྟ་པའི་ཚོགས་དང། དཔུང་བུ་


DKG010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གི་ཚོགས་གོ་བསྐོན་ནས། བདག་ཅག་གསོད་དུ་འོངས་སོ། །ཞེས་ཐོས་སོ། །ཐོས་ནས་དེ་དག་གིས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང། རྟ་པའི་ཚོགས་དང། ཤིང་རྟ་བའི་ཚོགས་དང། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་གཡུལ་སྤྲད་པའི་ཕྱིར་འཕགས་སྐྱེས་པོ་ལོགས་སུ་སྤགས་སོ། །དེ་དག་བདེན་པ་མཐོང་བ་ཡིན་པས། གསོད་པར་ནི། ཅུང་ཟད་ཀྱང་མི་བྱེད་ཀྱི། གཞན་དུ་ན་དེའི་ཚེ་དབྱུག་པ་དང། ལྕག་དག་གིས་སྣུན་ཅིང་གཞུ་རྒྱུད་དང། རྒྱུན་དང། འབྲེང་བ་རྣམས་གཅོད་པ་དང། རྣ་རྒྱན་དག་ལ་མདའ་འཕེན་པར་བྱེད་དོ། །འཕགས་སྐྱེས་པོའི་དཔུང་གོ་ཆ་ཞིག་པར་བྱས་ནས་སེར་སྐྱའི་གནས་སུ་ཞུགས་ཏེ་སྒོ་དག་བཅད་ནས་ར་བ་ལ་སྦྲེངས་ཏེ་འཁོད་དོ། །དེ་དག་གིས་ཕ་རོལ་ གནོན་པའི་མཐུ་ཉེ་བར་བཅོམ་པ་དང། མ་ལ་གནོད་ལ་སྨྲས་པ། མ་ལ་གནོད། མཐོང་ངམ། ཤཱཀྱ་རྣམས་ཀྱིས་བདག་ཅག་བརླག་པར་བྱས་སུ་འོང་གི ། ཐོང་ལ་འདོང། དེས་སྨྲས་པ། ལྷ། ཐུགས་མ་ཆད་ཅིག་། སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ནི། བདེན་པ་མཐོང་བ་ལགས་པས། འདི་རྣམས་སྲོག་ཆགས་གྲོག་སྦུར་ཡང་སྲོག་དང་འབྲལ་བའི་ཐུགས་མི་ཐུབ་སྟེ། དེ་ནི། འདི་དག་གིས་བདག་ཅག་གི་སེམས་ཅན་གཅིག་ཀྱང་མ་བསད་པ་ལས་མངོན་ནོ། །དེ་དེས་བསླུས་ནས་ཅང་མི་སྨྲ་བར་འདུག་གོ། ཤཱཀྱ་རྣམས་ཀྱིས་ཀྱང་ཁྲིམས་སུ་བཅས་པ། ཤེས་ལྡན་དག་། བདག་ཅག་ལས་སུས་ཀྱང་འཕགས་སྐྱེས་པོའམ། འཕགས་སྐྱེས་པོའི་དཔུང་ལ་བསྣུན་པར་མི་བྱ་སྟེ། གང་ཞིག་སྣུན་པ་དེ་ནི། བདག་གི་ཉེ་དུ་ཡང་མ་ཡིན། ཤཱཀྱ་ཡང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་ཤཱཀྱ་ཤམྦྷ་ཀ་ཞེས་བྱ་བཞིག་རི་བྲག་ཅིག་ན་རང་ཞལ་ཏ་བྱེད་ཅིང་ལས་ཀྱི་མཐའ་བྱེད་པ་དེས། ཤཱཀྱ་རྣམས་ཀྱིས་ཁྲིམས་སུ་བཅས་པ་མ་ཐོས་སོ། །དེ་ཡང་སོ་སོའི་སྐྱེ་བོ་ཞིག་ཡིན་ཏེ། དེས་འཕགས་སྐྱེས་པོ་བདག་ཅག་གསད་པའི་ཕྱིར་སེར་སྐྱའི་གནས་སུ་འོངས་ནས་ཕྱོགས་ཆེ་གེ་མོ་ཞིག་ན་འདུག་གོ་། ཞེས་ཇི་ལྟ་བུ་ཡིན་པ་ཐོས་སོ། །ཐོས་ནས་ཀྱང་ཁྲོ་བས་ཀུན་ནས་དཀྲིས་པས་བསྐྱེད་པའི་ཡིད་མི་བདེ་བས། མོད་ལ་འཕགས་སྐྱེས་པོའི་དཔུང་གི་ཐོག་ཏུ་དྲངས་ནས་དེས་དེར་སྐྱེ་བོའི་ཚོགས་མང་པོ་ཞིག་ནི། ཁ་བཏག་། ཁ་ཅིག་ནི། ཐ་མ་མ་ཤི་ཙམ་དུ་བྱས་སོ། །དེ་ནས་འཕགས་སྐྱེས་པོ་ཡིད་མི་བདེ་ནས་སྨྲས་པ། མ་ལ་གནོད། ཁྱོད་ཀྱིས་མཐོང་ངམ། ཁྱོད་ཅག་ན་རེ།


DKG010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་བདེན་པ་མཐོང་བ་ཡིན་པས་སྲོག་ཆགས་གྲོག་སྦུར་ཡང་སྲོག་དང་འབྲལ་བར་མི་བྱེད་དོ། །ཞེ་ན། རེ་ཞིག་འདི་དག་གཅིག་གིས་ཀྱང་བདག་ཅག་གི་སྐྱེ་བོ་མང་པོ་འདི་ལྟ་བུ་བསད་ན། གལ་ཏེ་ཐམས་ཅད་ལྷགས་པར་གྱུར་ན། བདག་ཅག་གི་སེམས་ཅན་འགའ་ཡང་མི་འཚོ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དུས་ཀྱིས་བཅུས་པས་ཆོག་གི ། སླར་འདོང། དེས་སྨྲས་པ། ལྷ། ཤཱཀྱ་རྣམས་ཀྱིས་འདི་ལྟ་བུའི་ཁྲིམས་སུ་བཅའ་བ་བགྱིས་ཏེ། བདག་ཅག་ལས་གང་གིས་ཀྱང་འཕགས་སྐྱེས་ པོའམ། འཕགས་སྐྱེས་པོའི་དཔུང་ལ་བསྣུན་པར་མི་བྱ་སྟེ། གང་ཞིག་སྣུན་པ་དེ་ནི། བདག་ཅག་གི་ཉེ་དུ་ཡང་མ་ཡིན། ཤཱཀྱ་ཡང་མ་ཡིན་ནོ། །ཞེས་དམ་བཅས་ན། དེ་འདིས་མ་ཐོས་པས། ད་ནི། འདི་ནང་དུ་ཡང་མི་ཆུད་པའི་གནས་གང་ལགས་པ་དེ་མཆིས་སོ། །དེ་སེར་སྐྱའི་གནས་ཀྱི་སྒོར་སོང་སྟེ་འདུག་ནས་སྨྲས་པ། ཤེས་ལྡན་དག་། ནང་དུ་འོང་གི ། སྒོ་ཕྱེ་ཞིག་། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་ཅག་གི་ཁྲིམས་སུ་བཅའ་བ་དྲལ་བས་ད་ཕྱིན་ཆད་ཁྱོད་ཁོ་བོ་ཅག་གི་གཉེན་ཡང་མ་ཡིན། ཤཱཀྱ་ཡང་མ་ཡིན་ནོ། །ཁྱོད་ནང་དུ་ལྟ་ག་ལ་གཏང། སོང་ཞིག་། དེས་སྨྲས་པ། བདག་གིས་ཁྱོད་ཀྱི་ཁྲིམས་སུ་བཅའ་བ་མ་ཐོས་ཏེ། འོན་ཀྱང་མང་དུ་སྨྲ་ཅི་དགོས། གལ་ཏེ་བདག་གིས་ཁྱེད་ཀྱི་ཁྲིམས་སུ་བཅའ་བ་དྲལ་ན། བདག་གི་འཁོར་ཕྱིར་ཕྱུང་ཞིག་དང། གཞན་དུ་འགྲོའོ། །དེ་དག་གིས་དེའི་འཁོར་ཕྱིར་ཕྱུང་བ་དང། དེས་དེ་དག་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཤཱཀྱ་ཤམྦྷ་ཀས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་བཅོམ་ལྡན་འདས་ལ་གང་ལ་བགྱི་བ་བགྱི་བའི་མཚན་མ་ཅུང་ཟད་ཅིག་བདག་ལ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་ལ་རྫུ་འཕྲུལ་གྱིས་དབུ་སྐྲ་དང། སེན་མོ་དང། ཚེམས་དག་ཅིག་གནང་བ་དང། དེས་དེ་དག་ཁྱེར་ནས་ཡུལ་བ་ཀུ་དར་ཆས་སོ། །དེ་རྣམས་ཀྱིས་ཤཱཀྱ་ཤམྦྷ་ཀ་ཞེས་བྱ་བ་བརྩོན་པ་དང། སྟོབས་དང། ཕ་རོལ་གནོན་པ་ཆེན་པོ་ཕུན་སུམ་ཚོགས་པ་ཞིག་བདག་ཅག་གི་ཡུལ་དུ་རྒྱལ་སྲིད་འདོད་དུ་འོང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་གྲོགས་བྱ་བར་བརྩམས་པ།


DKG010_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡན་དག་ཤཱཀྱ་ཤམྦྷ་ཀ་ཞེས་བྱ་བ་བརྩོན་པ་དང། སྟོབས་དང། ཕ་རོལ་གནོན་པ་ཆེན་པོ་ཕུན་སུམ་ཚོགས་པ་ཞིག་། བདག་ཅག་གི་ཡུལ་དུ་འོང་ངོ། །ཞེས་གྲག་གི ། དེའི་ཕྱིར་རེ་ཞིག་ཚུར་ཤོག་། འདུས་ཤིག་། ཅི། དེ་དང་ཕྲད་ཅིང་འདོང་ངམ་མི་འདོང། དེ་དག་ཐམས་ཅད་རེ་ཞིག་གི་དྲུང་དུ་འདུས་ཏེ་རེ་ཞིག་འདུག་པ་དེའི་བར་དུ་ཤམྦྷ་ཀས་འཁོར་རྣམས་ ཕྱོགས་གཅིག་ཏུ་བཞག་ནས་བང་ཆེན་གྱི་ཆ་ལུགས་སུ་བྱས་ཏེ། དེ་དག་གི་དྲུང་དུ་སོང་བ་དང། དེ་དག་གིས་འོངས་པ་ལེགས་སོ། །ཞེས་བྱ་བའི་སྨྲ་བ་ཀུན་ཏུ་སྤྱད་ནས་དྲིས་པ། ཁྱོད་ག་ལས་འོང། དེས་སྨྲས་པ། ཤཱཀྱ་ཤམྦྷ་ཀ་ཞེས་བྱ་བ་བརྩོན་པ་དང། སྟོབས་དང། ཕ་རོལ་གནོན་པ་ཆེན་པོ་ཕུན་སུམ་ཚོགས་པ་དེ། རྒྱལ་སྲིད་འདོད་ཅིང་འདིར་འོང་བར་འདོད་དེ། དེས་སྤྲིང་ཡིག་འདི་བསྐུར་གྱི། འཁོད་ལ་ལྷོགས་ཤིག་། དེ་དག་གིས་སྨྲས་པ། སྟན་ཡང་མེད་ན་གང་དུ་འཁོད། དེས་རལ་གྲི་ཤུབས་ནས་ཕྱུང་ནས་ཕ་བོང་དུམ་བུ་དུམ་བུར་གཤེགས་ཏེ་འདི་ལ་འཁོད་ཅིག་ཅེས་བྱས་པ་དང། དེ་དག་གིས་མཐོང་ནས་ངོ་མཚར་གྱི་མིག་གདངས་ཏེ་སྨྲས་པ། ཀྱེ་སྐྱེས་བུ། དེ་ལ་ཁྱོད་འདྲ་བ་དེ་ལྟ་བུའི་མི་ཇི་ཙམ་ཡོད། དེས་སྨྲས་པ། ཤེས་ལྡན་དག་། ཁོ་བོ་ནི། དེའི་བང་ཆེན་ཏེ། ཁོ་བོས་ལྟ་ཅི་ཞིག་ནུས། དེ་ལ་སྐྱེས་བུ་དཔའ་བོ་གཞན་མང་དུ་ཡོད་དོ། །དེ་དག་གིས་ཐོས་ནས་སྡངས་ཏེ་ཕན་ཚུན་སྨྲས་པ། ཤེས་ལྡན་དག་། གང་གིས་བང་ཆེན་འདི་འདྲ་བ་དེའི་མི་གཞན་ཅི་འདྲ་བ་ཞིག་ཡོད། ཚུར། དེ་ཡོང་བདག་ཅག་གི་རྒྱལ་པོར་གཞུག་གོ། ཞེས་དེ་དག་གིས་སྤྲིང་ཡིག་བཀླགས་ནས་དེ་ལ་སྤྲིང་ཡིག་གི་ལན་བྱིན་པ། བྱོན་པ་ལེགས་སོ། །སྨན་བཏགས་ཏེ། བདག་ཅག་བཀའ་བཞིན་བགྱིད་པ་ལགས་སོ། །དེས་སྤྲིང་ཡིག་གི་ལན་ཁྱེར་ནས་འཁོར་དང་བཅས་ཏེ་འབྱོར་པ་མཆོག་དང། ཡུལ་བ་ཀུ་དར་འོངས་པ་དང། དེ་དག་གིས་དེ་བཀུར་སྟི་ཆེན་པོས་བསུས་ནས་རྒྱལ་སྲིད་ལ་བཞག་གོ་། ཡུལ་བ་ཀུ་ད་པ་རྣམས་ཀྱིས་ཤཱཀྱ་ཤམྦྷ་ཀ་ཞེས་བྱ་བ་རྒྱལ་སྲིད་ལ་དབང་བསྐུར་རོ། །ཞེས་ཀུན་ཏུ་སྒྲ་གྲགས་ཏེ། རྒྱལ་པོ་ཤམྦྷ་ཀ། རྒྱལ་པོ་ཤམྦྷ་ཀ་ཞེས་བྱ་བར་མིང་ཆགས་སོ། །དེས་དེར་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང། སེན་མོའི་མཆོད་རྟེན་བྱེད་དུ་བཅུག་སྟེ་ཤམྦྷ་ཀའི་མཆོད་རྟེན། ཤམྦྷ་ཀའི་མཆོད་རྟེན་ཞེས་བྱ་བར་མིང་ཆགས་སོ། །དེའི་ཆུང་མ་དད་པ་མེད་པ་ཞིག་ན་དེ་ཡང་དེའི་


DKG010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་དམ་པ་ཡིན་པས། དེས་དེའི་ངོ་ཅུང་ཟད་ཀྱང་མི་ཆོད་པས། དེས་བློན་པོ་རྣམས་ལ་བསྒོ་བ། དགོན་པ་སྲུང་བ་གྱིས་ཤིག་། དེ་དག་གིས་དགོན་པ་སྲུང་བ་བྱས་པས། ད་དུང་ཡང་དེ་ན་རི་དྭགས་དག་མི་གསོད་དོ། །འཕགས་སྐྱེས་པོས་མ་ལ་གནོད་ལ་སྨྲས་པ། མལ་གནོད་ད་ནི། ཤཱཀྱ་རྣམས་ཀྱིས་སྒོ་རྣམས་བཅད་དེ་ར་བ་རྣམས་སུ་སྦྲེངས་ནས་བག་བརྐྱང་སྟེ་འཁོད་ན། ངེས་པའི་དུས་ཀྱིས་འཆུ་བས་ཅི་ཞིག་བྱ། འདོང། དེས་སྨྲས་པ། ལྷ། ཅི། གྲོང་ཁྱེར་ཐམས་ཅད་ཕ་རོལ་གནོན་པ་གཅིག་བུས་ཆོམས་སམ། བདག་རྒྱལ་པོའི་ཕོ་བྲང་ན་སྤྱོད་པས་ཐོས་པ་ནི། མཁས་པ་རྣམས་ནི་བཞམས་པ་དང། །རབ་ཏུ་སྦྱིན་དང་བསླུ་བ་དང། ཀུན་ཏུ་སྤྱད་པ་ལྔ་པ་ནི། ། དཔུང་གིས་དོན་རྣམས་སྒྲུབ་པར་བྱེད། །ཅེས་བགྱི་སྟེ། དེ་ལྟ་བས་ན། དེ་དག་ལ་དབྱེན་བགྱི་བ་དགོངས་ཤིག་། འཕགས་སྐྱེས་པོས་དེ་དག་ལ་སྤྲིང་པ། ཤེས་ལྡན་དག་། ང་ནི། ཁྱེད་ལ་རྗེས་སུ་ཆགས་པ་ཡང་མེད། ཁོང་ཁྲོ་བ་ཡང་མེད་ཀྱི། འོན་ཀྱང། ངའོ་ནིར་བྱ་བ་ཅུང་ཞིག་ཡོད་དེ། དེངས་བྱས་ཤིང་ཐོབ་ནས་མྱུར་བ་མྱུར་བར་འགྲོའི། །སྒོ་ཕྱེ་ཞིག་། ཤཱཀྱ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག། འདུས་ལ་ཅི་སྒོ་དབྱེའམ། འོན་ཏེ་མི་དབྱེ་བ་དཔྱད་པར་བྱའོ། །ཞེས་དེ་དག་ཐམས་ཅད་འདུས་པ་དང། དེ་ན་ཁ་ཅིག་གིས་སྨྲས་པ། དབྱེ་བར་བྱའོ། །གཞན་དག་གིས་སྨྲས་པ། གལ་ཏེ་ཕྱེ་ན། མ་ལེགས་སོ། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་། ཁ་ཅིག་ནི། དབྱེའོ། །ཞེས་ཟེར། གཞན་དག་ནི། ཕྱེ་ན་མ་ལེགས་སོ། ། ཞེས་ཟེར་བས། དེའི་ཕྱིར་གལ་ཏེ་ཁྱོད་འདོད་ན། ཚུལ་ཤིང་བྲིམས་ཤིག་དང། སྐྱེ་བོ་མང་པོའི་འདོད་པ་གང་ཡིན་པ་དེ་བྱའོ། །ཞེས་དེ་རྣམས་ཀྱི་ཚུལ་ཤིང་བྲིམ་པར་བརྩམས་སོ། ། སྐབས་དེར་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བདག་གིས་ལན་དུ་མ་ཞིག་དགེ་སྦྱོང་གོའུ་ཏ་མ་ལ་གླགས་བཙལ་ཞིང་གླན་ཀ་བཙལ་ཏེ་ཕྱི་བཞིན་ཕྱི་བཞིན་དུ་འབྲངས་ཀྱང་གླགས་མ་རྙེད་ཀྱི། མ་ལ་ད་བདག་གིས་འདིའི་ཉེ་དུ་རྣམས་ཁ་བཏག་གོ་། སྙམ་དུ་རིག་ནས་བདག་ཉིད་ཤཱཀྱ་རྒན་པོ་ཞིག་ཏུ་མངོན་པར་སྤྲུལ་ཏེ་རྒན་པའི་མཐར་འདུག་ནས་དེས་ཐོག་མར་ཚུལ་ཤིང་བླངས་པ་དང། ཤཱཀྱ་རྒན་པོས་ཚུལ་ཤིང་བླངས་སོ། །ཞེས་ཐམས་ཅད་ཀྱིས་བླངས་ སོ། །དེ་ནས་བློ་གཅིག་པས་འཕགས་སྐྱེས་པོ་ལ་སྤྲིངས་པ་། ནང་དུ་ཞུགས་ཤིག་། དེ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ནང་དུ་ཞུགས་ཏེ་ཞུགས་


DKG010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨྲས་པ། ངས་ཤཱཀྱ་རྣམས་གདག་གོ་། ངས་ཤཱཀྱ་རྣམས་ཡོངས་སུ་སྤངས་སོ། །ཞེས་སྨྲས་པའི་ཚིག་རྗེས་ཆད་མ་ཐག་ཏུ། སྐྱེས་བུ་མཚོན་གཟས་པ་རྣམས་ཀྱིས་ཤཱཀྱ་རྣམས་ཀུན་ནས་གསད་པར་བརྩམས་པ་དང། ཀུ་ཅོ་ཆེན་པོ་འདོན་ཏོ། །ཤཱཀྱ་མིང་ཆེན་གྱིས་སྒྲ་དེ་ཐོས་ནས་ཉེ་དུ་ལ་བྱམས་པས་བསྐྱེད་པའི་ཡིད་མི་བདེ་བས། རིངས་པ་རིངས་པར་འཕགས་སྐྱེས་པོའི་དུང་དུ་སོང་སྟེ་དེས་སྨྲས་པ། ལྷ། དམ་པ་འོས་པ་བདག་ལ་དམ་པ་སྩོལ་ཅིག་། དེས་སྨྲས་པ། ཁྱོད་དམ་པ་ཅི་སློང་སྨྲོས་ཤིག་། དེས་སྨྲས་པ། ལྷ། བདག་གི་ཉེ་དུ་རྣམས་ལ་མི་འཇིགས་པ་སྩོལ་ཅིག་། འཕགས་སྐྱེས་པོས་སྨྲས་པ། ངས་ཁྱོད་ཀྱི་ཉེ་དུ་རྣམས་ལ་ནི། མི་འཇིགས་པ་མི་སྦྱིན་ནོ། །འོན་ཀྱང་ཁྱོད་འཁོར་དང་བཅས་ཏེ་ཕྱིར་ཕྱུང་ཞིག་། དེས་སྨྲས་པ། ལྷ། ཇི་སྲིད་བདག་ཆུའི་ནང་དུ་ནུབ་སྟེ་འདུག་པ་དེ་སྲིད་དུ་གང་དག་ཕྱིར་འབྱུང་བ་དེ་དག་ལ་མི་འཇིགས་པ་སྩོལ་ཅིག་། དེས་བློན་པོ་རྣམས་ཀྱི་གདོང་དུ་བལྟ་བར་བརྩམས་པ་དང། དེ་དག་གིས་སྨྲས་པ། ལྷ། མིང་ཆེན་འདི་ནི། ཁྱོད་ཀྱི་ཡུམ་མེས་ཀྱང་ལགས། ཡབ་ཀྱི་གྲོགས་པོ་ཡང་ལགས་པས། འདི་ལ་ནི། དམ་པ་དེ་སྩལ་བའི་རིགས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན། དེ་སྐད་ཅིག་བྱིན་ཏོ། །ཤཱཀྱ་མིང་ཆེན་ཉེ་དུ་ལ་ཆགས་པས་བསྐྱེད་པའི་ཡིད་མི་བདེ་བ། སྙིང་རྗེས་བརླན་པའི་སེམས་ཀྱིས་ཆུའི་རྫིང་དུ་སོང་སྟེ་དེའི་འགྲམ་ན་ཤིང་སཱ་ལ་ཞིག་ཡོད་པ་དེའི་ཡལ་ག་རྫིང་གི་ཆུའི་ནང་དུ་ནུབ་པ་དེ་ལ། དེས་གཙུག་ཕུད་བཏགས་ནས་ནམ་སྲོག་དང་བྲལ་བ་དེའི་བར་དུ་ནུབ་སྟེ་འདུག་གོ་། དེ་ན་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་གང་དག་གིས་ཚོགས་པ་ཅན་གྱི་ལས་མ་བྱས་པ་དེ་དག་ལས་ཁ་ཅིག་ནི། སེར་སྐྱའི་གནས་ནས་བྱུང་སྟེ་གྱད་རྒྱུ་བར་སོང་ངོ། །ཁ་ཅིག་ནི། བལ་ཡུལ་དུ་དོང་ངོ། །ཁ་ཅིག་ནི། གྲོང་དང། གྲོང་རྡལ་དང། རྒྱལ་པོའི་ཡུལ་འཁོར་དང། ཕོ་བྲང་དེ་དང་དེ་དག་ཏུ་སོང་ངོ། །གང་དག་གིས་ཚོགས་པ་ཅན་གྱི་ལས་བྱས་པ་དེ་དག་ནི། སེར་སྐྱའི་གཞིའི་ཤར་སྒོར་བྱུང་ནས་ལྷོ་ནས་འཇུག་། ལྷོ་ནས་བྱུང་ནས་ནུབ་ནས་འཇུག་། ནུབ་ནས་བྱུང་ནས་བྱང་ནས་འཇུག་། བྱང་ནས་བྱུང་ནས་ཤར་ནས་འཇུག་པ་དང། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། ཀྱེ་མ་ཤཱཀྱ་རྣམས་ནི། ཚིག་གོ་། ཀྱེ་མ་ཤཱཀྱ་རྣམས་ནི། ཚིག་སྟེ། འདི་ན་ད་ལྟར་ཤར་སྒོ་ནས་ནང་དུ་ཞུགས་ནས་ལྷོར་འབྱུང། ལྷོ་ནས་ཞུགས་ནས་ནུབ་ཏུ་འབྱུང། ནུབ་


DKG010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞུགས་ནས་བྱང་དུ་འབྱུང། བྱང་ནས་ཞུགས་ནས་ལྷོར་འབྱུང་ངོ། །འཕགས་སྐྱེས་པོས་སྨྲས་པ། ཤེས་ལྡན་དག་། མེས་པོ་དེ་ཆུར་ནུབ་ནས་རིང་ཞིག་ལོན་གྱི། ལྟོས་ཤིག་། བློན་པོ་རྣམས་ཀྱིས་རིངས་པར་ཆུའི་རྫིང་དུ་སོང་ནས་བརྟག་པར་བརྩམས་པ་ལས། དེ་ཙམ་ན་དུས་ལས་འདས་སོ། །དེ་དག་འོངས་ཏེ། ལྷ། དུས་ལས་འདས་སོ། །ཞེས་བྱས་པ་དང། དེ་ཆེ་ཐང་དུ་ཀུན་ནས་དཀྲིས་པས་སྨྲས་པ། ཤེས་ལྡན་དག་། སྟན་ཤོམས་ཤིག་། ཇི་སྲིད་དུ་ལམ་པོ་ཆེར་ཁྲག་གི་འོད་པ་བབ་པར་མ་བྱུར་པ་དེ་སྲིད་དུ་ཕྱོགས་འདི་ནས་མི་འགྲོའོ། །སྐྱེས་བུ་དཔའ་བོ་རྣམས་བསད་ན། ཁྲག་ཉུང་ངུ་འབྱུང་བ་འདི་ནི། ཆོས་ཉིད་ཡིན་པས་བློན་པོ་རྣམས་ཕན་ཚུན་བགྲོ་བར་བརྩམས་པ། ཤེས་ལྡན་དག་། སེམས་ཅན་འདི་ནི། སྡིག་པའི་ལས་བྱེད་པ་དང། དམ་བཅས་པ་ལ་བརྟན་པ་ཡིན་ན། འདིར་འདི་སྙེད་ཀྱི་ཁྲག་ཅིག་ག་ལས་འབྱུང། རྒྱ་སྐྱེགས་དག་ཅིག་ལེན་དུ་གཞུག་གོ། ཞེས་དེ་རྣམས་ཀྱིས་རྒྱ་སྐྱེགས་བླངས་ནས་རྒྱ་སྐྱེགས་ཀྱི་ཆུ་བུམ་པ་བརྒྱ་སྟོང་དུ་མ་ལམ་པོ་ཆེར་ཕབ་པ་དང། འཕགས་སྐྱེས་པོས་བསམ་པ། བདག་གི་དམ་བཅས་པ་རྫོགས་པས་འགྲོའོ། །སྙམ་མོ། །དེ་ནས་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་ཤཱཀྱ་བདུན་ཁྲི་བདུན་སྟོང་བསད་དེ། ཕལ་ཆེར་ནི། བདེན་པ་མཐོང་བ་ཤ་སྟག་གོ་། དེས་སེམས་ཅན་དེ་སྙེད་བསད་ནས་གཞོན་ནུ་ལྔ་བརྒྱ་དང། བུ་མོ་ལྔ་བརྒྱ་ཁྲིད་དེ། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་ཀྱི་ཀུན་དགའ་ར་བ་ཕག་མོའི་གནས་ཞེས་བྱ་བ་ག་ལ་བ་དེར་སོང་བ་དང། མ་ལ་གནོད་ཀྱིས་སྨྲས་པ། ལྷ། ཁྱོད་ཀྱིས་དགྲ་ཡོངས་སུ་བསྐྱངས་སོ། །དགྲ་འདི་དག་ཅི་སྟེ་ཡལ་བར་གཞག་། སོད་ཅིག་། འཕགས་སྐྱེས་པོས་གཤེད་མའི་མི་རྣམས་ལ་གཏད་དེ། འདི་རྣམས་གླང་པོ་ཆེ་དག་གིས་རྫིར་ཆུག་ཅིག་། ཅེས་བསྒོའོ། །དེ་རྣམས་ཀྱིས་གླང་པོ་དག་གིས་རྫིར་གཞུག་པར་ བརྩམས་པ་དང། དེ་དག་གིས་གླང་པོ་ཆེ་དེ་དག་གན་རྐྱལ་དུ་མནན་ཏེ་ལག་པ་ནས་ལག་པར་སྦེད་པར་བརྩམས་སོ། །མ་ལ་གནོད་ཀྱིས་སྨྲས་པ། ལྷ། ཁྱོད་ཀྱིས་འདི་དག་གི་ཕ་རོལ་གནོན་པ་གཟིགས་སམ། མཐོང་ངོ། །ལྷ། འདི་དག་ཡལ་བར་བཞག་ན། ལྷ་ལ་གནོད་པ་བགྱིད་པར་མི་འགྱུར་རམ། མ་ལ་གནོད། དེ་དེ་བཞིན་ཏེ། འདི་དག་ཇི་ལྟར་གསད་པར་བྱ་བ་དྲིའི། སྨྲོས་ཤིག་། དེས་སྨྲས་


DKG010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷ་དོང་དུ་སྩོལ་ལ། སྟེང་ནས་ལྕགས་ཀྱི་ཤལ་བས་བཤལ་དུ་སྩོལ་ཅིག་། དེ་བཞིན་བྱེད་དུ་ཆུག་ཅིག་། དེས་དེ་དག་དོང་དུ་བཅུག་ནས་སྟེང་ནས་ལྕགས་ཀྱི་ཤལ་བས་མནན་ཏོ། ། དེ་ནས་གཉིས་ཤིག་བྲོས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ། །སོང་ནས་དེ་གཉིས་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཀྱིས་བཀབ་པ་དང་དེ་ཉིད་དུ་ཤིའོ། །ཤཱཀྱ་རྣམས་བསད་པ་ན། བཅོམ་ལྡན་འདས་ཀྱི་དབུ་ཤིན་ཏུ་བསྙུང་པར་གྱུར་ཏོ། །དེ་ནས་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་མི་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ། ཁྱོད་ཚུར། དེ་བཞིན་གཤེགས་པའི་སྤྱན་སྔར་སོང་སྟེ་འདུག་ལ་བཅོམ་ལྡན་འདས་ཅི་གསུང་བ་དེ་ཁྱོད་ཀྱིས་ཉོན་ལ། ང་ལ་ཟློས་ཤིག་། ཅེས་སྨྲས་ནས་སོང་ངོ་། མི་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་འདུག་གོ་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ང་ལ་ཆུ་ལྷུང་བཟེད་གང་བྱིན་ཅིག་། དེས་བཅོམ་ལྡན་འདས་ལ་ཆུ་ལྷུང་བཟེད་གང་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་དེར་ཆུའི་ཐིགས་པ་གཉིས་གསུམ་ཙམ་བླུགས་པ་དང། དེ་དག་ཆུའི་ནང་དེ་ནས་དུ་བར་ཐུལ་ཞིང་ཙི་རི་རི་ཟེར་ལ་སྒྲ་ཡང་འབྱིན་ཏོ། །དགེ་སློང་རྣམས་ཆོ་འཕྲུལ་དེ་མཐོང་ནས་ཡིད་དད་ཅིང། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ཞིག་མཛད་ན། འཕྲིན་ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་དབུ་བསྙུང་བར་གྱུར། སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཀྱིས་སུག་ལས་ཅི་ཞིག་བགྱིས་ན། དེས་ནོངས་པ་ཡང་མ་མཆིས། གནོད་པ་བགྱིས་པ་ཡང་མ་མཆིས་པར་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་བཀུམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། ཚུར། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་ཀྱི་ཀུན་དགའ་ར་བ་ཕག་མོའི་གནས་གང་དུ་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་པ་ག་ལ་བ་དེ་ཁོ་ནར་དེ་རྣམས་དང། བདག་ཉིད་ཀྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བྱའོ། །བཙུན་པ། དེ་ལྟར་འཚལ་ལོ། །ཞེས་དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་རབ་ཏུ་མང་པོ་དང་ཐབས་ཅིག་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་ཀྱི་ཀུན་དགའ་ར་བ་ཕག་མོའི་གནས་གལ་བ་དེར་གཤེགས་སོ། །བྲེ་བོ་དང་རུས་མཐུན་པའི་བྲམ་ཟེ་ཞིག་གིས་བཅོམ་ལྡན་


DKG010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གོའུ་ཏ་མ། གང་གི་སླད་དུ་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས། སེར་སྐྱ་ན་གནས་པའི་ཤཱཀྱ་ནོངས་པ་ཡང་མ་མཆིས། གནོད་པ་བགྱིས་པ་ཡང་མ་མཆིས་པ་རྣམས་སྲོག་དང་ཕྲལ་བ་ནི། བསོད་ནམས་མ་ལགས་པ་མང་པོ་ཞིག་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་གི་ཕྱིར་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས། སེར་སྐྱ་ན་གནས་པའི་ཤཱཀྱ་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པ་རྣམས་སྲོག་དང་བྲལ་བ་ནི། བསོད་ནམས་མ་ཡིན་པ་མང་པོ་ཞིག་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་ཀྱི་ཀུན་དགའ་ར་བ་ཕག་མོའི་གནས་ག་ལ་བ་དེར་གཤེགས་པ་དང། དེ་ན་སེར་སྐྱ་ན་གནས་པའི་ཤཱཀྱ་ལྕགས་ཀྱི་ཤལ་བས་བཤལ་བ་ལས་སྲོག་གི་ལྷག་མ་ཅུང་ཟད་ལུས་པ་གང་དག་ཡིན་པ་དེ་དག་གིས་བཅོམ་ལྡན་འདས་མཐོང་ནས་སྐད་ངན་བཏོན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱོགས་གཅིག་ཏུ་གཤེགས་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་། སེར་སྐྱ་ན་གནས་པའི་ཤཱཀྱ་འདི་རྣམས་ཀྱིས་འདི་དང་ལན་གསུམ་གྱི་བར་དུ་སྒྲ་ཆེན་པོ་ཕྱུང་ སྟེ། སྔོན་ཉ་པ་བྱེད་པའི་ཚེ། ཉ་འདོད་པའི་ཕྱིར་གང་ཡིན་པ་དང། ཆོམ་རྐུན་པ་བྱེད་པའི་ཚེ་གྲོང་འཇོམས་པའི་ཕྱིར་གང་ཡིན་པ་དང། ད་ལྟ་སེར་སྐྱ་ན་གནས་པའི་ཤཱཀྱ་བྱེད་པའི་ཚེ་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་པར་བྱས་ཏེ་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་གང་ཡིན་པའོ། །འདི་དག་ཐམས་ཅད་ཀྱི་བརྡོལ་བ་ལ་ནི་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། མཚུངས་སོ། །དགེ་སློང་དག་། ཇི་སྙམ་དུ་སེམས། ཤན་པ་འདི། ལས་དེ་དང། བཟོ་དེ་དང། འཚོ་བ་དེས་གླང་པོ་ཆེ་ལ་ཞོན་ཏེ་འགྲོ་བའམ། རྟ་ལ་ཞོན་ཏེ་འགྲོ་བའམ། ཤིང་རྟར་ཞུགས་ཏེ་འགྲོ་བའམ། དཔུང་བུ་ཆུང་དང་ཆས་ཏེ་འགྲོ་བའམ། ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་གྲུབ་ནས་གནས་པ་ལྟ་ཅི་ག་ལ་མཐོང་ངམ། ཐོས་སམ། བཙུན་པ། མ་ལགས་སོ། །དགེ་སློང་དག་། ལེགས་སོ། །ལེགས་སོ། །


DKG010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ཀྱང་ཤན་པ་འདི། ལས་དེ་དང་ཞེས་བྱ་བ་ནས་ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་བསྒྲུབས་ནས་གནས་པ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། མ་མཐོང། མ་ཐོས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤན་པ་རྣམས་ནི། སྡིག་པའི་བསམ་པས་རྟོག་པར་བྱེད་དེ། དེས་ན་འདི་གླང་པོ་ཆེ་ལ་ཞོན་ཏེ་འགྲོ་བའམ། རྟ་ལ་ཞོན་ཏེ་འགྲོ་བའམ། ཤིང་རྟར་ཞུགས་ཏེ་འགྲོ་བའམ། དཔུང་བུ་ཆུང་དང་ཆས་ཏེ་འགྲོ་བར་ཡང་མི་འགྱུར་ལ། ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་བསྒྲུབས་ཏེ་གནས་པར་ཡང་མི་འགྱུར་རོ། །གཞན་ཡང་དགེ་སློང་དག་། ཇི་སྙམ་དུ་སེམས། ཁྱོད་ཀྱིས་བྱ་གག་གསོད་པའམ། ཕག་གསོད་པའམ། ཉ་པའམ། རི་དྭགས་བཤོར་བའམ། བྱ་བའམ། བོང་བུ་རྒྱས་འཚོར་བའམ། བ་ལང་གསོད་པ་དག་ལས་དེ་དང་ཞེས་བྱ་བ་ནས་ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་བསྒྲུབས་ཏེ་གནས་པ་དེ་མཐོང་ངམ། ཐོས་སམ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བ་ལང་གསོད་པ་དེ། སྡིག་པའི་བསམ་པས་རྟོག་པར་བྱེད་དེ། དེས་ན་དེ་གླང་པོ་ཆེ་ལ་ཞོན་ཏེ་འགྲོ་བར་མི་འགྱུར་ཞེས་བྱ་བ་ནས་ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་བསྒྲུབས་ཏེ་གནས་པར་མི་འགྱུར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་། རེ་ཞིག་བྱོལ་སོང་གི་ སྐྱེ་གནས་སུ་སོང་བའི་སྲོག་ཆགས་རྣམས་ཀྱིས་ཀྱང་སྡིག་པའི་བསམ་པས་བརྟགས་ན། གླང་པོ་ཆེ་ལ་ཞོན་ཏེ་འགྲོ་བའམ། རྟ་ལ་ཞོན་ཏེ་འགྲོ་བའམ། ཤིང་རྟར་ཞུགས་ཏེ་འགྲོ་བའམ། དཔུང་བུ་ཆུང་དང་ཆས་ཏེ་འགྲོ་བར་ཡང་མི་འགྱུར་ལ། ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་བསྒྲུབས་ཏེ་གནས་པར་ཡང་མི་འགྱུར་ན། སྐྱེས་བུ་གཏི་མུག་འཕགས་སྐྱེས་སོ། སློབ་པས་ལོངས་ཞེས་སྨྲས་པ། ཚུལ་ཁྲིམས་ཀྱི་གཟི་བརྗིད་ཀྱི་ཉེ་བར་བཅོམ་པ་ལྟ་ཞིག་གླང་པོ་ཆེ་ལ་ཞོན་ཏེ་འགྲོ་བའམ། རྟ་ལ་ཞོན་ཏེ་འགྲོ་བའམ། ཤིང་རྟར་ཞུགས་ཏེ་འགྲོ་བའམ། དཔུང་བུ་ཆུང་དང་ཆས་ཏེ་འགྲོ་བའམ། ནོར་གྱི་ཕུང་པོ་རྒྱ་ཆེན་པོ་མང་པོ་བསྒྲུབས་ཏེ་གནས་པ་ལྟ་ཞིག་སྨོས་ཀྱང་ཅི་དགོས་ཏེ། དེ་ནི། གནས་མེད་དོ། །དགེ་སློང་དག་། ཀོ་ས་ལའི་རིགས་འདི་ནས་ཞག་བདུན་ན་སྦྲུལ་གྱིས་བལྟས་པ་བཞིན་དུ་རབས་ཆད་པར་འགྱུར་རོ། །སྐྱེས་བུ་གཏི་མུག་འཕགས་སྐྱེས་པོ་ཡང་མ་ལ་གནོད་དང་བཅས་ཏེ་ཞག་བདུན་


DKG010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེས་ཚིག་ནས་ཆོ་ངེས་འདོན་བཞིན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་། དེ་ལྟ་བས་ན། འདི་ལྟར་བསླབ་པར་བྱ་སྟེ། གང་མགལ་དུམ་ལ་ཡང་ངན་སེམས་མི་བྱ་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་དག་། ཁྱེད་ཀྱིས་དེ་ལྟ་བུར་བསླབ་པར་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཤཱཀྱ་ལྔ་བརྒྱ་པོ་འདི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ནོངས་པ་ཡང་མ་མཆིས། གནོད་པ་བགྱིས་པ་ཡང་མ་མཆིས་པར་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་སྲོག་དང་ཕྲལ། བཅོམ་ལྡན་འདས་ཀྱང་ཤཱཀྱ་རྣམས་བཀུམ་པའི་ཚེ་དབུ་སྙུན་ཚབས་ཆེན་པོས་ཐེབས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འདི་དག་ཉིད་དང། ངས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དཔའ་རྒལ་བཞིན་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་ བ་དག་ཡིན་ཏེ། འདི་དག་དང། ངས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་། སྔོན་བྱུང་བ། ཆུ་བོ་ཞིག་གི་འགྲམ་ན་ཉ་པ་ལྔ་བརྒྱ་གནས་སོ། །དེ་རྣམས་ཀྱིས་ཉ་གཉིས་ཤིག་རྒྱ་མཚོ་ཆེན་པོ་ན་ཕན་ཚུན་རྒྱུ་རྒྱུ་བ་ལས་ཆུ་བོ་དེར་ཞུགས་པ་མཐོང་བ་དང། དེ་རྣམས་རབ་ཏུ་དགའ་བ་སྐྱེས་ནས་དེ་དག་ཉ་རྒྱ་ཆེན་པོས་བཅུས་སོ། །དེ་རྣམས་ཀྱིས་དེ་གཉིས་ཀྱི་ལུས་མཐོང་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་། འདི་ལྟ་ཇི་ལྟར་བསྒྲུབ་པར་བྱ། འདི་དག་ལུས་ཆེ་ཆེས་པས་གལ་ཏེ་


DKG010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བསད་ན་ཤ་ལྡོམ་པར་མི་འགྱུར་ཏེ། དེ་འདྲུལ་བར་འགྱུར་རོ། །དེ་ནས་ཁ་ཅིག་གིས་སྨྲས་པ། འདི་ལ་ཅི་ཞིག་སྒྲུབ་ཏུ་ཡོད། གཅིག་ནི། བསད་ལ། གཅིག་ནི། བཏགས་ཏེ་གཞག་མོད། གཞན་དག་གིས་སྨྲས་པ། འདི་ཡང་ཆེ་སྟེ། འདི་ཡང་ལྡོམ་པར་མི་འགྱུར་པས། སྡོང་པོ་ལ་བཏགས་ལ་གསོན་པོར་ཤ་བཅད་ཅིང་བཅད་ཅིང་བཙོང་ངོ། །དེ་རྣམས་ཀྱིས་སྨྲས་པ། ལེགས་ཏེ། དེ་ལྟར་བྱའོ། །དེ་དག་གིས་དེ་ལྟར་བྱ་བར་བརྩམས་པ་དང། དེ་དག་དེ་ལྟར་གཅོད་པ་ན་རང་གི་སྐད་དུ་འོ་དོད་འབོད་པར་བརྩམས་སོ། །དེ་དག་མི་བདེ་བ་དེ་ཉ་པའི་ཁྱེའུ་ཞིག་གིས་ཐོས་ནས་རབ་ཏུ་དགའ་བ་སྐྱེད་པར་བྱེད་དོ། །དེ་ནས་ཉ་དེ་གཉིས་དེ་ལྟར་བཅད་པའི་ཚེ་དེ་རྣམས་ལ་འདི་ལྟ་བུའི་སེམས་བསྐྱེད་དེ། གང་བདག་ཅག་གིས་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པར་འདི་དག་གིས་འདི་ལྟར་བསད། དེའི་ཕྱིར་བདག་ཅག་ཀྱང་གང་དུ་འདི་དག་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པར་གསོད་པར་འགྱུར་བ་དེར་སྐྱེ་བར་གྱུར་ཅིག་། དགེ་སློང་དག་། ཇི་སྙམ་དུ་སེམས། ཉ་གཉིས་པོ་གང་དག་ཡིན་པ་དེ་དག་ ནི། འཕགས་སྐྱེས་པོ་དང། མ་ལ་གནོད་འདི་དག་ཁོ་ན་ཡིན་ནོ། །ཉ་པ་ལྔ་བརྒྱ་གང་དག་ཡིན་པ་དེ་དག་ནི། ཤཱཀྱ་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། གང་འདི་གཉིས་ཀྱིས་ཉ་དེ་དག་དེ་ལྟར་བསད་པའི་ལས་དེའི་རྣམ་པར་སྨིན་པས། ད་ལྟར་འཕགས་སྐྱེས་པོ་དང། མ་ལ་གནོད་དག་གིས་ཤཱཀྱར་གྱུར་པ་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པ་རྣམས་ལྕགས་ཀྱིས་ཤལ་བས་མནན་ཅིང། འོ་དོད་འབོད་བཞིན་བསད་དོ། །ཉ་པའི་ཁྱེའུ་གང་ཡིན་པ་དེ་ནི། ང་ཉིད་དེའི་ཚེ་དེའི་དུས་ན་དེ་ཡིན་ཏེ། གང་ངས་ཉ་བསད་པ་ན། རབ་ཏུ་དགའ་བ་བསྐྱེད་པའི་ལས་དེའི་རྣམ་པར་སྨིན་པས། ད་ལྟར་ང་མངོན་པར་རྫོགས་པར་སངས་རྒྱས་ཀྱང་དབུ་སྙུན་ཚབས་ཆེན་པོས་ཐེབས་པར་གྱུར་ཏོ། །གལ་ཏེ་ངས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་པར་མ་གྱུར་ན། ང་ཡང་ལས་འདི་ལྟ་བུ་དག་ཐོབ་པར་འགྱུར་རོ། །དགེ་སློང་དག་། གཞན་ཡང་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ཀྱིས་ལས་གང་བྱས་པ་དེ་ཉོན་ཅིག་། དགེ་སློང་དག་། སྔོན་བྱུང་བ་ཆོམ་རྐུན་ལྔ་བརྒྱ་ཞིག་གིས་ལམ་དུ་འགྲོ་བ་དག་བཅོམ་ནས། འཕྲོག་པའི་རྫས་དག་ཁྱེར་ཏེ། རི་བྲག་ཅིག་ཏུ་འཇོམས་སུ་སོང་ངོ། །དེ་དག་གིས་རི་བྲག་ན་གནས་པའི་སྐྱེ་བོའི་ཚོགས་དེ་ཐམས་ཅད་བཅོམ་ནས་འཕྲོག་


DKG010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཁྱིམ་བདག་གཉིས་ཤིག་། ཡང་ཐོག་ཏུ་འཛེག་སྟེ་འདུག་པ་དང། རྐུན་པོ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་། གང་དག་འདིར་འཛེག་པ་དེ་དག་བོབས་ཤིག་། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏ་རེ། དེ་གཉིས་ཀྱིས་སྨྲས་པ། ཇི་སྲིད་འཚོ་བ་དེ་སྲིད་དུ་མི་འབབ་བོ། །དེ་རྣམས་ཀྱིས་རྩྭ་དང། ཤིང་ཕལ་མོ་ཆེ་བཅེར་ནས་ཡང་ཏོག་དེ་མེ་བཏང་བ་དང། དེ་གཉིས་ཚ་བས་སྡུག་བསྔལ་བསྐྱེད་པས་གདུངས་ཏེ་འདི་ལྟ་བུའི་སེམས་བསྐྱེད་དོ། །བདག་ཅག་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པར་འདི་རྣམས་ཀྱིས་བསད་པས། བདག་ཅག་ཀྱང་འདི་རྣམས་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པར་གསོད་པར་གྱུར་ཅིག་། དགེ་སློང་དག་། ཇི་སྙམ་དུ་སེམས། ཁྱིམ་བདག་གཉིས་པོ་གང་དག་ཡིན་པ་དེ་དག་ནི། འཕགས་སྐྱེས་པོ་དང། མ་ལ་གནོད་འདི་དག་ཁོ་ན་ཡིན་ནོ། །གཡོན་ཅན་ལྔ་བརྒྱ་པོ་གང་དག་ ཡིན་པ་དེ་དག་ནི། ཤཱཀྱ་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ཏེ། གང་འདི་རྣམས་ཆོམ་རྐུན་པར་གྱུར་པས་དེ་དག་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པར་སྲོག་དང་ཕྲལ་བའི་ལས་དེའི་རྣམ་པར་སྨིན་པས། ད་ལྟར་འཕགས་སྐྱེས་པོས་མ་ལ་གནོད་དང་བསྡོངས་ནས་ཤཱཀྱ་ལྔ་བརྒྱ་པོ་དག་ཉེས་པ་ཡང་མེད། གནོད་པ་བྱས་པ་ཡང་མེད་པར་སྲོག་དང་ཕྲལ་ལོ། །དགེ་སློང་དག་། དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ནག་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ཡང་གཅིག་ཏུ་དཀར། འདྲེན་མ་རྣམས་ཀྱི་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་། དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་དང། འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་དག་ལ་བརྩལ་བར་བྱ་སྟེ། དགེ་སློང་རྣམས་ཀྱིས་དེ་ལྟ་བུར་བསླབ་པར་བྱའོ། །འཕགས་སྐྱེས་བོས་ཤཱཀྱ་རྣམས་དེ་ལྟར་བསད་ནས་མཉན་ཡོད་དུ་སོང་ངོ། །དེ་ནང་དུ་ཞུགས་པ་དང། རྒྱལ་པོའི་གཞོན་ནུ་རྒྱལ་བུ་རྒྱལ་བྱེད་སྟེང་གི་ཁང་བཟང་དུ་སོང་ནས་སྐྱེས་པ་མེད་པར་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ། འཕགས་སྐྱེས་པོས་ཐོས་ནས། དེས་སྨྲས་པ། ཤེས་ལྡན་དག་། རྩེ་བའོ་ནི་སུ་ཞིག་། བློན་པོ་རྣམས་ཀྱིས་སྨྲས་པ། གཞོན་ནུ་རྒྱལ་བུ་རྒྱལ་བྱེད་ལགས་སོ། །དེས་སྨྲས་པ། ཤེས་ལྡན་དག་དེ་བོས་ཤིག་། དེ་རྣམས་


DKG010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེ་བོས་པ་དང། འཕགས་སྐྱེས་པོས་སྨྲས་པ། རྒྱལ་བུ་རྒྱལ་བྱེད། ང་ནི། དག་བསད་ནས་འོངས་ན། ཁྱོད་རྩེ་ཞིང་འདུག་གམ། དེས་སྨྲས་པ། ལྷའི་དགྲ་སུ་དག་ཅིག་ལགས། ཤཱཀྱ་རྣམས་སོ། །གལ་ཏེ་ཤཱཀྱ་རྣམས་ཁྱོད་ཀྱི་དགྲ་ལགས་ན། མཛའ་བོ་ཇི་ལྟ་བུ་དག་ཅི་ལགས། དེས་སྨྲས་པ། ཤེས་ལྡན་དག་། འདི་ཡང་དེ་དག་གི་ཕྱོགས་ཁོ་ན་ཡིན་པས། འདི་གསད་པར་བྱའོ། །ཞེས་དེ་དག་གིས་དེ་བསད་དེ་དུས་ལས་འདས་ནས་ལྷ་གྱ་ནོམ་པ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནང་དུ་སྐྱེས་ནས་དེའི་མིའི་རོལ་མོའི་སྒྲ་མ་ཞི་བར་ལྷའི་སྒྲ་བྱུང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། བསོད་ནམས་བྱས་པ་འདིར་དགའ་ཕྱི་མར་དགའ། །གཉི་གར་དགའ་སྟེ་དེ་ནི་བདག་ཉིད་ ཀྱི། །ལས་རྣམས་སྨིན་མཐོང་དེ་དགའ་རབ་ཏུ་དགའ། །འགྲོ་བ་བཟང་པོར་སོང་བ་ཕྱིར་ཞིང་དགའ། །བསོད་ནམས་བྱས་པ་འདིར་མགུ་ཕྱི་མར་མགུ་། གཉི་གར་མགུ་སྟེ་དེ་ནི་བདག་ཉིད་ཀྱི། །ལས་རྣམས་སྨིན་མཐོང་དེ་མགུ་རབ་ཏུ་མགུ་། འགྲོ་བ་བཟང་པོར་སོང་བ་ཕྱིར་ཞིང་མགུ་། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཚིགས་སུ་བཅད་པ་འདིའི་དོན་མ་འཇལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། གཞོན་ནུ་རྒྱལ་བུ་རྒྱལ་བྱེད་དེ། ཉེས་པ་མེད་ཅིང་གནོད་པ་མེད་པར་སྐྱེས་བུ་གཏི་མུག་འཕགས་སྐྱེས་པོས་སྲོག་དང་བྲལ་ཏེ། དེའི་མིའི་རོལ་མོའི་སྒྲ་མ་ཞི་བར་ལྷའི་སྒྲ་བྱུང་ངོ། །ངས་དེ་ལས་དགོངས་ནས་འདི་སྐད་དུ། བསོད་ནམས་བྱས་པ་འདིར་དགའ་ཕྱི་མར་དགའ། །ཞེས་བྱ་བ་ནས། འགྲོ་བ་བཟང་པོར་སོང་བ་ཕྱིར་ཞིང་མགུ་། ཞེས་བྱ་བའི་བར་དུ་གསུངས་སོ། །ཞེས་གསུངས་པ་དང། དེ་ཅང་མི་སྨྲ་བར་འདུག་གོ །ཇི་ཙམ་དུས་གཞན་ཞིག་ན་འཕགས་སྐྱེས་པོ་བཙུན་མོའི་འཁོར་གྱི་ནང་དུ་ངོམ་ཞིང་རྣམ་པར་ངོམ་སྟེ། ང་རྒྱལ་ཅན། མཐུ་དང་ལྡན་པ། དཔའ་བོ། བརྩོན་འགྲུས་དང། ཕ་རོལ་གནོན་པ་ཅན་གང་དག་ཡིན་པ་དེ་དག་ངས་རྨེག་མེད་པར་བྱས་ཏེ། ང་དང་འདྲ་བ་སུ་ཞིག་ཡོད་ཅེས་ཟེར་རོ། །དེ་ནས་འཕགས་སྐྱེས་པོས་ཤཱཀྱའི་བུ་མོ་ལྔ་བརྒྱ་ཁྲིད་པ་དེ་དག་གིས་ཀྱང་ཚིགས་སུ་བཅད་དེ་སྨྲས་སོ། །ཁྱོད་ཀྱིས་གང་དག་རྨེད་མེད་བྱས། །དེ་དག་རྒྱལ་


DKG010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཤཱཀྱའི་སྲས། །བསླབ་པའི་སྡོམ་པས་བསྡམས་པ་ཡིན། །ཁྱོད་ཀྱིས་འདིར་སྨྲས་ཅི་ཞིག་རུང། །དེ་སྐད་ཅེས་སྨྲས་པ་དང། ཁྲོས་ནས་བློན་པོ་རྣམས་ལ་ཚིགས་སུ་བཅད་པས་བསྒོ་བ། ཀླུ་རྣམས་བསད་ན་ཀླུ་ཡི་བུ་མོ་དག་། དུག་གིས་གང་བ་སྤྲིན་གྱིས་ཁེབས་པ་ལྟར། །འདི་དག་ལ་གོར་རྐང་ལག་རྣམས་ཆོད་ལ། །ཉེ་དུ་དེ་དག་ཉིད་རྗེས་མྱུར་དུ་ཐོང། །བློན་པོ་རྣམས་ཀྱིས་ཤཱཀྱའི་བུ་མོ་ལྔ་བརྒྱ་པོ་དེ་དག་དམར་བུ་ཅན་གྱི་རྫིང་འགྲམ་དུ་ལག་པ་དང། རྐང་པ་དག་བཅད་དེ། དེ་ལག་པའི་དོང། ལག་པའི་དོང་ཞེས་བྱ་བར་མིང་ཆགས་ནས་གནས་བརྟན་རྣམས་ཀྱིས་ཀྱང་ དེ་བཞིན་དུ་མདོ་སྡེའི་མགོ་ལ་བཅོམ་ལྡན་འདས་མཉན་ཡོད་ན། ལག་པའི་དོང་གི་རྫིང་འགྲམ་ན་བཞུགས་སོ། །ཞེས་བྲིས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་དགུ་པ། དེ་རྣམས་སྡུག་བསྔལ་མི་བཟད་པ། རྩུབ། ཚ་བ། ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བ་ན་བསམ་པ། བདག་ཅག་མི་བཟད་པ། དོག་པ། ཉམ་ང་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་མ་དགོངས་པ་ལྟ་སྙམ་མོ། །སྐབས་དེ་ལྟ་བུ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བསྐུལ་ནས་ཕྱོགས་དེར་གཤེགས་པ་དང། ཇི་ཙམ་ན་བུད་མེད་དེ་དག་ཐམས་ཅད་སྒྲེན་མོར་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་སྲོག་ཆགས་གྲོག་སྦུར་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་སོ། །གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པ་དེའི་ཚེ་ནི། ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་མི་ཤེས་ན། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ། ལྷའི་བུ་མོ་བདེ་སོགས་ཀྱིས་གོས་དག་དང། ཆུ་ཁྱེར་ཏེ་འོངས་ཀྱང་བླ་ན་སྙམ་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་མ་ཐག་ཏུ་ལྷའི་བུ་མོ་བདེ་སོགས་


DKG010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རས་ཟུང་ལྔ་བརྒྱ་དང། མཚོ་ཆེན་པོ་མ་དྲོས་པ་ནས་ཆུ་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྐད་ཅེས་གསོལ་ཏོ། །བཙུན་པ། རས་ཡུག་ལནག་བརྒྱ་འདི་དག་དང། ཆབ་འཚལ་ཏེ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ལ་ཤཱཀྱའི་བུ་མོ་འོ་ནི་རྣམས་དབུགས་ཕྱུང་སྟེ། དབུགས་ཕྱུང་ནས་རྐང་པ་དང། ལག་པ་དག་ཁྲུས་ལ་གོས་རྣམས་སྐོན་ཅིག་། བཙུན་པ། དེ་ལྟར་འཚལ་ལོ། །ཞེས་སྨྲས་ནས་དེས་དེ་རྣམས་ཀྱི་རྐང་པ་དང། ལག་པ་དག་བཀྲུས་ནས་གོས་རྣམས་བསྐོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་ཤཱཀྱའི་བུ་མོ་ལྔ་བརྒྱ་པོ་དེ་རྣམས་ཀྱི་སྡུག་བསྔལ་རྒྱུན་བཅད་དོ། །རྒྱུན་བཅད་ནས་བཀའ་སྩལ་པ། སྲིང་མོ་དག་། ཁྱེད་ཉིད་ཀྱིས་ལས་འདི་དག་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དཔའ་རྒལ་བཞིན་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བ་ཡིན་ཏེ། ཁྱེད་ཀྱིས་ལས་བྱས་ཤིང་བསགས་པ་རྣམས་གཞན་སུ་ཞིག་གིས་མྱོང་བར་འགྱུར། སྲིང་མོ་དག་། ལས་ལ་གཞོལ་བར་གྱིས་ཤིག་། ཅེས་གསུངས་ནས་བཅོམ་ལྡན་འདས་གཤེགས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བར་བྱས་ནས་དུས་ལས་འདས་ཏེ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཆོས་ཉིད་ཀྱིས་ལྷའི་བུའམ། ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང། གང་དུ་སྐྱེས་པ་དང། ལས་གང་གིས་ཡིན་པའོ། །དེ་རྣམས་ཀྱིས་མི་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང། ལས་གང་གིས་ཤེ་ན། བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བར་བྱས་པས་ཡིན་པར་མཐོང་ངོ། །དེ་ནས་སྔོན་ཤཱཀྱའི་བུ་མོ་བྱེད་བྱེད་པའི་ལྷ་ལྔ་བརྒྱ་པོ་དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ཏུ་འདུག་ནས་བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་བ་ནི། ཆ་མ་ཡིན་གྱི། མ་ལ་བདག་ཅག་ཞག་མ་ལོན་པ་ཉིད་དུ་བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་


DKG010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔོན་ཤཱཀྱའི་བུ་མོ་བྱེད་བྱེད་པའི་ལྷ་རྣམས་རྣ་ཆ་གདུབ་ཀོར་དྲི་མ་མེད་པ། གཡོ་བ་ཐོགས་ཤིང། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་ནས་དེ་ཉིད་ཀྱི་མཚན་མོ་ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དང། མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་ནས་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་སྣང་བར་བྱས་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ་། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་པ་དང། དེ་རྣམས་ཀྱིས་དེ་ཐོས་ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱིས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་རྣམས་ཀྱིས་བདེན་པ་མཐོང་ནས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་པ། བཅོམ་ལྡན་འདས་ཀྱིས་གང་བདག་ཅག་ལ་སྨན་བཏགས་པ་འདི་ལྟ་བུ་ནི། བདག་ཅག་ལ་མས་མ་བགྱིས་། ཕས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། རང་གི་སྐྱེ་བོ་དང་གཉེན་སྡུག་པའི་ཚོགས་ཀྱིས་མ་ལགས། སྔོན་གྱི་མེས་པོ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱིས་མ་ལགས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་ལས་ནི། བསྒྲལ། ངན་སོང་གི་སྒོ་རྣམས་ནི། བཅད། མཐོ་རིས་དང། ཐར་པའི་སྒོ་རྣམས་ནི། ཕྱེ། ལྷ་དང། མི་རྣམས་ལ་ནི། བཀོད་དོ། །ཡང་སྨྲས་པ། ཁྱོད་ཀྱི་མཐུ་ཡིས་ངན་སོང་ལམ་དག་ནི། །ཤིན་ཏུ་མི་བཟད་ཉེས་མང་ལྡན་པ་བཅད། །མཐོ་རིས་སྒོ་ཕྱེ་བདག་གི་བསོད་ནམས་ནི། ཤིན་ཏུ་བཟང་དང་མྱ་ངན་འདས་ལམ་ཐོབ། །ཁྱོད་བརྟེན་དེ་རིང་བདག་གི་སྐྱོན་བྲལ་ཞིང། །ཤིན་ཏུ་རྣམ་པར་དག་མིག་དག་པ་ཐོབ། །འཕགས་པ་དགྱེས་པའི་གོ་འཕང་ཞི་བའང་ཐོབ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་མཆོག་ཏུ་བརྒལ། །འགྲོ་བ་ལྷ་མིན་ལྷ་དང་མིས་མཆོད་ཅིང། །སྐྱེ་རྒ་འཆི་བའི་སྐྱོན་དང་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་རབ་རྙེད་དཀའ་བ། །ཐུབ་པ་ཁྱོད་དེང་མཐོང་བ་འབྲས་བུ་མཆིས། །དེ་ནས་སེ་མོ་དོ་འཕྱང་དགའ་སྐྱེས་རྣམས། །ཞབས་གཉིས་ལ་ནི་འདུད་པ་བྱས་ནས་ཀྱང། །དགྲ་


DKG010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་པ་ལ་ཡོངས་སུ་བསྐོར་བྱས་ནས། །སླར་ཡང་ལྷ་ཡི་འཇིག་རྟེན་མངོན་ཕྱོགས་དོང། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སངས་རྒྱས་བཅོམ་ལྡན་ འདས་ལ་ཞུས་པ། བཙུན་པ། ཤཱཀྱའི་བུ་མོ་ལྔ་བརྒྱ་པོ་དག་གིས་ལས་ཅི་ཞིག་བགྱིས་ན། དེས་ལག་པ་དང། རྐང་པ་དག་བཀུམ། ལས་ཅི་ཞིག་བགྱིས་ན། དེས་ལྷ་རྣམས་ཀྱི་ནང་དུ་སྐྱེས། ལས་ཅི་ཞིག་བགྱིས་ན། དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་། འདི་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་། སྔོན་བྱུང་བ་བསྐལ་པ་བཟང་པོ་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རྣམས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ན་འདི་རྣམས་ཀྱིས་སློབ་པ་དང། མི་སློབ་པའི་དགེ་སློང་རྣམས་ལ་ལག་རྡུམ། རྐང་རྡུམ་ཞེས་བྱ་བའི་ཚིག་ཀུན་ཏུ་སྤྱོད་པ་ཀུན་ཏུ་སྤྱད་དེ། ལས་དེའི་རྣམ་པར་སྨིན་པས། ལོ་མང་པོར་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལས་དེ་ཉིད་ཀྱི་ལྷག་མས་འདི་རྣམས་ཚེ་རབས་ལྔ་བརྒྱར་ལག་པ་དང། རྐང་པ་དག་བཅད་དེ། ད་ལྟའི་བར་དུ་ཡང་ལག་པ་དང། རྐང་པ་དག་བཅད་པ་ཡིན་ནོ། །གང་ང་ལ་སེམས་རབ་ཏུ་དང་བར་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །གང་འདི་རྣམས་ཀྱིས་དེ་ན་ལུང་མ་ནོས་པ་དང། བཀླགས་པ་དང། ཁ་ཏོན་བྱས་པ་དེས་ངའི་སྤྱན་སྔར་བདེན་པ་མཐོང་བར་བྱས་པ་ཡིན་ནོ། །དགེ་སློང་དག་། དེ་ལྟར་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ་དགེ་སློང་དག་། ཁྱེད་ཀྱིས་དེ་ལྟ་བུ་བསླབ་པར་བྱའོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་མི་དེ་འཕགས་སྐྱེས་པོའི་དྲུང་དུ་འོངས་པ་དང། འཕགས་སྐྱེས་པོས་སྨྲས་པ། ཀྱེ་སྐྱེས་བུ། བཅོམ་ལྡན་འདས་ཅི་གསུང། དེས་སྨྲས་པ། ལྷ། བཅོམ་ལྡན་འདས་ཀྱི་ཞལ་ནས་འདི་ནས་ཞག་བདུན་


DKG010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཀོ་ས་ལའི་རིགས་སྦྲུལ་གྱིས་བལྟས་པ་བཞིན་དུ་རབས་ཆད་པར་འགྱུར་རོ། །འཕགས་སྐྱེས་པོ་ཡང་མ་ལ་གནོད་དང་བཅས་ཏེ་མེས་ཚིག་བཞིན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་རོ། །ཞེས་གསུང་ངོ། །འཕགས་སྐྱེས་པོས་ཐོས་ནས་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་དེ་འདུག་གོ་། མ་ལ་གནོད་ཀྱིས་སྨྲས་པ། ལྷ། ཁྱོད་ཅིའི་ཕྱིར་ཕྱག་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། མ་ལ་གནོད། འདི་ལྟར་བཅོམ་ལྡན་འདས་འདི་སྐད་ཅེས། ཞག་བདུན་ན། འཕགས་སྐྱེས་པོ་མ་ལ་གནོད་དང་བཅས་ཏེ་མེས་ཚིག་བཞིན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། ང་ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་འདུག་། དེས་སྨྲས་པ། ལྷ། གང་ཞིག་བྲམ་ཟེ་འོངས་པ་ལ་འཚལ་མ་མི་སྩོལ་པ་དེ་ཡང་ཕུང་པོ་བརྒྱ་སྟོང་དུ་སེམས་ན། ལྷས་དགེ་སྦྱོང་གོའུ་ཏ་མའི་གཉེན་བཤེས་དེ་སྙེད་ཅིག་བཀུམ་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དེ་སྐད་གསུངས་ཀྱང་རུང། གཞན་གསུངས་ཀྱང་རུང་སྟེ། འོན་ཀྱང་ལྷ་སྐྱེད་མོས་ཚལ་དུ་ཆབ་ཀྱི་ནང་དུ་ཁང་བཟང་ཀ་བ་གཅིག་པ་ཞིག་བགྱིད་དུ་སྩལ་ཏེ། ལྷ་དེར་གཤེགས་ནས་དགུང་བདུན་དུ་བཞུགས་ལ་དགུང་བདུན་འདས་པ་དང། སླར་མཉན་ཡོད་དུ་གཤེགས་པར་མཛད་ཅིག་། དེས་སྨྲས་པ། དེ་ལྟར་བྱས་འགྲོའོ། །ཞེས་དེ་བཙུན་མོའི་འཁོར་དང་བཅས་ཏེ་དེར་སོང་ནས་འདུག་གོ་། ཉིན་ཞག་གཅིག་ཐལ་པ་དང། མ་ལ་གནོད་ཀྱིས་སྨྲས་པ། ལྷ། དགུང་ཞག་བདུན་ལས་གཅིག་ནི། ཐལ་ལགས། ལྷག་མ་དགུང་ཞག་དྲུག་མཆིས་ཏེ། དགུང་ཞག་དྲུག་འདས་ནས་མཉན་ཡོད་དུ་གཤེགས་པར་མཛད་དོ། །ཞེས་བྱ་བ་ནས་ཉིན་ཞག་གཉིས་དང། གསུམ་ནས་བདུན་པ་ལ། ལྷ། དེང་ཁོ་ན་ལ་མཉན་ཡོད་དུ་གཤེགས་པར་མཛད་ དོ། །ཞེས་བྱ་བའི་བར་དེ་བཞིན་དུ་བྱས་སོ། །དེ་ན་ཡུལ་ངན་ཞིག་ཀྱང་བྱུང་བར་གྱུར་ཏོ། །བུད་མེད་ནི། རྒྱན་ལ་དགའ་བ་ཡིན་པས། བཙུན་མོའི་འཁོར་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཕྱག་། བདག་ཅག་དེང་མཉན་ཡོད་དུ་འདོང་དགོས་པས། རྒྱན་ཐོགས་པར་བྱའོ། །ཞེས་དེ་རྣམས་ཀྱིས་རྒྱན་ཐོགས་པར་བརྩམས་སོ། །དེ་ན་བཙུན་མོའི་འཁོར་ཞིག་གིས་སྔས་ནང་ཚངས་ཅན་གྱི་སྟེང་དུ་ནོར་བུ་མེ་ཤེལ་བཞག་ནས་རྒྱན་ཐོགས་པར་བརྩམས་


DKG010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཇི་ཙམ་ན་ཡུལ་ངན་སངས་པ་དང། ཉི་མའི་འོད་ཟེར་གྱིས་མེ་ཤེལ་གྱི་ཐོག་ཏུ་བབ་ནས་མེ་བྱུང་བ་དེ། སྔས་ནང་ཚངས་ཅན་ལ་མཆེད་དོ། །དེ་ལས་ཀྱང་ཁང་བཟང་ལ་མཆེད་ནས། བཙུན་མོའི་འཁོར་རྣམས་ནི། བྲོས་སོ། །འཕགས་སྐྱེས་པོ་དང། མ་ལ་གནོད་ཚིག་བཞིན་འབྲོས་པར་བརྩམས་པ་དང། ཇི་ཙམ་ན་མི་མ་ཡིན་པ་དག་གིས་སྒོ་རྣམས་བཅད་ནས་འཕགས་སྐྱེས་པོས་ཚིག་བཞིན་དུ་སྨྲས་པ། མ་ལ་གནོད་ཚིག་གོ་། དེས་སྨྲས་པ། ལྷ། ཚོས་སོ། །ཞེས་དེ་དག་དེ་སྐད་དུ་འོ་དོད་འབོད་ཅིང་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། སྡིག་པ་བྱས་པས་འདིར་ཚིག་ཕྱི་མར་ཚིག་། གཉིས་ཀར་ཚིག་སྟེ་དེ་ནི་བདག་ཉིད་ཀྱི། ལས་རྣམས་སྨིན་མཐོང་དེ་ཚིག་རབ་ཏུ་ཚིག་། འགྲོ་བ་ངན་པར་སོང་བ་ཕྱིར་ཞིང་ཚིག་། སྡིག་པ་བྱས་པ་འདིར་སྨྲེ་ཕྱི་མར་སྨྲེ། །གཉིས་ཀར་སྨྲེ་སྟེ་དེ་ནི་བདག་ཉིད་ཀྱི། །ལས་རྣམས་སྨིན་མཐོང་དེ་སྨྲེ་རབ་ཏུ་སྨྲེ། །འགྲོ་བ་ངན་པར་སོང་བ་ཕྱིར་ཞིང་སྨྲེ། །ཞེས་གསུངས་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་གསོལ་ཏོ། །བཙུན་པ། ཚིགས་སུ་བཅད་པ་འདི་བདག་གིས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། སྐྱེས་བུ་གཏི་མུག་འཕགས་སྐྱེས་པོ་དེ་མ་ལ་གནོད་དང་བཅས་ཏེ་མེས་ཚིག་བཞིན་དམྱལ་བ་མནར་མེད་པར་སོང་སྟེ། ངས་དེ་ལས་དགོངས་ནས། སྡིག་པ་བྱས་པ་འདིར་ཚིག་ཕྱི་མར་ཚིག་། ཅེས་བྱ་བ་ནས། འགྲོ་བ་ངན་པར་སོང་བ་ཕྱིར་ཞིང་སྨྲེ། །ཞེས་བྱ་བའི་བར་གསུངས་པ་ཡིན་ནོ། །གང་གི་ཚེ་འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་པ་དེའི་ཚེ་ཤཱཀྱའི་བུ་མོ་རྣམས་ཀྱིས་དེ་རྣམས་ཀྱི་རྒྱན་དག་མཐོང་ནས་ངུ་བར་བརྩམས་ཏེ་དེ་རྣམས་ཀྱིས་བསམ་ པ། ཤཱཀྱ་རྣམས་ནི། འཕགས་པ་རྣམས་ལ་མངོན་པར་དད་པ་ཡིན་པས། རྒྱན་འདི་དག། འཕགས་པ་རྣམས་ལ་དབུལ་ལོ། །ཞེས་དེ་རྣམས་ཀྱིས་རྒྱན་དེ་དག་དགེ་སློང་རྣམས་ལ་ཕུལ་ལོ། །དྲུག་སྡེ་རྣམས་ཀྱིས་རྒྱན་དེ་དག་ཐོགས་ནས་སེར་སྐྱའི་གནས་སུ་ཞུགས་པ་དང། ཤཱཀྱའི་བུ་མོ་རྣམས་ཀྱིས་དེ་དག་མཐོང་ནས། དེ་བཞིན་དུ་ངུ་བར་གྱུར་ཅིང་སྨྲས་པ། འཕགས་པ་དག་། བདག་ཅག་གིས་དེའི་སླད་དུ་འདི་དག་ཕུལ་ན། ཉེས་དམིགས་དེ་ཉིད་བྱུང་བར་གྱུར་ཏོ། །ཞེས་


DKG010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང། དེ་དག་ཅང་མི་སྨྲ་བར་འདུག་གོ་། སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི། དགེ་སློང་རྣམས་རྒྱན་ཐོགས་པ་ལས་གྱུར་གྱི། དེ་ལྟ་བས་ན། དགེ་སློང་གིས་རྒྱན་སྤེལ་མ་དང། འཕྱང་འཕྲུལ་ཅན་དང། ཟླ་གམ་ཅན་དང། གསེར་སྐུད་དང། རྒྱན་སྣ་ཚོགས་གཞན་ཅི་ཡང་རུང་བ་ཡང་ཐོགས་པར་མི་བྱ་སྟེ། ཐོགས་ན། འགལ་ཚབས་ཅན་དུ་འགྱུར་རོ། །སྡོམ་ནི། བླངས་པ་དང་ནི་བསླབ་པ་དང། །དུ་བའི་རི་ལུ་སྨན་གཅེའུ་བཅས། །ལྷུང་བཟེད་སྣོད་དང་ཟུངས་དང་ནི། །མར་དཀར་འབྲུ་མར་བྱུག་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲག་ཅིག་ཏུ་ཁྱིམ་བདག་ཅིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དུས་གཞན་ཞིག་ན་དེ་ཉེ་དུ་རྣམས་ཀྱང་ཟད་པར་གྱུར། ནོར་ཡང་ཟད། ལོངས་སྤྱོད་དག་ཀྱང་ཟད་ནས་དེས་བསམ་པ། ད་ནི། བདག་རྒས་པས་ནོར་བསྒྲུབ་པར་བྱ་ཡང་མི་ནུས། བདག་ལ་ལོངས་སྤྱོད་ཀྱང་མེད། བདག་གི་ཉེ་དུ་རྣམས་ཀྱང་དུས་ལས་འདས་པས། སོང་ལ་རབ་ཏུ་འབྱུང་ངོ། །སྙམ་དུ་རིག་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ། ད་ནི། ང་རྒས་པས། ནོར་བསྒྲུབ་པར་བྱ་ཡང་མི་ནུས། ང་ལ་ལོངས་སྤྱོད་དག་ཀྱང་མེད། ངའི་ཉེ་དུ་རྣམས་ཀྱང་དུས་ལས་འདས་པས། ཁྱོད་ལ་དྲིས་ཏེ་སོང་ལ་རབ་ཏུ་འབྱུང་ངོ། །ཁྱིམ་བདག་དེ་དྲང་པོ་ཞིག་ན། དེ་ནི། གཡོ་ཀུན་ཏུ་སྤྱོད་ཅིང་ རྟག་ཏུ་སྐྱེས་པ་གཞན་ལ་ལྟ་བ་ཞིག་པས། དེས་སྨྲས་པ། རྗེའི་སྲས། དེ་བཞིན་དུ་མཛོད་ཅིག་། འོན་ཀྱང་དུས་དུས་སུ་བལྟར་སྤྱོན་ཅིག་། དེས་དེ་བཞིན་བྱའོ། །ཞེས་དམ་བཅས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་ཞིག་གི་དྲུང་དུ་ཕྱིན་ནས་སྨྲས་པ། འཕགས་པ། རབ་ཏུ་འབྱུང་བར་འཚལ་ལོ། །དེས་སྨྲས་པ། བཞིན་བཟང། ཁྱོད་འཇིགས་པ་མེད་པ། སྤོབས་པ་དགེ་སྟེ། ལེགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕན་ཡོན་ལྔ་ཡང་དག་པར་མཐོང་བའི་མཁས་པས་ནི། རབ་ཏུ་འབྱུང་བར་མོས་པར་བྱ་བ་ཉིད་དུ་འོས་ཏེ། ལྔ་གང་ཞེ་ན། བདག་གིས་རང་གི་དོན་མ་འདྲེས་པ་ཐོབ་པར་འགྱུར་བར་ཡང་དག་པར་


DKG010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་མོས་པར་བྱ་བར་འོས་པ་ཉིད་དང། བདག་གང་དག་གི་བྲན་དང། མངག་གཞུག་པ་དང། བཀོལ་བ་དང། རང་དབང་མེད་པ་དང། དགའ་མགུར་འགྲོར་མེད་པ་ཡིན་པ་དེ་དག་གིས་མཆོད་པར་བྱ་བར་འགྱུར་བ་དང། བསྟོད་པར་བྱ་བར་འགྱུར་བར་ཡང་དག་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་མོས་པར་བྱ་བར་འོས་པ་ཉིད་དང། མྱ་ངན་ལས་འདས་པ་གྲུབ་པ་དང། བདེ་བ་བླ་ན་མེད་པ་ཐོབ་པར་ཡང་དག་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་མོས་པར་བྱ་བར་འོས་པ་ཉིད་དང། བདག་མྱ་ངན་ལས་ཅངས་པ་གྲུབ་པ་དང། བདེ་བ་བླ་ན་མེད་པ་མ་ཐོབ་པ་ལས་ཡོངས་སུ་ཉམས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བར་ཡང་དག་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་མོས་པར་བྱ་བར་འོས་པ་ཉིད་དང། སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་སྐྱེས་བུ་དམ་པ་ཡང་དག་པར་སོང་བ་མཆོག་རྣམས་ཀྱིས་རྣམ་གྲངས་དུ་མར་རབ་ཏུ་འབྱུང་བ་བསྔགས་པར་ཡང་དག་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་མོས་པར་བྱ་བར་འོས་པ་ཉིད་དོ། །ཞེས་བཀའ་སྩལ་ཏེ། ཁྱོད་ཀྱིས་སེམས་བསྐྱེད་པ་དགེའི། ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ཞིག་། ཅེས་དེས་དེ་རབ་ཏུ་ཕྱུང། བསྙེན་པར་རྫོགས་པར་བྱས་སོ། ། དེ་ནས་ཞག་གཉིས་གསུམ་ཞིག་ཀུན་ དུ་སྤྱད་པའི་ཆོས་བསླབས་ནས་སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་སོས་ཀྱིས་མཉན་ཡོད་རྒྱ་ཆེན་པོར་རང་གི་སྤྱོད་ཡུལ་ཕའི་ཡུལ་དུ་བསོད་སྙོམས་ལ་རྒྱུ་ཞིང་འཚོ་བར་གྱིས་ཤིག །དེ་ཕྱི་དེ་ཉིན་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་བསོད་སྙོམས་ལ་རྒྱུ་བ་ན་རང་གི་ཆུང་མ་འདྲ་བའི་བུད་མེད་ཅིག་མཐོང་ནས། དེས་བསམས་པ། བདག་གི་སྔོན་གྱི་ཆུང་མ་དེ་ལ་རབ་ཏུ་བྱུང་ནས་ལྟར་འོང་ངོ་དེས་དམ་བཅས་ཀྱིས་དེའི་ཕྱིར་བདག་ད་གཟོད་རབ་ཏུ་བྱུང་བ་ཡིན་པས་དུས་ཅུང་ཟད་ཅིག་བསྡད་ལ་དེ་མི་དགའ་བར་མི་འགྱུར་བར་དེ་ལྟར་འགྲོའོ་སྙམ་དུ་བསམས་ནས། བསོད་སྙོམས་ལ་བརྒྱུས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དེ་དུས་ཅུང་ཞིག་བསྡད་ནས། མཁན་པོ་ལ་སྨྲས་པ། མཁན་པོ་བདག་ལ་སྔོན་གྱི་


DKG010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་འབྲང་ཞིག་མཆིས་ཏེ། དེ་ལ་བདག་གིས་རབ་ཏུ་བྱུང་ནས་ལྟར་མཆིའོ་ཞེས་དམ་བཅས་པས་དེའི་སླད་དུ་གནང་བར་མཛོད་ཅིག་དང་མཆིའོ། །དེས་སྨྲས་པ། བུ་སོང་ལ་ཁྱོད་ཀྱིས་སེམས་སྲུངས་ཤིག །དེས་སྨྲས་པ། བསྲུང་བར་བགྱིའོ་ཞེས་སྨྲས་ནས་ཆས་པ་དང་། རིམ་གྱིས་རི་བྲགས་དེར་ཕྱིན་ནོ། །དེས་དེ་རྒྱང་རིང་པོ་ཁོ་ན་ནས་མཐོང་བ་དང་། དགའ་བ་དང་བཅས་ཤིང་མྱུར་བ་མྱུར་བས་བསུ་ནས་སྨྲས་པ། རྗེའི་སྲས་བྱོན་པ་ལེགས་སོ། །བྱོན་པ་ལེགས་ཏེ། རིང་མོ་ཞིག་ལོན་ནས་མཐོང་ངོ་ཞེས་སྨྲས་ནས། རེག་པར་བརྩམས་པ་དང་། དེས་སྨྲས་པ། ཅི་བྱེད་ཆོས་གོས་དག་བླངས་ནས་མཉེལ་བསོར་གཞུག་མོད། དེས་སྨྲས་པ། མ་རེག་ཤིག །ཅིའི་སླད་དུ་མཁན་པོས་ང་ལ་ཁྱོད་ཀྱི་སེམས་སྲུངས་ཤིག་ཅེས་བསྒོའོ། །དེས་སྨྲས་པ། རྗེའི་སྲས་ཁྱོད་སེམས་སྲུང་ལ་རག་མོད། བདག་གིས་བཀག་གམ། ཅི་ཞེས་དེས་དེའི་ཆོས་གོས་བླངས་སྟན་བཏིང་སྟེ་རྐང་པ་བཀྲུས་ནས་བསྐུས་སོ། །དེ་ནས་ཁྲུས་བྱས་ནས་ཟན་བྱིན་ཏེ། དེ་ཡང་དེ་ཉིད་དུ་ཟན་བཟའ་བར་འདུག་པ་དང་། དེས་སྨྲས་པ་ཅི་བྱེད་དེས་སྨྲས་པ། རྗེའི་སྲས་ཁྱོད་དང་ལྷན་ཅིག་ཟན་ཟོས་ནས་རིང་མོ་ཞིག་ལོན་ནོ། །དེས་སྨྲས་པ། མཁན་པོས་ང་ལ་ཁྱོད་ཀྱིས་སེམས་སྲུངས་ཤིག་ཅེས་བསྒོའོ། །དེས་སྨྲས་པ། རྗེའི་སྲས་ཁྱོད་སེམས་སྲུང་ལ་རག་མོད། བདག་གིས་བཀག་གམ་ཅི་བདག་ཁྱོད་དང་ལྷན་ཅིག་ཟན་ཟོས་ནས་རིང་མོ་ཞིག་ལོན་པས་གདོན་མི་ཟ་བར་བཟའོ་ཞེས་དེས་དེ་དང་ལྷན་ཅིག་ཟན་ཟོས་སོ། །དེ་ནས་མལ་བཤམས་ནས་སྨྲས་པ། རྗེའི་སྲས་གཟིམས་མལ་འདིར་ཤུལ་གྱིས་མཉེལ་བའི་མཉེལ་སོས་ཤིག །དེས་རྐང་པ་བཀྲུས་ནས་ཉལ་བ་དང་། དེ་ཡང་དེ་ཉིད་དུ་ཉལ་བར་བརྩམས་སོ། །དེས་སྨྲས་པ་ཅི་བྱེད། དེས་སྨྲས་པ། རྗེའི་སྲས་ཁྱོད་དང་ལྷན་ཅིག་ཉལ་ནས་རིང་མོ་ཞིག་ལགས་པས་མ་བཀྱོན་ཅིག །དེས་སྨྲས་པ། མཁན་པོས་ང་ལ་ཁྱོད་ཀྱི་སེམས་སྲུངས་ཤིག་ཅེས་བསྒོའོ། །དེས་སྨྲས་པ། རྗེའི་སྲས་ཁྱོད་སེམས་སྲུང་ལ་རག་མོད། བདག་གིས་བཀག་གམ་ཅི། ཁྱོད་དང་བདག་ལྷན་ཅིག་ཉལ་ནས་རིང་མོ་ཞིག་ལགས་པས་གདོན་མི་ཟ་བར་ཉལ་བར་བགྱིའོ། །དེས་མ་བཏུབ་པ་དང་། དེས་བསམས་པ། མགུལ་ནས་


DKG010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་ན་བདག་གི་དབང་དུ་འགྱུར་རོ་སྙམ་ནས། དེས་དེའི་མགུལ་ནས་འཇུས་པ་དང་། བུད་མེད་ནི་རེག་པའི་དུག་ཡིན་པས་རེག་པ་ཙམ་གྱིས་ལོག་པར་སྤྱད་དོ། །དུས་རིང་ཞིག་འདུག་ནས་སྨྲས་པ། བཟང་མོ་འགྲོའོ། །དེས་བསམས་པ། འདི་དང་བདག་ལྷན་ཅིག་གསང་བ་བྱས་པ་གང་ཡིན་པ་དེ་དགེ་སློང་རྣམས་ཀྱིས་མི་ཤེས་པས་སྐྱེ་བོ་མང་པོས་ཤེས་པར་བྱའོ། །དེས་ན་དེ་དག་གིས་བསྐྲད་པས་སླར་འོང་བར་འགྱུར་རོ་སྙམ་དུ་བསམས་ནས། དེས་སྨྲས་པ། རྗེའི་སྲས་དེ་བཞིན་དུ་ཇི་ལྟར་བཞུད། ལམ་རྒྱགས་ཀྱི་ཟོང་ཀཱར་ཥཱ་པ་ཎ་དག་སྣོམས་ཤིག །དེས་སྨྲས་པ། བཟང་མོ་དགེ་སློང་རྣམས་དབྱིག་ལ་མི་རེག་ན་ཇི་ལྟར་བླང་། དེས་སྨྲས་པ། རྗེའི་སྲས་བདག་གིས་ཇི་ནས་ཀྱང་མི་རེག་པ་དེ་ལྟར་བགྱིས་སྣོམས་ཤིག་ཅེས་དེས་དབྱིག་ཐུམ་པོར་བཅུག་ནས་བཅིངས་ཏེ། འཁར་གསིལ་གྱི་རྩ་བ་ལ་བཏགས་སོ། །དྲེགས་པས་ལྡོངས་པ་དང་། སྲེད་པས་ལྡོངས་པ་རྣམས་ནི་མི་བྱེད་པ་ཅུང་ཟད་ཀྱང་མེད་པས་དེས་དེ་ཁྱེར་ཏེ་སོང་བ་དང་། རིམ་གྱིས་མཉན་ཡོད་དུ་ཕྱིན་ནོ། །དྲུག་སྡེ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་ཡིན་པས་ཚེ་དང་ལྡན་པ་ཉེ་དགའ་བོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་དེ་ཐག་རིང་པོ་ནས་མཐོང་ན་སྐྲ་སྤྲ་བའི་མེ་ཏོག་ལྟ་བུ་སྨིན་མ་རབ་ཏུ་འཕྱང་བ་ཞིག་ནས། དེས་བསམས་པ། འདི་དགེ་སློང་གནས་བརྟན་ཞིག་འོང་གིས་བསུར་འགྲོའོ་ཞེས་དེ་བསུར་སོང་སྟེ། གནས་བརྟན་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཞེས་བྱས་པ་དང་། དེ་སློབ་དཔོན་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་ཟེར་ནས་ཚེ་དང་ལྡན་པ་ཉེ་དགའས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་ཞིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་སོ། །རེ་ཞིག་འདི་ག་ལས་འོངས་པ་དྲིའོ་སྙམ་དུ་བསམས་ནས་སྨྲས་པ། རྒན་ཞུགས་ཁྱོད་ག་ལས་འོངས། དེས་སྨྲས་པ། སློབ་དཔོན་བདག་སྔོན་གྱི་མཆིས་འབྲང་ཞིག་མཆིས་པ་ལྟར་མཆིས་ཏེ། བདག་དེ་ནས་མཆིས་སོ། །རྒན་ཞུགས་ལེགས་ཏེ་ཁྱོད་ནི་བྱས་པ་གཟོ་བ་ཞིག་གོ །བྱས་པ་གཟོ་བ་ནི་མཁས་པ་རྣམས་ཀྱིས་བསྔགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། འདི་ལྟར་བསླབ་པར་བྱ་སྟེ། འདི་ལྟར་


DKG010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་གཟོ་བ་དང་བྱས་པ་ཚོར་བར་བྱ་ཞིང་བྱས་པ་ཆུང་ངུ་ཡང་ཆུད་གཟན་པར་མི་བྱ་ན། ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བཀའ་སྩལ་ཏོ། །སྔོན་གྱི་ཆུང་མ་མཐོང་ངམ། མཐོང་ལགས་སོ། །དེ་ཁམས་བདེའམ། ཁམས་བདེ་ལགས་སོ། །རྒན་ཞུགས་དེ་ནི་གོ་ན་འཁར་གསིལ་གྱི་རྩ་བ་ལ་འཕྱང་བ་འོ་ནི་ཅི་ཡིན། སློབ་དཔོན་དེ་ཤུལ་རྒྱགས་ཀྱི་ཟོང་དུ་ཀཱར་ཥཱ་ཎ་དག་ཅིག་སྩལ་བ་ལགས་སོ། །རྒན་ཞུགས་ཁྱོད་ལྟ་བསོད་ནམས་བྱས་པ་ཞིག་སྟེ། སྔོན་གྱི་ཆུང་མ་ཡང་མཐོང་ལ། རྙེད་པ་ཡང་གྲུབ་པོ། །སློབ་དཔོན་ཁྱོད་ཀྱི་བཀའ་དྲིན་ལགས་སོ། །དེས་བསམས་པ། འདི་ལས་གཞན་ཡང་འབྱུང་གིས། རེ་ཞིག་འདི་ལ་དྲི་བར་བྱའོ་སྙམ་ནས། དེས་དེ་ལ་ཚིག་འཇམ་པོ་བརྗོད་པའི་ཚུལ་གྱིས་ཐམས་ཅད་དྲིས་པ་དང་། རྒན་ཞུགས་དེ་དྲང་པོའི་རང་བཞིན་ཅན་ཞིག་པས་དེས་ཇི་ལྟར་གྱུར་པ་བསྙད་དོ། །དེས་སྨྲས་པ། རྒན་ཞུགས་དེ་ཐམས་ཅད་མཁན་པོ་ལ་སྨྲོས་ཤིག་དང་། ཁྱོད་ཀྱི་མཁན་པོ་ཡིད་དགའ་བར་འགྱུར་རོ། །དེ་དེ་ལྟར་བསླུས་པས་ཇི་ལྟར་གྱུར་པ་མཁན་པོ་ལ་བསྙད་པ་དང་། དེས་ཀྱང་དགེ་སློང་རྣམས་ལ་བསྙད། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐྱེས་བུ་གཏི་མུག་འདི་སྦྱོར་བ་ཉམས་ཀྱི་བསམ་པ་ནི་མ་ཉམས་སོ། །འདི་ཕས་ཕམ་པ་བྱུང་སྟེ། དེ་ལྟ་བས་ན་གནང་གིས་རབ་ཏུ་བྱུང་མ་ཐག་ཏུ་ཕས་ཕམ་པར་གྱུར་པའི་ཆོས་བཞི་རྒྱས་པར་ཤོད་ཅིག་དང་། ཉེས་པ་འདིར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་དགའ་བ་ཅན་ཞེས་བྱ་བ་ཞིག་གནས་པ་དེ་རྟག་ཏུ་དགོན་པ་ནགས་མཐའི་གནས་མལ་དག་ན་བསམ་གཏན་བྱེད་པ་ཞིག་པས། དེའི་མིང་བསམ་གཏན་པ་དགའ་བ་ཅན་ཞེས་བྱ་བར་ཆགས་སོ། །དེ་གང་གི་ཚེ་སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་བྱེད་པ་དེའི་ཚེ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་གཙེས་སོ། །དེ་དུས་གཞན་ཞིག་ན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང་། བདུད་ཀྱི་རིས་ཀྱི་ལྷ་མོ་ཞིག་གིས་དེའི་སྐྱིལ་མོ་ཀྲུང་གི་སྟེང་དུ་འདུག་པ་དང་། བུད་མེད་ནི་རེག་པའི་དུག་ཡིན་པས་དེས་དེ་དང་ལྷན་ཅིག་ལོག་པར་སྤྱད་དོ། །ལོག་པར་སྤྱད་མ་ཐག་ཏུ་ཟུག་


DKG010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྔུས་ཟུག་པ་བཞིན་དུ་གནོད་ནས་སེམས་བསྐྱེད་པ་བདག་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པས། བདག་སོང་ལ་འབབས་སོ་སྙམ་མོ། །ཡང་བསམས་པ། བདག་གིས་བཅབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་པས་རེ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། གལ་ཏེ་སྐལ་བ་ཡོད་པ་ཞིག་ཏུ་གྱུར་ན་ནི་གནས་སོ། །འོན་ཏེ་མེད་ན་ནི་དགའ་མགུར་སྤྱད་པར་བྱའོ་སྙམ་དུ་བསམས་ནས། ལག་པ་གཡས་པས་ནི་ཆོས་གོས་རྣམས་ཁྱེར། ལག་པ་གཡོན་པས་ནི་ཡན་ལག་སྐྱེས་བཀབ་ནས་ངོམ་ཟུང་གནག་ཅིང་མཆི་མ་དང་བཅས་བཞིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཁོར་དགེ་སློང་བརྒྱ་སྟོང་དུ་མའི་གུང་ལ་གདན་བཤམས་པ་ལ་བཞུགས་ཏེ་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བ་ཅན་རྒྱང་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་དགོངས་པ། གལ་ཏེ་དགའ་བ་ཅན་ལ་མ་སྨྲས་ན་གང་ཁྲག་དྲོན་པོར་སྐྱུགས་ནས་དུས་བྱེད་པར་འགྱུར་བའི་གནས་དེ་ཡོད་དོ་སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་དགའ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བ་ཅན་འོངས་པ་ལེགས་སོ། །ཁྱོད་ཇི་སྟེ་ངོམ་ཟུང་གནག །དེས་གསོལ་པ། བཙུན་པ་བདག་སྔོན་ནི་དགའ་བ་ཅན་ལགས་ཀྱི་ད་ནི་མི་དགའ་བ་ཅན་ལགས་སོ། །དགའ་བ་ཅན་ཅི་སྟེ་དེ་སྐད་སྨྲ། ཁྱོད་ཀྱིས་ཅི་ཞིག་བྱས། བཙུན་པ་བདག་གིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། དེ་ནི་བཅབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་ལགས་སོ། །དགའ་བ་ཅན་ཁྱོད་ཇི་སྲིད་འཚོའི་བར་དུ་བསླབ་པ་ལ་སློབ་པར་སྤྲོའམ། བཅོམ་ལྡན་འདས་སྤྲོ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང་སེམས་གཅིག་གིས་ཀྱང་མ་བཅབས་པས། འདི་ཕས་ཕམ་པར་མ་གྱུར་གྱི། དགེ་སློང་དགའ་བ་ཅན་དང་གཞན་ཡང་རུང་སྟེ། འདི་ལྟ་བུ་གང་ཡིན་པ་ལ་ཇི་སྲིད་འཚོའི་བར་དུ་བསླབ་པའི་སྡོམ་པ་བྱིན་ཅིག །སྦྱིན་པ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྒོ་ནས་དགེ་


DKG010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཐམས་ཅད་འདུས་ཏེ་འདུག་པ་དང་། དགེ་སློང་དགའ་བ་ཅན་གྱིས་རྒན་རིམས་ཇི་ལྟ་བ་བཞིན་དུ་གདུད་པ་བྱས་ལ་རྒན་པའི་མཐར་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དགའ་བ་ཅན་ཞེས་བགྱི་བས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། དེ་ནི་བཅབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་ནས། བདག་དགེ་སློང་དགའ་བ་ཅན་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། དགེ་འདུན་ཐུགས་བརྩེ་བ་ཅན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་དགའ་བ་ཅན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུའོ། །དེའི་འོག་ཏུ་དགེ་སློང་དགའ་བ་ཅན་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགའ་བ་ཅན་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། དེ་ནི་འདིས་འཆབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་ནས། དགེ་སློང་དགའ་བ་ཅན་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་དགའ་བ་ཅན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩོལ་ཏོ། །འདི་ནི་གསོལ་བའོ་ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགའ་བ་ཅན་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། དེ་ནི་འདིས་བཅབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་ནས། དགེ་སློང་དགའ་བ་ཅན་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དགའ་བ་ཅན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་ན། དགེ་སློང་དགའ་བ་ཅན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། ལས་བརྗོད་


DKG010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པ་དང་། གསུམ་པ་ཡང་དེ་བཞིན་དུ་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དགའ་བ་ཅན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་བསླབ་པ་བྱིན་པའི་དགེ་སློང་གི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། བསླབ་པ་བྱིན་པའི་དགེ་སློང་གིས་རང་བཞིན་དུ་གནས་པའི་དགེ་སློང་གི་གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱོར་བ་དང་། གདུད་པའི་ལས་བདག་གིར་མི་བྱ། སྟན་གཅིག་ལ་འདུག་པར་མི་བྱ། གལ་ཏེ་འདུག་ན་ཡང་སྟན་ཆེས་དམའ་བ་ལོང་ཤིག །འཆགས་གཅིག་ཏུ་འཆག་པར་མི་བྱ། གལ་ཏེ་འཆག་ན་ཡང་གོམ་པ་བསྲིའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་རང་བཞིན་དུ་གནས་པའི་དགེ་སློང་དང་། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འགྲོ་བར་མི་བྱ། གལ་ཏེ་འགྲོ་ན་དགེ་སྦྱོང་མདུན་དུ་གཏང་བར་བྱ། སྟེང་གཡོགས་གཅིག་པར་ཉལ་བར་མི་བྱ། རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ་གནས་སྦྱིན་པར་མི་བྱ། དགེ་སྦྱོང་གི་ཆེད་དུ་གཞག་པར་མི་བྱ། གསོལ་བའི་ལས་མི་བྱ། གསོལ་བ་དང་གཉིས་མ་ཡིན། གསོལ་བ་དང་བཞི་མི་བྱའོ། །ལས་བྱེད་པར་བསྒོ་བར་མི་བྱ། དགེ་སློང་མའི་སྟོན་པ་མི་བྱ། སྔོན་བསྐོས་པ་ཞིག་ན་ཡང་དེས་དགེ་སློང་མ་ལ་གདམས་པར་མི་བྱ། དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བར་མི་བྱ། དེས་གདམས་ངག་དབོག་པར་མི་བྱ། གསོ་སྦྱོང་མ་ཡིན། དགག་དབྱེ་མ་ཡིན། གསོལ་བའི་ལས་མ་ཡིན། གསོལ་བ་དང་གཉིས་མ་ཡིན། གསོལ་བ་དང་བཞི་མ་ཡིན། ནང་པར་སྔར་ལངས་ཏེ་སྒོ་དབྱེ་བར་བྱ། མར་མེའི་སྣོད་བསལ་བར་བྱ། གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། བ་ལང་གི་ལྕི་བ་སར་པ་བཟང་པོས་བྱུག་པར་བྱ། བཤང་གཅི་ཁང་ཕྱག་དར་བྱ། ས་དང་ལོ་མ་དག་དང་ཆུ་གྲང་མོའམ་དྲོན་མོ་དུས་དང་མཐུན་པར་གཞག་པར་བྱ། དེ་ནས་ཝའི་ཁ་ཕྱག་པར་བྱ། དུས་ཤེས་པར་བྱ་སྟེ། སྟན་བཤམ་པར་བྱ། བདུག་པའི་སྣོད་དང་བདུག་པ་ཉེ་བར་གཞག་པར་བྱ། གལ་ཏེ་སྟོན་པའི་ཡོན་ཏན་སྒྲོགས་


DKG010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་ན་བདག་ཉིད་ཀྱིས་བྱ། ཅི་སྟེ་མི་ནུས་ན་སྨྲ་བ་པོ་ལ་གསོལ་བར་བྱའོ། །ཟས་ཀྱི་སྐོས་ས་ལ་བརྟག་པར་བྱ་ཞིང་། ཟས་བསྐོས་ཟིན་ནས་ཁང་སྟེང་དུ་སོང་སྟེ་གཎྜཱི་བརྡུང་བར་བྱ། ཚ་བའི་དུས་སུ་དགེ་སློང་རྣམས་ལ་བསིལ་ཡབ་ཀྱིས་གཡབ་པར་བྱ། དེ་ནས་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ནི་འོག །བསྙེན་པར་མ་རྫོགས་པ་རྣམས་ཀྱི་ནི་གོང་དུ་སྤྱོད་ལམ་ཞི་བས་དགེ་སློང་གི་འདུ་ཤེས་ཉེ་བར་བཞག་སྟེ། ཟས་བཟའ་བར་བྱ། ཟས་ཀྱི་བྱ་བ་བྱས་ནས་གནས་མལ་ཕུག་ཏུ་བརྟུལ་བར་བྱ། ལྷུང་བཟེད་ཀྱི་གཞི་དོར་བར་བྱ། དུས་ཤེས་པར་བྱས་ནས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་དག་ཕྱག་དར་བྱ་ཞིང་། བ་ལང་གི་ལྕི་བ་སར་པ་བཟང་པོས་བྱུག་པར་བྱ། འདུ་བའི་དུས་སུ་གནས་མལ་བཤམ་པར་བྱ་ཞིང་བདུག་པ་དང་བདུག་པའི་སྣོད་གཞག་པར་བྱ། སྟོན་པའི་ཡོན་ཏན་བསྒྲག་པར་བྱ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་ཚེས་གཅིག་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་དོན་དུ་ཚིགས་སུ་བཅད་པ་གསུང་ཤིག་ཅེས་ཉི་མ་བརྗོད་པར་བྱ། ཅི་སྟེ་མི་ནུས་ན་དགེ་སློང་ལ་བཅོལ་བར་བྱའོ། །དགེ་སློང་རྣམས་དེའི་གནས་ཁང་སྐོ་བར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་བསྐོ་བར་བྱའོ། །རྙེད་པ་ཡང་མི་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙེད་པ་སྦྱིན་པར་བྱའོ། །དེ་དགེ་བའི་ཕྱོགས་ལ་བརྩོན་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་ཕྱོགས་ལ་བརྩོན་པར་བྱའོ། །དེའི་སྤྱད་པ་ནི་འདི་ཡིན་ཏེ། ཇི་སྲིད་ལམ་དུ་མ་ཞུགས་ཀྱི་བར་དུའོ། །དེ་ལ་ལམ་དུ་ཞུགས་པ་ནི་འདི་ཡིན་ཏེ། ཟག་པ་ཟད་པའོ། །དེས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རྟོགས་ནས་འདུས་བྱས་ཀྱི་རྣམ་པ་ཐམས་ཅད་ཆོས་ཉིད་ཀྱིས་འཇིག་པ། ལྷུང་བ། འགྱེས་པ། རྣམ་པར་འཇིག་པར་བསྒོམས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པ། ཙན་དན་དང་སྟེའུར་


DKG010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་། རྗེད་པ་དང་། གུས་པར་སྨྲ་བར་བྱ་བའི་དགྲ་བཅོམ་པར་གྱུར་ཏོ། ། དགྲ་བཅོམ་པ་ཉིད་ཐོབ་ཀྱང་དེ་བཞིན་དུ་འདུག་ཅིང་ལས་ཀྱང་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྒན་རིམས་བཞིན་འདུག་པར་བྱ་ཞིང་ཇི་ལྟར་བཀག་པ་ཡང་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ཀྱིས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་རབ་ཏུ་བྱུང་ཚུན་ཆད་དེ་རྟག་ཏུ་ན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དེའི་དྲུང་དུ་སོང་སྟེ་དྲིས་པ། གནས་བརྟན་བདེའམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ། །གནས་བརྟན་ཁྱོད་ཅི་ན། ཚེ་དང་ལྡན་པ་དག་བདག་གློ་ལུ་ཞིང་ནའོ། །གནས་བརྟན་སྨན་ཅུང་ཟད་མཛོད་ཅིག །ཚེ་དང་ལྡན་པ་དག་བདག་གིས་སྔོན་རི་ལུའི་དུ་བ་བསྟེན་ཏོ། །གནས་བརྟན་ད་ཅི་སྟེ་མི་སྟེན། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་ནད་པས་རི་ལུའི་དུ་བ་བརྔུབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པས་རི་ལུའི་དུ་བ་བརྔུབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་དེ་བཞིན་དུ་རྔུབ་པ་དང་མ་ལེགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་ཕོར་བུ་ག་ཕུག་ལ། ཁམ་ཕོར་ཁ་སྦྱར་ནས་རྔུབས་ཤིག །འོན་ཀྱང་མ་ལེགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦུ་གུ་ཅན་གྱིས་རྔུབས་ཤིག །དེ་རྣམས་ཀྱི་སྨྱུག་མའི་སྦུ་གུས་བརྔུབས་པ་དང་། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྱུག་མའི་སྦུ་གུས་བརྔུབ་པར་མི་བྱའི། འོན་ཀྱང་ལྕགས་ཀྱི་སྨན་གཅེའུ་བྱའོ། །ཧ་ཅང་ཐུང་བ་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་ཐུང་ངུར་མི་བྱའོ། །ཧ་ཅང་རིང་པོར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་རིང་པོར་མི་བྱའི། འོན་


DKG010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སོར་བཅུ་གཉིས་ཀྱི་ཚད་དུ་བྱའོ། །དེ་དག་རྣོན་པོར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣོན་པོར་མི་བྱའོ། །རྩུབ་པོར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩུབ་པོར་མི་བྱའོ། །དེ་བབ་བབ་ཏུ་འཇོག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བབ་བབ་ཏུ་གཞག་པར་མི་བྱའི། འོན་ཀྱང་སྣོད་དུ་བཅུག་སྟེ་གཞག་པར་བྱའོ། །དེ་རྣམས་ཀྱི་སྣོད་དུ་བཅུག་སྟེ་ས་ལ་འཇོག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་ས་ལ་གཞག་པར་མི་བྱའི། འོན་ཀྱང་ཟུང་ངའམ། གོས་ཀྱི་གདང་ལ་གདགས་པར་བྱའོ། །དེ་བཙས་ཁྱེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་དཀར་རམ་འབྲུ་མར་གྱིས་བསྐུས་ཏེ་གཞག་པར་བྱའོ། །དགོས་པ་བྱུང་བའི་ཚེ་དེ་བཀྲུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲུ་བར་མི་བྱའི། འོན་ཀྱང་མེར་གཞུག་པར་བྱ་སྟེ། དེ་ཉིད་དེའི་བཀྲུ་བ་ཡིན་ནོ།། །།སྡོམ་ནི། བསོགས་པ་དང་ནི་ཁྲུས་རྩི་དང་། །སྣར་བླུགས་སྤྱད་དང་བཏུང་ཕོར་དང་། །ཁྱོགས་དང་ཆབ་ཁུང་ས་དག་དང་། །ཆུ་དང་བཀྲུ་བའི་ས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ནད་པ་ཞིག་སྨན་པའི་དྲུང་དུ་སོང་ནས་བཞིན་བཟངས་སྨན་སྟོན་ཅིག་ཅེས་བྱས་པ་དང་། དེས་སྨྲས་པ། འཕགས་པ་བསོགས་པའི་ཁྲུས་ཀྱིས་ཁྲུས་མཛོད་ཅིག་དང་སོས་པར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པས་བསྟན་ན་བསོགས་པའི་ཁྲུས་ཀྱིས་ཁྲུས་བྱ་སྟེ། ཁྲུས་བྱ་བ་འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་བསོགས་པའི་ཁྲུས་ཀྱིས་ཁྲུས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་བསོགས་པའི་ཁྲུས་ཇི་ལྟ་བུ་ཡིན་པ་མ་ཤེས་ནས། དེ་རྣམས་ཡང་སྨན་པའི་དྲུང་དུ་སོང་སྟེ། དེ་རྣམས་ཀྱིས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་གནང་ན། བསོགས་པའི་ཁྲུས་ཇི་ལྟ་བུ་ཡིན་པ་སྟོན་ཅིག །དེས་སྨྲས་པ། འཕགས་


DKG010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདག་གིས་ཀྱང་མི་ཤེས་ཏེ། བདག་གི་འཁོར་ལོས་སྒྱུར་བའི་གསོ་བའི་སྤྱད་ལས་བསོགས་པའི་ཁྲུས་ཞེས་བྱ་བ་བཏོན་ན། དེ་ནི་ཇི་ལྟ་བུ་ཡིན་པ་ནི་མི་ཤེས་སོ། །འོན་ཀྱང་ཁྱེད་ཉིད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པས་དེ་ཉིད་ཀྱིས་མཁྱེན་གྱིས་སོང་ལ་དེ་ཉིད་ལ་ཞུས་ཤིག། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རླུང་འབྱིན་པའི་རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་གང་དག་ཡིན་པ་དེ་དག་བསྐོལ་ནས་ཁྲུས་བྱའོ། ། དགེ་སློང་རྣམས་ཀྱིས་དེ་དག་བསྐོལ་ཏེ་ཁྲུས་བྱས་པ་དང་། དེ་རྣམས་རྩུབ་པོར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣུམ་བསྐུ་བར་བྱའོ། །དེ་རྣམས་ཀྱིས་བསྐུས་པ་དང་། ཧ་ཅང་སྣུམ་ཆེས་པས་གནས་མལ་དག་མ་རུང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲུས་རྩིས་བཀྲུ་བར་བྱའོ། །དེ་རྣམས་དེ་བཞིན་དུ་རྩུབ་པོར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་བུམ་པ་ཐ་མའི་ནང་དུ་འབྲུ་མར་ཐིགས་པ་གསུམ་མམ། གཉིས་བླུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་ནས་རབ་ཏུ་བྱུང་བ་དེ་ཚུན་ཆད་རྟག་ཏུ་ན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དེའི་དྲུང་དུ་སོང་སྟེ། གནས་བརྟན་བདེའམ་ཞེས་དྲིས་པ་དང་། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ། །གནས་བརྟན་ཁྱོད་ཅི་ན། ཚེ་དང་ལྡན་པ་དག་བདག་ཆམ་པ་བདོའོ། །གནས་བརྟན་སྨན་ཅུང་ཟད་མཛོད་ཅིག །ཚེ་དང་ལྡན་པ་དག་སྔོན་བདག་གིས་སྣར་བླུགས་པའི་ལས་བྱས་སོ། །གནས་བརྟན་ཅི་སྟེ་མི་བྱེད། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྣར་བླུགས་པའི་ལས་བྱའོ། །བཅོམ་ལྡན་འདས་ཀྱིས་སྣར་བླུགས་པའི་ལས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་དེ་བཞིན་དུ་སྣར་བླུགས་པ་དང་པོ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བླུག་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་ལོ་མའི་ཕུར་མས་བླུགས་པ་དང་། ཉེས་


DKG010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལོ་མའི་ཕུར་མས་བླུག་པར་མི་བྱའོ། ། དགེ་སློང་རྣམས་ཀྱིས་ཆོས་གོས་ཀྱི་གྲྭས་བླུགས་པ་དང་། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཀྱི་གྲྭས་བླུག་པར་མི་བྱའི། འོན་ཀྱང་སྣར་བླུགས་པའི་སྤྱད་ཀྱིས་བླུག་པར་བྱའོ། །དགེ་སློང་རྣམས་སྣར་བླུགས་པའི་སྤྱད་མཆུ་གཅིག་པ་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣར་བླུགས་པའི་སྤྱད་མཆུ་གཉིས་པ་བྱའོ། །དགེ་སློང་རྣམས་མཆུ་རྣོན་པོར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆུ་རྣོན་པོར་མི་བྱའོ། །དགེ་སློང་རྣམས་ལག་པ་མ་བཀྲུས་པར་བླུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་དག་བཀྲུས་ཏེ་བྱིན་ལེན་བྱས་ནས་བླུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་ནས་རབ་ཏུ་བྱུང་བ་དེ་ཚུན་ཆད་རྟག་ཏུ་ན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དེའི་དྲུང་དུ་སོང་སྟེ། གནས་བརྟན་བདེའམ་ཞེས་དྲིས་པ་དང་། དེས་སྨྲས་པ། བདག་ན་སྟེ་མི་བདེའོ། །གནས་བརྟན་ཁྱོད་ཅི་ན། ཚེ་དང་ལྡན་པ་དག་གནང་ངོ་། །གནས་བརྟན་སྨན་ཅུང་ཟད་མཛོད་ཅིག །ཚེ་དང་ལྡན་པ་དག་བདག་གིས་སྔོན་ཕུལ་བའི་བཏུང་ཕོར་བཅངས་སོ། །གནས་བརྟན་ད་ཅི་སྟེ་མི་བཅང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ཕུལ་བའི་བཏུང་ཕོར་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུའི་གཉེན་དག་འོངས་པ་དང་། དེས་འོངས་པ་དེ་དག་ལ་ཆོས་བསྟན་ནས་དེ་རྣམས་ཁྱིམ་དུ་སོང་སྟེ་ཆུང་མ་དག་ལ་སྨྲས་པ། འཕགས་པ་པི་ལིན་དའི་བུས་ཆོས་སྙན་ཅིང་སྙན་པ་དག་བཤད་དེ། བདག་ཅག་གིས་དེ་མཉན་ནས་འོངས་སོ། །དེ་དག་གིས་སྨྲས་པ། ཁྱེད་ནི་སངས་རྒྱས་བྱུང་བ་འབྲས་བུ་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་དེ་དག་གིས་སྨྲས་པ། ཁྱེད་ཀྱིས་འཕགས་པ་པི་ལིན་དའི་བུ་ལ་ཆོས་


DKG010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ཅིང་སྙན་པ་དག་མཉན་པས་སོ། །ཁྱེད་ཀྱང་ཅིའི་ཕྱིར་མི་ཉན། བདག་ཅག་ནི་ངོ་དམན་པ་སྟེ་ངོ་ཚའོ། །འོན་ཀྱང་གལ་ཏེ་འཕགས་པ་འདིར་གཤེགས་ཏེ་བཤད་ན་བདག་ཅག་གིས་ཀྱང་མཉན་ཏོ། །གལ་ཏེ་དེ་ལྟ་ན་འཕགས་པ་ལ་བྱའོ། །དེ་དག་གིས་སྨྲས་པ་ལེགས་སོ། །དེ་རྣམས་ཀྱིས་དེའི་དྲུང་དུ་སོང་ནས། འཕགས་པ་བུད་མེད་དག་ཆོས་ཉན་པར་འཚལ་ལོ་ཞེས་བྱས་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ཉན་ལ་རག་མོད། ཅི་ཁོ་བོས་བཀག་གམ། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་བུད་མེད་ཀྱི་མཆིད་ནས་བདག་ཅག་ངོ་ཚ་སྟེ། གལ་ཏེ་འཕགས་པ་འདིར་གཤེགས་ནས་བཤད་ན་བདག་ཅག་ཀྱང་ཉན་ཏོ་ཞེས་མཆིའོ། །དེས་སྨྲས་པ། ཤེས་ལྡན་དག་བདག་ན་བས་སོང་སྟེ་བཤད་མི་ནུས་སོ། །འཕགས་པ་ཁྱོགས་འཚལ་ཏེ་མཆིས་དེས་གཤེགས་ཤིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ན་ཇི་ལྟར་འགྲོ། སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་བཞོན་པས་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཞོན་པས་འགྲོ་བར་བྱའོ་ཞེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུ་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་བསྐོར་ཏེ་ཁྱོགས་སུ་ཞུགས་ནས་ཆོས་སྟོན་དུ་ཆས་པ་དྲུག་སྡེ་རྣམས་ཀྱིས་མཐོང་ནས། དེ་རྣམས་ཀྱིས་དེའི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་དྲིས་པ། ཤེས་ལྡན་དག་འགྲོ་བ་འདི་སུ་ཞིག །དེ་རྣམས་ཀྱིས་སྨྲས་པ། མཁན་པོའོ། །ཅི་བཅོམ་ལྡན་འདས་ཀྱིས་ཁྱོགས་གནང་ངམ། གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ་ནི་བཟང་སྟེ། ཤཱཀྱ་སྐྱིད་དེ་བ་འདི་རྣམས་རྐང་གིས་འགྲོ་བར་མི་ནུས་པས་རྣམ་པ་ཐམས་ཅད་དུ་བདག་ཅག་ལ་ཐུགས་བརྩེ་བར་མཛད་དོ། །དེ་དག་སོང་བ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་བོ་བདག་ཅག་ཅི་སྟེ་འཁོད། ཁྱོགས་བྱའོ། །ལེགས་ཏེ་དེ་བཞིན་བྱའོ་ཞེས་དེ་རྣམས་ཀྱིས་རྔ་མ་དང་དྲིལ་བུ་ལ་སོགས་པས་མཛེས་པར་བྱས་པའི་ཁྱོགས་བྱས་སོ། །དེ་ནས་དེ་རྣམས་ཞུགས་ནས་སྲང་གི་ནང་དུ་འཇིག་རྟེན་ལ་བུ་བཞིན་དུ་རློམ་ཞིང་ཆས་པ་དང་། བྲམ་ཟེ་


DKG010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་འདི་ཅི་ཞིག །བཅོམ་ལྡན་འདས་ཀྱིས་བཞོན་པ་གནང་ངོ་། །འཕགས་པ་ཅི་དགེ་སྦྱོང་ཁྱེད་ཀྱང་འདོད་པའི་ཡོན་ཏན་དག་གིས་གནང་ངམ། དེ་དག་ཅང་མི་སྨྲ་བར་འདུག་གོ །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མི་ན་བ་བཞོན་པས་འགྲོ་བར་མི་བྱའོ། །དགེ་སློང་མི་ན་བ་བཞོན་པས་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་བཞོན་པས་འགྲོ་བ་ནི་གཉིས་ཏེ། རྒས་འཁོགས་པ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་དད་པ་ཅན་ཞིག་འདུག་པ་དེ་བྲམ་ཟེ་མ་དད་པ་ཞིག་དང་ལྷན་ཅིག་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དད་པ་ཅན་གྱིས་དེ་ལ་ཉེ་བའི་ཚལ་བསྟན་པར་བརྩམས་སོ། །དེ་ཕན་ཚུན་འཁྱམ་འཁྱམ་པས་ཤིང་དྲུང་ན་ངན་སྐྱུགས་ཤིག་མཐོང་ནས། དེས་སྨྲས་པ། གྲོགས་པོ་དགེ་སྦྱོང་ཤཱཀྱའི་བུའི་རྣམས་ནི་གཙང་སྦྲ་མེད་པ་སྟེ། མེ་ཏོག་དང་འབྲས་བུའི་ཤིང་གི་དྲུང་དུ་བཤང་བ་དང་གཅི་བ་བྱེད་དོ། །དེས་སྨྲས་པ། གྲོགས་པོ་བདག་ཉིད་ཆེན་པོ་དེ་དག་ནི་དེ་ལྟར་མི་བྱེད་ཀྱི་གདོན་མི་ཟ་བར་ཁྱིམ་པ་འགའ་ཞིག་གིས་བྱས་སོ། །དེ་དག་དེ་སྐད་དུ་སྨྲ་བ་ན་རྒན་ཞུགས་ཞིག་མགོ་གོས་ཀྱིས་དཀྲིས་ནས་ཤིང་དྲུང་དུ་བཤང་བ་བྱ་བར་བརྩམས་པ་དང་། དེ་བྲམ་ཟེ་མ་དད་པ་དེས་མཐོང་ནས་སྨྲས་པ། གྲོགས་པོ་ཁྱེད་ཅག་ན་རེ་ཁྱིམ་པས་བྱས་སོ་ཞེས་མི་ཟེར་རམ། དགེ་སྦྱོང་མགོ་གོས་ཀྱིས་དཀྲིས་ཏེ་ཤིང་དྲུང་ན་བཤང་བ་བྱེད་པ་འོ་ནི་ལ་ལྟོས་ཞེས་བྱས་པ་དང་། དེ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ ། དེས་སྐབས་དེ་དགེ་སློང་རྣམས་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་ཤིང་དྲུང་དུ་བཤང་བ་བྱེད་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ཤིང་དྲུང་དུ་བཤང་བ་དང་གཅི་བ་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཤིང་དྲུང་དུ་བཤང་བ་དང་གཅི་བ་མི་བྱའོ་ཞེས་བཀའ་


DKG010_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ་དང་། དགེ་སློང་དག་ལམ་དུ་ཞུགས་ཏེ་དོང་བ་དང་། ཇི་ཙམ་དུ་འབྲོག་ཅིག་ཏུ་ཕྱིན་ཏོ། །དེ་ན་དགེ་སློང་ཁ་ཅིག་བཤང་བ་བྲོའོ། །ཁ་ཅིག་ནི་གཅི་བ་བྲོ་ན་དེ་རྣམས་ཤིང་འདི་དག་འདབ་ཆགས་པའོ་སྙམ་ནས་བཤང་བ་ཡང་མ་བྱས་གཅི་བ་ཡང་མ་བྱས་པས་དེ་རྣམས་ན་བར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོན་པའི་ཤིང་འདབ་ཆགས་པ་གང་ཡིན་པ་དེར་ནི་བཤང་བ་དང་གཅི་བ་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགོན་པར་བཤང་བ་དང་གཅི་བ་དག་བྱའོ་ཞེས་བཀའ་སྩལ་པ་དང་། གྲོང་མཐའི་དགེ་སློང་རྣམས་མི་བྱེད་དེ། ཇི་ཙམ་ན་དཔྱིད་ཀྱི་དུས་ལ་བབ་པ་དང་བཤང་བ་དང་གཅི་བ་བྱེད་ཅིང་ཉི་མ་ལ་བཤང་བ་དང་གཅི་བ་བྱེད་པས་རྨྱ་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ཤིང་ཚེར་མ་ཅན་གང་དག་ཡིན་པ་དེ་དག་གི་དྲུང་དུ་བཤང་བ་དང་གཅི་བ་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གང་གི་ཚེ་ཉེ་དགའས་ལ་ཕུག་གི་ར་བ་བཤང་བས་མ་རུང་བར་བྱས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་རྩ་སྔོན་པོ་ཡོད་པར་བཤང་བ་དང་གཅི་བ་མི་བྱའོ། །དགེ་སློང་རྣམས་རྩ་སྔོན་པོ་མེད་པའི་ས་ཕྱོགས་སུ་བཤང་བ་དང་གཅི་བ་བྱས་པས་དེ་མི་གཙང་བས་གང་བར་གྱུར་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། འཕྱ་བར་བྱེད། སྨོད་པར་བྱེད་དེ། དགེ་སྦྱོང་ཤཱཀྱའི་བུ་འདི་རྣམས་ཀྱི་ཆོས་རེ་བཟང་ཇི་ལྟར་གཅིག་ཏུ་འདུས་ནས་ཟ་བ་དེ་ཁོ་ན་བཞིན་དུ་བཤང་བ་དང་གཅི་བ་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་བཤང་བའི་ས་བྱའོ། །དགེ་སློང་རྣམས་ཀྱིས་བྱང་དང་ནུབ་ཀྱི་ངོས་སུ་བཤང་བའི་ཁང་པ་བྱ་བར་བརྩམས་པ་དང་། དེ་དག་གིས་ཇི་ལྟ་བུ་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆབ་ཁུང་ས་ནི་རྣམ་པ་གཉིས་སུ་བྱ་སྟེ། ཁང་བུ་ལྟ་བུ་དང་བ་གམ་ལྟ་བུའོ། །དེ་ལ་ཁང་བུ་ལྟ་བུ་ནི་གྲུ་བཞིར་བྱས་ལ་དབུས་སུ་གདུང་བྲེས་ལ་ཁུང་བུ་གདོད་ཅིང་ཝ་གཞུག་པར་བྱའོ། །བ་གམ་ལྟ་བུ་ཡང་


DKG010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཕྱིར་ཕྱུང་ལ་བྱ་སྟེ། དེའི་འོག་ཏུ་ཤིང་ཚེར་མ་ཅན་བསྐྱེད་དོ། །ཆབ་ཁུང་སར་ཆབ་ཁུང་སའི་ཁུང་བུའི་སྟེང་དུ་ཆབ་ཁུང་སའི་རྐང་རྟེན་གཞག་པར་བྱ། རིལ་བ་སྤྱི་བླུགས་གཞག་པའི་གནས་བྱ་ཞིང་། སྒོ་བསྣོལ་མར་གཏོད་ལ་སྒོ་འཕར་དང་སྒོ་གཏན་དག་ཀྱང་གཞུག་པར་བྱའོ། །གལ་ཏེ་གཅིག་ནང་དུ་ཞུགས་པར་གྱུར་ན་ཅིག་ཤོས་ཀྱིས་སྒྲ་དབྱུང་བར་བྱ་ཞིང་། གལ་ཏེ་སྡོད་ན་ནང་དུ་འཇུག་པར་བྱའོ། །ནང་ན་གནས་པས་ཀྱང་སྒྲ་དབྱུང་བར་བྱའོ། །དྲི་མི་ཞིམ་པར་གྱུར་ན་ཁང་སྐྱོང་གིས་ཉིན་གཅིག་བཞིན་སྦྱང་བར་བྱ་ཞིང་། ས་དང་ལོ་མ་དག་ཀྱང་གཞག་པར་བྱ་སྟེ། དེ་ལྟ་བས་ན་ཆབ་ཁུང་ས་འཁོར་དང་བཅས་པ་རྗེས་སུ་གནང་ངོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་པ། སྡོམ་ནི། གཅི་བའི་ས་དང་སྣོད་སྤྱད་དང་། །སྟོན་པ་ལ་ནི་དགའ་ཉིད་དང་། །བཟའ་བ་ལྔ་དང་འོ་མ་དང་། །ཞོ་དང་ཟས་དང་གནང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། བཅོམ་ལྡན་འདས་ཀྱིས་ཆབ་ཁུང་ས་འཁོར་དང་བཅས་པ་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་དེ་ཉིད་དུ་གཅི་བར་བྱེད་པ་ན། དགེ་སློང་གཞན་དག་བཤང་བ་བྲོ་བས་མི་བདེ་ཞིང་དེ་དག་བགགས་པས་ན་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅི་བའི་གནས་ལོགས་ཤིག་ཏུ་བྱའོ། །དགེ་སློང་དག་ཕྱོགས་གང་དུ་ཇི་ལྟ་བུར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་དང་ཉེ་བར་བ་གམ་ལྟ་བུ་བྱ་སྟེ། ཝ་བཅུག་ལ་སྒོ་གདོད་ཅིང་སྒོ་འཕར་དང་སྒོ་གཏན་གཞུག་པར་བྱ་སྟེ། ཆབ་ཁུང་ཇི་ལྟ་བར་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སོ་གའི་དུས་ཀྱི་ཚེ་བྲམ་ཟེ་ཞིག་སྐོམ་པས་ཉམ་ཐག་སྟེ། ཆུ་འདོད་ནས་གཙུག་ལག་ཁང་དུ་ཞུགས་ཏེ་དེ་དགེ་སློང་ཞིག་གི་གན་དུ་སོང་ནས། དེས་སྨྲས་པ། དགེ་སློང་དག་སྐོམ་ན་ཆབ་སྩལ་དུ་གསོལ། དེས་རིལ་བ་བླངས་ནས་སོང་སྟེ། དེས་སྨྲས་པ། བྲམ་ཟེ་འཐུང་ཤིག །དེས་སྨྲས་པ། འཕགས་པ་གཙང་སྦྲ་ནི་ཐ་དད་པ་ལགས་ན། ཀྱེ་


DKG010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མའོ་ཁྱེད་ཀྱི་ཆབ་སྣོད་བཞག་ལ། དེ་ནས་དགེ་སྦྱོང་ངམ། བྲམ་ཟེ་དག་བླུད་ན་ཅི་ནོངས། ཁྱེད་བསོད་ནམས་ལ་མི་སྦྱོར་རམ། སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཆུ་སྣོད་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ཆུ་སྣོད་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ཆུ་སྣོད་གཞག་པར་གནང་ངོ་ཞེས་ཐོས་ནས། དེས་རྫ་མཁན་གྱིས་བྱས་པའི་སྣོད་སྤྱད་གཙུག་ལག་ཁང་གི་ནང་དུ་སྤུངས་ཏེ། དེ་ལས་ཀུན་དགའ་ར་བ་པ་དང་། ཁྱིམ་པ་གཞན་དག་གིས་ཀྱང་གང་དང་གང་འདོད་པ་ཁྱེར་ནས་དོང་སྟེ། དགེ་སློང་རྣམས་ཀྱིས་མ་བཀག་པས་སྣོད་སྤྱད་དེ་དག་ཟད་ནས། དགེ་སློང་དག་གིས་ཁྱིམ་བདག་དེ་ལ་སྨྲས་པ། བཞིན་བཟངས་སྣོད་སྤྱད་དག་ཟད་ཀྱིས་གཞན་དག་བྱིན་ཅིག །དེས་སྨྲས་པ། འཕགས་པ་དག་བདག་གིས་མང་པོ་རབ་ཏུ་ཕུལ་ན་ཅིའི་སླད་དུ་རིང་པོར་མ་ཐོགས་པ་ཁོ་ནར་བས་པར་གྱུར། དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང་། དེས་སྨྲས་པ། འཕགས་པ་དག་ཡལ་བར་བོར་བ་གང་ལགས་པ་ནི་མ་ལེགས་པ་ཞིག་བགྱིས་ཏེ། དེ་དག་བདག་གིས་ཁྱིམ་པ་རྣམས་ལ་ནི་མ་སྩལ་ཏོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཡལ་བར་དོར་བར་མི་བྱའོ། །འོན་ཀྱང་སྣོད་སྤྱད་འབྲུབ་པ་བསྐོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བྱེ་བྲག་མེད་པར་བསྐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་སྤྱད་འབྲུབ་པ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ་བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། སྣོད་སྤྱད་བྲུབས་པ་དང་། མ་བྲུབས་པ་མི་ཤེས་པའོ། །སྣོད་སྤྱད་འབྲུབ་པ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སྣོད་སྤྱད་བྲུབས་པ་དང་མ་བྲུབས་པ་ཤེས་པའོ། །བསྐོ་བ་ཡང་འདི་ལྟར་


DKG010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། གནས་མལ་བཤམ་པར་བྱས་ལ་གཎྜཱི་བརྡུངས་ནས་ཞེས་བྱ་བ་ནས། སྤྲོ་བར་བྱ་སྟེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པོ། །འདི་ནི་གསོལ་བའོ། །ལས་ཀྱང་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འབྲུབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེས་དགེ་སློང་རྣམས་ལ་ནི་སྣོད་སྤྱད་རྙིང་པ་དག་སྦྱིན་ཞིང་། ཁྱིམ་པ་རྣམས་ལ་ནི་སར་པ་དག་སྦྱིན་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ལ་སར་པ་དག་སྦྱིན་པར་བྱ་ཞིང་། ཁྱིམ་པ་རྣམས་ལ་ནི་རྙིང་པ་དག་སྦྱིན་པར་བྱའོ། །དེ་ཁྱིམ་པ་རྣམས་ལ་བྱིན་པ་ནི་ཕྱིར་ལེན་པར་མི་བྱེད་ཅིང་། དགེ་སློང་རྣམས་ལས་ནི་ཕྱིར་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་རྣམས་ལ་བྱིན་པ་ནི་བླང་བར་བྱའི། དགེ་སློང་རྣམས་ལ་ནི་མ་ཡིན་ནོ། །ཕྱི་རོལ་དུ་བཞག་པས་དེ་དག་འཁྱམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་སྤྱད་ཀྱི་མཛོད་ཅིག་བྱས་ལ་དེར་རྫ་མཁན་གྱིས་བྱས་པའི་སྣོད་སྤྱད་རྣམས་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྣོད་སྤྱད་ཀྱི་མཛོད་ཅིག་བྱས་ལ། དེར་རྫ་མཁན་


DKG010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱས་པའི་སྣོད་སྤྱད་རྣམས་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཇི་ཙམ་ན་བྱང་ཕྱོགས་ནས་འགྲོན་པ་ཞིག་འོངས་ནས་དེས་དགེ་འདུན་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཏེ། དེས་བསམས་པ། བདག་གིས་དགེ་འདུན་ལ་ཡོ་བྱད་བརྙན་པོས་ཅིའི་ཕྱིར་བསྙེན་བཀུར་བྱ། མ་ལ་བདག་ཉིད་ཀྱི་སྣོད་སྤྱད་ཀྱིས་བསྙེན་བཀུར་བྱའོ་སྙམ་ནས་དེས་ཟངས་ཀྱི་སྣོད་སྤྱད་མང་པོ་ཉེ་བར་བཞག་གོ །དེ་ནས་ཡོ་བྱད་མང་པོས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཟླ་བ་གསུམ་དུ་སྟོན་མོ་གསོལ་ནས། མཇུག་ཚོད་ཀྱི་སྟོན་མོ་བྱས་ནས་ཆས་སོ། །དེ་འགྲོ་བའི་ཚེ་ཟངས་ཀྱི་སྣོད་སྤྱད་དེ་དག་ཐམས་ཅད་དགེ་འདུན་ལ་ཕུལ་ནས། དགེ་སློང་དག་གིས་མཛོད་དེ་ཉིད་དུ་རྫ་མཁན་གྱིས་བྱས་པའི་སྣོད་སྤྱད་དང་ལྷན་ཅིག་བཞག་པ་དང་། ཟངས་ཀྱི་སྣོད་སྤྱད་ཀྱིས་བསྔོས་ཏེ་རྫ་མཁན་གྱིས་བྱས་པའི་སྣོད་སྤྱད་རྣམས་ཆག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟངས་ཀྱི་སྣོད་སྤྱད་རྣམས་གུད་དུ་གཞག་ཅིང་། རྫ་མཁན་གྱིས་བྱས་པའི་སྣོད་སྤྱད་རྣམས་ཀྱང་གུད་དུ་གཞག་པར་བྱའོ། །ཇི་ཙམ་ན་བྲམ་ཟེ་ཞིག་སྐོམ་པས་ཉེན་ནས་ཛེ་ཏའི་ཚལ་དུ་སོང་སྟེ་དེ་དགེ་སློང་ཞིག་གི་གན་དུ་ཕྱིན་ནས་སྨྲས་པ། ཀྱེ་དགེ་སློང་བདག་སྐོམ་ན་བདག་ལ་ཆབ་སྩལ་དུ་གསོལ། དེས་དེ་ལ་བུམ་པ་དང་སྲད་བུ་དག་བྱིན་པ་དང་། དེས་སྨྲས་པ། འཕགས་པ་འདིས་ཅི་བགྱི། ཆབ་སྩལ་དུ་གསོལ། དེས་སྨྲས་པ། བྲམ་ཟེ་ཆུ་བཅུས་ཟིན་པ་མེད་དོ། །འཕགས་པ་ཁྱེད་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་ཞུགས་པ་ལགས་པས་ཀྱེ་མའོ་ཁྱེད་ཀྱིས་ཆབ་ཉེ་བར་བཞག་ཀྱང་ཅི་མ་རུང་། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱིས་ཆུ་ཉེ་བར་གཞག་པར་བྱའོ། །དགེ་སློང་དག་གིས་ཁྱམས་དང་། གནས་ཁང་དང་། གཙུག་ལག་ཁང་གི་ནང་དང་། སྒོ་ཁང་དང་བང་རིམ་དག་ཏུ་བབ་བབ་ཏུ་བཞག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱམས་དང་། གནས་ཁང་དང་། གཙུག་ལག་ཁང་གི་ནང་དང་། སྒོ་ཁང་དང་། བང་རིམ་དག་ཏུ་བབ་བབ་ཏུ་གཞག་པར་མི་བྱའི། འོན་ཀྱང་ཆུའི་ཁང་པ་བྱའོ། །བཅོམ་ལྡན་འདས་ཀྱིས་ཆུའི་


DKG010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པ་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཕྱོགས་གང་དུ་ཇི་ལྟ་བུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་ནང་ལྷོ་དང་ནུབ་ཀྱི་ངོས་སུ་ཆུའི་ཁང་པ་བྱའོ། །མུན་གནག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་དག་གདོད་པར་བྱའོ། །རྫབ་ཆགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཕག་གི་གཅལ་དགྲམ་པར་བྱ་ཞིང་སྟོར་ཁུང་གདོད་པར་བྱའོ། །སྒོ་གདོད་པར་བྱ་ཞིང་སྒོ་གླེགས་དང་ཡང་མིང་ཀྱང་གཞུག་པར་བྱའོ། །ཆུ་ས་ལ་འཇོག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་གི་ཁྲི་ལ་གཞག་པར་བྱའོ། །ཤིང་དག་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཕག་གི་སྟེགས་བུ་བྱས་ལ་དེའི་སྟེང་དུ་རྟེན་མ་བྱ་ཞིང་བུམ་པ་གཞག་པར་བྱའོ། །བུམ་པའི་ནང་གི་ཆུ་རུལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་དུས་དུས་སུ་བུམ་པ་བཀྲུ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཅིས་བཀྲུ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལ་པུ་ཤེལ་ཙིའི་ཁྲུད་ཤིང་ངམ། ལོ་མ་སྦམས་པའམ། རས་མའི་ཐུམ་པོ་བཅིངས་ནས་རུང་བར་བྱ་སྟེ་བཀྲུ་བར་བྱའོ། །འོན་ཀྱང་ཆུ་རུལ་བ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུམ་པ་དག་ལ་ཕྱེད་ནི་བཀྲུ་བར་བྱ་ཞིང་། ཕྱེད་དུ་ཆུ་བླུག་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་ཆུ་བླུག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་སུས་ཆུ་བླུགས་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་པ་དག་གིས་ཆུ་བླུག་པར་བྱ་སྟེ། དེ་ལྟ་བས་ན་ཆུའི་ཁང་པ་འཁོར་དང་བཅས་པ་གནང་ངོ་། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་དང་མཐུན་པའི་གཏམ་གྱིས་ཞེས་བྱ་བ་


DKG010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཅོམ་ལྡན་འདས་སྦྲིད་པ་བྱུང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་སྒྲ་ཐོས་ནས། དགེ་སློང་མ་ལྔ་བརྒྱ་པོ་དག་གིས་ཀྱང་དེ་ཁོ་ན་སྐད་དུ་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག་ཅེས་སྨྲས་སོ། །དགེ་སློང་མ་ལྔ་བརྒྱ་པོ་དག་གི་སྒྲ་ས་བླ་པའི་གནོད་སྦྱིན་དག་གིས་ཐོས་ནས་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག་ཅེས་སྒྲ་འབྱིན་ཅིང་དབྱངས་སྒྲོགས་པར་བྱེད་དོ། །ས་བླ་པའི་གནོད་སྦྱིན་གྱི་སྒྲ་ནམ་མཁའ་ལ་གནས་པའི་གནོད་སྦྱིན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་ཐོས་ནས། སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་པར་གྱུར་ནས། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག་ཅེས་སྒྲ་འབྱིན་ཅིང་དབྱངས་སྒྲོགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཁྱོད་ཀྱིས་སེམས་ཅན་མང་པོའི་བར་ཆད་བྱས་ཏེ། གཽ་ཏ་མཱི་ཁྱོད་ཀྱི་སྒྲ་དགེ་སློང་མ་ལྔ་བརྒྱ་པོ་དག་གིས་ཐོས་ནས་དེ་བཞིན་དུ་སྒྲ་སྒྲོགས་པར་བྱེད་ཅིང་། དགེ་སློང་མ་ལྔ་བརྒྱ་པོ་དག་གིས་སྒྲ་ས་བླ་པའི་གནོད་སྦྱིན་དང་ནམ་མཁའ་ལ་གནས་པའི་གནོད་སྦྱིན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་ཐོས་ནས། སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་སྒྲས་ཁྱབ་པར་གྱུར་ཅིང་། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་


DKG010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ཁོ་ན་བཞིན་སྒྲ་ཕྱུང་མོད་ཀྱི། གཽ་ཏ་མཱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་དེ་ལྟར་ཕྱག་མི་བྱ་སྟེ། དེ་ལྟར་ཕྱག་བྱས་པ་ནི་ལེགས་པར་ཕྱག་བྱས་པ་མ་ཡིན་ནོ། །བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་ཇི་ལྟར་བགྱི། ཕྱག་ཇི་ལྟར་བགྱིས་ན་ལེགས་པར་ཕྱག་བགྱིས་པར་འགྱུར། གཽ་ཏ་མཱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་འདི་ལྟར་ཕྱག་བྱ་སྟེ། བདག་གི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་མཐུན་ཀུན་དུ་དགའ། མི་རྩོད་རྩེ་གཅིག །འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བ་མཐོང་བར་གྱུར་ཅིག་ཅེས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་བྱ་སྟེ། དེ་ལྟར་ཕྱག་བྱས་ན་ལེགས་པར་ཕྱག་བྱས་པར་ཡང་འགྱུར་རོ། །དེའི་ཚེ་དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེ་དགུའི་བདག་ཆེན་གཽ་ཏ་མཱིས། །སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ། །བདག་གི་བཅོམ་ལྡན་རིང་དུ་བཞུགས། །ཐུབ་ཆེན་བསྐལ་པར་བཞུགས་གྱུར་ཅིག །དེ་ཡིས་སྟོན་ལ་དེ་སྐད་གསོལ། །སྲུ་ལ་འདི་སྐད་བཀའ་སྩལ་ཏེ། །གཽ་ཏམ་ཇི་ལྟར་ཕྱག་བྱས་པ། །དེ་བཞིན་གཤེགས་ལ་ཕྱག་བྱས་མིན། །ཤེས་རབ་ལྡན་པ་ཇི་ལྟར་དུ། །དེ་བཞིན་གཤེགས་ལ་ཕྱག་བགྱིས་ན། །ཇི་ལྟར་ལེགས་པར་ཕྱག་བགྱིས་འགྱུར། །ཞུས་པ་བདག་ལ་བསྟན་དུ་གསོལ། །བརྩོན་འགྲུས་བརྩམས་པ་བདག་ཉིད་བརྩོན། །རྟག་ཏུ་ཕ་རོལ་གནོན་བརྟན་པའི། །ཉན་ཐོས་མཐུན་པ་ལྟ་ཕྱེད་པ། །དེ་ནི་སངས་རྒྱས་ཕྱག་འཚལ་ཡིན། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བསམས་པ། བཅོམ་ལྡན་འདས་ནི་དགེ་འདུན་མཐུན་པའི་བསྔགས་པ་བརྗོད་པར་མཛད་དེ། དེའི་ཕྱིར་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཤིང་དགེ་སློང་གི་དགེ་འདུན་མཐུན་པ་དེའི་ཚེ་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་རིག་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་


DKG010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །བཙུན་པ་བདག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ལ་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བདག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །བཅོམ་ལྡན་འདས་ལན་གཉིས་ལན་གསུམ་དུ་ཅང་མི་གསུང་བར་བཞུགས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བདེ་བར་གཤེགས་པ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་ཁྱོད་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་ན། གཽ་ཏ་མཱི་འདུས་བྱས་ཐམས་ཅད་ནི་དེ་ལྟ་བུའི་ཆོས་ཅན་ཡིན་ན་ངས་སྨྲ་ཅི་དགོས། དགེ་སློང་མ་ལྔ་བརྒྱ་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ཀྱང་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏ་མཱི་དག་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བདེ་བར་གཤེགས་པ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་ཁྱེད་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་ན་འདུས་བྱས་ཐམས་ཅད་ནི་དེ་ལྟ་བུའི་ཆོས་ཅན་ཡིན་པས་ངས་སྨྲ་ཅི་དགོས། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །ཚེ་དང་ལྡན་པ་དགའ་བོ་དང་། མ་འགགས་པ་དང་། སྒྲ་ཅན་ཟིན་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་


DKG010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ཅག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །གཽ་ཏ་མཱི་དག་ཁྱེད་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཙུན་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཙུན་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་ཁྱེད་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་ན་སྲིང་མོ་དག་འདུས་བྱས་རྣམས་ནི་དེ་ལྟ་བུའི་ཆོས་ཅན་ཡིན་པས་ངེད་ཀྱིས་སྨྲ་ཅི་དགོས། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། འཁོར་དགེ་སློང་མ་ལྔ་བརྒྱ་དགེ་སློང་གནས་བརྟན་གནས་བརྟན་དག་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་དབྱར་ཁང་དུ་སོང་ངོ་། །དེར་འཁོར་གསུམ་པོ་དག་གི་རྣམ་པ་ལ་བརྟགས་ནས་ཉིན་ཞག་བདུན་དུ་གང་ཐོས་ནས་སེམས་ཅན་མང་པོས་ཁྱད་པར་ཆེན་པོ་ཐོབ་པ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་ས་ཕྱོགས་བར་སྐབས་ཡངས་པ་ཞིག་ཏུ་དགེ་སློང་མའི་དགེ་འདུན་གྱི་གུང་ལ་སྐྱིལ་མོ་ཀྲུང་ཕྱེད་བཅས་ནས་འདུག་གོ །དགེ་སློང་མ་དེ་དག་ཀྱང་དེ་བཞིན་དུ་འདུག་གོ །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཏིང་ངེ་འཛིན་འདི་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། གང་ལ་སེམས་མཉམ་པར་བཞག་ན་རང་གི་སྟན་ལས་མི་སྣང་བར་གྱུར་ཅིང་། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་པོ་འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་སྟོན་པར་བྱེད་ཅིང་མེའི་ཁམས་ལ་ཡང་སྙོམས་པར་ཞུགས་སོ། །མེའི་ཁམས་ལ་སྙོམས་པར་ཞུགས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་སྟོན་པར་བྱེད་ཅིང་ཆོ་འཕྲུལ་ཟུང་དག་ཀྱང་སྟོན་པར་བྱེད་དེ། ལུས་ཀྱི་སྨད་ནས་མེ་འབར་ལ། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབྱུང་བ་དང་། ལུས་ཀྱི་སྟོད་ནས་མེ་འབར་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་


DKG010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་འབྱུང་བར་བྱེད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་ཡང་དེ་བཞིན་བྱེད་དེ། འདི་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་པོ་དག་སྟོན་པར་བྱེད་ཅིང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །དགེ་སློང་མ་ལྔ་བརྒྱ་པོ་དེ་དག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ། གཉིས་པ་ལས་བསམ་གཏན་གསུམ་པ་ལ། གསུམ་པ་ལས་བསམ་གཏན་བཞི་པ་ལ། བཞི་པ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། ཡང་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་བསམ་གཏན་བཞི་པ་ལ། བཞི་པ་ལས་གསུམ་པ་ལ། གསུམ་པ་ལས་གཉིས་པ་ལ། གཉིས་པ་ལས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །དེ་ནས་བསམ་གཏན་དང་པོ་ཉིད་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་མ་ལྔ་བརྒྱ་པོ་དེ་དག་ཀྱང་དེ་བཞིན་དུ་ལུགས་དང་མཐུན་པ་དང་། ལུགས་ལས་ལྡོག་པར་སྙོམས་པར་ཞུགས་ནས་བསམ་གཏན་དང་པོ་ཉིད་ལ་བརྟེན་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་མྱ་ངན་ལས་འདས་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཅིང་། སྐར་མདའ་ལྟུང་བ་དང་། ཕྱོགས་དམར་པོ་དང་། བར་སྣང་ལ་ལྷའི་རོལ་མོའི་སྒྲ་དག་བྱུང་ངོ་། །དེ་ནས་དགེ་སློང་གང་རི་རབ་ཀྱི་བང་རིམ་དང་། གཞན་ཡང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། དབེན་པའི་གནས་མལ་དག་ན་བསམ་གཏན་བྱེད་པ་དེ་དག་གིས་ས་ཆེན་པོ་གཡོས་པར་རིག་ནས་ས་ཆེན་པོ་འདི་ཅིའི་ཕྱིར་གཡོས་


DKG010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསམ་པ་ལ་ཞུགས་ན། ཇི་ཙམ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་སྲུ་ཡོངས་སུ་མྱ་ངན་ལས་འདས་ན། དེའི་ལུས་ལ་མཆོད་པ་ལྷག་པར་བྱ་བ་ལ་བརྩོན་པར་བྱས་འདོང་ངོ་སྙམ་ནས། དེ་དག་ཤིང་དྲི་ཞིམ་པོ་དག་ཁྱེར་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་དབྱར་ཁང་དུ་དོང་ངོ་། །བཅོམ་ལྡན་འདས་ཀྱང་ཉན་ཐོས་ཆེན་པོ་ཀུན་ཤེས་ཀཽཎྜི་ནྱ་དང་། འོད་སྲུང་ཆེན་པོ་དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་སོགས་པ་དང་། གཞན་ཡང་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་ཏུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་དབྱར་ཁང་དུ་གཤེགས་སོ། ། དེ་བཞིན་དུ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་གྱི་མི་རྣམས་ཀྱི་འཁོར་གྱིས་ཡོངས་སུ་བསྐོར་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་གྱིས་ཡོངས་སུ་བསྐོར་བ་དང་། རི་དགས་འཛིན་གྱི་མ་ས་ག་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིད་པ་དང་། གཞན་ཡང་ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་དག་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་དབྱར་ཁང་དུ་སོང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རིན་པོ་ཆེ་དང་། གོས་སྣ་ཚོགས་ཀྱིས་བརྒྱན་པའི་ཁྱོགས་ལྔ་བརྒྱ་དང་། དྲི་དང་། བདུག་སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དག་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་དང་། མ་འགགས་པ་དང་། ཀུན་དགའ་བོ་དང་། སྒྲ་ཅན་ཟིན་གྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ཁྱོགས་བཏེག་གོ །བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་གཡས་པས་བཟུང་ངོ་། །དགེ་སློང་ལྷག་མ་རྣམས་ཀྱིས་ཀྱང་དགེ་སློང་མ་ལྷག་མ་རྣམས་ཀྱི་ཁྱོགས་བཏེག་གོ །དེ་ནས་མཆོད་པ་ཆེན་པོ་བྱས་ཏེ་ཁྱེར་ནས་ས་ཕྱོགས་བར་སྐབས་དབེན་པར་ཁྱོགས་རྣམས་བཞག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། དགེ་སློང་མ་ལྔ་བརྒྱ་པོ་དག་གི་ལུས་ལས་བླ་གོས་ཕུད་ནས་དགེ་སློང་


DKG010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། དགེ་སློང་མ་ལྔ་བརྒྱ་པོ་འདི་དག་ལོ་བརྒྱ་ཉི་ཤུ་ལོན་ཡང་ལུས་ལ་གཉེར་མ་དང་། སྐྲ་དཀར་མེད་ཅིང་བུ་མོ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལ་ལྟོས། དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་ཚོགས་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་དང་བཅས་པས་དྲི་སྣ་ཚོགས་ཀྱི་ཤིང་གི་ཕུང་པོ་སྤུངས་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་བསྲེགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མི་རྟག་པ་དང་ལྡན་པའི་ཆོས་དག་བཤད་ནས་གཙུག་ལག་ཁང་དུ་གཤེགས་སོ། །གཤེགས་ནས་ཀྱང་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་སྦྲིད་པ་བྱུང་བ་ལ་སོས་ཞེས་ཟེར་བ་ལ་ཉེས་དམིགས་འདི་ལྟ་བུ་དང་། གཞན་དག་ཀྱང་ཡོད་པས་དེ་ལྟ་བས་ན་དགེ་སློང་གིས་སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་མི་བྱའོ། །བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་གིས་ལས་ཅི་ཞིག་བགྱིས་ན། དེས་འདི་དག་སྐྱེས་ནས་དགུང་ལོ་བརྒྱ་ཉི་ཤུ་ལགས་ཀྱང་ལུས་ལ་གཉེར་མ་དང་། སྐྲ་དཀར་མ་མཆིས་ཤིང་བུ་མོ་དགུང་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་མྱོང་བར་འགྱུར་བ་དག་བྱས་ཤིང་བསགས་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་


DKG010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བ་ནས། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་གནས་ན་རྟེན་ཅིང་བཞུགས་སོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་རྒྱལ་པོ་ཀྲཱི་ཀཱི་ཞེས་བྱ་བས་དེའི་སྐུ་ལ་སྐུའི་མཆོད་པ་བྱས་ནས། ལམ་པོ་ཆེའི་བཞི་མདོར་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་གནམ་འཕང་དུ་དཔག་ཚད་ཕྱེད་པ་བྱས་སོ། །རྒྱལ་པོ་ཀྲཱི་ཀཱིའི་བཙུན་མོ་དམ་པ་ལ་སོགས་པ་བུད་མེད་ལྔ་བརྒྱ་པོ་དེ་དག་རྒས་པའི་གནས་སྐབས་ན་ལུས་ལ་གཉེར་མ་དང་སྐྲ་དཀར་བྱུང་ནས་རྒྱལ་པོས་སྤངས་པ་དང་། དེ་དག་ཕན་ཚུན་སྨྲ་བར་བརྩམས་པ། གྲོགས་མོ་དག་ལྷས་ད་བདག་ཅག་ཅིའི་ཕྱིར་སྤངས། དེ་དག་ལས་ཁ་ཅིག་གིས་སྨྲས་པ། འདི་ལ་དཔྱད་དུ་ཅི་ཡོད་བདག་ཅག་ད་ལུས་གཉེར་མ་དང་སྐྲ་དཀར་ཅན་དུ་གྱུར་པས་དེའི་ཕྱིར་བདག་ཅག་སྤངས་མོད། གཞན་དག་གིས་སྨྲས་པ། དེ་ནི་དེ་ལྟ་ཡིན་ཏེ། ད་བདག་ཅག་ལྷ་ལ་ཇི་ཞིག་བྱ། བུད་མེད་གཟུགས་དང་ན་ཚོད་དང་ལྡན་པ་གཞན་དག་ཡོད་པ་དེ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་གྲང་། དེའི་ཕྱིར་བཅོམ་ལྡན་འདས་འོད་སྲུང་གི་མཆོད་རྟེན་གྱི་དྲུང་དུ་དོང་ནས་མཆོན་པ་བྱས་ལ་དེས་ན་བདག་ཅག་ཕྱིན་ཆད་འཁོར་བར་ལུས་གཉེར་མ་དང་སྐྲ་དཀར་ཅན་དུ་མ་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། །དེ་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་བྱའོ་ཞེས་དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དྲི་དང་། ཕྲེང་བ་དང་།


DKG010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པ་བྱས་ནས་མེ་ཏོག་རྣམ་པ་སྣ་ཚོགས་དྲི་ཞིམ་ཞིང་མ་རྙིས་པའི་ཆུན་པོ་དང་། ཕྲེང་བ་ཡིད་དུ་འོང་བ་དག་བཏགས་ནས། བདག་ཅག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་མཆོད་པ་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་འདིས་བདག་ཅག་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་ཡང་ལུས་ལ་གཉེར་མ་དང་སྐྲ་དཀར་མཆིས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་པོ་ཀྲཱི་ཀཱིའི་བཙུན་མོ་དམ་པ་ལ་སོགས་པ་བུད་མེད་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ནི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་མཆོད་པ་བྱས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་ཡང་ལུས་ལ་གཉེར་མ་དང་སྐྲ་དཀར་མེད་ཅིང་བུ་མོ་ལོ་བཅུ་དྲུག་ལོན་པའི་གཟུགས་ལྟ་བུར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་ཞེས་བྱ་བ་ནས་དེ་ལྟར་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྦྲིད་པ་བྱུང་བ་ལ་སོས་ཤེས་བརྗོད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་། བུ་ཕོ་ཡང་མེད། བུ་མོ་ཡང་མེད་ལ། རྒས་པའི་གནས་སྐབས་སུ་ནོར་ཟད་ཅིང་ལོངས་སྤྱོད་ཟད་པར་གྱུར་ནས། དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་ནི་རྒས་ཤིང་བཀྲེན་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་རྒྱལ་བྱེད་ཀྱི་ཚལ་དུ་རབ་ཏུ་བྱུང་དུ་འགྲོའོ། །དེས་སྨྲས་པ། རྗེའི་སྲས་དེ་བཞིན་རབ་ཏུ་འབྱུང་བར་མཛོད་


DKG010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་རབ་ཏུ་བྱུང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དེའི་ཆུང་མ་བལྟ་བའི་ཕྱིར་འོངས་པ་དང་། དེ་སྦྲིད་པ་བྱུང་ན་དགེ་སློང་གང་གིས་ཀྱང་སོས་ཞེས་མ་བྱས་སོ། །དེ་ནས་དེའི་སྔོན་གྱི་ཆུང་མས་ལག་པ་གཡོན་པས་ས་བླངས་ཏེ་སས་མཚམས་གཅད་པ་བྱས་ནས་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་སྨྲས་སོ། །དགེ་སློང་དག་གིས་དེ་ལ་བརྟག་པར་བརྩམས་པ་དང་། དེས་དེའི་ལག་ནས་བཟུང་སྟེ་དྲངས་ནས་སྨྲས་པ། རྗེའི་སྲས་ཁྱོད་དགྲ་བོ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ་རྒྱལ་བྱེད་ཀྱི་ཚལ་འདི་གནོད་སྦྱིན་གོས་སྔོན་པོ་གྱོན་པ་ལྔ་བརྒྱས་མི་སྟོངས་ཏེ། བདག་འབའ་ཞིག་གིས་ཁྱོད་ལ་སོས་ཞེས་བགྱིས་པ་དེས་ན་དེ་རྣམས་ཀྱིས་ཁྱོད་ཀྱི་མདངས་མ་ཁྱེར་ཏེ། འདིར་བཞུགས་པས་འཚལ་གྱིས། ཁྱིམ་ཉིད་དུ་བཞུད་ཀྱིས་གཤེགས་ཞེས་དེས་དེའི་ལག་པ་ནས་བཟུང་སྟེ་སོང་བ་དང་། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། རྒན་ཞུགས་མ་འགྲོ་བར་འདུག་ཤིག། དེ་འགྲོ་བ་ཉིད་དུ་བྱེད་ཅིང་མི་འདུག་ནས་དགེ་སློང་དག་གིས་དེའི་ལག་པ་ཡ་གཅིག་ནས་བཟུང་སྟེ་དྲངས་པ་དང་། དེས་སྨྲས་པ། ནའོ་ནའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་ལག་པ་གང་ན་ཞེས་དྲི་བར་བྱ་སྟེ། གལ་ཏེ་ཁྱེད་ཀྱིས་བཟུང་བ་གང་ཡིན་པའོ་ཞེས་ཟེར་ན་རྒན་ཞུགས་འགྲོ་འདོད་པར་ངེས་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་གཏང་བར་བྱའོ། །གལ་ཏེ་སྔོན་གྱི་ཆུང་མས་བཟུང་བ་གང་ཡིན་པའོ་ཞེས་ཟེར་ན་འགྲོ་བར་མི་འདོད་པས་དེ་གཏང་བར་མི་བྱའོ། །འོན་ཀྱང་དགེ་སློང་དག་རྒན་ཞུགས་ནི་འཚོ་བར་འདོད་པའི་བསམ་པ་ཅན་ཡིན་པས་དེ་ལྟ་བས་ན་རྒན་ཞུགས་སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གིས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ཀྱི་ལག་པ་གང་ན། དེས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བཟུང་བ་གང་ཡིན་པའོ། །དེ་དག་གིས་དེ་བཏང་བ་ནས་རང་གི་ཁྱིམ་དུ་སོང་སྟེ། དེ་ཉིད་དེའི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་


DKG010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཅན་ཞིག་འདུག་པ་དེ་བྲམ་ཟེ་མ་དད་པ་ཞིག་དང་ལྷན་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཁྱིམ་བདག་དེ་སྦྲིད་པ་བྱུང་ན་དགེ་སློང་གང་གིས་ཀྱང་སོས་ཞེས་མ་བྱས་ཀྱི། བྲམ་ཟེ་དེ་ཉིད་ཀྱིས་སོས་ཞེས་བྱས་ནས་དེས་སྨྲས་པ། གྲོགས་པོ་ཁྱེད་ནི་དགྲ་བོ་རྣམས་ལ་དད་དེ་རྒྱལ་བྱེད་ཀྱི་ཚལ་འདི་ནི་གནོད་སྦྱིན་གོས་སྔོན་པོ་གྱོན་པ་ལྔ་བརྒྱས་མི་སྟོངས་ཏེ། ཁྱོད་ལ་ཁོ་བོ་འབའ་ཞིག་གིས་སོས་ཞེས་བྱས་པ་དེས་ན་དེ་དག་གིས་ཁྱོད་ཀྱི་མདངས་མ་ཕྲོགས་ཀྱིས་ཚུར་ཤོག་འདོང་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་རྣམས་ནི་འཚོ་བའི་བསམ་པ་ཅན་ཡིན་པས་དེ་ལྟ་བས་ན་ཁྱིམ་པ་སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་བྱའོ། །གཞན་ཡང་དགེ་སློང་དག་རྒན་པ་སྦྲིད་པ་བྱུང་བ་ལ་ནི་ལངས་ནས་ཕྱག་བྱ་ཞིང་གཞོན་པ་སྦྲིད་པ་བྱུང་བ་ལ་ནི་རྒན་པས་ནད་མེད་ཅིག་ཅེས་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་ཚན་པ་རྣམས་ངེས་པ་ལ་ཞུགས་པ་དང་ལྡན་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བཙུད་པ་དེའི་ཚེ་དེ་དག་གིས་བཅའ་བར་བྱ་བ་གང་ཡིན་པ་དང་། བཟའ་བར་བྱ་བ་གང་ཡིན་པ་མི་ཤེས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བཅའ་བ་ནི་ལྔ་སྟེ། རྩ་བའི་བཅའ་བ་དང་། སྡོང་པོའི་བཅའ་བ་དང་། ལོ་མའི་བཅའ་བ་དང་། མེ་ཏོག་གི་བཅའ་བ་དང་། འབྲས་བུའི་བཅའ་བའོ། །བཟའ་བ་ནི་ལྔ་སྟེ། ཕྱེ་མ་དང་། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་སྣུམ་ཁུར་རོ། །དེ་དག་གིས་ཚོད་མ་གང་དག་དང་། བཟའ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་མ་དང་། ཞོ་དང་། མར་སར་དང་། མར་དང་། ཉ་དང་། ཤ་དང་། ཤ་སྐམ་དང་། གཞན་ཡང་རུང་བ་གང་ཡིན་པ་སྟེ་ཐ་ན་ཆུས་ཀྱང་རླན་པར་བྱ་སྟེ་བཟའ་བར་བྱའོ། །དགེ་སློང་དག་རླན་པ་ཐམས་ཅད་ནི་ཉམ་སྐྱེད་པར་བྱེད་པ་ཡིན་ནོ།། །།སྡོམ་ལ། སྒོ་འཕར་གྱི་ནི་ལག་ཟུངས་དང་། །སྐར་ཁུང་དག་གི་དྲ་བ་དང་། །མ་དཔྱིས་དང་ནི་ཡ་དཔྱིས་


DKG010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྐེད་གཏན་དབྱུག་གུ་སྐམ་ཀའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་གནས་ཁང་དག་རྩིག་ཅིང་སྒོ་དོད་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གདོད་པར་བྱའོ། །དགེ་སློང་རྣམས་ཀྱིས་སྒོ་བཏོད་ཅིང་སྒོ་འཕར་འཇུག་པར་མི་བྱེད་པས་བསམ་གཏན་དང་འདོན་པ་ལ་ཞུགས་པ་དག་སྣང་སྟེ། དེ་དག་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་ཉེ་བར་འོངས་ཏེ་དེ་དག་གཏམ་བརྗོད་པས་སེམས་རྩེ་གཅིག་པ་ཉིད་དུ་མ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒོ་འཕར་གཞུག་པར་བྱའོ། །དགེ་སློང་དག་གིས་སྒོ་འཕར་བཅུག་ཅིང་ལག་ཟུངས་ཡང་མིག་མ་བཏགས་པས་དབྱེ་དཀའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ཟུངས་ཡང་མིག་གདགས་པར་བྱའོ། །དེ་ཕྱེ་བ་ན་སྒྲ་འབྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོ་བའི་དུམ་བུ་གཞུག་པར་བྱའོ། །སྐར་ཁུང་མ་བཏོད་པས་མུན་གནག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་གདོད་པར་བྱའོ། །ཧ་ཅང་དམའ་བར་བཏོད་ནས་ཆོམ་རྐུན་པ་དང་། གཡོན་ཅན་དག་གིས་བགྲོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམའ་བར་གདོད་པར་མི་བྱའོ། །ཧ་ཅང་མཐོ་བར་བཏོད་པ་དང་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་དུ་གདོད་པར་བྱའོ། །དགེ་སློང་དག་གིས་ནང་རུབ་ལ་ཕྱི་ཡངས་པར་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུར་གདོད་པར་བྱའོ། །བྱེའུ་དང་ཕུག་རོན་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་བྱའོ། །དགེ་སློང་དག་གིས་དྲ་བ་བྱས་ཤིང་སྒོ་གླེགས་མ་བཅུག་པས་སྦྲུལ་དང་། སྡིག་པ་དང་། སྲིན་བུ་མ་བུ་ཀ་དང་། ཏྲཻ་ལ་ཏ་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །དགེ་སློང་དག་གིས་སྒོ་གླེགས་བཅུག་པ་དང་། འོག་མི་ཆགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་དཔྱིས་གཞུག་པར་བྱའོ། །དགེ་སློང་དག་གིས་མ་དཔྱིས་བཅུག་ན་


DKG010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འདུག་ཏུ་མི་རུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡ་དཔྱིས་གཞུག་པར་བྱའོ། །དགེ་སློང་དག་གིས་ཡ་དཔྱིས་བཅུག་ན་རླུང་གིས་ཕྱེ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེད་གཏན་གཞུག་པར་བྱའོ། །དགེ་སློང་དག་གིས་ཕྲེད་གཏན་བཅུག་པ་དང་། གཅད་དཀའ་བ་དང་། དབྱེ་དཀའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱི་གུ་སྐམ་ཀ་བཅང་བར་བྱ་སྟེ། དེས་གཅད་པ་དང་དབྱེ་བར་བྱའོ།། །།སྡོམ་ལ། གསོར་དང་ལྕགས་ཀྱི་ཐུ་ལུམ་དང་། །ཕོར་པ་ཤིང་གི་ཐལ་ཕྱགས་དང་། །རྡོ་གུ་ཁྲི་དང་རྒྱབ་རྟེན་དང་། །སྟ་རེ་དང་ནི་གཟོང་བུའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་སྒོ་འཕར་ལ་ལག་ཟུངས་ཀྱི་ལུང་མིག་གདགས་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་སྒོ་འཕར་ལ་ཡང་མིག་གིས་བརྐོས་ཏེ་སྒོ་འཕར་གས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་འཕར་ལ་བརྐོ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་སྒོ་འཕར་ལ་བརྐོ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཡང་མིག་བཏགས་ཏེ་དྲངས་ན་མི་བརྟན་ཞིང་ཕྱིར་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ་གསོར་བཅང་བར་བྱ་ཞིང་། དེས་ཕུག་ལ་ཡང་མིག་གདགས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། ཚེ་དང་ལྡན་པ་པི་ལིན་དའི་བུ་གང་གི་ཚེ་རབ་ཏུ་བྱུང་བ་ནས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གནས་བརྟན་ཁྱོད་ཅི་ན། ཚེ་དང་ལྡན་པ་དག་བདག་རླུང་ནད་ནའོ། །གནས་བརྟན་སྨན་ཅུང་ཟད་མཛོད་ཅིག །ཚེ་དང་ལྡན་པ་དག་སྔོན་ནི་བདག་གིས་ལྕགས་ཀྱི་ཐུ་ལུམ་བསྲེགས་ཏེ། དེས་ཆབ་བསྲོས་ནས་ལུས་རྔུལ་བར་བགྱིས་སོ། །གནས་བརྟན་ཅིའི་སླད་དུ་མི་སྲེལ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། རླུང་ནད་ཅན་གྱིས་ལྕགས་ཀྱི་ཐུ་ལུམ་བཅང་བར་བྱ་སྟེ། དེས་ཆུ་བསྲོས་ལ་ལུས་རྡུལ་བར་བྱའོ། །བཅོམ་


DKG010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་ལྕགས་ཀྱི་ཐུ་ལུམ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་དེ་བསྲེགས་པ་དབྱུང་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཐག་གིས་གདགས་པར་བྱའོ། །དགེ་སློང་དག་གིས་ལྕགས་ཐག་ཀྱང་མེར་བཅུག་པས་དེ་ཡང་ཚ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེར་གཞུག་པར་མི་བྱའི་དེས་གཤེར་བའི་ནང་དུ་བཅུག་ལ་ལྕགས་ཀྱི་ཐུ་ལུམ་བསྲེག་པར་བྱའོ། །དེ་དག་ལྕགས་ཀྱི་ཐུ་ལུམ་རྩྭ་ཨུ་ཥ་ཏུ་གས་རུང་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རུང་བར་མི་བྱའི་བསྲེགས་པ་དེ་ཉིད་དེའི་རུང་བ་ཡིན་ནོ། ། དགེ་སློང་དག་དང་པོར་ཡོངས་སུ་སྤྱད་པའི་ཆུ་བསྲོ་བར་བྱེད་ཅིང་ཕྱིས་རུང་བའི་ཆུ་བསྲོ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔར་རུང་བའི་ཆུ་བསྲོ་བར་བྱ་ཞིང་ཕྱིས་ཡོངས་སུ་སྤྱད་པའི་ཆུ་བསྲོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་གི་ཚེ་རབ་ཏུ་བྱུང་བ་ནས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གནས་བརྟན་ཁྱོད་ཅི་ན། ཚེ་དང་ལྡན་པ་དག་འདི་དང་འདི་ནའོ། །གནས་བརྟན་སྨན་ཅུང་ཟད་མཛོད་ཅིག །ཚེ་དང་ལྡན་པ་དག་སྔོན་ནི་བདག་གིས་སྨན་ཕོར་བཅངས་སོ། །གནས་བརྟན་ད་ཅི་སྟེ་མི་བཅང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། སྨན་ཕོར་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་ཅིག་གིས་དགེ་འདུན་གྱི་བསྲོ་ཁང་བྱས་ན་དེར་སོལ་བ་དག་བདལ་དེ་འཇོག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སོལ་བ་དག་བསྡུ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཅིས་བསྡུ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་ཐལ་ཕྱགས་བྱས་ལ་དེས་བསྡུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལྕགས་ཀྱི་ཐལ་ཕྱགས་བྱའོ་ཞེས་བཀའ་སྩལ་ན།


DKG010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དགོན་པ་བ་དག་ལ་དེའི་འབྱོར་པ་མེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཤིང་གི་ཐལ་ཕྱགས་བྱེད་དུ་གཞུག་གོ །བཅོམ་ལྡན་འདས་ཀྱིས་ཤིང་གི་ཐལ་ཕྱགས་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཐལ་ཕྱགས་ཇི་ལྟ་བུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་སྦོམ་པོར་བྱས་ལ་དེ་ནས་ལྕི་བ་དང་འཇིམ་པས་བསྐུས་ཏེ་དེས་སོལ་བ་བསྡུ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་ན་ནས་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁོ་བོ་ལ་ནད་འདི་ལྟ་བུ་བྱུང་ན་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་འདི་དང་འདི་མཛོད་ཅིག་དང་ཁྱོད་སོས་པར་འགྱུར་རོ། །དེ་ལ་སྨན་སྦྱར་བའི་རྡོ་གུ་དགོས་ནས་དེ་ཁྱིམ་བདག་ཅིག་གི་གན་དུ་སོང་སྟེ། རྡོ་གུ་བརྙས་པ་དང་། དེས་དེ་ལ་རྡོ་གུ་བྱིན་ནོ། །དེས་སྨན་སྦྱར་ཏེ་སླར་ཁྱིམ་བདག་དེ་ཉིད་ལ་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་ལགས་ཀྱིས་བཞུད་ཅིག །དེས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཞོག་ལ་བཞུད་ཅིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། རྡོ་གུ་བཅང་བར་བྱའོ། །རི་དགས་འཛིན་གྱི་མ་ས་གས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྡོ་གུ་ཇི་ལྟར་འཆང་དུ་གནང་བ་ཐོས་ནས་དེས་ལྕགས་རྡོ་གུ་ལྔ་བརྒྱ་ཕུལ་ན། དགེ་སློང་དག་གིས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་རིམས་ཇི་ལྟ་བ་བཞིན་བྲིམ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་རྒན་རིམས་ཇི་ལྟ་བ་བཞིན་བྲིམ་པར་བྱའོ་ཞེས་བཀའ་སྩལ་པ་དང་། གཞོན་པའི་མཐར་མ་ཁྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཐོབ་པ་གང་དག་ཡིན་པ་དེ་དག་ལ་ཁམ་པའི་རྡོ་གུ་སྦྱིན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་


DKG010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་ས་ལ་ཉལ་བས་དེའི་ཁ་ཟས་མ་ཞུ་བར་གྱུར་ནས་དེས་ཁྱིམ་བདག་ཅིག་གི་གན་དུ་སོང་སྟེ་ཁྲི་བརྙས་ནས་དེ་དེའི་སྟེང་དུ་ཉལ་བས་སོས་ཏེ་སླར་དེ་ལ་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་ལགས་ཀྱིས་བཞུད་ཅིག །ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཞོག་ལ་བཞུད་ཅིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་ཁྲི་བཅང་བར་བྱའོ། །རི་དགས་འཛིན་གྱི་མ་ས་གས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁྲི་བོག་རི་ཅན་ཇི་ལྟར་གནང་བ་ཐོས་ནས་དེ་ཁྲི་བོག་རི་ཅན་ལྔ་བརྒྱ་ཕུལ་ན་དགེ་སློང་རྣམས་ཀྱིས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་རིམས་ཇི་ལྟ་བ་བཞིན་བྲིམ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དགེ་སློང་ཞིག་ལ་རྒྱབ་རྟེན་དགོས་པར་གྱུར་ནས་དེས་ཁྱིམ་བདག་ཅིག་ལ་བརྙས་ཏེ་དེས་དགོས་པ་བྱས་ནས་སླར་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་ལགས་ཀྱིས་བཞུད་ཅིག །ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཞོག་ལ་བཞུད་ཅིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་རྒྱབ་རྟེན་བཅང་བར་བྱའོ། །རི་དགས་འཛིན་གྱི་མ་ས་གས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྒྱབ་རྟེན་ཇི་ལྟར་གནང་བ་ཐོས་ནས་དེས་རྒྱབ་རྟེན་ལྔ་བརྒྱ་ཕུལ་ན་དགེ་སློང་རྣམས་ཀྱིས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་རིམས་བཞིན་བྲིམ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གི་བཙོ་བླག་གི་ལས་བྱེད་པ་དེ་ལ་སྟ་རེ་དགོས་པར་གྱུར་ནས་དེས་ཁྱིམ་བདག་ཅིག་ལ་བརྙས་ཏེ་དེས་དགོས་པ་བྱས་ནས་སླར་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་


DKG010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ལགས་ཀྱིས་བཞུད་ཅིག །ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཞོག་ལ་བཞུད་ཅིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ་དགེ་སློང་གིས་སྟ་རེ་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གི་ཁྲིའི་ཡ་ཐོག་ཆག་ནས་དེས་ཁྱིམ་བདག་ཅིག་ལས་གཟོང་བུ་བརྙས་ཏེ། དེས་དགོས་པ་བྱས་ནས་སླར་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་ལགས་ཀྱིས་བཞུད་ཅིག །ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཞོག་ལ་བཞུད་ཅིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་དག་གིས་གཟོང་བུ་བཅང་བར་བྱའོ།། །།སྡོམ་ལ། སྟེའུ་དང་སྐས་ནི་གསུམ་དག་དང་། །སྒྲེའུ་དང་ནང་པ་ཕན་གདགས་དང་། །ཤིང་དང་རྡོ་དང་ས་དག་གི། །ཐང་མ་སྐས་གསུམ་གནང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གི་ཁྲིའུའི་རྐང་པ་ཆག་སྟེ་དེ་ལ་སྟེའུ་དགོས་ནས་དེས་ཁྱིམ་བདག་ཅིག་ལ་སྟེའུ་བརྙས་ནས་དེས་དགོས་པ་བྱས་ནས་སླར་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱིས་ལགས་ཀྱིས་བཞུད་ཅིག །དེས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཞོག་ལ་བཞུད་ཅིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་སྟེའུ་བཅང་བར་བྱའོ། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་རྩིག་པའི་གྲོགས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་


DKG010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་མཆོད་རྟེན་དང་། གཙུག་ལག་ཁང་རྩིག་པའི་གྲོགས་བྱེད་དོ། །ཇི་ཙམ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་མཐོན་པོར་བརྩིགས་པས་དེ་ལ་གཟེག་དགོས་པར་གྱུར་ན། དགེ་སློང་དག་གིས་ཅི་ལས་གཟེག་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐས་ལས་གཟེག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྐས་ལ་གཟེག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་སྐས་དུ་ཡོད་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐས་ནི་རྣམ་པ་གསུམ་སྟེ། ཤིང་གི་དང་། ཐག་པའི་དང་། སྨྱུག་མའིའོ། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱི་གཅུང་པོ་དགེ་སློང་དགའ་བོ་ཞེས་བྱ་བ་དེའི་ལུས་གསེར་གྱི་མདོག་འདྲ་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་ཅན། སྲིད་ཀྱང་བཅོམ་ལྡན་འདས་ལས་སོར་བཞིས་ཐུང་བ་ཞིག་ཡོད་པ་དེའི་ཆུང་མ་མཛེས་མ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། སྐྱེས་པའི་ཡིད་དུ་འོང་བ་ཞིག་ཡོད་པ་དེ་ལ། དེ་ལྷག་པར་ཆགས་པ་དང་། ཞེན་པ་དང་། འཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཆགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་ནས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཀུན་དགའ་བོ་དང་། སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ། །སེར་སྐྱའི་གནས་ན་བསོད་སྙོམས་མཛད་པ་ན་དགའ་བོའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་བཅོམ་ལྡན་འདས་དེའི་སྒོར་བཞུགས་ཏེ་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བཏང་ནས་དེ་དག་གིས་ཁྱིམ་དེ་གསེར་ཞུན་མ་ལྟ་བུར་སྣང་བར་གྱུར་ཏོ། ། དེས་བསམས་པ། ངེས་པར་བཅོམ་ལྡན་འདས་གཤེགས་ཏེ་དེས་ན་བདག་གི་ཁྱིམ་གསེར་ཞུན་མ་ལྟ་བུར་སྣང་བར་གྱུར་ཏོ། །སྙམ་ནས་དེས་མི་ཞིག་བཏང་སྟེ། ཀྱེ་མི་ཁྱོད་སོང་ལ་སྒོ་ན་སུ་ཡོད་ལྟོས་ཤིག །དེ་ཕྱིར་བྱུང་བ་དང་། ཇི་ཙམ་ན་བཅོམ་ལྡན་འདས་མཐོང་ནས་དེ་རིངས་པ་རིངས་པར་ནང་དུ་སོང་སྟེ། དེས་སྨྲས་པ། ཇོ་བོ་བཅོམ་ལྡན་འདས་གཤེགས་ཏེ་ཆབ་


DKG010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ན་བཞུགས་སོ། །དེ་གུས་པ་དང་བཅས་པས་འགྲོ་བར་བརྩམས་པ་དང་། མཛེས་མས་བསམས་པ། གལ་ཏེ་འདི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ན་འདི་ངེས་པར་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ངོ་སྙམ་ནས་དེས་གོས་ཀྱི་ཐ་མ་ནས་བཟུང་སྟེ། རྗེའི་སྲས་མ་གཤེགས་པར་བཞུགས་ཤིག །དེས་སྨྲས་པ། ཐོང་ཤིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་སླར་འོང་ངོ་། །དེས་དེ་ལ་མཚན་མ་བཏབ་ནས་སྨྲས་པ། རྗེའི་སྲས་གལ་ཏེ་ཁྱོད་འདི་བསྐམས་ཏེ་གཤེགས་ན་བདག་ཀཱར་ཤཱ་པ་ཎ་ལྔ་བརྒྱ་དབང་ངོ་། །དེས་སྨྲས་པ། ལེགས་ཏེ་དེ་བཞིན་བྱས་ཐོང་ཤིག །དེས་དེ་དམ་བཅས་ནས་བཏང་སྟེ་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལས་ལྷུང་བཟེད་བླངས་ནས་སླར་སོང་ངོ་། །དེ་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་བྱུང་བ་དང་། བཅོམ་ལྡན་འདས་བཞེས་པ་ཉིད་དུ་མི་མཛད་པར་གཤེགས་ཤིང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཡང་མ་ལེན་ཅིག་པའི་བརྡ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ལ་བཞེས་ཞེས་སྨྲ་མ་ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དབུལ་བར་བརྩམས་པ་དང་། དེས་སྨྲས་པ། དགའ་བོ་གང་ཁོ་ན་ལས་བླངས་པ་དེ་ཉིད་ལ་ཕུལ་ཅིག །དེ་སྤོབས་པ་མེད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཁྱེར་ནས་ཆས་ཏེ། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ཏེ་བཞུགས་པ་དང་། དགའ་བོས་ལྷུང་བཟེད་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་ཀྱི་མཛད་པ་མཛད་ནས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ལྷུང་བཟེད་ཀྱི་ལྷག་མ་ཟོ་ཤིག །བཅོམ་ལྡན་འདས་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ལྷུང་བཟེད་ཀྱི་ལྷག་མ་སྩལ་ནས་དེས་ཟོས་སོ། །ཟོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཅི་སྟེ་རབ་ཏུ་མི་འབྱུང་། འདི་ལྟར་བཅོམ་ལྡན་འདས་ཀྱིས་གདུང་རབས་དེ་དང་དེ་དག་ཏུ་ཡབ་ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། གཞན་ཡང་བླ་མའི་གནས་ལྟ་བུ་དག་གི་ཆོས་དང་ལྡན་པའི་ཚིག་འགའ་ཡང་མ་བཅག་པས། དེས་སྨྲས་པ། བཅོམ་ལྡན་འདས་བདག་རབ་ཏུ་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་


DKG010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགའ་བོའི་སྐྲ་དང་ཁ་སྤུ་བྲེགས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་འབྲེག་མཁན་གཉེར་ཏེ་བྲེག་པར་བརྩམས་པ་དང་། དགའ་བོས་འབྲེག་མཁན་ལ་ཀྭའི་འབྲེག་མཁན་ང་ནི་རིང་པོ་མི་ཐོགས་པར་སྟོབས་ཀྱིས་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། གལ་ཏེ་ཁྱོད་ཀྱིས་ངའི་སྐྲ་དང་ཁ་སྤུ་བྲེགས་ན་ངས་ཁྱོད་ཀྱི་ལག་པ་མཁྲིག་མ་མན་ཆད་བཅད་དོ་ཞེས་བསྡིགས་པས་དེ་སྐྲག་སྟེ་འབྲེག་སྤྱད་བཏུལ་ཏེ་འདུག་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཚེ་དང་ལྡན་པ་དགའ་བོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་བཀའ་སྩལ་པ། དགའ་བོ་ཁྱོད་རབ་ཏུ་མི་འབྱུང་ངམ། དེས་གསོལ་པ། བཅོམ་ལྡན་འདས་བདག་རབ་ཏུ་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཉིད་ཁོ་ནས་ཆུ་སྣོད་ནས་མགོར་ཆུ་བླུགས་ཤིང་འབྲེག་མཁན་གྱིས་སྐྲ་དང་ཁ་སྤུ་བྲེགས་པ་དང་། དེས་བསམས་པ། རེ་ཞིག་བཅོམ་ལྡན་འདས་ལ་གུས་པར་བྱ་བའི་ཕྱིར་རབ་ཏུ་བྱུང་ལ་ནམ་སྲོས་ནས་འགྲོའོ་སྙམ་ནས་དེ་ནམ་སྲོས་ནས་སོང་བ་དང་། བཅོམ་ལྡན་འདས་ཀྱིས་གཡང་ས་ཞིག་སྤྲུལ་ཏོ། །དགའ་བོས་བསམས་པ། མཛེས་མ་དང་ཐག་རིང་བ་ཉིད་དུ་གྱུར་ཅིང་བདག་གཞན་ཁོ་ནར་འཆི་བར་འགྱུར་གྱིས་ནམ་ནངས་ཏེ་འགྲོའོ་སྙམ་ནས། དེ་ཤིན་ཏུ་བཟང་མོ་ལ་རྣམ་པར་རྟོག་ཅིག་སྡུག་བསྔལ་བས་མཚན་མོ་འདས་སོ། །བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ། དགའ་བོ་ལ་ཁྱོད་ཁང་སྐྱོང་བྱོས་ཤིག་ཅེས་བསྒོ་ཤིག །དེས་སོང་ནས་ཚེ་དང་ལྡན་པ་དགའ་བོ་བཅོམ་ལྡན་འདས་ཀྱིས་ཁྱོད་ཁང་སྐྱོང་བྱོས་ཤིག་ཅེས་བཀའ་སྩལ་ཏོ་ཞེས་དེ་ལ་བསྒོའོ། །དེས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཁང་སྐྱོང་ཞེས་བྱ་བ་དེ་ཅི་ལགས། དེ་ཇི་ལྟ་བུ་དག་བགྱི། དེས་སྨྲས་པ། ཚེ་དང་ལྡན་པ་དགའ་བོ་གཙུག་ལག་ཁང་གི་ལས་བྱ་སྟེ། དགེ་སློང་རྣམས་བསོད་སྙོམས་ལ་དོང་ནས་དང་པོར་ཇེ་གཙུག་ལག་ཁང་ཕྱག་དར་བྱ་ཞིང་དེ་ནས་བ་ལང་གི་ལྕི་བ་སར་པས་སྐྱོང་ནུལ་བྱ། གཙུག་ལག་ཁང་བསྲུང་བར་བྱ། དགེ་སློང་རྣམས་ཀྱིས་སྨྲས་པ། གང་ཡིན་པ་དེ་བརྗོད་པར་


DKG010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དྲི་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་ཇི་སྙེད་ཡོད་པ་དེ་དག་ཀྱང་དགེ་འདུན་ལ་བྲིམ་པར་བྱ། ནུབ་མོ་སྒོ་གཅད་པར་བྱ་ཞིང་ནང་པར་དབྱེ་བར་བྱ། བཤང་བའི་གནས་དང་། གཅི་བའི་གནས་དག་ཀྱང་སྦྱང་བར་བྱ་ཞིང་། གཞན་ཡང་གཙུག་ལག་ཁང་དང་འབྲེལ་བའི་བྱ་བ་གང་ཡིན་པ་དེ་དག་བྱའོ། །དེས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་འཚལ་ལོ། །ཇི་ཙམ་ན་དགེ་སློང་རྣམས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་སེར་སྐྱའི་གནས་སུ་བསོད་སྙོམས་ལ་ཞུགས་པ་དང་། དགའ་བོས་བསམས་པ། གཙུག་ལག་ཁང་ཕྱགས་ལ་འགྲོའོ་སྙམ་ནས་དེས་ཕྱག་དར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ཁྱམས་ཅིག་ཕྱགས་པ་དེའི་ཚེ་གཉིས་པ་ཕྱག་དར་གྱིས་གང་བར་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེས་བསམས་པ། ཕྱག་དར་བོར་ལ་འགྲོའོ་སྙམ་ནས་དེས་ཕྱགས་མ་བཞག་སྟེ་ཕྱག་དར་དབོ་བར་བརྩམས་པ་དང་། ཟད་པར་མ་གྱུར་ནས་དེས་བསམས་པ། གནས་ཁང་རྣམས་ཀྱི་སྒོ་བཅད་ལ་འགྲོའོ་སྙམ་ནས་དེས་གནས་ཁང་རྣམས་ཀྱི་སྒོ་བཅད་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་གང་གི་ཚེ་གནས་ཁང་གཅིག་གི་སྒོ་བཅད་པ་དེའི་ཚེ་གཞན་བྱེ་བར་གྱུར་པ་དེ་ལྟ་བུར་བྱིན་གྱིས་བརླབས་པས་དེ་སྐྱོ་ནས་སྨྲས་པ། བདག་རྒྱལ་པོར་གྱུར་ནས་འདི་བས་ཆེས་ལྷག་པའི་གཙུག་ལག་ཁང་བྱས་འགྲོའོ། །ཡང་བསམས་པ་གསེབ་ལམ་དུ་འགྲོའོ་སྙམ་ནས་དེས་གསེབ་ལམ་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་དེའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ལམ་དེ་ཉིད་དུ་གཤེགས་སོ། །དེས་བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེ་དང་ཧ་ཅང་མི་རིང་བ་ན་ཤིང་ཡལ་ག་སྟུག་པོ་ཐུར་དུ་འཕྱང་བ་ཞིག་ཡོད་པ་དེ་མྱུར་བ་མྱུར་བ་ཉིད་དུ་སོང་སྟེ། དེའི་འོག་ཏུ་གབ་ནས་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཤིང་དེའི་ཡལ་ག་རྣམས་ཇི་ལྟར་གྱེན་དུ་འཕགས་པར་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་གར་འགྲོ། ཚུར་ཤོག་འདོང་། དེ་སྤོབས་པ་མེད་པར་གྱུར་ཅིང་ངོ་ཚ་བའི་ཡིད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་སོང་ངོ་། །བཅོམ་ལྡན་འདས་


DKG010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགོངས་པ། འདི་ཤིན་ཏུ་བཟང་མོ་ལ་ལྷག་པར་ཆགས་པས་འདི་དེ་དང་འབྲལ་བར་བྱའོ་སྙམ་དུ་མཁྱེན་ནས་དེ་དེ་དང་དབྲལ་བར་བྱ་བའི་ཕྱིར་སེར་སྐྱའི་གནས་སུ་ཇི་ཙམ་བཞེད་པ་བཞུགས་ནས་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་གཤེགས་ཏེ་ཁད་ཀྱིས་མཉན་ཡོད་དུ་གཤེགས་པ་དང་། རི་དགས་འཛིན་གྱི་མ་ས་གས་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་དེའི་ལུས་གསེར་གྱི་མདོག་འདྲ་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་ཅན་བཅོམ་ལྡན་འདས་ལས་སོར་བཞིས་ཐུང་བ་དེ་བཅོམ་ལྡན་འདས་དང་ཐབས་ཅིག་འདིར་འོངས་སོ་ཞེས་ཐོས་ནས་དེ་བདག་གིས་ནམ་མཐོང་སྙམ་མོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་གཅིག་པ། དེ་ནས་ཚེ་དང་ལྡན་པ་དགའ་བོ་དུས་གཞན་ཞིག་ན་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་ཁད་ཀྱིས་རི་དགས་འཛིན་གྱི་མ་ས་གའི་ཁྱིམ་དུ་སོང་ངོ་། ། དེས་དེའི་གཟུགས་བཟང་ཞིང་ཁ་དོག་ཤིན་ཏུ་རྒྱས་པ་མཐོང་ནས་བསམས་པ། འདི་ནི་ངེས་པར་བཅོམ་ལྡན་འདས་ཀྱི་མཆེད་དགའ་བོ་ཡིན་ནོ་སྙམ་ནས། དེ་དད་པ་སྐྱེས་ཏེ་དེའི་རྐང་པ་ལ་གཏུགས་ནས་ཕྱག་བྱས་སོ། །དེས་དེའི་རྐང་པ་ལ་རེག་པ་དང་། བུད་མེད་ཀྱི་རེག་པ་ནི་གདུག་པ་ཡིན་པས་དེ་འདོད་ཆགས་བདོ་བས་དེའི་ཁུ་བ་སྟོར་ནས་ས་གའི་མགོར་ལྷུང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས་བཅོམ་ལྡན་འདས་ཀྱིས་དེ་ཏུ་རུཥྐའི་འབྲུ་མར་དུ་བྱིན་གྱིས་བརླབས་སོ། །དེས་བསམས་པ། འདི་ན་ཏུ་རུཥྐའི་འབྲུ་མར་ག་ལས་འབྱུང་། ངེས་པར་འཕགས་པ་དགའ་བོས་མི་གཙང་བ་ཤོར་ལ། བཅོམ་ལྡན་འདས་བསྙེལ་བ་མི་མངའ་བའི་ཆོས་ཅན་དེས་འདི་ཏུ་རུཥྐའི་འབྲུ་མར་དུ་བྱིན་གྱིས་བརླབས་སོ་སྙམ་དུ་རིག་ནས་ཡི་རངས་པས་ཡི་རངས་ཤིང་ཀྱེ་མའོ་སངས་རྒྱས། ཀྱེ་མའོ་ཆོས། ཀྱེ་མའོ་དགེ་འདུན། ཀྱེ་མའོ་ཆོས་ལེགས་པར་གསུངས་པ་ཉིད་འདི་ལྟར་ད་ནི་འཕགས་པ་དགའ་བོ་ལ་སོགས་པ་འདོད་ཆགས་ཤས་ཆེ་བ་དག་ཀྱང་ཚངས་པར་སྤྱད་པ་སྤྱོད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བར་མ་གྱུར་ཏམ་སྙམ་ནས་འགྱོད་པ་སྐྱེས་ཏེ། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་པ་དང་། དགེ་


DKG010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དགའ་བོ་འདོད་ཆགས་ལྷག་པར་ཆེ་བ་འདི་ལ་ལྟུང་བ་མེད་དོ། །དེ་ལྟ་བས་ན་རྗེས་སུ་གནང་སྟེ་འདོད་ཆགས་ལྷག་པར་ཆེ་བར་གྱུར་པ་དེ་ལྟ་བུ་གང་དག་ཡིན་པ་དེ་དག་གིས་འཛག་སྣོད་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་འདོད་ཆགས་ལྷག་པར་ཆེ་བས་སྒྲེའུ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཅིའི་པགས་པའི་སྒྲེའུ་བཅང་བར་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ར་དང་། རི་དགས་དང་། བྱི་བ་དང་གསུམ་གྱི་པགས་པའི་སྒྲེའུ་བཅང་བར་བྱའོ། ། དེ་དག་གིས་དེ་བཞིན་བཞག་པས་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲུ་བར་བྱ། མཉེ་བར་བྱ། སྐམ་པར་བྱའོ། །དེ་དག་གིས་ཇི་སྲིད་བཀྲུས་ནས་སྐེམས་པར་བྱེད་པ་དེའི་བར་དུ་དེ་དག་བུད་མེད་མཐོང་ནས་ཁུ་བ་སྟོར་བས་ཤམ་ཐབས་དབྲ་དབྲེར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་བྱས་ལ་གཅིག་བསྐམ་པར་བྱ་ཞིང་གཅིག་གདགས་པར་བྱའོ། །ཁ་ཅིག་ཁུ་བ་ལྷག་པར་མང་དུ་བྱུང་བས་དེ་གཤེར་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཕྲུ་བླུགས་པར་བྱའོ། །དགེ་སློང་དག་གིས་སོ་ཕག་གི་བུར་མ་དག་བླུགས་པས་སྡུག་བསྔལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེ་མའམ་སའི་ཕྲུ་བླུག་པར་བྱའོ། །དགེ་སློང་དག་དེ་བཏགས་བཞིན་དུ་ཟས་ཟ་བར་བྱེད་ཅིང་མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཕྱོགས་དབེན་པ་ཞིག་ཏུ་བཞག་ལ་ཁྲུས་བྱས་ནས་ཟས་བཟའ་བ་དང་མཆོད་རྟེན་ལ་ཕྱག་དག་བྱའོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་དགའ་བོ་ཕྱོགས་གཞན་ཞིག་ན་རྡོ་ལེབ་ལ་འདུག་པ་དང་། དེས་ཤིན་ཏུ་བཟང་མོ་དྲན་ནས་དེས་དེ་རྡོ་ལེབ་དེ་ལ་རི་ལུས་བྲི་བར་བརྩམས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་དེར་འོངས་ཏེ་དེས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དགའ་བོ་ཁྱོད་ཅི་བྱེད། དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བདག་ཤིན་ཏུ་བཟང་མོ་འདྲིའོ། །དེས་སྨྲས་པ། ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱི་དགེ་སློང་གི་བྱ་བ་ནི་གཉིས་ཏེ། བསམ་གཏན་


DKG010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གདོན་པའོ་ཞེས་གསུངས་ན་ཁྱོད་རང་གི་ཆུང་མ་འདྲི་ཞིང་འདུག་གམ། དེ་ཅང་མི་སྨྲ་བར་འདུག་གོ །སྐབས་དེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་རི་མོ་འདྲི་བ་ལས་གྱུར་པར་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྐྱེས་བུ་གཏི་མུག་དགའ་བོས་ཤིན་ཏུ་བཟང་མོ་ལ་ཆགས་པའི་སེམས་ཀྱིས་རི་མོ་བྲིས་སོ། །དེ་ལྟ་བས་ན་དགེ་སློང་གིས་རི་མོ་བྲི་བར་མི་བྱའོ། །དགེ་སློང་རི་མོ་འདྲི་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རི་མོ་བྲི་བར་མི་བྱའོ། །ཞེས་བཀའ་སྩལ་པ་དང་། དགེ་སློང་དག་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་ལ་ཡང་དྲིས་བྱུག་པ་དང་། དྲིས་གཏོར་བར་མི་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་འདྲི་བར་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་དག་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དྲིས་བྱུག་པ་དང་དྲིས་གཏོར་བར་མི་བྱེད་དེས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དྲིས་བྱུག་པ་དང་། དྲིས་གཏོར་བ་དག་བྱའི་སེམས་ཅན་གྱི་གཟུགས་ནི་བྲི་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། སྐྱེས་བུ་བླུན་པོ་དགའ་བོ་འདི་ནི་ད་དུང་ཡང་ཤིན་ཏུ་བཟང་མོ་ལ་ཆགས་པ་དང་ལྡན་ཞིང་སེམས་འབྲེལ་གྱིས་འདི་ལ་ཐབས་བཤམ་པ་ཞིག་བྱའོ་སྙམ་དུ་མཁྱེན་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་རི་སྤོས་ཀྱི་ངད་ལྡང་མཐོང་ངམ། བཙུན་པ་མ་མཐོང་ལགས་སོ། །གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཐ་མ་ནས་ཟུང་ཤིག །དེས་བཅོམ་ལྡན་འདས་ཀྱི་ཆོས་གོས་ཀྱི་ཐ་མ་ནས་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་ནམ་མཁའི་དཀྱིལ་དུ་འཕགས་ཏེ་སྟེང་གི་ནམ་མཁའ་ལས་རི་བོ་སྤོས་ཀྱི་ངད་ལྡང་ལ་གཤེགས་ནས། དེ་དེར་ཚེ་དང་ལྡན་པ་དགའ་བོ་དང་ཐབས་ཅིག་དེ་དང་དེ་


DKG010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་གཤེགས་པ་ན་ཤིང་ས་ཧ་ཀ་ར་ཞིག་གི་དྲུང་དུ་བྱོན་པ་དང་། དེ་ན་སྤྲ་མོ་ཞར་མ་ཞིག་ཅི་དགར་རྒྱུ་ཞིང་འདུག་པ་དེས་བཅོམ་ལྡན་འདས་མཐོང་ནས་མི་གཡེང་བར་རྟོག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་སྤྲ་མོ་ཞར་མ་འདི་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དགའ་བོ་ཁྱོད་ཇི་སྙམ་དུ་སེམས་སྤྲ་མོ་འདི་དང་ཤིན་ཏུ་བཟང་མོ་གཉིས་གང་གཟུགས་བཟང་། གང་མཛེས་པ་དང་བལྟ་ན་སྡུག་པ་ཡིན། དེས་གསོལ་པ། བཙུན་པ་སྤྲ་མོ་འདིས་ཤཱཀྱའི་བུ་མོ་ཤིན་ཏུ་བཟང་མོའི་བརྒྱའི་ཆར་ཡང་ཉེ་བར་མི་མཆི། སྟོང་གི་ཆར་ཡང་། བརྒྱ་སྟོང་གི་ཆར་ཡང་། གྲངས་དང་། བགྲང་བ་དང་། ཆ་དང་། རྩིས་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་མཆི་སྟེ། བཙུན་པ་ཤཱཀྱའི་བུ་མོ་ཤིན་ཏུ་བཟང་མོ་ནི་ལྷའི་བུ་མོ་དག་དང་འགྲན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཐ་མ་ནས་ཟུང་ཤིག །དེས་བཅོམ་ལྡན་འདས་ཀྱི་ཆོས་གོས་ཀྱི་ཐ་མ་ནས་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་ནམ་མཁའི་དཀྱིལ་དུ་འཕགས་ཏེ་སྟེང་གི་ནམ་མཁའ་ལས་གཤེགས་ནས་ཁད་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་དགའ་བའི་ཚལ་གྱི་སྐྱེད་མོས་ཚལ་དུ་བཞུགས་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་སོང་ལ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལྟོས་ཤིག །དེ་ནས་ལྷ་རྣམས་ཀྱི་རྩེ་བ་དང་། དགའ་བ་དང་། སྐྱིད་པ་དང་། བསམ་པའི་གནས་སྐྱེད་མོས་ཚལ་དང་། དགའ་བའི་ཚལ་དང་། ཤིང་རྟ་སྣ་ཚོགས་དང་། རྩུབ་འགྱུར་དང་། འདྲེས་པ་དང་། ཡོངས་འདུ་དང་། ཆོས་བཟངས་ལ་སོགས་པ་བལྟས་ན། དེ་དག་གཅིག་པས་གཅིག་བཟང་ཞིང་སྤ་བ་མཆོག་ཏུ་གྱུར་པ་མཐོང་ནས་གྲོང་ཁྱེར་བལྟ་ན་སྡུག་ཏུ་ཕྱིན་ཏོ། །དེ་དེར་སོང་སྟེ་བལྟས་ན། པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཇེང་དང་། སྒྲ་སྙན་ལ་སོགས་པ་རྣམ་པ་སྣ་ཚོགས་བཞག་ཅིང་གནས་དང་གནས་དག་ན་ལྷའི་བུ་རྣམས་ལྷའི་བུ་མོ་དག་དང་ལྷན་ཅིག་རྩེ་ཞིང་འཁོད་པ་མཐོང་ངོ་། །དེ་འབྱོར་པ་དེ་དག་ལ་བལྟ་ཞིང་ཐོག་ཐག་ཏུ་འགྲོ་བར་བརྩམས་པ་


DKG010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཇི་ཙམ་ན་ཕྱོགས་གཞན་ཞིག་ན་ལྷའི་བུ་མེད་ཅིང་ལྷའི་བུ་མོས་གང་བའི་གཞལ་མེད་ཁང་ཞིག་མཐོང་ནས། དེས་ལྷའི་བུ་མོ་རྣམས་ལ་དྲིས་པ་གང་གིས་ན་གཞལ་མེད་ཁང་གཞན་དག་ན་ནི་ལྷའི་བུ་དང་ལྷའི་བུ་མོ་དག་གིས་གང་ཞིང་རྩེ་བ་དང་དགའ་བ་ཉམས་སུ་མྱོང་ལ་ཁྱེད་ལ་ནི་ལྷའི་བུ་དག་མེད་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཚངས་པར་སྤྱད་པ་སྤྱོད་པ་དེ་དུས་བྱས་ནས་འདིར་འོང་བར་འགྱུར་ཏེ། དེའི་ཕྱིར་གཞལ་མེད་ཁང་འདི་འཛིན་ཅིང་བདག་ཅག་ཀྱང་དེ་ལ་སྡོད་ཅིང་འཁོད་དོ། །དེས་ཐོས་ནས་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་རིངས་པ་རིངས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་མཐོང་ངམ། དེས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་དེར་ཅི་དག་མཐོང་སྨྲོས་ཤིག །དེས་ཅི་དག་མཐོང་བ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་ལྷའི་བུ་མོ་དག་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དགའ་བོ་ཇི་སྙམ་དུ་སེམས། ཤིན་ཏུ་བཟང་མོ་དང་ལྷའི་བུ་མོ་དེ་དག་གང་གཟུགས་བཟང་ཞིང་མཛེས་པ་དང་བལྟ་ན་སྡུག་པ་ཡིན། དེས་གསོལ་པ། བཙུན་པ་ལྷའི་བུ་མོ་དག་ལ་ཤཱཀྱའི་བུ་མོ་ཤིན་ཏུ་བཟང་མོས་བརྒྱའི་ཆར་ཡང་ཉེ་བར་མི་མཆི། སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་། གྲངས་དང་། བགྲང་བ་དང་། ཆ་དང་། རྩིས་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་མཆིའོ། །དགའ་བོ་དེ་ལྟ་བས་ན་ཚངས་པར་སྤྱོད་པ་ལ་གནས་ན་ཕན་ཡོན་འདི་ལྟ་བུ་དང་གཞན་དག་ཀྱང་ཡོད་དེ། ཁྱོད་ཀྱིས་དེ་ལ་མངོན་པར་དགའ་བས་ཚངས་པར་སྤྱད་པ་སྤྱོད་ཅིག་དང་ལྷའི་དཔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཅོམ་ལྡན་འདས་ཀྱི་བཀའ་ལ་སེམས་ཀྱིས་རྗེས་སུ་ཡི་རངས་ནས་ཅང་མི་སྨྲ་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་གནས་ནས་མི་སྣང་བར་གྱུར་ནས་མཉན་ཡོད་དུ་གཤེགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བས་ཚངས་པར་སྤྱད་པ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་སེམས་


DKG010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཁྱེད་ཅག་གང་གིས་ཀྱང་དགའ་བོ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱ། འཆག་ས་གཅིག་ཏུ་བཅག་པར་མི་བྱ། ཆོས་གོས་ཀྱི་གདང་བུ་གཅིག་ལ་ཆོས་གོས་གཞག་པར་མི་བྱ། ལྷུང་བཟེད་ཀྱི་གཞི་གཅིག་ཏུ་ལྷུང་བཟེད་གཞག་པར་མི་བྱ། ཆུ་གཞག་པའི་ཁྲི་གཅིག་ལ་ཆུ་གཞག་པར་མི་བྱ། བཀླག་པར་མི་བྱ། གདོན་པར་མི་བྱའོ་ཞེས་བསྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་དགའ་བོ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱ་ཞེས་བྱ་བ་ནས། གདོན་པར་མི་བྱ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཙུན་པ་ཀུན་དགའ་བོ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་འཚལ་ལོ་ཞེས་དེ་དག་དེ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱེད། འཆག་ས་གཅིག་ཏུ་འཆག་པར་མི་བྱེད། ཆོས་གོས་ཀྱི་གདང་གཅིག་ལ་ཆོས་གོས་འཇོག་པར་མི་བྱེད། ལྷུང་བཟེད་ཀྱི་གཞི་གཅིག་ལ་ལྷུང་བཟེད་འཇོག་པར་མི་བྱེད། ཆུ་གཞག་པའི་ཁྲི་གཅིག་ལ་ཆུ་འཇོག་པར་མི་བྱེད། དེ་དང་ལྷན་ཅིག་ཀློག་པ་དང་། འདོན་པར་མི་བྱེད་དོ། །དེ་དགེ་སློང་རྣམས་ཀྱིས་དེ་ལྟར་སྤངས་པ་ན་ཤིན་ཏུ་གནོང་བར་བྱེད། ངོ་ཚ་བར་བྱེད། ཁྲེལ་བར་བྱེད། སྨོད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་དགའ་བོ་དགེ་སློང་མང་པོ་རྣམས་དང་ལྷན་ཅིག་རིམ་གྲོའི་གནས་སུ་ཆོས་གོས་ཀྱི་ལས་བྱེད་པ་ན་ཚེ་དང་ལྡན་པ་དགའ་བོས་བསམས་པ། དགེ་སློང་འདི་དག་གིས་ནི་བདག་སྤངས་གྲང་ན། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བདག་གི་ཕུ་ནུ་བོ་ཡིན་ན་ཅི་འདིས་ཀྱང་བདག་སྤང་ངམ་སྙམ་དུ་རིག་ནས་དེས་ལྷན་ཅིག་འདུག་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་མྱུར་བ་མྱུར་བ་ཁོ་ནར་ལངས་སོ། །དེས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཚངས་པ་མཚུངས་པར་སྤྱོད་པ་འདི་དག་གིས་ནི་རེ་ཞིག་བདག་སྤང་བ་རིགས་ན། ཁྱོད་བདག་གི་ཕུ་ནུ་བོ་


DKG010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན་བདག་ཅིའི་སླད་དུ་སྤང་། དེས་སྨྲས་པ། ཚེ་དང་ལྡན་པ་དགའ་བོ་དེ་ནི་བདེན་ན་འོན་ཀྱང་ཁྱོད་ནི་ལམ་གཞན་དུ་ཞུགས་པ་ཡིན་ལ། ཁོ་བོ་ཅག་ཀྱང་ལམ་གཞན་དུ་ཞུགས་པ་ཡིན་པས་སྤང་དགོས་ཆེས་མོད། དེས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱེད་ཤུལ་གང་དུ་ཞུགས་པ་དང་། བདག་གང་དུ་ཞུགས་པ་གསུང་ཤིག །དེས་སྨྲས་པ། ཁྱོད་ནི་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བས་ཚངས་པར་སྤྱད་པ་སྤྱོད་ལ། ཁོ་བོ་ཅག་ནི་མྱ་ངན་ལས་འདས་པའི་བསམ་པས་ཚངས་པར་སྤྱད་པ་སྤྱོད་དོ། །དེ་སྐད་ཅེས་སྨྲས་པ་དང་། དེ་ཤིན་ཏུ་སྐྱོ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་དམྱལ་བ་མཐོང་ངམ། །བཅོམ་ལྡན་འདས་མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་ཆོས་གོས་ཀྱི་ཐ་མ་ནས་ཟུང་ཤིག །དེས་བཅོམ་ལྡན་འདས་ཀྱི་ཆོས་གོས་ཀྱི་ཐ་མ་ནས་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ཁྲིད་དེ་དམྱལ་བའི་གནས་སུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ལྷག་པའི་ཕྱོགས་ཤིག་ཏུ་བཞུགས་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་སོང་ལ་དམྱལ་བ་རྣམས་ལྟོས་ཤིག །དེས་བལྟས་ན། ཆུ་བོ་རབ་མེད་དང་། ལོ་མ་རལ་གྲི་ལྟ་བུའི་ནགས་དང་། རོ་མྱགས་དང་། མེ་མ་མུར་དང་། ལྷག་པའི་གནས་དེ་དག་གཅིག་པས་ཀྱང་གཅིག་སྡུག་བསྔལ་གྱི་ཁྱད་པར་ཤིན་ཏུ་མི་བཟད་པ་མཐོང་ནས་དམྱལ་བའི་གནས་སུ་སོང་ན། དེས་དེ་ན་དབྱུང་བ་དང་། གཅད་པ་དང་། གཞོམ་པ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་གྱིས་སེམས་ཅན་རྣམས་སྡུག་བསྔལ་ཞིང་ཁ་ཅིག་ནི་སྐམ་པས་མིག་དང་། སོ་དག་ཕྱུང་། ཁ་ཅིག་ནི་སོག་ལེས་གཤེགས། །ཁ་ཅིག་ནི་སྟ་རེས་རྐང་པ་དག་བཅད། ཁ་ཅིག་ནི་མདུང་ཐུང་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དག་གིས་ཕུག ཁ་ཅིག་ནི་ལྕགས་ཀྱི་ཐོ་བས་བརྡུངས། ཁ་ཅིག་ནི་ལྕགས་ཀྱི་ཟངས་པོ་ཆེ་འབར། རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ལ། མེ་ལྕེ་གཅིག་ཏུ་གྱུར་ཅིང་བསྐོལ་བའི་ནང་དུ་བཅུག་པ་མཐོང་ངོ་། །དེས་སྡུག་བསྔལ་གྱི་ཁྱད་པར་རྣམ་པ་སྣ་ཚོགས་དེ་དག་མཐོང་ནས་ཕྱོགས་གཞན་ཞིག་ཏུ་སོང་བ་དང་།


DKG010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་ན་དེ་ན་ལྕགས་ཀྱི་ཟངས་པོ་ཆེ་ཁོལ་བ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་མི་དགའ་ནས་དམྱལ་བའི་སྲུང་མ་རྣམས་ལ་དྲིས་པ། ཤེས་ལྡན་དག་གང་གིས་ན་ལྕགས་ཀྱི་ཟངས་པོ་ཆེ་གཞན་དག་ཏུ་ནི་སེམས་ཅན་དག་བཅུག་ལ་འདི་གཅིག་པོ་ཁོལ་ཞིང་འདུག་པ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་དེ་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཚངས་པར་སྤྱད་པ་སྤྱོད་པ་དེ་ཤི་ནས་འདིར་འོང་སྟེ། དེའི་ཕྱིར་འདི་བསྡོགས་ཤིང་ཁོ་བོ་ཅག་ཀྱང་དེ་ལ་སྡོད་ཅིང་འཁོད་དོ། །དེས་ཐོས་ནས་འཇིགས་སྐྲག་མི་དགའ་ཞིང་སྤུ་ཟིང་ཞེས་བྱེད་ནས་བསམས་པ། ད་ལྟ་ཉིད་དུ་བཅུག་པར་འགྱུར་དུ་འོང་གིས། མྱུར་དུ་འབྲོས་སོ་སྙམ་དུ་རིག་ནས། རིངས་པ་རིངས་པར་བྲོས་ནས་རོད་ཉམས་ཤིང་ངོམ་ཟུང་ནག་པོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་དམྱལ་བ་རྣམས་མཐོང་ངམ། དེ་སྲོ་ཤི་ཞིང་ལྕེ་ལྡིབ་བཞིན་ཚིག་སྙིང་རྗེ་རྗེ་སྐད་དུ་དལ་བུ་བགས་ཀྱིས་གཅོམ་ཆུང་ངུར་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་དེར་ཇི་ལྟ་བུ་དག་མཐོང་བ་སྨྲོས་ཤིག །དེས་ཇི་ལྟ་བུ་དག་མཐོང་བ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ལྷའི་འཇིག་རྟེན་ལ་སྨོན་པས་ཚངས་པར་སྤྱད་པ་སྤྱོད་པ་ལ་ནི་ཉེས་དམིགས་འདི་ལྟ་བུ་དང་གཞན་དག་ཀྱང་ཡོད་དེ། དེ་ལྟ་བས་ན་ཁྱོད་ཀྱིས་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱའི་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བར་མི་བྱའོ། །དེ་ངོ་ཚ་བར་གྱུར་པའི་སེམས་ཀྱིས་ཅང་མི་སྨྲ་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་དམྱལ་བའི་གནས་ནས་མི་སྣང་བར་གྱུར་ཅིང་གྲོང་ཁྱེར་ཙམ་པར་དྲང་སྲོང་གརྒའི་རྫིང་དྲུང་དུ་གཤེགས་སོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་དགའ་བོ་འཁོར་དགེ་སློང་ལྔ་བརྒྱ་དང་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དགེ་སློང་ལྔ་བརྒྱ་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་


DKG010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ཕྱོགས་གཅིག་ཏུ་འདུག་པར་མཁྱེན་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ལ་ཆོས་བསྟན་པར་བྱ་སྟེ། འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་རབ་ཏུ་བསྟན་གྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་མའི་མངལ་དུ་འཇུག་པ་དང་། མི་འཇུག་པར་འགྱུར་བ་ཇི་ལྟ་བུ་ཞེ་ན། དགའ་བོ་འདི་ལྟ་སྟེ། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ཅིང་འཇུག་པར་འདོད་ན་སྟེ། དགའ་བོ་དྲི་ཟ་ཞེས་བྱ་བ་དེ་ནི། སྲིད་པ་བར་མ་པའི་སེམས་ཅན་གྱི་ཚིག་བླ་དགས་ཡིན་ནོ། །དེ་ཡང་ཁ་དོག་བཟང་པོ་པ་དང་། ཁ་དོག་ངན་པ་དང་རྣམ་པ་གཉིས་ཏེ། སེམས་ཅན་དམྱལ་བ་རྣམས་ཀྱི་སྲིད་པ་བར་མ་ནི་ཁ་དོག་ངན་པ་དཔེར་ན་སྡོང་པོ་ཚིག་པ་ལྟ་བུའོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱི་སྲིད་པ་བར་མ་ནི་ཁ་དོག་དུ་བ་ལྟ་བུའོ། །ཡི་དགས་རྣམས་ཀྱི་ཁ་དོག་ཆུ་ལྟ་བུའོ། །མི་རྣམས་དང་ལྷ་རྣམས་ཀྱི་སྲིད་པ་བར་མ་ནི་ཁ་དོག་གསེར་ལྟ་བུའོ། །གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་ནི་དཀར་པོའོ། །གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ནི་གཟུགས་མེད་པའི་ཕྱིར་སྲིད་པ་བར་མ་མེད་དོ། །སྲིད་པ་བར་མའི་སེམས་ཅན་ཁ་ཅིག་ནི་ལག་པ་གཉིས་དང་རྐང་པ་གཉིས་པ་ཡིན། ཁ་ཅིག་ནི་རྐང་བཞི་པ། ཁ་ཅིག་ནི་རྐང་མངས། ཁ་ཅིག་ནི་རྐང་མེད་ཡིན་ནོ། །སྲིད་པ་བར་མ་པའི་སེམས་ཅན་ནི་སྔོན་གྱི་ལས་ལས་སྐྱེས་པའི་འགྲོ་བ་ཅི་འདྲ་བ་དེ་འདྲ་བར་འགྱུར་ཏེ། སྲིད་པ་བར་མ་པའི་སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་རྫུ་འཕྲུལ་དང་ལྡན་པ་ལྟ་བུ་དང་། ལྷའི་མིག་ཅན་ལྟ་བུར་འགྱུར་རོ། །མ་ཟླ་མཚན་དང་ལྡན་པར་གྱུར་པ་ཞེས་བྱ་བ་


DKG010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་བོ་ཟླ་མཚན་ཞེས་བྱ་བ་ནི་དུས་དང་ཚེ་སྟེ། དགའ་བོ་དེ་ལ་བུད་མེད་ཁ་ཅིག་ནི་ཞག་གསུམ་མམ། ཞག་ལྔའམ། ཞག་བདུན་དུ་ཟླ་མཚན་ཅན་དུ་འགྱུར་རོ། །ཁ་ཅིག་ནི་རྒྱུ་དང་རྐྱེན་གྱི་དབང་གིས་ཡུན་རིང་དུ་ཟླ་མཚན་ཅན་དུ་འགྱུར་ཏེ། ཟླ་མཚན་དང་ཟླ་མཚན་དུ་མཚམས་འབྱོར་པར་ཡང་འགྱུར་རོ། །དེ་ལ་བུད་མེད་སྡུག་བསྔལ་བ། བྱུར་ངན་པ། ཉེ་བར་གདུངས་པ། བཟའ་བ་དང་། བཏུང་བ་མི་བསོད་པ་ཟོས་པ་གང་དག་ཡིན་པ་དེ་དག་ནི་ཟླ་མཚན་རིང་པོ་མི་ཐོགས་ཤིང་མྱུར་དུ་ཡོངས་སུ་ཟད་པ་དང་གཏུགས་པར་འགྱུར་ཏེ། དགའ་བོ་དཔེར་ན་ས་ཕྱོགས་རྩུབ་པོར་ཆུས་བཏབ་ན་མྱུར་དུ་ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་བ་དེ་བཞིན་དུ་བུད་མེད་སྡུག་བསྔལ་བ། བྱུར་ངན་པ། ཉེ་བར་གདུངས་པ། བཟའ་བ་དང་བཏུང་བ་མི་བསོད་པ་ཟོས་པ་གང་དག་ཡིན་པ་དེ་དག་གི་ཟླ་མཚན་ཡང་རིང་པོར་མི་ཐོགས་ཤིང་མྱུར་དུ་ཡོངས་སུ་ཟད་པ་དང་གཏུགས་པར་འགྱུར་རོ། །དེ་ལ་བུད་མེད་བདེ་བ་དང་ལྡན་པ། བདེ་བ་མང་བ། ཉེ་བར་མ་གདུངས་པ། བཟའ་བ་དང་། བཏུང་བ་བསོད་པ་ཟོས་པ་གང་དག་ཡིན་པ་དེ་དག་གི་ཟླ་མཚན་ནི་རིང་དུ་ཐོགས་ཤིང་མྱུར་དུ་ཡོངས་སུ་ཟད་པ་དང་གཏུགས་པར་མི་འགྱུར་ཏེ། དེ་དག་གི་ཟླ་མཚན་དང་། ཟླ་མཚན་དུ་མཚམས་འབྱོར་པར་ཡང་འགྱུར་རོ། །དགའ་བོ་དཔེར་ན་ས་ཕྱོགས་འཇམ་པོར་ཆུས་གཏོར་ན་མྱུར་དུ་ཡོངས་སུ་ཟད་པ་དང་། གཏུགས་པར་མི་འགྱུར་བ་དེ་བཞིན་དུ་བུད་མེད་བདེ་བ་དང་ལྡན་པ། བདེ་བ་མང་བ། ཉེ་བར་མ་གདུངས་པ། བཟའ་བ་དང་བཏུང་བ་བསོད་པ་ཟོས་པ་གང་དག་ཡིན་པ་དེ་དག་གི་ཟླ་མཚན་ཡང་རིང་དུ་ཐོགས་ཤིང་ཡོངས་སུ་ཟད་པ་དང་གཏུགས་པར་མི་འགྱུར་ཏེ། དེ་དག་གི་ཟླ་མཚན་དང་། ཟླ་མཚན་དུ་མཚམས་འབྱོར་པར་ཡང་འགྱུར་རོ། །དགའ་བོ་གལ་ཏེ་ཕ་ལས་ཁུ་བ་བྱུང་ལ། མ་ལས་མ་བྱུང་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་མ་ལས་བྱུང་ལ་ཕ་ལས་མ་བྱུང་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་མ་ལས་ཀྱང་མ་བྱུང་། ཕ་ལས་ཀྱང་མ་བྱུང་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །མ་དག་པར་གྱུར་པ་ལ་ཕ་མ་དག་པར་གྱུར་པ་དང་། ཕ་དག་པར་གྱུར་ལ་མ་མ་དག་པར་གྱུར་པ་དང་། དེའི་ཚེ་མའི་མངལ་རླུང་གིས་བགགས་པར་གྱུར་


DKG010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། མཁྲིས་པས་བགགས་པའམ། བད་ཀན་གྱིས་བགགས་པའམ། ཁྲག་གིས་བགགས་པའམ། ཚིལ་གྱིས་བགགས་པའམ། མཚམས་ཤས་གང་བའམ། སྨན་གྱིས་བསྒྱུར་བའམ། དབུས་ནས་འདྲ་བའམ། གྲོག་མའི་རྐེད་པ་འདྲ་བའམ། རྔ་མོའི་ཁ་ལྟ་བུའམ། སྒོ་ཤིང་འབའ་ཏ་ཁ་དབུས་པ་ལྟ་བུའམ། སྒོ་གཤོལ་མདའ་ལྟ་བུའམ། སྒོ་ཤིང་རྟ་ལྟ་བུའམ། སྦ་ལྟ་བུའམ། ལོ་མ་ལྟ་བུའམ། ནང་དུ་གྲ་མ་ལྟ་བུ་སྐྱེས་པའམ། འོག་ཟབ་པའམ། སྟེང་ཟབ་པའམ། མངལ་སྣོད་དུ་མི་རུང་བའམ། ཁྲག་ཟག་པའམ། ཐུང་བའམ། བྱ་རོག་གི་མཆུ་ལྟ་བུའམ། གཡོན་ཡངས་པའམ། གཡས་ཡངས་པའམ། སྟེང་ཡངས་པའམ། འོག་ཡངས་པའམ། མཐོ་བའམ། དམའ་བའམ། ཁས་བུབ་པའམ། མཚན་མ་ཙམ་ཡོད་པའམ། ཡོ་བའམ། སྐྱོན་དང་བཅས་པའམ། སྐབས་བསྒྱུར་བའམ། སྲོག་ཆགས་བེ་ས་ར་ཀས་ཟོས་པར་གྱུར་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །ཕ་དང་མ་དག་དབང་ཆེ་བར་གྲགས་ལ་དྲི་ཟ་དབང་ཆུང་བར་གྲགས་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །དྲི་ཟ་དབང་ཆེ་བར་གྲགས་ལ་ཕ་དང་མ་དག་དབང་ཆུང་བར་གྲགས་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཐམས་ཅད་དབང་ཆུང་བར་གྲགས་ལ། ཕ་མ་དག་གིས་ཀྱང་བུ་རྙེད་པར་འགྱུར་བའི་ལས་མ་བྱས་ཤིང་མ་བསགས་པར་གྱུར། དྲི་ཟས་ཀྱང་ཕ་མར་གྱུར་པའི་ལས་མ་བྱས་ཤིང་མ་བསགས་པར་གྱུར། དྲི་ཟས་སེམས་གཉིས་པོ། ཕོའི་སེམས་སམ། མོའི་སེམས་ལས་སེམས་གང་ཡང་རུང་བ་ཞིག་ཉེ་བར་བཞག་པར་མ་གྱུར་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཐམས་ཅད་དབང་ཆེ་བར་གྲགས་ལ། ཕ་མ་དག་གིས་ཀྱང་བུ་རྙེད་པར་འགྱུར་བའི་ལས་བྱས་ཤིང་བསགས་པར་མ་གྱུར། དྲི་ཟས་ཀྱང་ཕ་མར་འགྱུར་བའི་ལས་བྱས་ཤིང་བསགས་པར་མ་གྱུར། དྲི་ཟས་སེམས་གཉིས་པོ་ཕོའི་སེམས་སམ། མོའི་སེམས་ལས་སེམས་གང་ཡང་རུང་བ་ཞིག་ཉེ་བར་མ་བཞག་ན་ཡང་དེའི་ཚེ་རེ་ཞིག་མངལ་དུ་འཇུག་པར་མི་འགྱུར་རོ། །དགའ་བོ་ཇི་


DKG010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། དགའ་བོ་འདི་ན་ཕ་དང་མ་ཆགས་པར་གྱུར་ཅིང་འདུས་པ་དང་། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པར་འགྱུར། དྲི་ཟ་ཡང་ཉེ་བར་གནས་ཤིང་འཇུག་འདོད་པར་གྱུར། ཕ་དང་མ་ལས་ཀྱང་ཁུ་བ་བྱུང་། ཕ་དང་མ་དག་པར་ཡང་གྱུར། དེའི་ཚེ་མའི་མངལ་རླུང་གིས་བགགས་པར་མ་གྱུར། མཁྲིས་པས་མ་བགགས། བད་ཀན་གྱིས་མ་བགགས། ཁྲག་གིས་མ་བགགས། ཚིལ་གྱིས་མ་བགགས། མཚམས་ཤས་གང་བ་མ་ཡིན། སྨན་གྱིས་མ་བསྒྱུར། དབུས་ནས་འདྲ་བ་མ་ཡིན། གྲོག་མའི་རྐེད་པ་འདྲ་བ་མ་ཡིན། རྔ་མོའི་ཁ་ལྟ་བུ་མ་ཡིན། སྒོ་ཤིང་འབའ་ཏ་ཁ་འབུས་པ་ལྟ་བུ་མ་ཡིན། སྒོ་གཤོལ་མདའ་ལྟ་བུ་མ་ཡིན། སྒོ་ཤིང་རྟ་ལྟ་བུ་མ་ཡིན། སྦ་ལྟ་བུ་མ་ཡིན། ལོ་མ་ལྟ་བུ་མ་ཡིན། ནང་དུ་གྲ་མ་ལྟ་བུ་སྐྱེས་པ་མ་ཡིན། འོག་ཟབ་པ་མ་ཡིན། སྟེང་ཟབ་པ་མ་ཡིན། མངལ་སྣོད་དུ་མི་རུང་བ་མ་ཡིན། ཁྲག་ཟག་པ་མ་ཡིན། ཐུང་བ་མ་ཡིན། བྱ་རོག་གི་མཆུ་ལྟ་བུ་མ་ཡིན། གཡོན་ཡངས་པ་མ་ཡིན། གཡས་ཡངས་པ་མ་ཡིན། སྟེང་ཡངས་པ་མ་ཡིན། འོག་ཡངས་པ་མ་ཡིན། མཐོ་བ་མ་ཡིན། དམའ་བ་མ་ཡིན། ཁས་བུབ་པ་མ་ཡིན། མཚན་མ་ཙམ་ཡོད་པ་མ་ཡིན། ཡོ་བ་མ་ཡིན། སྐྱོན་དང་བཅས་པ་མ་ཡིན། སྐ་བས་མ་བསྒྱུར། སྲོག་ཆགས་བེ་ས་ར་ཀས་ཟོས་པར་མ་གྱུར། ཕ་དང་མ་དག་དབང་ཆེ་བར་གྲགས་ན་དྲི་ཟ་ཡང་དབང་ཆེ་བར་གྲགས། ཕ་དང་མ་དག་དབང་ཆུང་བར་གྲགས་ན། དྲི་ཟ་ཡང་དབང་ཆུང་བར་གྲགས། ཐམས་ཅད་དབང་ཆེ་བར་གྲགས་པར་གྱུར་ལ། ཕ་དང་མ་དག་གིས་ཀྱང་བུ་རྙེད་པར་འགྱུར་བའི་ལས་བྱས་ཤིང་བསགས་པར་གྱུར། དྲི་ཟས་ཀྱང་ཕ་མར་འགྱུར་བའི་ལས་བྱས་ཤིང་བསགས་པར་གྱུར། དྲི་ཟས་སེམས་གཉིས་པོ་ཕོའི་སེམས་སམ། མོའི་སེམས་ལས་སེམས་གང་ཡང་རུང་བ་ཞིག་ཉེ་བར་བཞག་ན་མའི་མངལ་དུ་འཇུག་པར་འགྱུར་རོ། །དགའ་བོ་དེ་ལ་དྲི་ཟ་མའི་མངལ་དུ་འཇུག་པར་འདོད་པ་ན་སེམས་ཕྱིན་ཅི་ལོག་དང་ལྡན་པ། ལོག་པའི་ང་རྒྱལ་ཅན་གྱིས་སྐྱེ་བ་སོ་སོ་ཐ་དད་པར་སྔོན་གྱི་ལས་ཀྱི་རྒྱུ་དང་། རྐྱེན་གྱི་སྟོབས་ཀྱིས་ཡང་དག་པ་མ་ཡིན་པའི་འདུ་ཤེས་བཅུ་པོ་འདི་ལྟ་སྟེ། དྲོ་བའི་འདུ་ཤེས་དང་། ཉི་མའི་


DKG010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་དང་། རླུང་གི་འདུ་ཤེས་དང་། ཆར་གྱི་འདུ་ཤེས་དང་། རྫི་ཆར་གྱི་འདུ་ཤེས་དང་། གྲང་བའི་འདུ་ཤེས་དང་། ཡུལ་ངན་གྱི་འདུ་ཤེས་དང་། རླུང་དམར་གྱི་འདུ་ཤེས་དང་། ཆར་དྲག་གི་འདུ་ཤེས་དང་། སྐྱེ་བོ་ཕལ་པོ་ཆེ་ཀུ་ཅོ་འདོན་པའི་འདུ་ཤེས་དེ་དང་དེ་དག་ཐོབ་པར་འགྱུར་རོ། །དགའ་བོ་དེའི་འདུ་ཤེས་དེ་དག་སྐྱེ་བ་ཐོབ་ཅིང་ལྡན་ནས་ཡང་དག་པ་མ་ཡིན་པའི་འདུ་ཤེས་གཞན་བཅུ་ནང་དུ་སྐྱེ་བ་ན་སྐྱེ་བར་འགྱུར་ཏེ། འོ་ན་བདག་ཁྱིམ་དུ་འཇུག་གོ་སྙམ་པ་དང་། ཁང་བཟངས་ལ་གཟེག་གོ་སྙམ་པ་དང་། ཁང་པ་བརྩེགས་མར་འཇུག་གོ་སྙམ་པ་དང་། ཁྲི་ལ་འཛེག་གོ་སྙམ་པ་དང་། རྩྭ་སྤྱིལ་དུ་འཇུག་གོ་སྙམ་པ་དང་། ལོ་མའི་སྤྱིལ་བུར་འཇུག་གོ་སྙམ་པ་དང་། རྩྭ་སྟུག་པོའམ། ནགས་ཐིབས་པོའམ། རྩིག་པའི་གསེབ་བམ། རྩིག་པའི་དྲུང་དུ་འགྲོའོ་སྙམ་པ་སྟེ། དགའ་བོ་འདུ་ཤེས་འདི་རྣམས་ལས་འདུ་ཤེས་གང་ཡང་རུང་བ་ཞིག་ལ་བརྟེན་ནས་མའི་མངལ་དུ་འཇུག་པར་འགྱུར་རོ། །དེ་དེར་སྐྱེས་ནས་ལུས་ནུར་ནུར་པོར་མངོན་པར་འགྲུབ་པར་འགྱུར་རོ། །དགའ་བོ་དེ་ལ་ནུར་ནུར་པོའི་ལུས་ནི་ཕ་མའི་མི་གཙང་བ་ཡིན་པར་ཡང་མི་བལྟ་ལ། ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ལས་གཞན་ཡང་མ་ཡིན་ཏེ། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་ནུར་ནུར་པོའི་ལུས་འབྱུང་བར་འགྱུར་ཏེ། འདི་ལྟར་ཁུ་བ་དང་ཁྲག་ནི་དམིགས་པ་ཙམ་དང་། རྟེན་ཙམ་དུ་འགྱུར་བར་ཟད་དོ། །དགའ་བོ་དཔེར་ན་ཞོ་ལ་ཡང་བརྟེན། རྫ་མ་ལ་ཡང་བརྟེན། སྲུབ་མ་ལ་ཡང་བརྟེན། སྐྱེས་བུའི་དེ་ལས་བྱུང་བའི་རྩོལ་བ་ལ་ཡང་བརྟེན་ནས་ཞོ་ལས་མར་སར་འབྱུང་ངོ་། །དགའ་བོ་དེ་ལ་སོ་སོ་ལ་མར་སར་མི་དམིགས་མོད་ཀྱི། དགའ་བོ་འོན་ཀྱང་ཞོ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་མར་སར་འབྱུང་སྟེ། འདི་ལྟར་ཞོ་ནི་མར་སར་གྱི་དམིགས་པ་ཙམ་དང་རྟེན་ཙམ་དུ་འགྱུར་བར་ཟད་དོ། །དེ་བཞིན་དུ་ཕ་མའི་མི་གཙང་བ་ལས་ནུར་ནུར་པོའི་ལུས་བལྟ་བར་བྱ་སྟེ། ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ལས་གཞན་མ་ཡང་མ་ཡིན་ནོ། །དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་ནུར་ནུར་པོའི་ལུས་མངོན་པར་འགྲུབ་སྟེ། འདི་ལྟར་ཁུ་བ་དང་ཁྲག་ནི་དམིགས་


DKG010_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་དང་རྟེན་ཙམ་དུ་འགྱུར་བར་ཟད་དོ། །དགའ་བོ་དཔེར་ན་རྩྭ་སྔོན་པོ་ལ་བརྟེན་ནས་སྲིན་བུ་སྐྱེའོ། །དགའ་བོ་དེ་ལ་སྲིན་བུ་ནི་རྩྭ་སྔོན་པོ་ཡིན་པར་ཡང་མི་བལྟ་ལ། སྲིན་བུ་རྩྭ་སྔོན་པོ་ལས་གཞན་པར་ཡང་མི་བལྟའི། འོན་ཀྱང་རྩྭ་སྔོན་པོ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་སྲིན་བུ་ཁ་དོག་མཐུན་པའི་མཐུ་ཅན་སྐྱེ་ཞིང་ཁ་དོག་གི་མཐུ་དེས་ན་སྲིན་བུ་དེ་དེའི་ངོ་བོ་ཉིད་དེ་ལོ་མ་སྔོན་པོ་ལྟ་བུར་འགྱུར་རོ། །དགའ་བོ་དེ་བཞིན་དུ་ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ཡིན་པར་ཡང་མི་བལྟ། ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ལས་གཞན་པ་ཡང་མ་ཡིན་གྱི། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་དབང་པོའི་འབྱུང་བ་ཆེན་པོ་དག་མངོན་པར་འགྲུབ་པར་འགྱུར་རོ། །དགའ་བོ་དཔེར་ན་བ་ལང་གི་ལྕི་བ་ལ་བརྟེན་ནས་སྲིན་བུ་སྐྱེའོ། །དགའ་བོ་དེ་ལ་སྲིན་བུ་ནི་བ་ལང་གི་ལྕི་བ་ཡིན་པར་མི་བལྟ། སྲིན་བུ་བ་ལང་གི་ལྕི་བ་ལས་གཞན་པར་ཡང་མི་བལྟའི། དགའ་བོ་འོན་ཀྱང་བ་ལང་གི་ལྕི་བ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་སྲིན་བུ་ཁ་དོག་མཐུན་པའི་མཐུ་ཅན་སྐྱེ་ཞིང་ཁ་དོག་གི་མཐུ་དེས་ན་སྲིན་བུ་དེ་དེའི་ངོ་བོ་ཉིད་དེ་སེར་པོར་འགྱུར་རོ། །དགའ་བོ་དེ་བཞིན་དུ་ནུར་ནུར་པོའི་ལུས་ཀྱང་ཕ་མའི་མི་གཙང་བ་ཡིན་པར་མི་བལྟ། ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ལས་གཞན་པ་ཡང་མ་ཡིན་གྱི། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་དབང་པོའི་འབྱུང་བ་ཆེན་པོ་དག་མངོན་པར་འགྲུབ་པོ། །དགའ་བོ་དཔེར་ན་རྒྱ་ཤུག་ལ་བརྟེན་ནས་སྲིན་བུ་སྐྱེའོ། །དགའ་བོ་དེ་ལ་སྲིན་བུ་ནི་རྒྱ་ཤུག་ཡིན་པར་བལྟ་བར་མི་བྱ། སྲིན་བུ་རྒྱ་ཤུག་ལས་གཞན་དུ་ཡང་བལྟ་བར་མི་བྱའི། དགའ་བོ་འོན་ཀྱང་རྒྱ་ཤུག་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་སྲིན་བུ་ཁ་དོག་མཐུན་པའི་མཐུ་ཅན་སྐྱེ་ཞིང་ཁ་དོག་གི་མཐུ་དེས་ན་སྲིན་བུ་དེ་དེའི་ངོ་བོ་ཉིད་དེ་དམར་པོར་འགྱུར་རོ། །དགའ་བོ་དེ་བཞིན་དུ་ནུར་ནུར་པོའི་ལུས་ཀྱང་ཕ་མའི་མི་གཙང་བ་ཡིན་པར་མི་བལྟ། ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ལས་གཞན་པ་ཡང་མ་ཡིན་གྱི། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་དབང་པོའི་འབྱུང་བ་ཆེན་པོ་དག་


DKG010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འགྲུབ་པར་འགྱུར་རོ། །དགའ་བོ་དཔེར་ན་ཞོ་ལ་བརྟེན་ནས་སྲིན་བུ་སྐྱེའོ། །དགའ་བོ་དེ་ལ་སྲིན་བུ་ནི་ཞོ་ཡིན་པར་མི་བལྟ། སྲིན་བུ་ཞོ་ལས་གཞན་པར་ཡང་བལྟ་བར་མི་བྱའི། དགའ་བོ་འོན་ཀྱང་ཞོ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་སྲིན་བུ་ཁ་དོག་མཐུན་པའི་མཐུ་ཅན་སྐྱེ་ཞིང་ཁ་དོག་གི་མཐུ་དེས་ན་སྲིན་བུ་དེ་དེའི་ངོ་བོ་ཉིད་དེ་དཀར་པོར་འགྱུར་རོ། །དགའ་བོ་དེ་བཞིན་དུ་ནུར་ནུར་པོའི་ལུས་ཀྱང་ཕ་མའི་མི་གཙང་བ་ཡིན་པར་མི་བལྟ། ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ལས་གཞན་པ་ཡང་མ་ཡིན་གྱི། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་ཉིད་ལ་བརྟེན་ནས་རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་ཕ་མ་དང་འདྲ་བའི་དབང་པོའི་འབྱུང་བ་ཆེན་པོ་དག་མངོན་པར་འགྲུབ་པོ། །དགའ་བོ་དེ་ལ་ཕ་མའི་རྒྱུ་ལས་བྱུང་བ་མི་གཙང་བ་ནུར་ནུར་པོའི་ལུས་ལ་སའི་ཁམས་ནི་སྲ་བ་ཉིད་དུ། ཆུའི་ཁམས་ནི་གཤེར་བ་ཉིད་དུ། མེའི་ཁམས་ནི་དྲོ་བ་ཉིད་དུ། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་པ་ཡིན་ནོ། །དགའ་བོ་གལ་ཏེ་ཕ་མ་ལས་བྱུང་བ་མི་གཙང་བ་ནུར་ནུར་པོའི་ལུས་དེ་ལ་སའི་ཁམས་ཡོད་ཀྱི་ཆུའི་ཁམས་མེད་ན་སྐམ་པ་དང་འགྱེས་པར་འགྱུར་ཏེ། དཔེར་ན་ཕྱེ་སྤར་གང་ངམ་ཐལ་བ་སྤར་གང་ལྟ་བུའོ། །དགའ་བོ་གལ་ཏེ་ཕ་མའི་རྒྱུ་ལས་བྱུང་བ་མི་གཙང་བ་ནུར་ནུར་པོའི་ལུས་དེ་ལ་ཆུའི་ཁམས་ཡོད་ཀྱི་སའི་ཁམས་མེད་ན་གཤེར་བས་འབོ་བར་འགྱུར་ཏེ། དཔེར་ན་འབྲུ་མར་རམ་ཆུ་ལྟ་བུའོ། །དགའ་བོ་འོན་ཀྱང་ཆུའི་ཁམས་ཀྱིས་སའི་ཁམས་བསྡུས་པས་མི་འགྱེས་ལ་སའི་ཁམས་ཀྱིས་ཆུའི་ཁམས་བཟུང་བས་མི་འབོའོ། །དགའ་བོ་གལ་ཏེ་ཕ་མའི་རྒྱུ་ལས་བྱུང་བ་མི་གཙང་བ་ནུར་ནུར་པོའི་ལུས་དེ་ལ་སའི་ཁམས་དང་། ཆུའི་ཁམས་ཡོད་ཀྱི་མེའི་ཁམས་མེད་ན་གཤེར་བ་དང་། འཇིག་པ་དང་། འདྲུལ་བར་འགྱུར་ཏེ། དགའ་བོ་དཔེར་ན་སོ་ག་རྣམས་ཀྱི་ཟླ་བ་ཕྱི་མ་ལ་ཤའི་དུམ་བུ་མེའི་ཁམས་མེད་པས་གཤེར་བ་དང་། འཇིག་པ་དང་། འདྲུལ་བར་འགྱུར་བ་དེ་བཞིན་དུ་དགའ་བོ་གལ་ཏེ་ཕ་མའི་རྒྱུ་ལས་བྱུང་བ་མི་གཙང་བ་ནུར་ནུར་པོའི་ལུས་དེ་ལ་སའི་ཁམས་དང་། ཆུའི་ཁམས་ཡོད་ཀྱི་མེའི་ཁམས་མེད་ན་གཤེར་བ་དང་། འཇིག་པ་དང་། འདྲུལ་བར་འགྱུར་རོ། །དགའ་བོ་གལ་ཏེ་ཕ་མའི་རྒྱུ་ལས་བྱུང་བ་


DKG010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཙང་བ་ནུར་ནུར་པོའི་ལུས་དེ་ལ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་ཡོད་ཀྱི། རླུང་གི་ཁམས་མེད་ན་གཡོ་བར་ཡང་མི་འགྱུར། འཕེལ་ཞིང་རྒྱས་པ་དང་། ཡངས་པར་ཡང་འགྱུར་དུ་མི་བཏུབ་པ་ཞིག་ན་དགའ་བོ་འོན་ཀྱང་འབྱུང་བ་ཆེན་པོ་ནང་གིས་ཀུན་ནས་བསླང་བ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཉེ་བར་གྱུར་པ། ཟིན་པ་ཕན་ཚུན་གྱི་རྒྱུ་ཅན་འདི་དག་ཉིད་སའི་ཁམས་ཀྱིས་བརྟེན། ཆུའི་ཁམས་ཀྱིས་བསྡུས། མེའི་ཁམས་ཀྱིས་ཡོངས་སུ་སྨིན་པར་བྱས། རླུང་གི་ཁམས་ཀྱིས་གཡོ་བར་བྱས་པས་འཕེལ་ཞིང་ཡངས་པ་དང་། རྒྱས་པར་འགྱུར་རོ། །དགའ་བོ་དཔེར་ན་སྣུམ་ཁུར་མཁན་ནམ། སྣུམ་ཁུར་མཁན་གྱི་སློབ་མས་བུ་རམ་བྱི་དོར་བྱས་པ་མེར་བསྐོལ་བ་དང་། དབུགས་ཀྱིས་པད་མའི་རྩ་བའི་སྦུབས་སུ་བསྒྲུབས་ན་དེ་དག་ཉིད་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་རོ། །དགའ་བོ་དེ་བཞིན་དུ་འབྱུང་བ་ཆེན་པོ་ནང་གིས་ཀུན་ནས་བསླང་བ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཉེ་བར་གྱུར་པ་ཟིན་པ་ཕན་ཚུན་གྱི་རྒྱུ་ཅན་འདི་དག་ཉིད་སའི་ཁམས་ཀྱིས་བརྟེན། ཆུའི་ཁམས་ཀྱིས་བསྡུས། མེའི་ཁམས་ཀྱིས་ཡོངས་སུ་སྨིན་པར་བྱས། རླུང་གི་ཁམས་ཀྱིས་གཡོ་བར་བྱས་ན་འཕེལ་ཞིང་ཡངས་པ་དང་རྒྱས་པར་འགྱུར་རོ། །དགའ་བོ་དེ་ལ་ནུར་ནུར་པོའི་ལུས་ཕ་མའི་མི་གཙང་བ་ཡིན་པར་བལྟ་བར་མི་བྱ་སྟེ། ཕའི་རྐེད་ལས་མ་ཡིན། མའི་མངལ་ནས་མ་ཡིན། ལས་དེ་ལས་མ་ཡིན། རྒྱུ་དེ་ལས་མ་ཡིན། རྐྱེན་དེ་ལས་མ་ཡིན་མོད་ཀྱི། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་དག་ཉིད་ལ་བརྟེན་ཅིང་རྒྱུ་རྣམས་ཚོགས་པ་དང་། འདུས་པ་དང་། འབྱོར་པ་དང་། མངོན་དུ་གྱུར་པ་ལས་མངལ་ན་གནས་པ་འགྲུབ་པར་འགྱུར་རོ། །དགའ་བོ་དཔེར་ན་ས་བོན་སར་པ་གྲུང་པོ་མ་གྲུགས་པ། མ་ཕུག་པ། མ་གས་པ། མ་རུལ་བ། རླུང་དང་ཉི་མས་མ་ཉམས་པ་དག་རླན་དང་བཅས་པའི་ས་ཕྱོགས་སྙི་བའམ། ཞིང་བཟང་པོ་གཤིན་པ་ཞིག་ལ་བཏབ་པར་གྱུར་ཅིང་ལེགས་པར་ཚས་བྱས་པ་ནི་ས་བོན་དེ་དག་ལས་རྒྱུ་རྐྱེན་གྱི་དབང་གིས་མྱུ་གུ་དང་། འདབ་མ་དང་། སྡོང་བུ་དང་། སྙིང་པོ་དང་། མེ་ཏོག་དང་། འབྲས་བུ་དག་རིམ་གྱིས་མངོན་


DKG010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྲུབ་བོ། །དགའ་བོ་དེ་ལ་མྱུ་གུ་ལ་སོགས་པ་དག་ནི་ས་བོན་དེ་དག་ཉིད་མ་ཡིན་ཞིང་དེ་དག་མ་གཏོགས་པར་རྒྱུ་མེད་པ་དང་རྐྱེན་མེད་པ་ལས་མྱུ་གུ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །འོན་ཀྱང་རྒྱུ་རྐྱེན་ཚོགས་པ་ལས་མྱུ་གུ་ལ་སོགས་པར་འགྱུར་བ་དེ་བཞིན་དུ་དགའ་བོ་ནུར་ནུར་པོའི་ལུས་ཀྱང་ཕ་མའི་མི་གཙང་བ་ཡིན་པར་མི་བལྟ་སྟེ། ཕའི་རྐེད་ལས་མ་ཡིན། མའི་མངལ་ནས་མ་ཡིན། ལས་དེ་ལས་མ་ཡིན། རྒྱུ་དེ་ལས་མ་ཡིན། རྐྱེན་དེ་ལས་མ་ཡིན་མོད་ཀྱི། དགའ་བོ་འོན་ཀྱང་ཕ་མའི་མི་གཙང་བ་དེ་ཉིད་ལ་བརྟེན་ཅིང་རྒྱུ་རྣམས་ཚོགས་པ་དང་། འདུས་པ་དང་། འབྱོར་པ་དང་། མངོན་དུ་གྱུར་པ་ལས་མངལ་ན་གནས་པ་འགྲུབ་པར་འགྱུར་རོ། །དགའ་བོ་དཔེར་ན་སྐྱེས་བུ་མིག་དང་ལྡན་པ་མེ་ཡང་དག་པ་ཁོ་ནར་འབྱུང་བར་འདོད་པས་ནོར་བུ་མེ་ཤེལ་བླངས་ཏེ་ཉི་མ་ལ་བསྟན་ཏེ་བཞག་ནས་བ་ལང་གི་ལྕི་བ་སྐམ་པོའི་ཕྱེ་མ་ལེགས་པར་བཞག་པ་ལས་མེ་འབྱིན་པར་བྱེད་ན་དགའ་བོ་རྒྱུ་དེ་དག་ལ་མེ་ཡོད་པ་ཡིན། རྒྱུ་དེ་དག་སྤངས་ཏེ་རྒྱུ་མེད་པ་དང་། རྐྱེན་མེད་པ་ལས་མེ་འབྱུང་བར་འགྱུར་བ་མ་ཡིན་མོད་ཀྱི། འོན་ཀྱང་རྒྱུ་རྐྱེན་ཚོགས་པ་ལས་མེ་འབྱུང་བར་འགྱུར་བ་དེ་བཞིན་དུ་དགའ་བོ་ཕ་མའི་མི་གཙང་བ་དེ་དག་ཉིད་ལ་བརྟེན་ཅིང་རྒྱུ་རྣམས་ཚོགས་པ་དང་། འདུས་པ་དང་། འབྱོར་པ་དང་། མངོན་དུ་གྱུར་པ་ལས་མངལ་ན་གནས་པ་འགྲུབ་པར་འགྱུར་རོ། །དགའ་བོ་དེ་ལ་ཕ་མའི་རྒྱུ་ལས་བྱུང་བ་མི་གཙང་བ་ནུར་ནུར་པོའི་ལུས་གང་ཡིན་པ་འདི་ནི་གཟུགས་སོ། །དེ་དང་ལྷན་ཅིག་འབྱུང་བ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདི་དག་ནི་མིང་ངོ་། །མིང་འདི་དང་གོང་མའི་གཟུགས་དེ་དག་གཅིག་ཏུ་བསྡུས་ནས་མིང་དང་གཟུགས་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དགའ་བོ་འདི་ལྟ་སྟེ། མིང་དང་གཟུགས་དེ་ནི་དེ་དག་ཁོ་ན་ཙམ་དུ་ཟད་དོ། །དགའ་བོ་ང་ནི་སྲིད་པ་མངོན་པར་གྲུབ་པ་ཆུང་ངུ་ལ་ཡང་བསྔགས་པར་མི་བྱེད། སྲིད་པ་མངོན་པར་གྲུབ་པ་སྐད་ཅིག་ལ་ཡང་བསྔགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པ་མངོན་པར་གྲུབ་པ་ནི་སྡུག་བསྔལ་བའོ། །དཔེར་ན་ངན་སྐྱུགས་ནི་ཆུང་ངུ་ཡང་དྲི་མནམ་མོ། །དགའ་བོ་དེ་བཞིན་དུ་སྲིད་པ་མངོན་པར་གྲུབ་པ་ཡང་ཆུང་ངུ་ཡང་སྐད་ཅིག་ཀྱང་སྡུག་བསྔལ་བའོ། །དགའ་བོ་


DKG010_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཟུགས་ཀྱི་སྐྱེ་བ་དང། གནས་པ་དང་། མངོན་པར་འགྲུབ་པ་དང་། འབྱུང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་དང་། གནས་པ་དང་། མངོན་པར་འགྲུབ་པ་དང་། འབྱུང་བ་གང་ཡིན་པ་སྐྱེ་བ་དེ་ནི་སྡུག་བསྔལ་བའོ། །གནས་པ་དེ་ནི་ནད་དོ། །འབྱུང་བ་དེ་ནི་རྒ་བ་དང་། འཆི་བའོ། །དགའ་བོ་དེ་ལ་སྲིད་པ་མངོན་པར་འདོད་པ་མའི་ལྟོར་མངལ་ན་གནས་པ་ལ་མནོག་ཅི་ཞིག་ཡོད། དགའ་བོ་དེ་ལ་ཞག་བདུན་པ་དང་པོ་ལ་ནི་མངལ་གྱི་ཟུག་རྔུ་མི་གཙང་བ་རུལ་བ། རབ་ཏུ་འབར་བའི་འདམ་གྱི་ནང་ན་འདུག་པ་ལུས་ཀྱི་དབང་པོ་ཐམས་ཅད་སྡུག་བསྔལ་བ། ཤིན་ཏུ་དཀའ་བ། དོག་པ་དང་། ཉམ་ང་བར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ་མའི་ལྟོར་ནུར་ནུར་པོར་འགྱུར་རོ། །དགའ་བོ་དེ་ལ་ནུར་ནུར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དགའ་བོ་ནུར་ནུར་པོའི་རང་བཞིན་ནི་དཔེར་ན་འབྲས་ཁུའམ་ཞོའི་ཞོ་ཁ་ཆུ་ལྟ་བུ་སྟེ། ནུར་ནུར་པོ་ནི་དེ་ལྟ་བུའི་རང་བཞིན་ནོ། །དེ་དེར་ཞག་བདུན་དུ་གནས་ཤིང་དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་དུ་གདུང་བ་དང་། ཚ་བ་དང་། ཀུན་དུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལ་སའི་ཁམས་ནི་སྲ་བ་ཉིད་དུ། ཆུའི་ཁམས་ནི་གཤེར་བ་ཉིད་དུ། མེའི་ཁམས་ནི་ཚ་བ་ཉིད་དུ། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། །དགའ་བོ་ཞག་བདུན་པ་གཉིས་པ་ལ་ནི་མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་འབར་བའི་འདམ་གྱི་ནང་ན་འདུག་པ་ལུས་ཀྱི་དབང་པོ་ཐམས་ཅད་རབ་ཏུ་ཚ་བ། ཤིན་ཏུ་མི་བཟད་པ་དང་། དོག་པ་དང་། ཉམ་ང་བར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ་ལ་མའི་ལྟོར་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཀུན་སྡུད་ཅེས་བྱ་བ་དག་ལྡང་སྟེ། དེའི་རེག་པས་མངལ་གྱི་ཟུག་རྔུ་དེ་མེར་མེར་པོར་འགྱུར་རོ། །དགའ་བོ་དེ་ལ་མེར་མེར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དགའ་བོ་དཔེར་ན་ཞོའམ་མར་མཁྲང་པོ་ལྟ་བུ་སྟེ། མེར་མེར་པོ་ནི་དེ་ལྟ་བུའི་རང་བཞིན་ཡིན་ནོ། །དེ་དེར་ཞག་བདུན་དུ་གནས་ཤིང་དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་དུ་གདུང་བ་དང་། ཚ་བ་


DKG010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཀུན་དུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལ་སའི་ཁམས་ནི་སྲ་བ་ཉིད་དུ། ཆུའི་ཁམས་ནི་གཤེར་བ་ཉིད་དུ། མེའི་ཁམས་ནི་དྲོ་བ་ཉིད་དུ། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། །དགའ་བོ་ཞག་བདུན་པ་གསུམ་པ་ལ་ནི་མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་འབར་བའི་འདམ་རྫབ་ཀྱི་ནང་ན་འདུག་པ། ལུས་ཀྱི་དབང་པོ་ཐམས་ཅད་རབ་ཏུ་ཚ་བ་ཤིན་ཏུ་མི་བཟད་པ་དང་། དོག་པ་དང་། ཉམ་ང་བར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ་ལ་མའི་ལྟོར་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་མཛོད་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེའི་རེག་པས་མངལ་གྱི་ཟུག་རྔུ་དེ་ནར་ནར་པོར་འགྱུར་རོ། །དགའ་བོ་དེ་ལ་ནར་ནར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དགའ་བོ་དཔེར་ན་ཟངས་ཀྱི་ཐུར་མ་ཕྲ་མོའམ་སྲིན་ཁྲོལ་མ་ལྟ་བུ་སྟེ། ནར་ནར་པོ་ནི་དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ། །མངལ་གྱི་ཟུག་རྔུ་དེ་དེར་ཞག་བདུན་དུ་གནས་ཤིང་དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་དུ་གདུང་བ་དང་། ཚ་བ་དང་། ཀུན་དུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལ་སའི་ཁམས་ནི་སྲ་བ་ཉིད་དུ། ཆུའི་ཁམས་ནི་གཤེར་བ་ཉིད་དུ། མེའི་ཁམས་ནི་དྲོ་བ་ཉིད་དུ། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། །དགའ་བོ་ཞག་བདུན་པ་བཞི་པ་ལ་ནི་མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་འབར་བའི་འདམ་གྱི་ནང་ན་འདུག་པ། ལུས་ཀྱི་དབང་པོ་ཐམས་ཅད་རབ་ཏུ་ཚ་བ། ཤིན་ཏུ་མི་བཟད་པ་དང་། ཉམ་ང་བ་དང་། དོག་པར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ་ལ་མའི་ལྟོར་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ནང་འདྲེན་པ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེ་གོར་གོར་པོར་འགྱུར་རོ། །དགའ་བོ་དེ་ལ་གོར་གོར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དགའ་བོ་དཔེར་ན་གདར་རམ། མཆི་གུ་ལྟ་བུ་སྟེ། གོར་གོར་པོ་ནི་དེ་ལྟ་བུའི་རང་བཞིན་ཡིན་ནོ། །དེ་དེར་ཞག་བདུན་དུ་གནས་ཤིང་དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་དུ་གདུང་བ་དང་། ཚ་བ་དང། ཀུན་དུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལ་སའི་ཁམས་ནི་སྲ་བ་ཉིད་དུ། ཆུའི་ཁམས་ནི་གཤེར་བ་ཉིད་དུ། མེའི་


DKG010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནི་དྲོ་བ་ཉིད་དུ། རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། །དགའ་བོ་ཞག་བདུན་པ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་དུ་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཀུན་དུ་སྡུད་པ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་ལྔ་པོ་དཔུང་པ་གཉིས་ཀྱི་དཔུང་པའི་མཚན་མ་དག་དང་། བརླ་གཉིས་ཀྱི་བརླའི་མཚན་མ་དག་དང་། ལྔ་པ་མགོའི་མགོའི་མཚན་མ་འབྱུང་བར་འགྱུར་རོ། །དགའ་བོ་དཔེར་ན་དུས་ཚིགས་ཀྱི་དུས་ཀྱི་ཚེ་དབྱར་གྱི་ཆར་བབ་ན་དང་པོར་ཤིང་གི་ཕུང་པོ་དག་ལས་མྱུ་གུ་འབྱུང་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་དུ་ནང་གི་རླུང་རྣམ་པར་སྨིན་པ་ལས་སྐྱེས་པ་ཀུན་དུ་སྡུད་པ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེ་ལུས་ལ་མཚན་མ་ལྔ་པོ་དཔུང་པ་གཉིས་ཀྱི་དཔུང་པའི་མཚན་མ་དག་དང་། བརླ་གཉིས་ཀྱི་བརླའི་མཚན་མ་དག་དང་། ལྔ་པ་མགོའི་མགོའི་མཚན་མ་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་རྒྱ་ཆེན་པོ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་བཞི་པོ་ལག་ངར་གཉིས་ཀྱི་ལག་ངར་གྱི་མཚན་མ་དག་དང་། རྗེ་ངར་གཉིས་ཀྱི་རྗེ་ངར་གྱི་མཚན་མ་དག་འབྱུང་བར་འགྱུར་རོ། །དགའ་བོ་དཔེར་ན་དབྱར་གྱི་ཆར་བབ་ན་དང་པོར་རྩ་དཱུར་བའི་མྱུ་གུ་སྐྱེ་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་རྒྱ་ཆེན་པོ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་བཞི་པོ་ལག་ངར་གཉིས་ཀྱི་ལག་ངར་གྱི་མཚན་མ་དག་དང་། རྗེ་ངར་གཉིས་ཀྱི་རྗེ་ངར་གྱི་མཚན་མ་དག་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་བདུན་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་ནང་གི་རླུང་ཀུན་དུ་སྒྱུར་བ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེའི་ལུས་ལ་མཚན་མ་གཞན་བཞི་པོ་ལག་པའི་བོལ་གཉིས་ཀྱི་ལག་པའི་བོལ་གྱི་མཚན་མ་དག་དང་། རྐང་པའི་བོལ་གཉིས་ཀྱི་རྐང་པའི་བོལ་གྱི་མཚན་མ་རྒྱ་ཆེན་པོ་འབྱུང་བར་འགྱུར་ཏེ། དགའ་བོ་དཔེར་ན་སྦུ་བའི་ཕུང་པོའམ་ཉ་ལྕིབས་


DKG010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོ་ལྟ་བུའོ། །དགའ་བོ་དེ་བཞིན་དུ་མའི་ལྟོའི་ནང་དུ་མངལ་ན་གནས་པའི་ཟུག་རྔུ་དེའི་ལུས་ལ་མཚན་མ་བཞི་པོ་ལག་པའི་བོལ་གཉིས་ཀྱི་ལག་པའི་བོལ་གྱི་མཚན་མ་དག་དང་། རྐང་པའི་བོལ་གཉིས་ཀྱི་རྐང་པའི་བོལ་གྱི་མཚན་མ་དག་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་བརྒྱད་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་ནང་གི་རླུང་ཡོངས་སུ་སྒྱུར་བ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་ཉི་ཤུ་པོ་ལག་པའི་སོར་མོ་བཅུའི་ལག་པའི་སོར་མོའི་མཚན་མ་རྣམས་དང་། རྐང་པའི་སོར་མོ་བཅུའི་རྐང་པའི་སོར་མོའི་མཚན་མ་རྣམས་སྐྱེ་བར་འགྱུར་རོ། །དགའ་བོ་དཔེར་ན་དབྱར་ཆར་བབ་ན་དང་པོར་ཤིང་གི་ཕུང་པོའི་དྲུང་གི་རྩ་བ་དག་སྐྱེ་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་མའི་ལྟོའི་ནང་དུ་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་ཉི་ཤུ་པོ་ལག་པའི་སོར་མོ་བཅུའི་ལག་པའི་སོར་མོའི་མཚན་མ་རྣམས་དང་། རྐང་པའི་སོར་མོ་བཅུའི་རྐང་པའི་སོར་མོ་བཅུའི་མཚན་མ་རྣམས་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་དགུ་པ་ལ་ནི་མའི་ལྟོའི་ནང་དུ་མངལ་ན་གནས་པ་ཟུག་རྔུ་དེའི་ལུས་ལ་མཚན་མ་དགུ་པོ་མིག་གི་མཚན་མ་གཉིས་དང་། རྣ་བའི་མཚན་མ་གཉིས་དང་། སྣའི་མཚན་མ་གཉིས་དང་། སྨད་ཀྱི་མཚན་མ་གཉིས་དང་། ཁའི་མཚན་མ་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་བཅུ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་བརྟན་པ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེའི་ལུས་ལ་སྲ་བ་ཉིད་དང་། ལྕི་བ་ཉིད་ཀུན་དུ་གནས་པར་འགྱུར་རོ། །ཞག་བདུན་པ་དེ་ཉིད་ལ་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཀུན་ནས་སྒོ་ཞེས་བྱ་བ་དག་ལྡང་ཞིང་དེ་དག་གིས་མངལ་ན་གནས་པ་དེ་གང་བར་བྱེད། ཀུན་དུ་གང་བར་བྱེད། ཀུན་དུ་ཡོངས་སུ་གང་བར་བྱེད་དེ། དགའ་བོ་དཔེར་ན་རྐྱལ་པའམ་སྦུད་པ་གང་བ་བཞིན་ནོ། །དགའ་བོ་ཞག་བདུན་པ་བཅུ་གཅིག་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རྟ་བྱེད་ཅེས་བྱ་བའི་རླུང་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེ་ཁོང་སྟོང་དུ་འགྱུར་ཞིང་དེའི་ལུས་ལ་བུ་ག་དགུ་ཡང་དོད་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་དེའི་མས་


DKG010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་དང་། ཀུན་དུ་བསྐྱོད་པ་དང་། ཡོངས་སུ་བསྐྱོད་པའམ། དྲག་ཏུ་བརྩལ་བའམ། ལུས་དག་རྣམ་པར་གཡེངས་པ་དེ་ལྟ་དེ་ལྟར་མངལ་ན་གནས་པ་དེ་ཁོང་སྟོང་དུ་འགྱུར་ཞིང་དེའི་བུ་ག་དེ་དག་ཀྱང་མངོན་པར་འགྲུབ་པར་འགྱུར་རོ། །དགའ་བོ་རྟ་བྱེད་ཅེས་བྱ་བའི་རླུང་དེ་དག་ནི་གྱེན་དུ་ལྟས་ཏེ་འགྲོ་བ་ན་སྟོད་ཀྱི་བུ་ག་འབྱུང་བར་བྱེད། ཐུར་དུ་ལྟས་ཏེ་འགྲོ་བ་ན་སྨད་ཀྱི་བུ་ག་འབྱུང་བར་བྱེད་དོ། །དགའ་བོ་དཔེར་ན་མགར་བའི་སྦུད་པ་མགར་བ་མཁས་པའམ་མགར་བའི་སློབ་མས་བླངས་པ་ཇི་ལྟ་ཇི་ལྟར་ལག་པ་གཉིས་ཀྱིས་བུས་པ་དེ་ལྟ་དེ་ལྟར་རླུང་གཡོ་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་རླུང་རྟ་བྱེད་ཅེས་བྱ་བ་དེ་དག་ཀྱང་གྱེན་དུ་ལྟས་ཏེ་འགྲོ་བ་ན་སྟོད་ཀྱི་བུ་ག་འབྱུང་བར་བྱེད། ཐུར་དུ་ལྟས་ཏེ་འགྲོ་བ་ན་སྨད་ཀྱི་བུ་ག་འབྱུང་བར་བྱེད་དོ། །དགའ་བོ་རླུང་རྟ་བྱེད་དེ་དག་ནི་སྐྱེ་མཆེད་དེ་རྣམས་བཏོད་ནས་དེ་ཉིད་དུ་མེད་པར་འགྱུར་རོ། ། དགའ་བོ་ཞག་བདུན་པ་བཅུ་གཉིས་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡོན་པོའི་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལྟོ་གཡས་གཡོན་དུ་རྒྱུ་མ་དང་གཉེ་མ་དག་མངོན་པར་འགྲུབ་པར་བྱེད་དེ། དགའ་བོ་དཔེར་ན་པད་མའི་རྩ་བའི་སྦུ་བུའི་རྩ་ལག་དག་བྲེང་ཆགས་པ་བཞིན་དུ་དེའི་ནང་གྲོལ་འབྲེལ་པ། དོག་པ་འཛིངས་པ་ལྟ་བུ་དེ་འདྲ་བ་ལུས་ལ་རྟེན་པར་འགྱུར་རོ། །དེ་ནས་ཞག་བདུན་པ་དེ་ཉིད་ལ་རླུང་སྤུ་བྱེད་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་ཚིགས་སུམ་བརྒྱ་སུམ་བཅུ་ལས་མི་མང་མི་ཉུང་བ་སྐྱེད་ཅིང་རླུང་གི་དབང་གིས་ལུས་ལ་གནད་བརྒྱ་རྩ་གཅིག་ཀྱང་རྟེན་པར་འགྱུར་རོ། །དགའ་བོ་ཞག་བདུན་པ་བཅུ་གསུམ་པ་ལ་མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་དུ་བཀྲེས་པ་དང་སྐོམ་པ་དག་འབྱུང་སྟེ། དེའི་མས་ཟོས་ཤིང་འཐུངས་པ་གང་ཡིན་པ་དེ་ལས་བཅུད་དེའི་ལྟེ་བ་ནས་འཇུག་ཅིང་དེ་དེ་ན་དེས་འཚོ་བར་བྱེད་དོ། །དེ་ཡི་མ་ཡིས་ཟས་དང་སྐོམ། །གཉིས་པོ་སྤྱད་པ་གང་ཡིན་དེས། །མ་ཡི་ལྟོ་ན་འདུག་པ་ཡི། །མི་དེ་དེ་ན་སྐྱེད་པར་བྱེད། །དགའ་བོ་ཞག་བདུན་པ་བཅུ་བཞི་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་སྐུད་པའི་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་ཆུ་རྒྱུས་དགུ་བརྒྱ་པོ་ལུས་ཀྱི་མདུན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་


DKG010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལུས་ཀྱི་རྒྱབ་ཏུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། ལུས་ཀྱི་གཡས་སུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། ལུས་ཀྱི་གཡོན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་པ་བཅྭ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་པད་མ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་རྩ་ཉི་ཤུ་སྐྱེད་པར་འགྱུར་ཏེ། དགའ་བོ་དེ་ལ་ལུས་ཀྱི་མདུན་དུ་རྩ་ལྔའོ། །ལུས་ཀྱི་རྒྱབ་ཏུ་རྩ་ལྔའོ། །ལུས་ཀྱི་གཡས་སུ་རྩ་ལྔའོ། །ལུས་ཀྱི་གཡོན་དུ་རྩ་ལྔའོ། །རྩ་དེ་དག་ལ་ཡང་མིང་དུ་མ་དང་། མིང་སྣ་ཚོགས་དང་། ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་ཏེ། གྲོགས་ཞེས་བྱ་བ་ཡོད། སྟོབས་ཞེས་བྱ་བ་ཡོད། བརྟན་པ་ཞེས་བྱ་བ་ཡོད། མཐུ་ཅན་ཞེས་བྱ་བ་ཡོད་དོ། །ཁ་དོག་སྔོན་པོ་དང་། ཁ་དོག་སེར་པོ་དང་། ཁ་དོག་དམར་པོ་དང་། ཁ་དོག་དཀར་པོ་དང་། བ་བླ་ལྟ་བུའི་སེར་སྐྱ་དང་། ཁྲ་བོ་དང་། མར་གྱི་ཁ་དོག་དང་། ཞོའི་ཁ་དོག་དང་། འབྲུ་མར་གྱི་ཁ་དོག་དང་། མཁྲིས་པ་མ་སྨིན་པས་ཁྱབ་པ་དང་། མཁྲིས་པ་སྨིན་པས་ཁྱབ་པ་དག་ཡོད་དོ། །དགའ་བོ་རྩ་ཉི་ཤུ་པོ་དེ་དག་རེ་རེ་ལ་ཡང་འཁོར་རྩ་བཞི་བཅུ་བཞི་བཅུ་ཡོད་པས་རྩ་དེ་དག་བརྒྱད་བརྒྱར་འགྱུར་རོ། །དགའ་བོ་དེ་ལ་ཉིས་བརྒྱ་ནི་ལུས་ཀྱི་མདུན་དུ། ཉིས་བརྒྱ་ནི་ལུས་ཀྱི་རྒྱབ་ཏུ། ཉིས་བརྒྱ་ནི་ལུས་ཀྱི་གཡས་སུ། ཉིས་བརྒྱ་ནི་ལུས་ཀྱི་གཡོན་དུ་འབྱུང་བར་འགྱུར་ཏེ། ཉིས་བརྒྱ་ནི་གྲོགས་རྣམས་ཀྱི་ཡིན། ཉིས་བརྒྱ་ནི་སྟོབས་རྣམས་ཀྱི་ཡིན། ཉིས་བརྒྱ་ནི་བརྟན་པ་རྣམས་ཀྱི་ཡིན། ཉིས་བརྒྱ་ནི་མཐུ་ཅན་རྣམས་ཀྱི་ཡིན་ནོ། །དགའ་བོ་ཡང་རྩ་བརྒྱད་བརྒྱ་པོ་དེ་དག་རེ་རེ་ལ་ཡང་འཁོར་རྩ་བརྒྱ་བརྒྱ་ཡོད་དེ། དེ་དག་ན་རྩ་དེ་དག་བརྒྱད་ཁྲིར་འགྱུར་རོ། །དགའ་བོ་དེ་ལ་ཉི་ཁྲི་ནི་ལུས་ཀྱི་མདུན་དུ། ཉི་ཁྲི་ནི་ལུས་ཀྱི་རྒྱབ་ཏུ། ཉི་ཁྲི་ནི་ལུས་ཀྱི་གཡས་སུ། ཉི་ཁྲི་ནི་ལུས་ཀྱི་གཡོན་དུ་འབྱུང་བར་འགྱུར་རོ། །དགའ་བོ་ཡང་རྩ་བརྒྱད་ཁྲི་པོ་དེ་དག་གི་གཞི་ལ་བུ་གུ་དུ་མ་དང་། བུ་གུ་སྣ་ཚོགས་ཏེ། བུ་གུ་གཅིག་པ་ཡང་ཡོད། བུ་གུ་གཉིས་པ་དང་། བུ་གུ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བུ་གུ་བདུན་པ་དག་ཀྱང་ཡོད་དེ། དགའ་བོ་འདི་ལྟ་སྟེ། དཔེར་ན་པད་མའི་


DKG010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་། སྡོང་བུ་ལ་བུ་གུ་དུ་མ་དང་། བུ་གུ་སྣ་ཚོགས་ཏེ། བུ་གུ་གཅིག་པ་ཡང་ཡོད། བུ་གུ་གཉིས་པ་དང་། བུ་གུ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བུ་གུ་བདུན་པ་དག་ཡོད་པ་དེ་བཞིན་དུ་དགའ་བོ་རྩ་བརྒྱད་ཁྲི་པོ་དེ་དག་གི་གཞི་ལ་ཡང་བུ་གུ་དུ་མ་དང་། བུ་གུ་སྣ་ཚོགས་ཏེ། བུ་གུ་གཅིག་པ་ཡང་ཡོད། བུ་གུ་གཉིས་པ་དང་། བུ་གུ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བུ་གུ་བདུན་པ་དག་ཡོད་དོ། །དགའ་བོ་དེ་ལ་རྩ་དེ་དག་ནི་བ་སྤུའི་ཁུང་བུ་སོ་སོ་སོ་སོ་དང་འབྲེལ་པར་འདུག་གོ །དགའ་བོ་ཞག་བདུན་པ་བཅུ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་མི་འཆི་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་ཀུན་དུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་ཅིང་དེའི་རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་གཉིས་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གིས་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་དེ་ལ་ཀུན་དུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་དོ། །དགའ་བོ་དཔེར་ན་རྫ་མཁན་ནམ། རྫ་མཁན་གྱི་སློབ་མ་མཁས་པས་འཇིམ་པའི་གོང་བུ་ལེགས་པར་བསྟར་བ་བླངས་ནས་འཁོར་ལོའི་སྟེང་དུ་བཞག་སྟེ་སྣོད་ཀྱི་རྣམ་པ་ཀུན་དུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་དོ། །དགའ་བོ་དེ་བཞིན་དུ་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་དེ་དག་ཀྱང་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་དག་དང་། སྣའི་སྐྱེ་མཆེད་དག་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གིས་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་ཀུན་དུ་འགོད་པར་བྱེད།


DKG010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་དོ། །དགའ་བོ་ཞག་བདུན་པ་བཅུ་བདུན་པ་ལ་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་འབྲིའི་གདོང་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་ཡོངས་སུ་བྱང་བར་བྱེད། སོ་སོར་འཇོག་པར་བྱེད། ངེས་པར་འགོད་པར་བྱེད། རྣམ་པར་འགོད་པར་བྱེད། ཀུན་ནས་འཇོག་པར་བྱེད་ཅིང་། དེའི་རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་དག་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གིས་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་ཡོངས་སུ་བྱང་བར་བྱེད། ངེས་པར་འགོད་པར་བྱེད། རྣམ་པར་འགོད་པར་བྱེད། ཀུན་ནས་འཇོག་པར་བྱེད་དོ། །དགའ་བོ་དཔེར་ན་ཁྱེའུའམ། བུ་མོ་མཁས་པ་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་མ་དག་པ་བླངས་ནས་ཐལ་བ་ཐོགས་པའམ། སའི་ཕྱེ་མ་ཐོགས་པའམ། འབྲུ་མར་ཐོགས་པའི་ལག་པའམ། རས་མའི་ཆང་བུས་ཕྱི་བ་དང་། ཀུན་དུ་ཕྱི་བ་དང་། ཡོངས་སུ་སྦྱང་བ་བྱེད་ཅིང་རབ་ཏུ་གསལ་བར་བྱེད་དོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་གཉིས་པ། དགའ་བོ་དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་དེ་དག་ཀྱང་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་དག་དང་། སྣའི་སྐྱེ་མཆེད་དག་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གི་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་ཡོངས་སུ་བྱང་བར་བྱེད། ཀུན་དུ་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད། ངེས་པར་འགོད་པར་བྱེད། རྣམ་པར་འགོད་པར་བྱེད། ཡང་དག་པར་འགོད་པར་བྱེད་དོ། །དགའ་བོ་ཞག་བདུན་པ་བཅྭ་བརྒྱད་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་དྲི་མ་མེད་པ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་དེའི་སྐྱེ་མཆེད་དེ་རྣམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་རོ། །དགའ་བོ་དཔེར་ན་ཉི་མའི་དཀྱིལ་


DKG010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རམ། ཟླ་བའི་དཀྱིལ་འཁོར་སྤྲིན་ཆེན་པོས་ཁེབས་པར་གྱུར་པ་རླུང་ཆེན་པོས་གཏོར་ན་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་ཞག་བདུན་པ་བཅྭ་བརྒྱད་པ་ལ་ཡང་མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་དུ་རླུང་དྲི་མ་མེད་པ་ཞེས་བྱ་བ་དག་ལངས་ན་དེ་དག་གིས་དེའི་སྐྱེ་མཆེད་རྣམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་བཅུ་དགུ་པ་ལ་ནི་མངལ་ན་གནས་པ་དེས་མའི་ལྟོའི་ནང་དུ་དབང་པོ་བཞི་པོ་མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་འཐོབ་པར་འགྱུར་རོ། །དབང་པོ་གསུམ་པོ་ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། སྲོག་གི་དབང་པོ་དག་ནི་དེས་སྔོན་མའི་མངལ་དུ་ཞུགས་པ་ན་ཐོབ་པར་འགྱུར་རོ། །དགའ་བོ་ཞག་བདུན་པ་ཉི་ཤུ་པ་ལ་ནི་མངལ་ན་གནས་པ་དེ་ལ་རླུང་སྲ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་རྐང་པ་གཡོན་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། རྐང་པ་གཡས་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། ལོང་བུའི་རུས་པ་བཞི་དང་། རྗེ་ངར་གྱི་རུས་པ་གཉིས་དང་། པུས་མོའི་རུས་པ་གཉིས་དང་། བརླའི་རུས་པ་གཉིས་དང་། མཇུག་དོའི་རུས་པ་གསུམ་དང་། སྒལ་ཚིགས་ཀྱི་རུས་པ་བཅྭ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་དང་། རྐེད་པའི་རུས་པ་གསུམ་སྐྱེད་པར་བྱེད་དོ། །ལག་པ་གཡོན་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། ལག་པ་གཡས་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། དཔུང་པའི་རུས་པ་གཉིས་དང་། ལག་ངར་གྱི་རུས་པ་བཞི་དང་། བྲང་གི་རུས་པ་བདུན་དང་། སོག་ཕྲག་གི་རུས་པ་བདུན་དང་། སྒྲོག་རུས་དང་། འགྲམ་སླང་གི་རུས་པ་གཉིས་དང་། སོ་རྩའི་རུས་པ་སུམ་བཅུ་རྩ་གཉིས་དང་། མགོའི་ཐོད་པའི་རུས་པ་བཞི་སྐྱེད་པར་བྱེད་དོ། །དགའ་བོ་དཔེར་ན་གཟུགས་མཁན་ནམ། གཟུགས་མཁན་གྱི་སློབ་མ་མཁས་པ་དང་པོར་ཤིང་གི་དུམ་བུ་སྲ་བ་དག་སྲད་བུས་བཅིངས་ནས་དེ་དང་དེའི་ཁ་དོག་དང་དབྱིབས་ཀྱི་གཟུགས་མངོན་པར་སྒྲུབ་པར་བྱེད་དོ། །དགའ་བོ་དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་དེ་དག་ཀྱང་རུས་པའི་ལུས་དེ་ལྟ་བུ་


DKG010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྒྲུབ་པར་བྱེད་དོ། །དགའ་བོ་དེ་ལྟར་ན་ཞག་བདུན་པ་ཉི་ཤུ་པ་ལ་ནི་རུས་པ་ལྷན་ཅིག་འབྱུང་བ་ཆུང་ངུ་དང་། ཕྲ་མོ་མ་གཏོགས་པ་རུས་པ་ཆེན་པོ་ཉིས་བརྒྱ་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་གཅིག་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཀུན་དུ་འབྱུང་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་དེའི་ཤ་སྐྱེད་པར་བྱེད་དོ། །དགའ་བོ་དཔེར་ན་ཞལ་ཞལ་མཁན་ནམ། ཞལ་ཞལ་མཁན་གྱི་སློབ་མ་མཁས་པ་འཇིམ་པ་ལེགས་པར་བྱས་པས་རྩིག་པའི་གཞི་ལ་ཞལ་ཞལ་བྱེད་དོ། །དགའ་བོ་དེ་བཞིན་དུ་ཀུན་དུ་འབྱུང་བའི་རླུང་དེ་དག་ཀྱང་མངལ་ན་གནས་པ་དེ་ལ་ཤ་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་གཉིས་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡོངས་སུ་རྒྱལ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ཁྲག་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་གསུམ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་གཙང་འཛིན་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་པགས་པ་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་བཞི་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡོངས་སུ་འཕྱོ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་པགས་པ་རབ་ཏུ་དང་བར་བྱེད་དོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཁྱེར་འཇིག་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་ཤ་དང་ཁྲག་རབ་ཏུ་དང་བར་བྱེད་དོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་དུ་སྐྲ་དང་སྤུ་དང་སེན་མོ་དག་སྐྱེ་བར་འགྱུར་ཏེ། སྐྲ་དང་སྤུ་དང་སེན་མོ་དེ་དག་ཀྱང་སོ་སོ་སོ་སོར་རྩ་རྣམས་དང་འབྲེལ་ཏོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་བདུན་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་སྨན་ཡོན་ཆེན་པོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་སྐྲ་དང་སྤུ་དང་སེན་མོ་རྣམས་རབ་ཏུ་དང་བར་བྱེད་དོ། །དགའ་བོ་གལ་ཏེ་དེས་སྔོན་སེར་སྣའི་དྲ་བས་ཀུན་ནས་དཀྲིས་ཤིང་འཇུངས་པར་གྱུར་པ་དང་། ཡོ་བྱད་ཀུན་དུ་འཛིན་པ་དང་། བླ་མ་རྣམས་ལ་གུས་པར་མི་ཉན་པས་ལུས་དང་ངག་དང་ཡིད་ཀྱི་སྡིག་པ་མི་དགེ་བའི་ལས་བྱས་ཤིང་


DKG010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ལ། དེ་ཡང་གལ་ཏེ་རྣམ་པར་སྨིན་པའི་ཕྱིར་མངོན་དུ་གྱུར་ན་དེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུར་འོང་ན་ཡང་དབྱིབས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ། རིང་དང་ཐུང་དང་འབྲེལ་པ་དང་། །དེ་བཞིན་དུ་ནི་མང་པོ་ཉིད། །མཉམ་དང་ཡངས་དང་མཁྲེགས་པ་དང་། །མཐོ་དང་ནག་པོ་མཛེས་པའོ། །དེ་ཡན་ལག་རིང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་ཐུང་ངུར་འགྱུར་ལ། ཐུང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་རིང་པོར་འགྱུར། སྦོམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་ཕྲ་མོར་འགྱུར། ཕྲ་ན་མཛེས་པ་གང་དག་ཡིན་པ་དེ་དག་ལ་ནི་དེ་ལ་སྦོམ་པོར་འགྱུར། འབྲེལ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མ་འབྲེལ་བར་འགྱུར། མ་འབྲེལ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་འབྲེལ་བར་འགྱུར། མང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མི་མང་བར་འགྱུར། མི་མང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མང་བར་འགྱུར། མཉམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མི་མཉམ་པར་འགྱུར། མི་མཉམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མཉམ་པར་འགྱུར། ཡངས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མི་ཡངས་པར་འགྱུར། མི་ཡངས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་ཡངས་པར་འགྱུར། མཁྲེགས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མ་མཁྲེགས་པར་འགྱུར། མ་མཁྲེགས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མཁྲེགས་པར་འགྱུར། དམའ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་མཐོ་བར་འགྱུར། མཐོ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་དམའ་བར་འགྱུར། གནག་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་དཀར་པོར་འགྱུར། དཀར་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་ནག་པོར་འགྱུར་རོ། །ཡང་དགའ་བོ་དེས་ཇི་ལྟ་ཇི་ལྟར་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པ་དེ་ལྟ་དེ་ལྟར་གླེན་པ་དང་། ལྐུགས་པ་དང་། མཐོང་ན་ཡིད་དུ་མི་འོང་བ་དང་། རྟེན་འཕྱེ་དང་། རྣ་བ་ཉམས་པ་དང་། ལྕེ་ཉམས་པ་དང་། ཁའི་སྒོ་ཟུམས་པ་དང་། ལག་པ་ཞ་བར་འགྱུར་ཞིང་། ཡི་དགས་རྣམས་དང་འདྲ་བར་འགྱུར་གྱི་མི་རྣམས་དང་འདྲ་བར་ནི་མ་ཡིན་ནོ། །དེ་རང་གི་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་ཀྱིས་ཀྱང་མི་འདོད་པ་དང་། མཐོང་ན་ཡིད་དུ་མི་འོང་བ་དང་། སྤང་བའི་ཆོས་ཅན་དུ་


DKG010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན་སྐྱེ་བོ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་འཇིག་རྟེན་ལ་ལུས་དང་། ངག་དང་། ཡིད་ཀྱིས་གང་ཅུང་ཟད་བསྒྲུབས་པ་དེ་ཐམས་ཅད་ཀྱང་འཇིག་རྟེན་ལ་གཟུང་བར་འོས་པ་དང་། མངོན་པར་མི་འགྱུར་རོ། །དགའ་བོ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྡིག་པ་མི་དགེ་བའི་ལས་བྱས་པ་དང་བསགས་པའི་ཕྱིར་དེ་ལྟ་བུར་འགྱུར་རོ། །དགའ་བོ་གལ་ཏེ་དེས་སེར་སྣའི་དྲི་མ་སྤངས་ཤིང་གཏོང་བ་དང་ལྡན་པ་དང་། བླ་མ་ལ་གུས་པར་ཉན་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་བྱས་ཤིང་བསགས་ལ་དེ་ཡང་གལ་ཏེ་རྣམ་པར་སྨིན་པའི་ཕྱིར་མངོན་དུ་གྱུར་ན་དེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུར་འོང་ན་ཡང་དེ་ཡན་ལག་རིང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་རིང་པོར་འགྱུར་ལ། ཐུང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་ཐུང་ངུར་འགྱུར། ཡན་ལག་སྦོམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་སྦོམ་པོར་འགྱུར། ཡན་ལག་ཕྲ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་ཕྲ་མོར་འགྱུར། འབྲེལ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་འབྲེལ་བར་འགྱུར། མ་འབྲེལ་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མ་འབྲེལ་བར་འགྱུར། མང་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མང་བར་འགྱུར། མི་མང་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མི་མང་བར་འགྱུར། མཉམ་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མཉམ་པར་འགྱུར། མི་མཉམ་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མི་མཉམ་པར་འགྱུར། ཡངས་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་ཡངས་པར་འགྱུར། མི་ཡངས་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མི་ཡངས་པར་འགྱུར། མཁྲེགས་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མཁྲེགས་པར་འགྱུར། མ་མཁྲེགས་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མ་མཁྲེགས་པར་འགྱུར། དམའ་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་དམའ་བར་འགྱུར། མཐོ་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་མཐོ་བར་འགྱུར། གནག་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་ནག་པོར་འགྱུར། དཀར་ན་མཛེས་པ་གང་ཡིན་པ་དེ་དག་ནི་དེ་ལ་དཀར་པོར་འགྱུར་རོ། །ཡང་དགའ་བོ་དེས་ཇི་ལྟ་ཇི་ལྟར་དགེ་བའི་ལས་བྱས་ཤིང་བསགས་པ་དེ་ལྟ་དེ་ལྟར་གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། ཁ་དོག་རྒྱས་པ་མཆོག་དང་ལྡན་པར་འགྱུར་ཞིང་


DKG010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐྱེ་བོ་གཞན་གྱིས་ཀྱང་འདོད་པ་དང་། ཡིད་དུ་འོང་བར་འགྱུར་ན་ཉེ་དུ་དང་སྣག་གི་གཉེན་མཚམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ལུས་དང་ངག་དང་ཡིད་ཀྱིས་འཇིག་རྟེན་ལ་གང་ཅུང་ཟད་བསྒྲུབས་པ་དེ་ཐམས་ཅད་ཀྱང་འཇིག་རྟེན་ལ་གཟུང་བར་འོས་པ་དང་མངོན་པར་འགྱུར་རོ། །དགའ་བོ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ལས་དགེ་བ་དག་བྱས་པ་དང་བསགས་པའི་ཕྱིར་དེ་ལྟ་བུར་འགྱུར་བའི་ཕྱིར་རོ། །དགའ་བོ་གལ་ཏེ་ཁྱེའུར་འགྱུར་ན་ནི་དེ་མའི་དཀུ་གཡས་པར་ཙོག་ཙོག་པོར་འདུག་སྟེ། ལག་པ་གཉིས་ཀྱིས་གདོང་བཀབ་ནས་མའི་སྒལ་ཚིགས་ལ་ཁ་བལྟས་ཏེ་ཕོ་བའི་འོག་ལོང་ཀའི་སྟེང་ན་ཕོ་བས་བཀབ་ལོང་ཀས་བརྟེན་ནས་བཅིང་བ་ལྔས་བཅིངས་པའམ་གསལ་ཤིང་གིས་བཙུགས་པ་བཞིན་གནས་སོ། །དགའ་བོ་གལ་ཏེ་བུ་མོར་འགྱུར་ན་ནི་མའི་དཀུ་གཡོན་པར་ཙོག་ཙོག་པོར་འདུག་སྟེ། ལག་པ་གཉིས་ཀྱིས་གདོང་བཀབ་ནས་མའི་ལྟོ་ལ་ཁ་བལྟས་ཏེ། ཕོ་བའི་འོག་ལོང་ཀའི་སྟེང་ན་ཕོ་བས་བཀབ་ལོང་ཀས་བརྟེན་ནས་བཅིང་བ་ལྔས་བཅིངས་པའམ་གསལ་ཤིང་གིས་བཙུགས་པ་བཞིན་གནས་སོ། །དགའ་བོ་མ་ཧ་ཅང་ཟས་མང་དུ་ཟོས་ན་མངལ་ན་གནས་པ་ལ་གནོད་ཅིང་ཧ་ཅང་ཟས་ཉུང་དུ་ཟོས་ན་ཡང་མངལ་ན་གནས་པ་ལ་གནོད་པར་འགྱུར་ལ། དེ་བཞིན་དུ་ཧ་ཅང་སྣུམ་པ་དང་། ཧ་ཅང་རྩུབ་པ་དང་། ཧ་ཅང་གྲང་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་ལན་ཚྭ་ཆེ་བ་དང་། ཧ་ཅང་སྐྱུར་བ་དང་། ཧ་ཅང་མངར་བ་དང་། ཧ་ཅང་ཁ་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་བསྐ་བའི་ཟས་དག་ཟོས་ན་ཡང་མངལ་ན་གནས་པ་ལ་གནོད་པར་འགྱུར་རོ། །འདོད་པ་དག་ལ་སྤྱོད་པར་བྱེད་པ་དང་། ཧ་ཅང་རྒྱུག་པ་དང་། མགྱོགས་པ་དང་། མཆོང་བ་དང་། རྐྱལ་བ་དག་ལ་སྤྱོད་པར་བྱེད་ན་འགྲོ་བ་ལ་ཞུགས་པ་མངལ་ན་གནས་པ་ལ་གནོད་པ་དང་། མེའི་དྲུང་ན་འདུག་གམ་ཙོག་ཙོག་པོར་འདུག་ན་མངལ་ན་གནས་པ་ལ་གནོད་པར་འགྱུར་ཏེ། དགའ་བོ་མའི་མངལ་ན་གནས་པ་ནི་དེ་ལྟར་སྡུག་བསྔལ་དྲག་པོ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་ཡིན་ནོ། །དགའ་བོ་བདེ་འགྲོའི་འགྲོ་བར་མིང་ཐོགས་པ་མི་གང་དག་ཡིན་པ་དེ་ལ་ཡང་དེ་ལྟ་བུའི་སྡུག་བསྔལ་མྱོང་བར་འགྱུར་ན་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་སྡུག་བསྔལ་ནི་དཔེ་བྱ་བར་ཡང་མི་ནུས་སོ། །དགའ་བོ་དེ་ལ་སྲིད་པ་ཚོལ་བ་མའི་མངལ་ན་གནས་པ་ལ་མནོག་ཅི་ཞིག་ཡོད།


DKG010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་བརྒྱད་པ་ལ་ནི་མངལ་ན་གནས་པ་དེས་མའི་མངལ་གྱི་ནང་དུ་ཕྱིན་ཅི་ལོག་གི་འདུ་ཤེས་བརྒྱད་པོ་ཁྱིམ་གྱི་འདུ་ཤེས་དང་། བཞོན་པའི་འདུ་ཤེས་དང་། སྐྱེད་མོས་ཚལ་གྱི་འདུ་ཤེས་དང་། ཁང་པ་བརྩེགས་པའི་འདུ་ཤེས་དང་། ཀུན་དགའ་ར་བའི་འདུ་ཤེས་དང་། ཁྲིའི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། རྫིང་བུའི་འདུ་ཤེས་ཐོབ་པར་འགྱུར་རོ། །དགའ་བོ་ཞག་བདུན་པ་ཉི་ཤུ་རྩ་དགུ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡང་དག་སྐྱེད་པ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ཀྱི་པགས་པའི་མདོག་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། །དགའ་བོ་དེ་ལ་ཁ་ཅིག་གི་པགས་པའི་མདོག་ནི་ལས་ཀྱི་རྣམ་པར་སྨིན་པས་ནག་པོ། ཁ་དོག་ནག་པོ། ནག་པོ་ལྟ་བུར་སྟོན་པ། འོད་ནག་པོ་འབྱུང་བ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། །ཁ་ཅིག་གི་པགས་པའི་མདོག་ནི་སྔོ་བསངས། ཁ་དོག་སྔོ་བསངས་། སྔོ་བསངས་ལྟ་བུར་སྟོན་པ། འོད་སྔོ་བསངས་འབྱུང་བ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། །ཁ་ཅིག་གི་པགས་པའི་མདོག་ནི་རྩུབ་པ། ཁ་དོག་རྩུབ་པ། རྩུབ་པ་ལྟ་བུར་སྟོན་པ། འོད་རྩུབ་པོ་འབྱུང་བ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། །དེ་བཞིན་དུ་ཁ་ཅིག་གི་མདོག་སྣུམ་པ་དང་། དཀར་པོ། ཁ་དོག་དཀར་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཁ་ཅིག་གི་པགས་པའི་མདོག་ནི་རྩྭ་དཱུར་བའི་ཤུན་པའི་མདོག་ལྟ་བུ། མདོག་རྩྭ་དཱུར་བའི་ཤུན་པའི་ལྟ་བུ། མདོག་རྩ་དཱུར་བའི་ཤུན་པའི་མདོག་ལྟ་བུར་སྟོན་པ། རྩྭ་དཱུར་བའི་ཤུན་པའི་མདོག་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། །དགའ་བོ་ཞག་བདུན་པ་སུམ་བཅུ་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ལྕགས་ཀྱི་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་སྐྲ་དང་སྤུ་དང་སེན་མོའི་བར་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་ཅིང་། ཁ་ཅིག་གི་ནི་སྐྲ་དང་སྤུ་དང་སེན་མོའི་བར་གནག་པ། ཁ་དོག་གནག་པ། ཁ་ཅིག་གི་ནི་སེར་སྐྱ། ཁ་དོག་སེར་སྐྱ། རྩུབ་པ། ཁ་དོག་རྩུབ་པ། སྣུམ་པ་ཁ་དོག་སྣུམ་པ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། །དགའ་བོ་ཞག་བདུན་པ་སུམ་བཅུ་རྩ་གཅིག་པ་ལ་ནི་མངལ་ན་


DKG010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དེ་མའི་ལྟོའི་ནང་དུ་འཕེལ་ཞིང་རྒྱས་པར་འགྱུར་ཏེ། དགའ་བོ་དེ་བཞིན་དུ་ཞག་བདུན་པ་སུམ་བཅུ་རྩ་གཉིས་པ་དང་། སུམ་བཅུ་རྩ་གསུམ་པ་དང་། སུམ་བཅུ་རྩ་བཞི་པ་ལ་ཡང་མངལ་ན་གནས་པ་དེ་མའི་ལྟོའི་ནང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །དགའ་བོ་ཞག་བདུན་པ་སུམ་བཅུ་རྩ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་མའི་ལྟོའི་ནང་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དགའ་བོ་ཞག་བདུན་པ་སུམ་བཅུ་རྩ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་འབྱུང་འདོད་ཅིང་མངོན་པར་མི་དགའོ། །དགའ་བོ་ཞག་བདུན་པ་སུམ་བཅུ་རྩ་བདུན་པ་ལ་ནི་མངལ་ན་གནས་པ་དེས་མའི་ལྟོའི་ནང་དུ་ཕྱིན་ཅི་མ་ལོག་པའི་འདུ་ཤེས་གསུམ་པོ་མི་གཙང་བའི་འདུ་ཤེས་དང་། དྲི་ང་བའི་འདུ་ཤེས་དང་། འབྱུང་བའི་འདུ་ཤེས་དག་ཐོབ་པར་འགྱུར་རོ། །དགའ་བོ་ཞག་བདུན་པ་སུམ་བཅུ་རྩ་བརྒྱད་པ་ལ་ནི་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡན་ལག་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེ་བསྒྱུར་ནས་ལག་པ་གཉིས་བཅུམ་སྟེ། མའི་མངལ་གྱི་སྒོར་འཇོག་པར་བྱེད་དོ། །དེའི་ལས་དང་འབྲས་བུས་རླུང་ཁ་ཐུར་དུ་ལྟ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་དེའི་རྐང་པ་གྱེན་དུ་བསྟན་ཅིང་མགོ་ཐུར་དུ་བསྟན་ནས་མའི་གཅི་བའི་ལམ་དུ་ཕྱོགས་པར་འཕུལ་ལོ། །དགའ་བོ་གལ་ཏེ་དེས་སྔོན་མའི་མངལ་གྱི་ནང་དུ་འཆི་བར་འགྱུར་བ་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་ན་དེ་རྐང་པ་ལོག་པའམ། ལག་པ་ལོག་པར་འགྱུར་རོ། །དེ་ལོག་ཅིང་འབྱུང་དུ་མ་བཏུབ་ན་དེའི་སྲོག་གི་དབང་པོ་འགག་པར་འགྱུར་རོ། །དེ་ནས་དེ་ལ་མཁས་པའི་བུད་མེད་དམ། གཞོན་ནུ་གསོ་བ་ལ་མཁས་པ་དག་གིས་མར་རམ། འབྲུ་མར་འཇམ་ཙམ་དང་། ཤིང་ཤལ་མ་ལི་ལེགས་པར་བཏགས་པའི་འདེ་གུའམ། གཞན་དག་གིས་ལག་པ་བསྐུས་ནས་ལག་པ་དེ་ཉིད་ལ་མཚོན་སྲབ་མོ་སོ་ལེགས་པར་བདར་བ་ཤིན་ཏུ་རྣོན་པོ་སྤུ་གྲི་ལྟ་བུ་བཏགས་ནས་ཆབ་ཁུངས་བཞིན་དུ་ཤིན་ཏུ་སྐྱུག་བྲོ་བ། དྲི་ང་བ་མུན་ཁུང་། ཉལ་ཉིལ་བཅེར་བ། སྲིན་བུའི་རིགས་སྟོང་ཕྲག་ཤིན་ཏུ་མང་པོའི་གནས་རྟག་ཏུ་འཛག་པ་ཅན། རྒྱུན་དུ་བྱི་དོར་བྱ་དགོས་པ། བཙོག་པ་ཁུ་ཆུ་དང་། ཁྲག་དང་། དྲི་མ་དང་། ཆུ་སེར་གྱིས་ཀུན་དུ་རུལ། རྣམ་པར་རུལ་ཅིང་མྱགས་པ། འགྲེང་བ་མཐོང་ན་འཇིགས་སུ་རུང་བའི་བུ་གའི་པགས་པས་


DKG010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་པ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་རྨའི་སྦུབས་དེར་ལག་པ་མར་རམ། འབྲུ་མར་དང་། ཤིང་ཤལ་མ་ལིའི་འདེ་གུས་འཇམ་པོར་བྱས་པ་བཅུག་ནས་མངལ་ན་གནས་པ་དེ་ཀུན་དུ་མནམས་ཏེ་དུམ་བུར་བཅད་ནས་འབྱིན་པར་བྱེད་དོ། །གཞི་དེ་ལས་དེའི་མ་བུ་མངོན་པར་འདོད་པ་ཡང་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་ཞིང་ཚོར་བས་ཉེན་པས་འཆི་བར་འགྱུར་བའམ། ཤི་ལ་ཐུག་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དགའ་བོ་གལ་ཏེ་དེས་སྔོན་ཚེ་རིང་བར་འགྱུར་བའི་ལས་དགེ་བ་བྱས་ཤིང་བསགས་ན་དེ་ལོག་ཅིང་འབྱུང་དུ་མི་བཏུབ་པར་ཡང་མི་འགྱུར། དེའི་སྲོག་གི་དབང་པོ་ཡང་འགག་པར་མི་འགྱུར། གཞི་དེ་ལས་དེའི་མ་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་ཆར་ཅིག་ཉམས་སུ་མྱོང་བར་མི་འགྱུར་རོ། །དེ་ཞག་བདུན་པ་སུམ་བཅུ་རྩ་བརྒྱད་པ་འདས་ནས་སྡུག་བསྔལ་གྱི་ཚོར་བ་ཆེན་པོ། དྲག་པ་ཆེན་པོ་དང་། རྩུབ་པ་ཆེན་པོ་དང་། མི་བཟད་པ་ཆེན་པོས་མའི་ལྟོ་ནས་འབྱུང་སྟེ། དགའ་བོ་སྐྱེ་བ་ནི་ཤིན་ཏུ་སྡུག་བསྔལ་བའོ། །དགའ་བོ་བྱུང་མ་ཐག་པ་དེ་ལ་འདུ་ཤེས་གཉིས་འབྱུང་བར་འགྱུར་ཏེ། ཁྱེའུའམ། བུ་མོ་སྐྱེས་སོ་སྙམ་མོ། །དགའ་བོ་ཁྱེའུའམ། བུ་མོ་བཙས་མ་ཐག་ཏུ་གལ་ཏེ་ལག་པས་བླངས་ནས་དེ་གཞི་དེ་ལས་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་སོ་སོར་མྱོང་བར་འགྱུར་རོ། །གལ་ཏེ་གོས་ཀྱིས་བླངས་ན་དེ་གཞི་དེ་ལས་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་སོ་སོར་མྱོང་བར་འགྱུར་རོ། །གལ་ཏེ་པང་དུ་བླངས་སམ། གལ་ཏེ་ཁྲི་ལ་བཞག་གམ། གལ་ཏེ་ཁྲིའུའམ། གལ་ཏེ་སའམ། གལ་ཏེ་ཤིང་ལེབ་ལའམ། གལ་ཏེ་བླ་གབ་ཅན་ནམ། གལ་ཏེ་བླ་གབ་མེད་པའམ། གལ་ཏེ་གྲིབ་མ་ལ་བཞག་གམ། གལ་ཏེ་ཉི་མས་རེག་གམ། གལ་ཏེ་ལྷགས་པས་རེག་ན་གཞི་དེ་ལས་སྡུག་བསྔལ་ཁོ་ནའི་ཚོར་བ་སོ་སོར་མྱོང་བར་འགྱུར་ཞིང་། དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་དག་སོ་སོར་མྱོང་བར་འགྱུར་


DKG010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དགའ་བོ་དཔེར་ན་བ་ལང་གི་པགས་པ་བཤུས་པ་ནི་གལ་ཏེ་རྩིག་པ་ལ་རྟེན་ཅིང་འདུག་ན་དེ་ན་དེ་ལ་རྩིག་པ་ལ་རྟེན་པའི་སྲོག་ཆགས་གང་དག་ཡིན་པ་དེ་དག་ཟ་ལ། གལ་ཏེ་ཤིང་ངམ། གལ་ཏེ་རྩྭའི་ཕུང་པོའམ། གལ་ཏེ་ནམ་མཁའ་ལ་རྟེན་ཅིང་འདུག་ན་དེ་ན་དེ་ལ་ནམ་མཁའ་ལ་རྟེན་པའི་སྲོག་ཆགས་གང་ཡིན་པ་དེ་དག་ཟ་སྟེ། དགའ་བོ་བ་ལང་པགས་པ་བཤུས་པ་དེ་གང་ལ་བརྟེན་ཅིང་འདུག་ཀྱང་དེ་ལ་བརྟེན་པའི་སྲོག་ཆགས་རྣམས་ཟ་བར་བྱེད་ཅིང་གཞི་དེ་ལས་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་ཁྱེའུའམ། བུ་མོ་བཙས་མ་ཐག་པ་ཡང་གལ་ཏེ་ལག་པས་བླངས་ན་དེ་གཞི་དེ་ལས་སྡུག་བསྔལ་གྱི་ཚོར་བ་ཞེས་བྱ་བ་ནས་ཡིད་དུ་མི་འོང་བ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གལ་ཏེ་གོས་ཀྱིས་བླངས་སམ། གལ་ཏེ་པང་དུ་བླངས་སམ། གལ་ཏེ་ཁྲི་ལ་བཞག་གམ། གལ་ཏེ་ཁྲིའུའམ། གལ་ཏེ་སའམ། གལ་ཏེ་ཤིང་ལེབ་བམ། གལ་ཏེ་བླ་གབ་ཅན་ནམ། གལ་ཏེ་བླ་གབ་མེད་པའམ། གལ་ཏེ་གྲིབ་མ་ལ་བཞག་གམ། གལ་ཏེ་ཚ་བའམ། གལ་ཏེ་གྲང་བས་རེག་ན་དེ་གཞི་དེ་ལས་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་རོ། །དགའ་བོ་བྱིས་པ་བཙས་མ་ཐག་པ་ནི་ཆུ་འཇམ་ཙམ་གྱིས་བཏབ་ན་ཡང་དེ་གཞི་དེ་ལས་སྡུག་བསྔལ་ཁོ་ན་ཞེས་བྱ་བ་ནས། ཡིད་དུ་མི་འོང་བ་ཁོ་ནའི་བར་སོ་སོར་མྱོང་བར་འགྱུར་རོ། །དགའ་བོ་དཔེར་ན་སྐྱེས་བུ་མཛེ་ཅན་ལུས་འཛག་པ། ལུས་ཚོས་པ། ལུས་ཞིགས་པ། སྡུག་བསྔལ་བ། དབང་པོ་ཉམས་པ་ལ་ལྕག་གིས་གཞུས་ན་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་བྱིས་པ་བཙས་མ་ཐག་པ་དེ་གལ་ཏེ་ཆུ་འཇམ་ཙམ་གྱིས་བཏབ་ན་ཡང་དེ་གཞི་དེ་ལས་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་རོ། །དགའ་བོ་


DKG010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐྱེས་ཤིང་དེ་ལྟར་བྱུང་། དེ་ལྟར་མངོན་པར་གྲུབ་པ་དང་། དེ་ནས་དེ་མས་རང་གི་ཁྲག་གི་དྲི་མས་སྐྱེད་པར་བྱེད། གསོ་བར་བྱེད། སྲིང་བར་བྱེད་དོ། །དགའ་བོ་ཁྲག་གི་དྲི་མ་དེ་ནི་འཕགས་པའི་ཆོས་འདུལ་བ་འདི་ལ་འདི་ལྟ་སྟེ། མའི་ནུ་ཞོ་ལ་བྱའོ། །དགའ་བོ་དེ་ལ་འཁོར་བ་ན་ཡང་སྲིད་པ་མངོན་པར་འདོད་པ་དེ་ལྟར་སྡུག་བསྔལ་དུ་མས་ཉེན་པ་ལ་མནོག་ཅི་ཞིག་ཡོད། དེ་ལྟར་སྐྱེས་ཤིང་དེ་ལྟར་བྱུང་བའི་ལུས་ལ་ཞག་བདུན་འདས་ནས་སྲིན་བུའི་རིགས་བརྒྱད་ཁྲི་འབྱུང་བར་འགྱུར་ཞིང་དེ་དག་གིས་སེམས་ཅན་དེའི་ལུས་ཐམས་ཅད་ལ་ཟ་བར་བྱེད་དེ། དགའ་བོ་དེ་ལ་སྲིན་བུའི་རིགས་སྐྲ་ཟ་བ་ཞེས་བྱ་བ་ནི་སྐྲའི་དྲུང་ན་རྟེན་ཅིང་སྐྲ་དག་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་དབྱུག་གུ་ཅན་དང་། མགོ་བོ་ཆེ་དག་ནི་མགོ་ལ་རྟེན་ཅིང་མགོ་ཟ་བར་བྱེད། སྲིན་བུའི་རིགས་མིག་ཟན་ཅེས་བྱ་བ་ནི་མིག་ལ་རྟེན་ཅིང་མིག་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་རྒྱུག་པ་དང་། སྦྱིན་བྱེད་དང་། རིགས་ལྡན་དང་། གང་པོ་རྣམས་ནི་ཀླད་པ་ལ་རྟེན་ཅིང་ཀླད་པ་ཟ་བར་བྱེད། སྲིན་བུའི་རིགས་བསམ་ལོ་ཞེས་བྱ་བ་ནི་མིག་ལ་རྟེན་ཅིང་མིག་དག་ཟ་བར་བྱེད། སྲིན་བུའི་རིགས་མཛོད་སྒོ་ཞེས་བྱ་བ་ནི་སྣ་ལ་རྟེན་ཅིང་སྣ་དག་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་འཕེན་བྱེད་དང་། འཇོག་བྱེད་ནི་མཆུ་ལ་རྟེན་ཅིང་མཆུ་དག་ཟ་བར་བྱེད། སྲིན་བུའི་རིགས་སྦྲང་རྩིའི་འདབ་ཅེས་བྱ་བ་ནི་སོ་ལ་རྟེན་ཅིང་སོ་དག་ཟ་བར་བྱེད། སྲིན་བུའི་རིགས་ཤིང་སྒོ་ཞེས་བྱ་བ་ནི་སོའི་རྩ་བ་ལ་རྟེན་ཅིང་སོའི་རྩ་བ་དག་ཟ་བར་བྱེད། སྲིན་བུའི་རིགས་ཁབ་མཆུ་ཞེས་བྱ་བ་ནི་ལྕེ་ལ་རྟེན་ཅིང་ལྕེ་ཟ་བར་བྱེད། སྲིན་བུའི་རིགས་མཆུ་རྣོན་ཞེས་བྱ་བ་ནི་ལྕེ་དྲུང་ལ་རྟེན་ཅིང་ལྕེ་དྲུང་ཟ་བར་བྱེད། སྲིན་བུའི་རིགས་ལག་ཅན་ཞེས་བྱ་བ་ནི་དཀན་ལ་རྟེན་ཅིང་དཀན་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་ཆུའི་དྲ་བ་དང་། ཕྱེད་སྒུར་ནི་ལག་སོར་ལ་གནས་ཤིང་ལག་སོར་དག་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་འཕྱང་བ་དང་རབ་ཏུ་འཕྱང་བ་ནི་ལག་པའི་བོལ་ལ་རྟེན་ཅིང་ལག་པའི་བོལ་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་དཔུང་པ་དང་ཉེ་དཔུང་ནི་དཔུང་པ་ལ་རྟེན་ཅིང་དཔུང་པ་དག་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་རྐོ་བ་དང་། ཉེ་རྐོ་ནི་ལྐོག་མ་ལ་རྟེན་ཅིང་ལྐོག་མ་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་ཁོན་ཅན་དང་། ཁོན་ཅན་ཆེན་པོ་ནི་སྙིང་


DKG010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་ཅིང་སྙིང་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་དུང་དང་དུང་ཆུ་ནི་ཤ་ལ་རྟེན་ཅིང་ཤ་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་མདོག་ཅན་དང་སྟོབས་ཅན་ནི་ཁྲག་ལ་རྟེན་ཅིང་ཁྲག་འཐུང་བར་བྱེད། སྲིན་བུའི་རིགས་གཉིས་པོ་དཔའ་བོ་དང་དྲི་སྒོ་ནི་ཆུ་རྒྱུས་ལ་རྟེན་ཅིང་ཆུ་རྒྱུས་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་དམའ་བ་དང་། ཁ་སྦུབས་ཅན་ནི་སྒལ་ཚིགས་ལ་ རྟེན་ཅིང་སྒལ་ཚིགས་ཟ་བར་བྱེད། སྲིན་བུའི་རིགས་ཚིལ་མདོག་ཅེས་བྱ་བ་ནི་ཚིལ་ལ་རྟེན་ཅིང་ཚིལ་ཟ་བར་བྱེད། སྲིན་བུའི་རིགས་མཁྲིས་མདོག་ཅེས་བྱ་བ་ནི་མཁྲིས་པ་ལ་རྟེན་ཅིང་མཁྲིས་པ་ཟ་བར་བྱེད། སྲིན་བུའི་རིགས་མུ་ཏིག་ཅེས་བྱ་བ་ནི་མཆེར་པ་ལ་རྟེན་ཅིང་མཆེར་པ་ཟ་བར་བྱེད། སྲིན་བུའི་རིགས་མུ་ཏིག་ཆེན་པོ་ཞེས་བྱ་བ་ནི་མཁལ་མ་ལ་རྟེན་ཅིང་མཁལ་མ་ཟ་བར་བྱེད། སྲིན་བུའི་རིགས་འོངས་མིན་ཞེས་བྱ་བ་ནི་མཆིན་པ་ལ་རྟེན་ཅིང་མཆིན་པ་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་ཆུ་འདྲེས་དང་། ཆུ་འདྲེས་ཆེན་པོ་དང་། ཁབ་མཆུ་དང་ཁབ་མཆུ་ཆེན་པོ་ནི་རྒྱུ་མ་ལ་རྟེན་ཅིང་རྒྱུ་མ་དག་ཟ་བར་བྱེད། སྲིན་བུའི་རིགས་ལྔ་པོ་ཟླ་བ་དང་། ཟླ་གདོང་དང་། ཟླ་འོད་དང་། ཟླ་འོད་གདོང་དང་། རྒྱ་ཆེན་ནི་གློ་གཡས་པ་ལ་རྟེན་ཅིང་གློ་གཡས་པ་ཟ་བར་བྱེད། སྲིན་བུའི་རིགས་དེ་སྐད་ཅེས་བྱ་བ་གཞན་དག་ནི་གློ་གཡོན་པ་ལ་རྟེན་ཅིང་གློ་གཡོན་པ་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་རིམ་འབིགས་དང་། སྔར་འབིགས་དང་། སྲ་འབིགས་དང་། བརྟན་འབིགས་ནི་རུས་པ་ལ་རྟེན་ཅིང་རུས་པ་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་དཀར་པོ་དང་། ཉེ་དཀར་དང་། སྟོབས་འཕྲོག་དང་། སྣོམ་པ་ནི་རྩ་ལ་རྟེན་ཅིང་རྩ་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་སེང་གེ་དང་། སྟོབས་ཅན་དང་། འདམ་བུ་དང་། མེ་ཏོག་ལེན་ནི་ཕོ་བ་ལ་རྟེན་ཅིང་ཕོ་བ་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་བརྟན་པ་དང་། ཉེ་བརྟན་ནི་ལོང་ཀ་ལ་རྟེན་ཅིང་ལོང་ཀ་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་སྲིན་བུའི་མཆུ་དང་། ཕུང་པོའི་གདོང་དང་། དྲ་བའི་ཁ་དང་། འདྲལ་བྱེད་ནི་གཅི་བའི་ལམ་ལ་གནས་ཤིང་གཅི་བའི་ལམ་ཟ་བར་བྱེད། སྲིན་བུའི་རིགས་བཞི་པོ་སྒྲ་ངན་དང་། སྒྲ་ངན་ཆེན་པོ་དང་། འདྲེན་བྱེད་དང་། འདྲུལ་ལྡན་ནི་བཤང་བའི་ལམ་ལ་རྟེན་ཅིང་བཤང་བའི་ལམ་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་ཁ་ནད་དང་།


DKG010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ནི་བརླ་ལ་རྟེན་ཅིང་བརླ་ཟ་བར་བྱེད། སྲིན་བུའི་རིགས་གཉིས་པོ་མཛེ་དང་། ཉེ་མཛེ་ནི་པུས་མོ་ལ་རྟེན་ཅིང་པུས་མོ་དག་ཟ་བར་བྱེད། སྲིན་བུའི་རིགས་གླེན་གཞི་ཞེས་བྱ་བ་ནི་རྗེ་ངར་ལ་རྟེན་ཅིང་རྗེ་ངར་ཟ་བར་བྱེད། སྲིན་བུའི་རིགས་མགོ་ནག་ཅེས་བྱ་བ་ནི་རྐང་སོར་ལ་རྟེན་ཅིང་རྐང་སོར་དག་ཟ་བར་བྱེད་དོ། །དགའ་བོ་ལུས་འདི་ནི་དེ་ལྟར་སྲིན་བུའི་རིགས་བརྒྱད་ཁྲིས་ཉིན་མཚན་དུ་ཟ་བས་གཙེས་ཏེ་དེས་ན་གདུང་བ་དང་། ཀུན་དུ་གདུང་བ་དང་། ཉམ་ཆུང་བ་དང་། རྨྱ་བར་འགྱུར་ཞིང་དགའ་བོ་གཞི་དེ་ལས་གདུང་བ་དང་། ཀུན་དུ་གདུང་བ་དང་། ཡོངས་སུ་གདུང་བ་དག་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། ཡང་དག་པར་ཚོར་བར་འགྱུར་ལ། སེམས་ཀྱི་གདུང་བ་དང་། ཀུན་དུ་གདུང་བ་དང་། ཡོངས་སུ་གདུང་བ་དག་ཀྱང་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། ཡང་དག་པར་ཚོར་བར་འགྱུར་རོ། །ལུས་ཀྱི་རིམས་དང་། ངལ་བ་དང་། ཡོངས་སུ་གདུང་བ་དག་ཀྱང་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། ཡང་དག་པར་ཚོར་བར་འགྱུར་ཞིང་སེམས་ཀྱི་རིམས་དང་། ངལ་བ་དང་། ཡོངས་སུ་གདུང་བ་དག་ཀྱང་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། ཡང་དག་པར་ཚོར་བར་འགྱུར་ཏེ། དེ་ལ་ནི་སྨན་པ་རྣམས་ཀྱང་རྨོངས་ཤིང་སྨན་གྱི་སྦྱོར་བ་མི་ཤེས་ན་དགའ་བོ་དེ་ལ་འཁོར་བ་ན་ཡང་སྲིད་པ་ལ་མངོན་པར་དགའ་བ་དེ་ལྟར་སྡུག་བསྔལ་དུ་མས་ཉེན་པ་ལ་མནོག་ཅི་ཞིག་ཡོད། དགའ་བོ་དེ་ལྟར་བྱུང་ཞིང་དེ་ལྟར་མངོན་པར་གྲུབ་པ་དེ་ལུས་ལ་གདོན་འདི་ལྟ་བུ་དག་འབྱུང་སྟེ། འདི་ལྟ་སྟེ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྲུལ་པོ་ལོང་བའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། རྔུལ་བྱེད་ཀྱི་གདོན་དང་། བྱའི་གདོན་དང་།


DKG010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རི་དགས་ཀྱི་གདོན་དང་། ནམ་གྲུའི་གདོན་དང་། ཕྱུགས་བདག་གི་གདོན་དང་། མ་མོའི་གདོན་དང་། འཛུམས་བྱེད་ཀྱི་གདོན་དང་། རྐང་བམ་གྱི་གདོན་དང་། ཉམས་བྱེད་ཀྱི་གདོན་དང་། ཟླ་བའི་གདོན་དང་། ཉི་མའི་གདོན་དང་། རྒྱུ་སྐར་གྱི་གདོན་ཏེ། གདོན་དེ་ལྟ་བུ་དག་ལུས་ལ་འབྱུང་ན་དགའ་བོ་དེ་ལ་སྲིད་པ་ཚོལ་བ་མའི་མངལ་ན་གནས་པ་ལ་མནོག་ཅི་ཞིག་ཡོད། དགའ་བོ་དེ་ལྟར་སྐྱེས་ཤིང་དེ་ལྟར་མངོན་པར་གྲུབ་པ་དེ་མས་རང་གི་ཁྲག་གི་དྲི་མས་སྐྱེད་པར་བྱེད། གསོ་བར་བྱེད། སྲིང་བར་བྱེད་དེ། དགའ་བོ་མའི་ནུ་ཞོ་དེ་ནི་འཕགས་པའི་ཆོས་འདུལ་བ་ལ་འདི་ལྟ་སྟེ། ཁྲག་གི་དྲི་མ་ཞེས་བྱའོ། །དགའ་བོ་དེ་ལ་སྲིད་པ་ཚོལ་བ་མའི་མངལ་གྱི་གནས་ན་གནས་པ་དེ་ལྟར་སྐྱེས་ཤིང་དེ་ལྟར་བྱུང་། དེ་ལྟར་མངོན་པར་གྲུབ། དེ་ལྟར་ཟས་རགས་པ་ཟ་བ་ལ་མནོག་ཅི་ཞིག་ཡོད་དེ། དེ་ལྟར་ལེགས་པར་བདེ་བར་ཡོངས་སུ་བསྲུངས་ན་དེ་རིང་ན་ལོ་བརྒྱའམ། ཅུང་ཟད་ཅིག་ལྷག་པར་འཚོའོ། །དེ་ལས་ཀྱང་ཕྱེད་ནི་གཉིད་ཀྱིས་ཁེབས་སོ། །ལོ་བཅུ་ནི་བྱིས་པའོ། །ལོ་ཉི་ཤུ་རྒས་པ་སྟེ། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱིས་ཀྱང་གཅད། ལུས་ལས་བྱུང་བའི་ནད་རྣམ་པ་དུ་མ་བརྒྱ་ཕྲག་དུ་མས་ཀྱང་གཅད་དོ། །དགའ་བོ་ལུས་ཀྱི་ནད་ཤིན་ཏུ་བཟོད་པར་དཀའ་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་གཟིར་ན་སྲོག་ཆགས་རྣམས་འཆི་ཡང་འདོད་དོ། །དགའ་བོ་ད་ལྟར་ལུས་ཅན་རྣམས་ཀྱི་འཚོ་བ་ནི་ཤིན་ཏུ་མི་བཟད་པ་ཐུང་བ་ངན་པ་སྟེ། དེ་ཡང་སྡུག་བསྔལ་དང་ལྡན་ཞིང་ཚེ་ཕྱི་མར་འགྲོ་བ་ཡིན་པས་དགེ་བ་བྱ་ཞིང་ཚངས་པར་སྤྱོད་པ་སྤྱད་པར་བྱ་སྟེ། སྐྱེས་པ་ལ་མི་འཆི་བ་མེད་དོ། །འོན་ཀྱང་ད་ལྟར་མི་རྣམས་ནི་འདི་ལྟ་སྟེ། དོན་སྤྱད་པ་དང་། ཆོས་སྤྱད་པ་དང་། བསོད་ནམས་སྤྱད་པ་དང་། དགེ་བ་སྤྱད་པ་དང་། དགེ་ལེགས་སྤྱད་པ་ལ་བག་བོར་ནས་གནས་ཏེ། ལས་ཀྱིས་ནི་འདི་ལ་ལས་དགེ་བ་དང་། མི་དགེ་བ་དག་བྱེད་པ་ཡིན་ནོ། །དགའ་བོ་དྲན་པ་དང་ལྡན་པ་དང་། བག་ཡོད་པར་གནོས་ཤིག །ཁྱོད་མཇུག་ཏུ་འགྱོད་ཏ་རེ། འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་ཐམས་ཅད་དང་འབྲལ་བར་འགྱུར་ཏེ། འབྲལ་བ་དང་། འགྱེས་པ་ནི་གདོན་མི་ཟ་བར་འབྱུང་ངོ་། །དགའ་བོ་ལུས་ཅན་རྣམས་ནི་ལས་བདག་གིར་བྱ་བ་དང་། ལས་


DKG010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བགོ་སྐལ་ལ་སྤྱོད་པ་དང་། ལས་ལ་རྟོན་པ་ཅན་ཡིན་ཏེ། ལས་དགེ་བའམ། སྡིག་པ་ཡང་རུང་། གང་དང་གང་ཁོ་ན་བྱེད་པའི་ལས་དེ་དང་དེའི་སྐལ་བ་ཅན་དུ་འགྱུར་རོ། །དགའ་བོ་ལོ་བརྒྱར་འཚོ་བ་ལ་གནས་སྐབས་བཅུ་སོ་སོར་མྱོང་བར་འགྱུར་ཏེ། གནས་སྐབས་དང་པོ་ལ་ནི་བྱིས་པ་དམན་པ་གན་རྐྱལ་དུ་ཉལ་བར་འགྱུར་རོ། །གནས་སྐབས་གཉིས་པ་ལ་ནི་གཞོན་ནུ་རྩེ་བའི་རང་བཞིན་ཅན་དུ་འགྱུར་རོ། །གནས་སྐབས་གསུམ་པ་ལ་ནི་ཐོར་བུ་འདོད་པ་སྤྱོད་པར་འགྱུར་རོ། །གནས་སྐབས་བཞི་པ་ལ་ནི་སྟོབས་དང་ལྡན་ཞིང་སྤྲོ་བ་ཅན་དུ་འགྱུར་རོ། །གནས་སྐབས་ལྔ་པ་ལ་ནི་ཤེས་རབ་དང་ལྡན་ཞིང་སྤོབས་པ་དང་ལྡན་པར་འགྱུར་རོ། །གནས་སྐབས་དྲུག་པ་ལ་ནི་དྲན་པ་དང་ལྡན་ཞིང་དཔྱོད་པའི་རང་བཞིན་ཅན་དུ་འགྱུར་རོ། །གནས་སྐབས་བདུན་པ་ལ་ནི་བརྟན་པ་ཚད་ལ་བབ་པར་འགྱུར་རོ། །གནས་སྐབས་བརྒྱད་པ་ལ་ནི་བརྟན་པ་རྒྱལ་པོ་ལྟ་བུར་འགྱུར་རོ། །གནས་སྐབས་དགུ་པ་ལ་ནི་རྒན་པོ་རྒ་བས་འཁོགས་པར་འགྱུར་རོ། །གནས་སྐབས་བཅུ་པ་ལ་ནི་ཚེ་ཟད་ཅིང་འཆི་བའི་ཆོས་ཅན་དུ་འགྱུར་ཏེ། དགའ་བོ་དེ་ལྟར་ན་ལོ་བརྒྱར་འཚོ་བ་ལ་གནས་སྐབས་བཅུ་པོ་དེ་དག་སོ་སོར་མྱོང་བར་འགྱུར་རོ། །ལོ་བརྒྱར་འཚོ་བ་ནི་དུས་ཚིགས་སུམ་བརྒྱར་འཚོ་བར་འགྱུར་ཏེ། དགུན་རྣམས་ཀྱི་དུས་ཚིགས་བརྒྱ་དང་། སོ་ག་རྣམས་ཀྱི་དུས་ཚིགས་བརྒྱ་དང་། དབྱར་རྣམས་ཀྱི་དུས་ཚིགས་བརྒྱའོ། །དུས་ཚིགས་སུམ་བརྒྱར་འཚོ་བ་ནི་ཟླ་བ་སྟོང་ཉིས་བརྒྱར་འཚོ་སྟེ། དགུན་རྣམས་ཀྱི་བཞི་དང་། སོ་ག་རྣམས་ཀྱི་བཞི་དང་། དབྱར་རྣམས་ཀྱི་བཞིའོ། །ཟླ་བ་སྟོང་ཉིས་བརྒྱར་འཚོ་བ་ནི་ཟླ་བ་ཕྱེད་པོ་ཉིས་སྟོང་བཞི་བརྒྱར་འཚོ་བར་འགྱུར་ཏེ། དགུན་རྣམས་ཀྱི་བརྒྱད་དང་། སོ་ག་རྣམས་ཀྱི་བརྒྱད་དང་། དབྱར་རྣམས་ཀྱི་བརྒྱད་དོ། །ཟླ་བ་ཕྱེད་པོ་ཉིས་སྟོང་བཞི་བརྒྱར་འཚོ་བ་ནི་ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་བར་འགྱུར་ཏེ། ཉིན་ཞག་སུམ་ཁྲི་དྲུག་སྟོང་དུ་འཚོ་བ་ནི་ཟན་གྱི་བར་ཆད་ཀྱི་ཟན་མ་གཏོགས་པར་ཟན་བདུན་ཁྲི་ཉིས་སྟོང་ཟ་བར་འགྱུར་རོ། །དེ་ལ་ཟན་གྱི་བར་ཆད་ནི་འདི་དག་ཡིན་ཏེ། གང་ཁྲོས་པས་མི་ཟ་བ་དང་། བདེ་བས་མི་ཟ་བ་དང་། སྡུག་བསྔལ་བས་མི་ཟ་བ་དང་། རྙེད་ཀྱང་མི་ཟ་བ་དང་། མ་རྙེད་དེ་མི་ཟ་བ་དང་། ཉལ་ཏེ་


DKG010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ་བ་དང་། སྨྱུང་བར་གནས་ཏེ་མི་ཟ་བ་དང་། རྩེ་བས་མྱོས་ཏེ་མི་ཟ་བ་དང་། བྱ་བས་གཡེངས་ཏེ་མི་ཟ་བའོ། །ཟ་བ་གང་ཡིན་པ་དང་། མི་ཟ་བ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་ནས་མའི་ནུ་ཞོ་དང་བཅས་ཏེ་ཟན་བདུན་ཁྲི་ཉིས་སྟོང་དུ་འགྱུར་རོ། །དགའ་བོ་དེ་ལྟ་བས་ན་མི་ཚེ་ལོ་བརྒྱ་ཐུབ་པ་རྣམས་ཀྱི་ཚེ་དང་། དུས་ཚིགས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཟན་དང་། ཟན་གྱི་བར་ཆད་དག་ཀྱང་བརྗོད་པ་ཡིན་ནོ། །དགའ་བོ་དེ་ལྟར་སྐྱེས་ཤིང་དེ་ལྟར་བྱུང་། དེ་ལྟར་མངོན་པར་གྲུབ་པའི་ལུས་ལ་ལུས་ཀྱི་ནད་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། མགོ་ནད་དང་། མིག་ནད་དང་། རྣ་བའི་ནད་དང་། སྣ་ནད་དང་། སོ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ཆམ་པ་དང་། ཤུ་བ་དང་། གཡན་པ་དང་། རྐང་ཤུ་དང་། མཛེ་དང་། འབྲས་དང་། འབྲུམ་བུ་ཕྲ་མོ་དང་། ཤ་བཀྲ་དང་། བརྗེད་བྱེད་དང་། ལྷོག་པ་དང་། རྐང་བམ་དང་། མཚན་པར་རྡོལ་དང་། དམུ་རྫིང་དང་། སྐྱིགས་བུ་དང་། སྐྱུག་བྲོ་བ་དང་། སེར་ག་དང་། འཁྲུ་བ་དང་། རིམས་དང་། རིམས་དྲག་པོ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། སྐེམ་པ་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། སྐྲང་བ་དང་། ཚིལ་ནད་དང་། མཁྲིས་ནད་དང་། མེ་དབལ་དང་། རིམས་ནད་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རྟག་པའི་རིམས་དང་། ཡན་ལག་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། སྙིང་ཚ་བ་དང་། ཡན་ལག་ན་བ་དང་། རྩིབ་ལོགས་ན་བ་དང་། སྙིང་ན་བ་དང་། ནམ་ཚོང་ན་བ་སྟེ། དགའ་བོ་དེ་ལྟ་བུ་དང་ཆ་མཐུན་པའི་ནད་རླུང་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་དང་། མཁྲིས་པ་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་དང་། བད་ཀན་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་དང་། འདུས་པ་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་སྟེ། དེ་དག་བསྡོམས་ན་ནད་བཞི་བརྒྱ་རྩ་བཞི་ནང་དུ་འབྱུང་བར་འགྱུར་ཏེ། དགའ་བོ་ལུས་འདི་ནི་ནད་དུ་གྱུར་པ། འབྲས་སུ་གྱུར་པ། ཟུག་རྔུར་གྱུར་པ། རིང་པོ་མི་ཐོགས་པ་དང་། འཇིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། འགྲན་ཟླ་དང་བཅས་པ་དང་། དབུགས་མི་ཕྱིན་པ་དང་། རྣམ་པར་འགྱུར་བའི་ཆོས་ཅན་ནོ། །དགའ་བོ་སྲོག་ཆགས་རྣམས་ནི་སྐྱེས་ན་ལག་པ་བཅད་


DKG010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡུག་བསྔལ་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། སོ་སོར་ཚོར་བར་འགྱུར། རྐང་པ་བཅད་པའི་སྡུག་བསྔལ་དང་། རྣ་བ་བཅད་པའི་སྡུག་བསྔལ་དང་། མཆུ་བཅད་པའི་སྡུག་བསྔལ་དང་། ལྕེ་བཅད་པའི་སྡུག་བསྔལ་དང་། མགོ་བཅད་པའི་སྡུག་བསྔལ་དང་། སུ་མི་འདོད་དང་། ལྕགས་དང་། མདོར་ཐོད་དང་། ཕྱིན་ཀ་ལོག་ཏུ་བཅིངས་པ་དང་། བཅིང་བ་ལྔས་བཅིང་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། སོ་སོར་ཚོར་བར་འགྱུར། རེ་ལྡེར་དྲིལ་བ་དང་། གསལ་ཤིང་གིས་གཟུགས་པ་དང་། གག་ཤིང་དུ་གཞུག་པ་དང་། ཟངས་སུ་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དྲག་པ། རྩུབ་པ། མི་བཟད་པ། འཆི་བ་ལ་ཐུག་པའི་སྡུག་བསྔལ་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། སོ་སོར་ཚོར་བར་འགྱུར་རོ། །གསད་པ་དང་། བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་དང་། བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་དང་། ལྷགས་པ་དང་། ཆར་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་ལས་བྱུང་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དག་མྱོང་བར་འགྱུར། སོ་སོར་མྱོང་བར་འགྱུར། ཚོར་བར་འགྱུར། སོ་སོར་ཚོར་བར་འགྱུར་རོ། །དགའ་བོ་དེ་ལྟར་སྡུག་བསྔལ་དེ་ལྟ་བུ་དག་གིས་གཡེན་སྤྱོ་ཞིང་ཤིན་ཏུ་ཉམ་ང་བར་གྱུར་པའི་སྲོག་ཆགས་ཀུན་དུ་ཚོལ་བའི་རྩ་བ་ཅན་གྱི་སྡུག་བསྔལ་དོན་དུ་གཉེར་བ་ཡོངས་སུ་ཚོལ་བ་རྣམས་ལ་ཡང་དང་ཡང་དུ་དོན་དུ་གཉེར་བ་ལ་ཞེན་པ་ལས་འབྱུང་། ལུས་དང་སེམས་ཀྱི་སྡུག་བསྔལ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ། ནད་གདུང་བར་བྱེད་པ་དག་སྐྱེ་བར་འགྱུར་ཏེ། དགའ་བོ་དེ་ལྟ་བས་ན་སྐྱེ་བ་ནི་སྡུག་བསྔལ་བའོ། །རྒ་བ་ནི་སྡུག་བསྔལ་བའོ། །ན་བ་ནི་སྡུག་བསྔལ་བའོ། །འཆི་བ་ནི་སྡུག་བསྔལ་བའོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་བའོ། །མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་བའོ། །གང་འདོད་པ་བཙལ་ཏེ་མི་རྙེད་པ་དེ་ཡང་སྡུག་བསྔལ་བའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །དགའ་བོ་འཆག་པ་དང་། འདུག་པ་དང་། འགྲེང་བ་དང་། ཉལ་བའི་སྤྱོད་ལམ་དག་ཀྱང་སོ་སོ་སོ་སོར་སྡུག་བསྔལ་བར་རིག་པར་བྱ་སྟེ། བསམ་གཏན་པས་སྤྱོད་ལམ་དེ་དང་།


DKG010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་རང་བཞིན་བརྟགས་ན། གལ་ཏེ་འཆག་པས་ཉི་མ་འདའ་བར་བྱེད་ཅིང་། འགྲེང་བར་མི་བྱེད། འདུག་པར་མི་བྱེད། ཉལ་བར་མི་བྱེད་ན་དེས་འཆག་པ་དེ་ལ་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་། དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་གྱི། འཆག་པ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་ནི་མི་འགྱུར་རོ། །གལ་ཏེ་འདུག་པས་ཉི་མ་འདའ་བར་བྱེད་ཅིང་། འཆག་པར་མི་བྱེད། འགྲེང་བར་མི་བྱེད། ཉལ་བར་མི་བྱེད་ན་དེ་འདུག་པ་དེ་ལ། སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་། དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟོད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་གྱི། འདུག་པ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་ནི་མི་འགྱུར་རོ། །གལ་ཏེ་འགྲེང་བས་ཉི་མ་འདའ་བར་བྱེད་ཅིང་། འདུག་པར་མི་བྱེད། འཆག་པར་མི་བྱེད། ཉལ་བར་མི་བྱེད་ན་དེས་འགྲེང་བ་དེ་ལ་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་། དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་དག་སོ་སོར་མྱོང་བར་འགྱུར་གྱི་འགྲེང་བ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་ནི་མི་འགྱུར་རོ། །གལ་ཏེ་ཉལ་བས་ཉི་མ་འདའ་བར་བྱེད་ཅིང་འཆག་པར་མི་བྱེད། འགྲེང་བར་མི་བྱེད། འདུག་པར་མི་བྱེད་ན་དེས་ཉལ་བ་དེ་ལ་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་། དྲག་པ་ཉིད་དང་། རྩུབ་པ་ཉིད་དང་། མི་བཟད་པ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་གྱི། ཉལ་བ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་ནི་མི་འགྱུར་རོ། །དགའ་བོ་འོན་ཀྱང་སྤྱོད་ལམ་གྱི་སྡུག་བསྔལ་དེ་དང་དེ་རྒྱུན་གཅད་པའི་ཕྱིར་སྡུག་བསྔལ་སར་པ་གཞན་དང་གཞན་འབྱུང་བ་ལ་བདེ་བའི་འདུ་ཤེས་འབྱུང་སྟེ། དགའ་བོ་འབྱུང་བ་ན་ཡང་སྡུག་བསྔལ་འདི་ཁོ་ན་འབྱུང་ལ། འགག་པ་ན་ཡང་སྡུག་བསྔལ་ཁོ་ན་འགག །འབྱུང་བ་ན་ཡང་འདུ་བྱེད་དག་ཉིད་འབྱུང་ལ། འགག་པ་ན་ཡང་འདུ་བྱེད་དག་ཉིད་འགག་གོ །དེ་བཞིན་གཤེགས་པས་ནི་འདུ་བྱེད་རྣམས་ཀྱི་རྒྱུད་ཉིང་མཚམས་སྦྱོར་བ་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་བཀའ་སྩལ་ཏོ། །དགའ་བོ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། འདུ་བྱེད་ཐམས་ཅད་ནི་དབུགས་མི་ཕྱིན་པ། རྣམ་པར་འགྱུར་བའི་ཆོས་ཅན་ནོ། །དགའ་བོ་དེ་ལྟ་བས་ན་འདུ་བྱེད་ཐམས་ཅད་ལ་ཡིད་བྱུང་བར་བྱ་བའི་རིགས་སྤངས་པ་དང་། རྣམ་པར་གྲོལ་


DKG010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་རིགས་སོ། །དགའ་བོ་བདེ་འགྲོའི་འགྲོ་བའོ་སྙམ་པའི་འདུ་ཤེས་ཅན་གང་ཡིན་པ་དེ་དག་ན་ཡང་ཤིན་ཏུ་མི་བཟད་པ། འཇིགས་སུ་རུང་བ། སྨད་པ། བརྗོད་དཀའ་བ་དེ་ལྟ་བུ་དང་། སླུ་བ་དེ་ལྟ་བུ་དང་། སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་འབྱུང་ན། དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་ཡུལ་དུ་སྐྱེས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་གི་སྡུག་བསྔལ་གྱི་རྣམ་པ་ནི་འདི་འདྲའོ་ཞེས་དཔེ་བསྟན་པར་ཡང་ཤིན་ཏུ་དཀའོ། །དགའ་བོ་མངལ་དུ་འཇུག་པ་ནི་བཞི་སྟེ། བཞི་གང་ཞེ་ན། འདི་ན་ལ་ལ་ཤེས་བཞིན་དུ་མའི་མངལ་དུ་འཇུག །ཤེས་བཞིན་དུ་མའི་མངལ་ན་གནས། ཤེས་བཞིན་དུ་མའི་མངལ་ནས་འབྱུང་སྟེ། འདི་ནི་མངལ་དུ་འཇུག་པ་དང་པོའོ། །དགའ་བོ་གཞན་ཡང་འདི་ན་ལ་ལ་ཤེས་བཞིན་དུ་མའི་མངལ་དུ་འཇུག །ཤེས་བཞིན་དུ་མའི་མངལ་ན་གནས་ཤིང་ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་སྟེ། འདི་ནི་མངལ་དུ་འཇུག་པ་གཉིས་པའོ། །དགའ་བོ་གཞན་ཡང་འདི་ན་ལ་ལ་ཤེས་བཞིན་དུ་མའི་མངལ་དུ་འཇུག་ཅིང་། ཤེས་བཞིན་མ་ཡིན་པར་མའི་མངལ་ན་གནས། ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་སྟེ། འདི་ནི་མངལ་དུ་འཇུག་པ་གསུམ་པའོ། །དགའ་བོ་གཞན་ཡང་འདི་ན་ལ་ལ་ཤེས་བཞིན་མ་ཡིན་པར་མའི་མངལ་དུ་འཇུག །ཤེས་བཞིན་མ་ཡིན་པར་མའི་མངལ་ན་གནས། ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་སྟེ། འདི་ནི་མངལ་དུ་འཇུག་པ་བཞི་པའོ། །ཇི་ལྟར་ན་འདི་ཤེས་བཞིན་དུ་མའི་མངལ་དུ་འཇུག །ཤེས་བཞིན་དུ་མའི་མངལ་ན་གནས། ཤེས་བཞིན་དུ་མའི་མངལ་ནས་འབྱུང་ཞེ་ན། འདི་ན་ལ་ལ་སོ་སོའི་སྐྱེ་བོ་ཉིད་ཡིན་ལ་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་། དགེ་བའི་ཆོས་ཅན། དགེ་བ་ལ་འདུན་པ། དགེ་བ་ཀུན་དུ་སྤྱོད་པ། སྡོམ་པ་མང་བ་སོ་སོར་རྟོག་པ་མང་བ། བག་ཡོད་པར་གནས་པ། ཤེས་རབ་ཆེན་པོ་ཅན་ཡིན་ཞིང་། དེ་འགྱོད་པ་མེད་པར་རམ། རྒྱུན་དུ་ཞུགས་པ་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའམ། རིགས་ནས་རིགས་སུ་སྐྱེ་བའམ། ལན་གཅིག་ཕྱིར་འོང་བའམ། བར་ཆད་གཅིག་པ་ཞིག་འཆི་བའི་དུས་བྱེད་ན་དགེ་བའི་ཆོས་དེ་དག་གིས་ཉེ་བར་བརྟན་པ་དེ་འཆི་ཀའི་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ། སྲོག་འཕྲོག་པར་བྱེད་པ་དག་གིས་ཀུན་དུ་རེག་ཀྱང་དྲན་པ་ཉམས་པར་མི་འགྱུར་ཞིང་།


DKG010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དྲན་པ་མ་ཉམས་པར་འཆི་བའི་དུས་བྱེད་དེ། དེ་ནས་དེ་དྲན་པ་མ་ཉམས་པར་ཤེས་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ། །དེ་དེར་ཞུགས་ནས་ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ལ་བརྟེན་པ། སེམས་པས་བྱས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཕུག་རབ་ཏུ་ཚ་བ། ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ལ་རྟོན་པ། སེམས་པས་བྱས་པ། རྟེན་ཅིང་འབྲེལ་པར་འབྱུང་བ། བདུད་ལ་རག་ལས་པ། བདུད་ཀྱི་སྣོད་བདུད་ཀྱི་ཁྱིམ། མི་གཙང་བ་ཐམས་ཅད་ཀྱི་གཏེར། མི་བརྟན་པ། སླུ་བའི་ཆོས་ཅན་བྱིས་པ་འདྲིད་པ། རུས་པའི་འཁྲུལ་འཁོར་རྩའི་བྲེང་ཆགས་པ་ཅན། ཆུ་རྒྱུས་ཀྱི་དྲ་བས་ཆེ་ལོང་སྦྲེལ་བ། ཤ་དང་། ཁྲག་དང་། ཚིལ་གྱིས་དཀྲིས་པ། པགས་པ་ཙམ་གྱིས་གཡོགས་པ། སླ་ཚའི་ཚོགས་བཅེར་བ་སྐྲ་དང་སེན་མོ་དང་། སོ་དང་། སྤུ་སྐྱེ་བར་འགྱུར་བར་མངོན་པ་ཅན་ངའོ་སྙམ་པའི་ང་རྒྱལ་ངར་འཛིན་པ་དང་། ང་ཡིར་འཛིན་པ། གསལ་བས་མངོན་པར་ཞེན་པ། རང་དབང་མེད་པ། སྣབས་རུལ་པའི་རླན་སུངས་ཤིང་མྱགས་པ་དང་། ཚིལ་དང་། ཆུ་སེར་དང་། རྔུལ་གྱི་དྲི་མ་དང་། ཁ་ཆུ་དང་། མཁྲིས་པ་དང་། བད་ཀན་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། མཆེར་པ་དང་། ལྒང་པ་དང་། མི་གཙང་བ་རྣམ་པ་མང་པོས་ཡོངས་སུ་གང་བ། སྲིན་བུའི་རིགས་སྟོང་ཕྲག་མང་པོའི་གནས་ཤིན་ཏུ་དྲི་ང་བའི་སྒོ་གཉིས་དང་ལྡན་པ། རུས་པའི་བུ་ག་དང་། ཁུང་བུ་ཕུག་དུ་མ་དང་ལྡན་པ། གཅིན་དང་། ཀླད་པ་དང་། ཀླད་རྒྱས་དང་། རྐང་གི་ཚོགས་ཀྱི་ལྗན་ལྗིན་ཅན་དུ་ཕོ་བའི་འོག་ལོང་ཀའི་སྟེང་ན་ཁ་ནི་སྒལ་ཚིགས་ལ་བལྟས། རྒྱབ་ནི་ལྟོ་བའི་པགས་པ་ལ་བསྟན་ཏེ། ཟླ་བ་རེ་རེ་ཞིང་ཟླ་མཚན་འབྱུང་བས་ནི་བརྟ་མའི་ཟས་ཀྱི་རྣམ་པ་སོའི་ཕྲེང་བ་གཉིས་ཀྱིས་ཞིབ་མོར་བྱས་ཤིང་མིད་པར་མིད་པ། འོག་ནས་ཁའི་རྨའི་དྲི་མ་དང་ཁ་ཆུས་བརླན་པ་སྟེང་ནས་ཀླད་རྒྱས་ཀྱིས་སྦགས་པ། སྐྱུགས་པ་དང་འདྲ་བའི་ཟས་ཀྱི་རོ་ཁོང་ན་ལྟེ་བའི་བུ་ག་ནས་འཇུག་པས་ནི་སྐྱེད་ཅིང་། ནུར་ནུར་པོ་དང་མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུས་པའི་ངོ་བོར་ཡོངས་སུ་འགྱུར་བར་འགྱུར་ཞིང་། ལག་པ་དང་། རྐང་པ་དང་། འགྲམ་པ་ནི་ཤ་མའི་སྣོད་ཀྱིས་དཀྲིས། སྣམ་ཕྱིས་བཞིན་དུ་དྲི་ང་བ་མནམ་པ་མི་བཟད་པ། མུན་གནག་འགྲེང་བར་ནི་ཡན་མན་རྒྱུ། ཟས་ཀྱི་རོ་ཁ་བ་དང་།


DKG010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུར་བ་དང་། རྩུབ་པ་དང་། ལན་ཚྭ་དང་། ཚ་བ་དང་། བསྐ་བ་མེ་སྟག་ལྟ་བུ་དག་གིས་ནི་རེག །སྲིན་གྲོལ་མ་བཞིན་མི་གཙང་བའི་ཁུ་བས་ནི་གསོ། མི་གཙང་བ་མྱགས་པ་རབ་ཏུ་འབར་བའི་འདམ་གྱི་ནང་དུ་ནི་སོང་། སྲོག་གི་དབང་པོ་ནི་མི་བརྟན། མའི་ལུས་ཀྱི་ནང་གི་མེས་ནི་ཀུན་ནས་གདུང་། ཀུན་དུ་གདུང་། ཡོངས་སུ་གདུང་། ཚ་ཀུན་དུ་ཚ། ཡོངས་སུ་ཚ། སྲེག་ཀུན་དུ་སྲེག །ཡོངས་སུ་སྲེག་ཅིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དེའི་མ་གཡོ་བ་དང་། ཀུན་དུ་གཡོ་བ་དང་། ཡོངས་སུ་གཡོ་བ་དང་ཁུར་ལྕི་བ་ཁྱེར་རམ། ལུས་འཕྱང་བ་དེ་ལྟ་དེ་ལྟར་ཡང་དེ་བཅིང་བ་ལྔས་བཅིངས་པ་དང་། མེ་མ་མུར་གྱི་དོང་དུ་བཅུག་པ་ལྟ་བུར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ། དཔེ་བྱ་བར་དཀའ་བ་མྱོང་བར་འགྱུར་རོ། །དེ་དེ་ལྟར་མའི་མངལ་གྱི་གནས་ན་གནས་ཤིང་སྡུག་བསྔལ་གྱིས་ཉེན་ཀྱང་དབང་པོ་རྣོ་བའི་ཕྱིར་དྲན་པ་ཉམས་པར་མི་འགྱུར་རོ། །དེ་ལྟར་མའི་མངལ་ན་གནས་པ་རྣམས་ལ་ཡང་ཁ་ཅིག་ལ་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་མངལ་ལོག་པར་འགྱུར་ཞིང་། མངལ་ན་གནས་པ་ལ་མི་བདེ་བར་འགྱུར་རོ། །མས་བཟའ་བ་དང་བཏུང་བ་མི་མཐུན་པ་ཧ་ཅང་གྲང་བའམ། ཧ་ཅང་དྲོ་བའམ། ཧ་ཅང་སྐྱུར་བའམ། ཧ་ཅང་མངར་བའམ། ཧ་ཅང་ཁ་བའམ། ཧ་ཅང་ཚ་བའམ། ཧ་ཅང་བསྐ་བའམ། ཧ་ཅང་རྩུབ་པའམ། ཧ་ཅང་ལན་ཚྭ་ཆེ་བ་བསྟེན་པའམ། བཏུང་བས་མུས་བྱུང་བར་གྱུར་པའམ། སྐྱེས་པས་མུས་བྱུང་བར་གྱུར་པའམ། ནད་མང་བའམ། སྨྲ་བ་མང་བའམ། མྱ་ངན་མང་བའམ། ཆགས་ཆེས་པའམ། སྒྱེལ་བའམ། བརྒྱབ་པར་གྱུར་ན་རྒྱུ་དེ་དག་གིས་དེའི་ལུས་ལ་གནོད་པར་འགྱུར་རོ། །ལུས་ལ་གནོད་ན་དེ་ལ་བརྟེན་པ་མངལ་ན་གནས་པ་ལ་ཡང་གནོད་པར་འགྱུར་རོ། །དེ་དེ་ན་གནོད་ཅིང་ཤིན་ཏུ་སྡུག་བསྔལ་བས་ཉེན་པ་ན་འགུལ་ཏེ་འགུལ་བས་ལོག་པར་འགྱུར་རོ། །དེ་ནས་དེ་ཤེས་པའི་བུད་མེད་དམ། གཞོན་ནུ་གསོ་བ་ལ་མཁས་པས་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་ལག་པ་བྱུགས་ནས་ཆབ་ཁུང་ས་ལྟ་བུར་དྲི་ང་བ། མནམ་པ། མི་བཟད་པ། མུན་གནག །ལྗན་ལྗིན་གྱི་འདམ་ཅན། སྲིན་བུའི་རིགས་སྟོང་ཕྲག་ཤིན་ཏུ་མང་པོའི་


DKG010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྟག་ཏུ་འཛག་པ། རྒྱུན་དུ་བྱི་དོར་བྱ་དགོས་པ། བཙོག་པ། ཁྲག་གི་དྲི་མ་དང་། ཆུ་སེར་ཀུན་དུ་རུལ། རྣམ་པར་རུལ་ཅིང་མྱགས་པ་ཅན། འདྲེད་པ་མཐོང་ན་ཤིན་ཏུ་འཇིགས་སུ་རུང་བ། བུ་གའི་པགས་པས་གཡོགས་པ། རུས་པའི་འཁྲུལ་འཁོར་ཆེན་པོའི་བུ་ག་དེར་ལག་པ་བཅུག་སྟེ། དལ་བུ་དལ་བུས་མནམས་ཤིང་གནས་ཇི་ལྟ་བ་བཞིན་དུ་འཇོག་པར་བྱེད་དོ། །དེ་དེར་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་བྱུགས་པའི་ལག་པས་མནམས་ཤིང་ཆམ་དུ་འབེབས་པ་ན་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །དགའ་བོ་དཔེར་ན་རིགས་ཀྱི་བུ་ཤིན་ཏུ་གཞོན་ནུའི་རང་བཞིན་ཅན་གྱི་ལུས་ལ་སྤུ་གྲི་རྣོན་པོ་སྤུ་བྲེག་ཏུ་རུང་བས་ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ཅིང་། ལུས་རྩི་དྲག་པོས་ཀུན་ནས་བསྐུས་ན་ལུས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་ཤིན་ཏུ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ། །དགའ་བོ་དེ་བཞིན་དུ་དེ་ལ་ཆུ་འཇམ་ཙམ་དང་། མར་དཀར་དང་། ཏིལ་མར་གྱིས་བྱུགས་པའི་ལག་པས་མནམས་ན་ལུས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ། ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ། །མངལ་གྱི་གནས་ན་གནས་པ་དེའི་ལུས་ལ་སྡུག་བསྔལ་གྱི་རེག་པ་ལས་བྱུང་བའི་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་དེ་དག་བྱུང་ཡང་དབང་པོ་རྣོ་བའི་ཕྱིར་དྲན་པ་ཉམས་པར་མི་འགྱུར་ཏེ། དེ་ལྟར་ན་དེ་ཤེས་བཞིན་དུ་མའི་མངལ་ན་གནས་པ་ཡིན་ནོ། །དེ་ནས་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་སྐྱེས་ནས་གཅིན་གྱི་གནས་རུལ་བ། ལྟུང་བ། འགྲེང་བ། མི་བཟད་པ། དྲི་ང་བ། མནམ་པ། མུན་གནག །མཐོང་ན་ཤིན་ཏུ་འཇིགས་སུ་རུང་བ། ཕྱི་ས་དང་། གཅིན་གྱིས་བསྒོས་པ། དྲི་མི་ཞིམ་པའི་དྲི་མ་དང་། ཁྲག་དང་ཆུ་སེར་ཅན་རྟག་ཏུ་འཛག་པའི་རྨའི་སྒོར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་རྐང་པ་ནི་གྱེན་དུ་བསྟན། མགོ་ནི་ཐུར་དུ་བསྟན། ལག་པ་གཉིས་ནི་བསྐུམས་པ་ན་རུས་པའི་འཁྲུལ་འཁོར་གཉིས་ཀྱིས་གཟིར། ཀུན་དུ་གཟིར། ཡོངས་སུ་གཟིར་ཅིང་། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་དག་གིས་ལུས་ཀྱི་ཡན་ལག་རྨ་སར་པ་ལྟ་བུ་གཟེ་རེ་ཅན་ཐམས་ཅད་སྔོན་པོར་


DKG010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། ལུས་ཀྱི་དབང་པོ་ཐམས་ཅད་ནི་ཚ། མངལ་གྱི་དྲི་མ་ཤིན་ཏུ་བཙོག་པས་ནི་ལུས་ཡོག །སྐོམ་པས་ཆུ་དང་མགྲིན་པ་དང་སྙིང་ནི་སྐམས་ཏེ། དོག་པ་དང་ཉམ་ང་བས་མི་བཟད་པར་གནས་པ་དེ་རྒྱུ་དང་རྐྱེན་གྱི་དབང་གིས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་ཕུལ་བ་ན་དཀའ་དཀའ་ལྟར་ཇི་ཞིག་ལྟ་སྟེ་འབྱུང་ངོ་། །དེ་བྱུང་མ་ཐག་ཏུ་ཕྱི་རོལ་གྱི་རླུང་རྨ་ལ་རྩི་དྲག་པོའི་རེག་པ་ཅན་ལྟ་བུའམ། ལག་པའམ། གོས་ཀྱིས་རེག་ན་རལ་གྲིས་བཅད་པ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །དེ་སྡུག་བསྔལ་དེ་ལྟ་བུས་ཉེན་ཀྱང་དབང་པོ་རྣོ་བའི་ཕྱིར་དྲན་པ་ཉམས་པར་མི་འགྱུར་ཏེ། དེ་ལྟར་ན་དེ་ཤེས་བཞིན་དུ་མའི་མངལ་ནས་འབྱུང་བ་ཡིན་ནོ། །དགའ་བོ་དེ་ལྟར་ན་མའི་མངལ་དུ་འཇུག་པ་ཡང་སྡུག་བསྔལ་བ། གནས་པ་ཡང་སྡུག་བསྔལ་བ་མའི་མངལ་ནས་འབྱུང་བ་ཡང་སྡུག་བསྔལ་བ་ཡིན་ན། དགའ་བོ་དེ་ལ་སྲིད་པ་མངོན་པར་འདོད་པ་མའི་མངལ་གྱི་གནས་ན་གནས་པ་ལ་མནོག་ཅི་ཞིག་ཡོད། ཇི་ལྟར་ན་འདི་ཤེས་བཞིན་དུ་མའི་མངལ་དུ་འཇུག །ཤེས་བཞིན་དུ་མའི་མངལ་དུ་གནས་ཤིང་ཤེས་བཞིན་དུ་མ་ཡིན་པར་མའི་མངལ་ནས་འབྱུང་ཞེ་ན། འདི་ན་ལ་ལ་སོ་སོའི་སྐྱེ་བོ་ཉིད་ཡིན་ལ། རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་། དགེ་བའི་ཆོས་ཅན། དགེ་བ་ལ་འདུན་པ། དགེ་བ་ཀུན་དུ་སྤྱོད་པ། སྡོམ་པ་མང་བ། སོ་སོར་རྟོག་པ་མང་བ། བག་ཡོད་པར་གནས་པ་ཡིན་ཞིང་འགྱོད་པ་མེད་པའམ། རྒྱུན་དུ་ཞུགས་པ་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའམ། རིགས་ནས་རིགས་སུ་སྐྱེ་བའམ། ལན་གཅིག་ཕྱིར་འོང་བའམ། བར་ཆད་གཅིག་པ་ཞིག་འཆི་བའི་དུས་བྱེད་ན་དགེ་བའི་ཆོས་དེ་དག་གིས་ཉེ་བར་བརྟན་པ། དེ་འཆི་ཀའི་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ། སྲོག་འཕྲོག་པར་བྱེད་པ་དག་གིས་རེག་ཀྱང་དྲན་པ་ཉམས་པར་མི་འགྱུར་ཞིང་དེ་དྲན་པ་མ་ཉམས་པར་འཆི་བའི་དུས་བྱེད་དེ། དེ་ནས་དེ་དྲན་པ་མ་ཉམས་པར་ཤེས་བཞིན་དུ་མའི་མངལ་དུ་འཇུག་གོ །དེ་དེར་ཞུགས་ནས་ལས་བདག་གིར་བྱ་བ་ཞེས་བྱ་བ་ནས། སྲིན་གྲོལ་མ་བཞིན་དུ་ཁུ་བས་ནི་གསོ། མི་གཙང་བ་མྱགས་པ་རབ་ཏུ་འབར་བའི་འདམ་གྱི་ནང་དུ་ནི་སོང་། སྲོག་གི་དབང་པོ་ནི་མི་བརྟན། མའི་ལུས་ཀྱི་ནང་གི་མེས་ནི་ཀུན་ནས་གདུང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྲེག །ཀུན་དུ་


DKG010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག །ཡོངས་སུ་སྲེག་ཅིང་། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནས། ཇི་ལྟ་ཇི་ལྟར་དེའི་མ་གཡོ་བ་དང་། ཀུན་དུ་གཡོ་བ་དང་། ཡོངས་སུ་གཡོ་བ་དེ་ལྟ་དེ་ལྟར་ཡང་དེ་བཅིང་བ་ལྔས་བཅིངས་པ་དང་། མེ་མ་མུར་གྱི་དོང་དུ་བཅུག་པ་ལྟ་བུར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ་ཡིད་དུ་མི་འོང་བ། དཔེ་བྱ་བར་དཀའ་བ་མྱོང་བར་འགྱུར་རོ། །དེ་དེ་ལྟར་མའི་མངལ་གྱི་གནས་ན་གནས་ཤིང་སྡུག་བསྔལ་གྱིས་ཉེན་ཀྱང་དྲན་པ་ཉམས་པར་མི་འགྱུར་རོ། །དེ་ལྟར་མའི་མངལ་ན་གནས་པ་རྣམས་ལ་ཡང་ཁ་ཅིག་ལ་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་མངལ་ལོག་པར་འགྱུར་ཞིང་མངལ་ན་གནས་པ་ལ་མི་བདེ་བར་འགྱུར་རོ། ། མས་བཟའ་བ་དང་། བཏུང་བ་མི་མཐུན་པ་ཧ་ཅང་གྲང་བའམ། ཧ་ཅང་དྲོ་བའམ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། ། ཆགས་ཆེས་པའམ། སྒྱེལ་བའམ། བརྒྱབ་པར་གྱུར་ན་རྒྱུ་དེ་དག་གིས་དེའི་ལུས་ལ་གནོད་པར་འགྱུར་རོ། ། ལུས་ལ་གནོད་ན་དེ་ལ་རྟེན་པ་མངལ་ན་གནས་པ་ལ་ཡང་གནོད་པར་འགྱུར་རོ། །དེ་དེ་ན་གནོད་ཅིང་ཤིན་ཏུ་སྡུག་བསྔལ་བས་ཉེན་པ་ན་འགུལ་ཏེ་འགུལ་བས་ལོག་པར་འགྱུར་རོ། །དེ་ནས་དེ་ཤེས་པའི་བུད་མེད་དམ། གཞོན་ནུ་གསོ་བ་ལ་མཁས་པས་ཆུ་འཇམ་ཙམ་དང་། མར་དཀར་དང་འབྲུ་མར་གྱིས་ལག་པ་བྱུགས་ནས་ཞེས་བྱ་བ་ནས། མནམས་ཤིང་གནས་ཇི་ལྟ་བ་བཞིན་དུ་འཇོག་པར་བྱེད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་དེར་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་བྱུགས་པའི་ལག་པས་མནམས་པ་ན་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །དགའ་བོ་དཔེར་ན་རིགས་ཀྱི་བུ་ཤིན་ཏུ་གཞོན་ནུའི་རང་བཞིན་ཅན་གྱི་ལུས་ལ་སྤུ་གྲི་རྣོན་པོ་སྤུ་བྲེག་ཏུ་རུང་བས་ཡན་ལག་དང་། ཉིང་ལག་ཐམས་ཅད་བཅད་ཅིང་ལུས་ལ་རྩི་དྲག་པོས་ཀུན་ནས་བསྐུས་ན་ལུས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་གསུམ་པ། དགའ་བོ་དེ་བཞིན་དུ་དེ་ལ་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་བསྐུས་པའི་ལག་པས་མནམས་པ་ན་ལུས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་འབྱུང་བར་


DKG010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །མངལ་གྱི་གནས་ན་གནས་པ་དེའི་ལུས་ལ་སྡུག་བསྔལ་གྱི་རེག་པ་ལས་བྱུང་བའི་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ། ཡིད་དུ་མི་འོང་བ་དེ་དག་བྱུང་ཡང་དྲན་པ་ཉམས་པར་ནི་མི་འགྱུར་ཏེ། དེ་ལྟར་ན་འདི་ཤེས་བཞིན་དུ་མའི་མངལ་ན་གནས་པ་ཡིན་ནོ། །དེ་ནས་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་སྐྱེས་ནས་གཅིན་གྱི་གནས་རུལ་བ། ལྟུང་བ་འགྲེད་པ། མི་བཟད་པ་དྲི་ང་བ། མནམ་པ། མུན་གནག་མཐོང་ན་འཇིགས་སུ་རུང་བ། ཕྱི་ས་དང་། གཅིན་གྱིས་བསྒོས་པ། དྲི་མི་ཞིམ་པའི་དྲི་མ་དང་། ཁྲག་དང་ཆུ་སེར་ཅན་རྟག་ཏུ་འཛག་པའི་རྨའི་སྒོར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་རྐང་པ་ནི་གྱེན་དུ་བསྟན། མགོ་ནི་ཐུར་དུ་བསྟན། ལག་པ་གཉིས་ནི་བསྐུམས་པ་ན་རུས་པའི་འཁྲུལ་འཁོར་གཉིས་ཀྱིས་གཟིར་ཀུན་དུ་གཟིར། ཡོངས་སུ་གཟིར་ཅིང་། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་དག་གིས་ལུས་ཀྱི་ཡན་ལག་རྨ་སར་པ་ལྟ་བུ་གཟེ་རེ་ཅན་ཐམས་ཅད་སྔོན་པོར་གྱུར་ལ། ལུས་ཀྱི་དབང་པོ་ཐམས་ཅད་ནི་ཚ། མངལ་གྱི་དྲི་མ་ཤིན་ཏུ་བཙོག་པས་ནི་ལུས་གཡོགས། སྐོམ་པས་མཆུ་དང་། མགྲིན་པ་དང་། སྙིང་ནི་བསྐམས་ཏེ། དེ་དོག་པ་ཉམ་ང་བས་མི་བཟད་པར་གནས་པ་དེ་རྒྱུ་དང་རྐྱེན་གྱི་དབང་གིས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་ཕུལ་བ་ན་དཀའ་དཀའ་ལྟར་ཇི་ཞིག་ལྟ་སྟེ་འབྱུང་ངོ་། །དེ་བྱུང་མ་ཐག་ཏུ་ཕྱི་རོལ་གྱི་རླུང་རྨ་ལ་རྩི་དྲག་པོའི་རེག་པ་ཅན་ལྟ་བུའམ། ལག་པའམ། གོས་ཀྱིས་རེག་ན་རལ་གྲིས་བཅད་པ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །དེ་སྡུག་བསྔལ་དེ་ལྟ་བུས་ཉེན་ན་དབང་པོ་འབྲིང་པོ་ཡིན་པའི་ཕྱིར་དྲན་པ་ཉམས་པ་དང་། སེམས་ཉེ་བར་ཉམས་པར་འགྱུར་ཏེ། དེ་ལྟར་ན་དེ་ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་བ་ཡིན་ནོ། །དགའ་བོ་དེ་ལྟར་ན་མའི་མངལ་དུ་འཇུག་པ་ཡང་སྡུག་བསྔལ་བ། མའི་མངལ་ན་གནས་པ་ཡང་སྡུག་བསྔལ་བ། མའི་མངལ་ནས་འབྱུང་བ་ཡང་སྡུག་བསྔལ་བ་ཡིན་ན། དགའ་བོ་དེ་ལ་སྲིད་པ་འདོད་པ་མའི་མངལ་གྱི་གནས་ན་གནས་པ་ལ་མནོག་ཅི་ཞིག་


DKG010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ཇི་ལྟར་ན་འདི་ཤེས་བཞིན་དུ་མའི་མངལ་དུ་འཇུག་ཅིང་ཤེས་བཞིན་མ་ཡིན་པར་མའི་མངལ་ན་གནས། ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་ཞེ་ན། འདི་ན་ལ་ལ་སོ་སོའི་སྐྱེ་བོ་ཁོ་ན་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་། དགེ་བའི་ཆོས་ཅན་དགེ་བ་ལ་འདུན་པ། དགེ་བ་ཀུན་ཏུ་སྤྱོད་པ། སྡོམ་པ་མང་བ། སོ་སོར་རྟོག་པ་མང་བ། བག་ཡོད་པར་གནས་པ། འགྱོད་པ་མེད་པའམ། རྒྱུན་དུ་ཞུགས་པ་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའམ། རིགས་ནས་རིགས་སུ་སྐྱེ་བའམ། ལན་གཅིག་ཕྱིར་འོང་བའམ། བར་ཆད་གཅིག་པ་ཞིག་འཆི་བའི་དུས་བྱེད་ན་དགེ་བའི་ཆོས་དེ་དག་གི་ཉེ་བར་བརྟན་པ་དེ་འཆི་ཀའི་སྡུག་བསྔལ་གྱི་ཚོར་བ་དྲག་པ་རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་དག་གིས་རེག་ཀྱང་དྲན་པ་ཉམས་པར་མི་འགྱུར་ཞིང་དེ་དྲན་པ་མ་ཉམས་པར་འཆི་བའི་དུས་བྱེད་དེ། དེ་ནས་དེ་དྲན་པ་མ་ཉམས་པར་ཤེས་བཞིན་དུ་མའི་མངལ་དུ་འཇུག་གོ །དེ་དེར་ཞུགས་ནས་ལས་བདག་གིར་བྱ་བ་ལས་ཀྱི་སྐྱེ་གནས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ལ་རྟོན་པ། སེམས་པས་བྱས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཕུག་རབ་ཏུ་ཚ་བ། ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ལ་རྟོན་པ། སེམས་པས་བྱས་པ། རྟེན་ཅིང་འབྲེལ་པར་འབྱུང་བ། བདུད་ལ་རག་ལས་པ། བདུད་ཀྱི་སྣོད། བདུད་ཀྱི་ཁྱིམ་མི་གཙང་བ་ཐམས་ཅད་ཀྱི་གཏེར། མི་བརྟན་པ། སླུ་བའི་ཆོས་ཅན། བྱིས་པ་འདྲིད་པ། རུས་པའི་འཁྲུལ་འཁོར། རྩའི་བྲེང་ཆགས་པ་ཅན། ཆུ་རྒྱུས་ཀྱི་དྲ་བས་ཆེ་ལོང་སྦྲེལ་བ། ཤ་དང་ཁྲག་དང་ཚིལ་གྱིས་དཀྲིས་པ། པགས་པ་ཙམ་གྱིས་གཡོགས་པ། སླ་ཚའི་ཚོགས་བཅེར་བ། སྐྲ་དང་སེན་མོ་དང་། སོ་དང་། སྤུ་སྐྱེ་བར་འགྱུར་བར་མངོན་པ་ཅན། ངའོ་སྙམ་པའི་ང་རྒྱལ། ངར་འཛིན་པ་དང་། ང་ཡིར་འཛིན་པ་གསལ་བས་མངོན་པར་ཞེན་པ། རང་དབང་མེད་པ། སྣབས་རུལ་པའི་རླན་སུངས་ཤིང་མྱགས་པ་དང་། ཚིལ་དང་། ཆུ་སེར་དང་། རྔུལ་གྱི་དྲི་མ་དང་། ཁུ་ཆུ་


DKG010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཁྲིས་པ་དང་། བད་ཀན་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། མཆེར་པ་དང་། ལྒང་པ་དང་། མི་གཙང་བ་རྣམ་པ་མང་པོས་ཡོངས་སུ་གང་བ། སྲིན་བུའི་རིགས་སྟོང་ཕྲག་མང་པོའི་གནས། ཤིན་ཏུ་དྲི་ང་བའི་སྒོ་གཉིས་དང་ལྡན་པ། རུས་པའི་བུ་ག་དང་ཁུང་བུའི་ཕུག་དུ་མ་དང་ལྡན་པ། གཅིན་དང་། ཀླད་པ་དང་། ཀླད་རྒྱས་དང་། རྐང་གི་ཚོགས་ཀྱི་ལྗན་ལྗིན་ཅན་དུ་ཕོ་བའི་འོག་ལོང་ཀའི་སྟེང་ན་ཁ་ནི་སྒལ་ཚིགས་ལ་བལྟས། རྒྱབ་ནི་ལྟོའི་པགས་པ་ལ་བསྟན་ཏེ། ཟླ་བ་རེ་རེ་ཞིང་ཟླ་མཚན་འབྱུང་བས་ནི་བརྟ་མའི་ཟས་ཀྱི་རྣམ་པ་སོའི་ཕྲེང་བ་གཉིས་ཀྱིས་ཞིབ་མོར་བྱས་ཤིང་མིད་པར་མིད་པ། འོག་ནས་ཁའི་རྨའི་དྲི་མ་དང་། ཁ་ཆུས་བརླན་པ། སྟེང་ནས་ཀླད་རྒྱས་ཀྱིས་སྤགས་པ། སྐྱུགས་པ་དང་འདྲ་བའི་ཟས་ཀྱི་རོས་ཁོང་ན་ལྟེ་བའི་བུ་ག་ནས་འཇུག་པས་ནི་སྐྱེད་ཅིང་ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུས་པའི་ངོ་བོར་ཡོངས་སུ་འགྱུར་བར་འགྱུར་ཞིང་ལག་པ་དང་། རྐང་པ་དང་། འགྲམ་པ་ནི་ཤ་མའི་སྣོད་ཀྱིས་དཀྲིས་སྣམ་ཕྱི་ས་བཞིན་དུ་དྲི་ང་བ། མནམ་པ། མི་བཟད་པ། མུན་གནག་འགྲེད་པར་ནི་ཡན་མན་རྒྱུ། ཟས་ཀྱི་རོ་ཁ་བ་དང་། སྐྱུར་བ་དང་། རྩུབ་པ་དང་། ལན་ཚྭ་དང་། ཚ་བ་དང་། བསྐ་བ་མེ་སྟག་ལྟ་བུ་དག་གིས་ནི་རེག །སྲིན་གྲོལ་མ་བཞིན་མི་གཙང་བའི་ཁུ་བས་ནི་གསོ། མི་གཙང་བ་མྱགས་པ་རབ་ཏུ་འབར་བའི་འདམ་གྱི་ནང་དུ་ནི་སོང་། སྲོག་གི་དབང་པོ་ནི་མི་བརྟན། མའི་ལུས་ཀྱི་ནང་གི་མེས་ནི་ཀུན་ནས་གདུང་། ཀུན་ཏུ་གདུང་། ཡོངས་སུ་གདུང་། ཚ་ཀུན་ཏུ་ཚ། ཡོངས་སུ་ཚ། སྲེག་ཀུན་ཏུ་སྲེག །ཡོངས་སུ་སྲེག་ཅིང་། སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དེའི་མ་གཡོ་བ་དང་། ཀུན་ཏུ་གཡོ་བ་དང་། ཡོངས་སུ་གཡོ་བ་དང་། ཁུར་ལྕི་བ་ཁྱེར་རམ། ལུས་འཕྱང་བ་དེ་ལྟ་དེ་ལྟར་ཡང་དེ་བཅིང་བ་ལྔས་བཅིངས་པ་དང་། མེ་མ་མུར་གྱི་དོང་དུ་བཅུག་པ་ལྟ་བུར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་


DKG010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་དཔེ་བྱ་བར་དཀའ་བ་མྱོང་བར་འགྱུར་རོ། །དེ་དེ་ལྟར་མའི་མངལ་གྱི་གནས་ན་གནས་ཤིང་སྡུག་བསྔལ་གྱིས་ཉེན་པ་ན་དྲན་པ་ཉམས་པར་འགྱུར་རོ། །དེ་ལྟར་མའི་མངལ་ན་གནས་པ་རྣམས་ལ་ཡང་ཁ་ཅིག་ལ་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་མངལ་ལོག་པར་འགྱུར་ཞིང་མངལ་ན་གནས་པ་ལ་མི་བདེ་བར་འགྱུར་རོ། །མས་བཟའ་བ་དང་བཏུང་བ་མི་མཐུན་པ་ཧ་ཅང་གྲང་བའམ། ཧ་ཅང་དྲོ་བའམ་ཞེས་བྱ་བ་ནས་ཆགས་ཆེས་པའམ། སྒྱེལ་བའམ། བརྒྱབ་པར་གྱུར་ན་རྒྱུ་དེ་དག་གིས་དེའི་ལུས་ལ་གནོད་པར་འགྱུར་རོ། །ལུས་ལ་གནོད་ན་དེ་ལ་བརྟེན་པ་མངལ་ན་གནས་པ་ལ་ཡང་གནོད་པར་འགྱུར་རོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་དེ་ནས་ལོག་པར་འགྱུར་ཏེ། དེ་ནས་དེ་ཤེས་པའི་བུད་མེད་དམ། གཞོན་ནུ་གསོ་བ་ལ་མཁས་པས་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་ལག་པ་བྱུགས་པས་མནམས་ཤིང་ཆམ་དུ་འབེབས་པར་བྱེད་དོ། །དེ་དེར་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་བྱུགས་པའི་ལག་པས་ཆམ་དུ་འབེབས་པ་ན་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །དགའ་བོ་དཔེར་ན་རིགས་ཀྱི་བུ་ཤིན་ཏུ་གཞོན་ནུའི་རང་བཞིན་ཅན་གྱི་ལུས་ལ་སྤུ་གྲི་རྣོན་པོ། སྤུ་བྲེག་ཏུ་རུང་བས་ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ཅིང་། ལུས་རྩི་དྲག་པོས་ཀུན་ནས་བསྐུས་ན་ལུས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ། ། དགའ་བོ་དེ་བཞིན་དུ་མངལ་ན་གནས་པ་དེ་ལ་ཆུ་འཇམ་ཙམ་དང་། མར་དཀར་དང་། འབྲུ་མར་གྱིས་བསྐུས་པའི་ལག་པས་མནམས་ན་ལུས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ་འབྱུང་བར་འགྱུར་རོ། ། མངལ་གྱི་གནས་ན་གནས་པ་དེའི་ལུས་ལ་སྡུག་བསྔལ་གྱི་རེག་པ་ལས་བྱུང་བའི་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ། རྩུབ་པ་མི་བཟད་པ། ཡིད་དུ་མི་འོང་བ་དེ་དག་བྱུང་ན་དབང་པོ་རྟུལ་བའི་ཕྱིར་དྲན་པ་


DKG010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར་ཞིང་སེམས་ཉེ་བར་ཉམས་པར་འགྱུར་ཏེ། དེ་ལྟར་ན་དེ་ཤེས་བཞིན་དུ་མའི་མངལ་དུ་འཇུག་ཅིང་ཤེས་བཞིན་མ་ཡིན་པར་མའི་མངལ་ན་གནས་པ་ཡིན། ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་བ་ཡིན་ནོ། །དགའ་བོ་དེ་ལྟར་མའི་མངལ་དུ་འཇུག་པ་ཡང་སྡུག་བསྔལ་བ། མའི་མངལ་ན་གནས་པ་ཡང་སྡུག་བསྔལ་བ། མའི་མངལ་ནས་འབྱུང་བ་ཡང་སྡུག་བསྔལ་བ་ཡིན་ན། དགའ་བོ་དེ་ལ་འཁོར་བ་ན་སྲིད་པ་མངོན་པར་འདོད་པ་མའི་མངལ་གྱི་གནས་ན་གནས་པ་ལ་མནོག་ཅི་ཞིག་ཡོད། ཇི་ལྟར་ན་འདི་ཤེས་བཞིན་མ་ཡིན་པར་མའི་མངལ་དུ་འཇུག །ཤེས་བཞིན་མ་ཡིན་པར་མའི་མངལ་ན་གནས། ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་ཞེ་ན། འདི་ན་ལ་ལ་རང་བཞིན་ཁོ་ནས་ཚུལ་ཁྲིམས་འཆལ་པ་ཡིན་ཞིང་མི་དགེ་བའི་ཆོས་ཅན། མི་དགེ་བ་ལ་འདུན་པ། མི་དགེ་བ་ཀུན་ཏུ་སྤྱོད་པ། སྡོམ་པ་མ་ཡིན་པ་མང་བ། སོ་སོར་རྟོག་པ་མེད་པ་མང་བ། བག་མེད་པར་གནས་པ། ཡོ་བྱད་ཀུན་ཏུ་འཛིན་པ། སེར་སྣ་ཅན། འཇུངས་པ། བརྣབ་སེམས་ཅན། གནོད་སེམས་ཅན། ལོག་པར་ལྟ་བ། འགྱོད་པ་ཅན་ཡིན་ལ། འཆི་བའི་དུས་བྱེད་ན་མི་དགེ་བའི་ཆོས་དེ་དག་གིས་ཉེ་བར་བརྟན་པ་དེ་འཆི་ཀའི་སྡུག་བསྔལ་གྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། ཡིད་དུ་མི་འོང་བ། སྲོག་འཕྲོག་པར་བྱེད་པ་དེ་དག་གིས་རེག་ན། དྲན་པ་ཉམས་པར་འགྱུར་ཞིང་སེམས་ཉེ་བར་ཉམས་པར་འགྱུར་ཏེ། དེ་ན་སྡུག་བསྔལ་དུ་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་འདི་གང་ཡིན། འདི་ཇི་ལྟ་བུ་ཡིན། བདག་གང་ཡིན། གང་ནས་ཤི་འཕོས་གང་ནས་འོངས། གང་དུ་སྐྱེ་ཞེས་བྱ་བ་མི་ཤེས་ཏེ། དེ་ལྟར་ན་འདི་ཤེས་བཞིན་མ་ཡིན་པར་མའི་མངལ་དུ་འཇུག །ཤེས་བཞིན་མ་ཡིན་པར་མའི་མངལ་ན་གནས། ཤེས་བཞིན་མ་ཡིན་པར་མའི་མངལ་ནས་འབྱུང་བ་ཡིན་ནོ། །དགའ་བོ་དེ་ལྟར་ན་མའི་མངལ་དུ་འཇུག་པ་ཡང་སྡུག་བསྔལ་བ། མའི་མངལ་ན་གནས་པ་ཡང་སྡུག་བསྔལ་བ། མའི་མངལ་ནས་འབྱུང་བ་ཡང་སྡུག་བསྔལ་བ་ཡིན་ན་


DKG010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དེ་ལ་འཁོར་བ་ན་ཡང་སྲིད་པ་ལ་མངོན་པར་དགའ་བ་དེ་ལྟར་སྡུག་བསྔལ་དུ་མས་ཉེན་པ་ལ་མནོག་ཅི་ཞིག་ཡོད། དགའ་བོ་སྐྱེ་བ་དེ་ནི་དེ་ལྟར་སྡུག་བསྔལ་དུ་མས་གཙེས་པར་གྱུར་པ་ཡིན་ཡང་མི་ཉིད་ནི་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་རྙེད་པར་དཀའོ། །དགའ་བོ་ལྷ་དག་འཆི་འཕོ་བ་ན་ལྷ་གཞན་དག་ཀྱེ་བདེ་འགྲོའི་འཇིག་རྟེན་དུ་སོང་ལ་རབ་ཏུ་བརྟན་པར་སོ་སོར་གནོས་ཤིག་ཅེས་སྐུལ་བར་བྱེད་དོ། །དགའ་བོ་ལྷ་རྣམས་ཀྱི་བདེ་འགྲོའི་འཇིག་རྟེན་གང་ཞེ་ན། མིར་སྐྱེ་བ་ཡིན་ཏེ། དེ་ལྟར་ཤིན་ཏུ་རྙེད་པར་དཀའོ། །དེ་ལྟ་བས་ན་དལ་བ་ཕུན་སུམ་ཚོགས་པ་ཤིན་ཏུ་རྙེད་པར་དཀའོ། །སེམས་ཅན་དམྱལ་བ་རྣམས་ནི་གཅིག་ཏུ་སྡུག་བསྔལ་བ་དང་། གཅིག་ཏུ་དྲག་པ་དང་། གཅིག་ཏུ་རྩུབ་པ་དང་། གཅིག་ཏུ་མི་བཟད་པ་དང་། གཅིག་ཏུ་ཡིད་དུ་མི་འོང་བ་སྟེ། དགའ་བོ་དེ་ནི་སྡུག་བསྔལ་གྱི་དཔེ་ཡང་བྱ་བར་མི་ནུས་སོ། །ཡི་དགས་རྣམས་ནི་གནོད་སེམས་ཅན། སེམས་ཉོན་མོངས་པ་ཅན། སེམས་འཇམ་པ་མ་ཡིན་པ། གཡོ་དང་སྒྱུ་ཡོད་པ། རྩུབ་པ། འཚེ་བ། ལག་པ་ཁྲག་གིས་གཤེར་བ། ཡིད་དུ་མི་འོང་བ། སྒྲིབ་པ་ཅན། གཅེར་བུ། གཟུགས་མི་སྡུག་པ། འཇིགས་སུ་རུང་བ། བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་ཡིན་ནོ། །ལྷ་རྣམས་ནི་འཆི་འཕོ་བ་དང་། ལྟུང་བ་དང་། རྣམ་པར་འགྱུར་བ་དང་། སྡུག་པ་དང་འབྲལ་བའི་སྡུག་བསྔལ་དང་། མྱ་ངན་གྱི་ཆོས་ཅན་རྟག་ཏུ་འཇིགས་པ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་ནི་མཐའ་མེད་ན་དགའ་བོ་དེ་ན་དོན་སྤྱོད་པ་མ་ཡིན། བསོད་ནམས་སྤྱོད་པ་མ་ཡིན། ཆོས་སྤྱོད་པ་མ་ཡིན། དགེ་བ་སྤྱོད་པ་མ་ཡིན། དགེ་ལེགས་སྤྱོད་པ་མ་ཡིན་གྱི། གཅིག་ལ་གཅིག་ཟ་བར་བྱེད་པ་སྟེ། སེམས་ཅན་དེ་དག་ནི་ཇི་ལྟར་མཐུ་ཆུང་བ་ཟ་བར་བྱེད་པའོ། །དགའ་བོ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་ཅན་དག་ལ་གང་དག་མུན་པར་སྐྱེས་ཤིང་མུན་པར་རྒས། མུན་པར་འཆི་བའི་དུས་བྱེད་པ་དག་ཀྱང་ཡོད་དོ། །དེ་དག་ཀྱང་


DKG010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། འདི་ལྟ་སྟེ། སྦུར་བ་དང་། ཕྱེ་མ་ལེབ་དང་། སྦྲང་བུ་མཆུ་རིངས་དང་། ཟས་སུ་ཏིལ་གྱི་ཕུབ་མ་ཟ་བ་དང་། སྲིན་བུ་མ་བུ་ཀ་དང་། སྲིན་བུ་ཏྲཻ་ལ་ཏ་དང་། གཞན་ཡང་སེམས་ཅན་མུན་པར་སྐྱེས་ཤིང་མུན་པར་རྒས། མུན་པར་འཆི་བའི་དུས་བྱེད་པ་གང་དག་ཡིན་པའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། སྔོན་རོ་ལ་ལྷག་པར་ཆགས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས་སེམས་ཅན་དེ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། སེམས་ཅན་དེ་དག་ནི་མུན་པར་སྐྱེས་ཤིང་མུན་པར་རྒས་མུན་པར་འཆི་བའི་དུས་བྱེད་པར་འགྱུར་རོ། །དགའ་བོ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་ཅན་དག་ལ་གང་དག་ལུས་ལས་སྐྱེ་ཞིང་ལུས་ལ་རྒས། ལུས་ལ་འཆི་བའི་དུས་བྱེད་པ་དག་ཀྱང་ཡོད་དོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲོ་མ་དང་། ཤིག་དང་སྲིན་བུ་གཡོན་ཅན་དང་། འབུ་དང་། གཞན་ཡང་སེམས་ཅན་ལུས་ལས་སྐྱེས་ཤིང་ལུས་ལ་རྒས། ལུས་ལ་འཆི་བའི་དུས་བྱེད་པ་གང་དག་ཡིན་པའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་སྔོན་རོའི་རྗེས་སུ་ཆགས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས་སེམས་ཅན་དེ་ལྟ་བུ་དག་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། སེམས་ཅན་དེ་དག་ནི་ལུས་ལས་སྐྱེ་ཞིང་ལུས་ལ་རྒས། ལུས་ལ་འཆི་བའི་དུས་བྱེད་པར་འགྱུར་རོ། །དགའ་བོ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་ཅན་དག་ལ་གང་དག་ཆུར་སྐྱེས་ཤིང་ཆུར་རྒས། ཆུར་འཆི་བའི་དུས་བྱེད་པ་དག་ཀྱང་ཡོད་དོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཉ་དང་རུ་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་པ་གསོད་དང་། སྲོག་ཆགས་བ་ལུ་ཀ་དང་། གཞན་ཡང་སེམས་ཅན་ཆུར་སྐྱེས་ཤིང་ཆུར་རྒས། ཆུར་འཆི་བའི་དུས་བྱེད་པ་གང་དག་ཡིན་པའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་སྔོན་རོའི་རྗེས་སུ་ཆགས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང་ངག་དང་ཡིད་ཀྱིས་


DKG010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པར་སྤྱོད་པ་སྤྱད་ནས་སེམས་ཅན་དེ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། སེམས་ཅན་དེ་དག་ནི་ཆུར་སྐྱེས་ཤིང་ཆུར་རྒས། ཆུར་འཆི་བའི་དུས་བྱེད་དོ། །དགའ་བོ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་ཅན་དག་ལ་གང་དག་བཤང་བ་དང་གཅི་བའི་དྲི་ཚོར་ནས་འདི་བཟའོ་འདི་བཏུང་ངོ་སྙམ་ཞིང་དེར་རྒྱུག །ཀུན་ཏུ་རྒྱུག་པ་དག་ཀྱང་ཡོད་དོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ར་དང་ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། ཝ་དང་། བྱ་རོག་དང་། ཆུན་ལག་དང་། སྦྲང་བུ་དང་། གཞན་ཡང་སེམས་ཅན་བཤང་བ་དང་། གཅི་བའི་དྲི་ཚོར་ནས་འདི་བཟའོ་འདི་བཏུང་ངོ་སྙམ་ཞིང་དེར་རྒྱུག །ཀུན་ཏུ་རྒྱུག་པ་གང་དག་ཡིན་པའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། སྔོན་དྲིའི་རྗེས་སུ་ཆགས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་ཅིང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས་སེམས་ཅན་དེ་དེ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། སེམས་ཅན་དེ་དག་ནི་བཤང་བ་དང་གཅི་བའི་དྲི་ཚོར་ནས་འདི་བཟའོ་འདི་བཏུང་ངོ་སྙམ་ཞིང་རྒྱུག །ཀུན་ཏུ་རྒྱུག་པར་འགྱུར་རོ། །དགའ་བོ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་ཅན་དག་ལ་གང་དག་རྩྭ་སྐམ་པོ་དང་། གཤེར་བ་ལྕེའི་རྩེ་མོས་བསྡུས་ནས་སོའི་སྐམ་པས་བཅད་དེ་ཟ་བ་དག་ཀྱང་ཡོད་དོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། རི་དགས་དང་། མ་ཧེ་དང་། ཕག་རྒོད་དང་། གཞན་ཡང་སེམས་ཅན་རྩྭ་སྐམ་པོ་དང་། གཤེར་བ་ལྕེའི་རྩེ་མོས་བསྡུས་ནས་སོའི་སྐམ་པས་བཅད་དེ་ཟ་བ་གང་དག་ཡིན་པའོ། །དགའ་བོ་འཁོར་བ་ནི་བཟང་རླག་པ་ཤིན་ཏུ་བཟང་རླག་པ་སྟེ། འདི་ཐམས་ཅད་ནི་འབར། ཀུན་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་ཡིན་ནོ། །དགའ་བོ་གཞན་ཡང་ཐམས་ཅད་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་རྣམས་དང་། སྒྲ་དང་དྲི་དང་། རོ་དང་།


DKG010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་དང་། ཆོས་རྣམས་སོ། །དགའ་བོ་དེ་ཐམས་ཅད་གང་གིས་ཀུན་ཏུ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་ཡིན་ཞེ་ན། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེས་ཀྱང་ཀུན་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་ཡིན། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱིས་ཀྱང་ཀུན་ཏུ་འབར་སྡུག་བསྔལ་གྱིས་ཀྱང་ཀུན་ཏུ་འབར་རོ་ཞེས་བཤད་དོ། །དགའ་བོ་ལེ་ལོ་ཅན་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པ་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཅན། ཚེ་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་དག་དང་། འདྲེས་པ་ཅན་ནི་སྡུག་བསྔལ་བར་གནས་སོ། །དགའ་བོ་བརྩོན་འགྲུས་བརྩམས་པ། མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་ཅན། ཕ་རོལ་གནོན་པ་བརྟན་པ། ནེམ་ནུར་མེད་པ། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་བཏང་བ་ནི་བདེ་བར་གནས་སོ། །དགའ་བོ་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། པགས་པ་དང་། ཆུ་རྒྱུས་དང་། རུས་པ་ཙམ་ལུས་ཀྱང་རུང་། ལུས་ལས་ཤ་དང་ཁྲག་དག་སྐམས་ཀྱང་བླ་འོན་ཀྱང་ཀྱེ་མ་བརྩོན་འགྲུས་བརྩམས་པ་མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་ཅན། ཕ་རོལ་གནོན་པ། བརྟན་པ། ནེམ་ནུར་མེད་པ། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་བཏང་བས་ཐོབ་པར་བྱ་བ་གང་ཡིན་པ་དེ་མ་ཐོབ་པར་བར་སྐབས་སུ་བརྩོན་འགྲུས་དོར་བར་མི་བྱའོ་ཞེས་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགའ་བོ་ང་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པར་མི་བྱེད་དེ། འཇིག་རྟེན་ཉིད་ང་དང་ལྷན་ཅིག་རྩོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་སྨྲ་བ་ནི་སུ་ཡང་འགའ་དང་ཡང་ལྷན་ཅིག་རྩོད་པར་མི་བྱེད་དེ། ངའོ་ཞེས་རྩོད་པར་མི་བྱེད། ལྟ་བ་རྟོག་པའི་བཟོད་པས་མ་ཡིན།


DKG010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ཡོད་པའི་གཟུགས་ཀྱིས་མ་ཡིན་གྱི། ང་ནི་བདག་གིས་ཇི་ཙམ་མཐོང་བ་དང་། རིག་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་སུམ་དུ་བྱས་པ་དེ་ཁོ་ན་སྨྲའོ། །དགའ་བོ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་གཞན་དུ་འགྱུར་བའི་ཚིག་གང་ཡིན་པ་དེ་གསུང་ངམ། བཙུན་པ་མ་ལགས་སོ། །དགའ་བོ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་གཞན་དུ་འགྱུར་བའི་ཚིག་གང་ཡིན་པ་དེ་གསུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། དགའ་བོ་དེ་བཞིན་གཤེགས་པ་ནི་ཡང་དག་པ་གསུང་བ། བདེན་པ་གསུང་བ། ཆོས་གསུང་བ། དེ་ཁོ་ན་ཉིད་གསུང་བ། ཕྱིན་ཅི་མ་ལོག་པར་གསུང་བའོ། །དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འཇིག་རྟེན་ལ་ཕན་པ་བཞེད་པ། བདེ་བ་བཞེད་པ། གྲུབ་པ་དང་བདེ་བ་བཞེད་པ། ལམ་མཁྱེན་པ། ལམ་གྲུབ་པ། ལམ་སྟོན་པ། ལམ་བརྗོད་པ། ལམ་ཡོངས་སུ་འདྲེན་པའོ། །དེ་བཞིན་གཤེགས་པ་ནི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དགའ་བོ་འཇིག་རྟེན་ནི་དད་པ་མེད་པ། དབང་པོས་འཁོལ་བ། འཕྲལ་གང་དུ་ལྟ་བ། ལག་ཏུ་འོངས་པ་མཐོང་བ། འགོད་པ་ཆེ་བ། བསགས་པ་ཉུང་བ་སྟེ། སླ་བ་མི་བྱེད་ཀྱི་དཀའ་བས་བདག་ཉིད་ཀུན་ཏུ་རྩོལ་བར་བྱེད་དོ། །དགའ་བོ་ལུང་ཡང་མི་དགོས། ཤེས་རབ་ཀྱང་མི་དགོས། ཁྱོད་ཀྱིས་ཤའི་མིག་གིས་ཇི་ཙམ་མཐོང་བ་དེ་ཁོ་ན་ལ་ཡང་དག་པར་རྟོགས་ཤིག་དང་། ཇི་ལྟར་མཐོང་བ་ལ་ཡང་དག་པར་བརྟགས་པ་ཉིད་ཀྱིས་ཐར་བར་འགྱུར་རོ། །དགའ་བོ་ཁྱོད་ང་ལ་དད་པས་མ་འགྲོ། །དགའ་བས་མ་འགྲོ། རྗེས་སུ་ཐོས་པས་མ་འགྲོ། རྣམ་པ་ལ་རྟོག་པས་མ་འགྲོ། དགེ་སྦྱོང་དུ་ལྟ་བས་མ་འགྲོ། དགེ་སྦྱོང་གི་ལྟ་བ་རྟོག་པ་བཟོད་པས་མ་འགྲོ། དགེ་སྦྱོང་ལ་གུས་པས་


DKG010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ། བདག་གི་བླ་མ་དགེ་སྦྱོང་གཽ་ཏ་མའོ་ཞེས་མ་འགྲོ་ཤིག །དགའ་བོ་འོན་ཀྱང་གཅིག་པུ་ལྐོག་ཏུ་སོང་ལ་ངས་ཆོས་གང་དག་ཉིད་ཀྱི་མངོན་པར་མཁྱེན་པས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་སོམས་ཤིག །གཞོལ་ཅིག །ཉེ་བར་རྟོགས་ཤིག །ལན་མང་དུ་གྱིས་ཤིག་དང་། ཆོས་གང་དང་གང་མངོན་སུམ་དུ་བྱས་པའི་ཆོས་དེ་དང་དེ་རྫོགས་པར་བྱས་ན་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་ཅན་དང་། ཆོས་གླིང་དང་། ཆོས་སྐྱབས་ཅན་དང་། གཞན་མ་ཡིན་པ་གླིང་དང་། གཞན་མ་ཡིན་པ་སྐྱབས་ཅན་དུ་གནས་སོ། །དགའ་བོ་ཇི་ལྟར་ན་དགེ་སློང་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་ཅན་དང་། ཆོས་གླིང་དང་། ཆོས་སྐྱབས་ཅན་དང་། གཞན་མ་ཡིན་པ་གླིང་དང་། གཞན་མ་ཡིན་པ་སྐྱབས་ཅན་དུ་གནས་ཤེ་ན། དགའ་བོ་འདི་ན་དགེ་སློང་རྟུན་པ་དང་ལྡན་པ། དྲན་པ་དང་ཤེས་བཞིན་ཅན། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་སྤངས་ནས་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས། ཕྱི་དང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས། ལུས་ལ་ཀུན་འབྱུང་བའི་ཆོས་སུ་རྗེས་སུ་ལྟ་ཞིང་གནས། ལུས་ལ་ཀུན་འབྱུང་བ་ལ་ཟད་པའི་ཆོས་སུ་ལྟ་ཞིང་གནས། ལུས་ཡོད་དོ་ཞེས་དེའི་དྲན་པ་འདི་ལྟ་སྟེ། ཤེས་པ་ཙམ་དང་། མཐོང་བ་ཙམ་དང་། སོ་སོར་དྲན་པ་ཙམ་དུ་ལེགས་པར་གནས་ཤིང་མི་རྟེན་པར་གནས་ལ། འཇིག་རྟེན་ན་ཆུང་ཟད་ཀྱང་ལེན་པར་མི་བྱེད་དོ། །དགའ་བོ་དེ་བཞིན་དུ་དགེ་སློང་རྟུན་པ་དང་ལྡན་པ། དྲན་པ་དང་ཤེས་བཞིན་ཅན། འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་སྤངས་ནས། ནང་གི་ལུས་ལ་ཡང་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས། ཕྱི་དང་ནང་གི་ལུས་ལ་ཡང་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས། ནང་གི་ཚོར་བ་དག་དང་། ཕྱིའི་ཚོར་བ་དག་དང་། ཕྱི་དང་ནང་གི་ཚོར་བ་དག་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས། ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་དང་ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས།


DKG010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ཕྱི་དང་ནང་གི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས། ཆོས་རྣམས་ལ་ཀུན་འབྱུང་བའི་ཆོས་སུ་རྗེས་སུ་ལྟ་ཞིང་གནས། ཆོས་རྣམས་ལ་ཀུན་འབྱུང་བ་ལ་ཟད་པར་རྗེས་སུ་ལྟ་ཞིང་གནས། ཆོས་རྣམས་ཡོད་དོ་ཞེས་དེའི་དྲན་པ་འདི་ལྟ་སྟེ། ཤེས་པ་ཙམ་དང་། མཐོང་བ་ཙམ་དང་། སོ་སོར་དྲན་པ་ཙམ་དུ་ལེགས་པར་གནས་ཤིང་མི་རྟེན་པར་གནས་ལ། འཇིག་རྟེན་ན་ཅུང་ཟད་ཀྱང་ཉེ་བར་ལེན་པར་མི་བྱེད་དེ། དགའ་བོ་དེ་ལྟར་ན་དགེ་སློང་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་ཅན་དང་། ཆོས་གླིང་དང་། ཆོས་སྐྱབས་ཅན་དང་། གཞན་མ་ཡིན་པ་གླིང་དང་། གཞན་མ་ཡིན་པ་སྐྱབས་ཅན་དུ་གནས་པ་ཡིན་ནོ། །དགའ་བོ་ཚུར་སྐྱེས་བུ་གཡོ་མེད་པ། སྒྱུ་མེད་པ། དྲང་པོ། བརྟན་པའི་རང་བཞིན་ཅན་དེ་ནི་ངས་ནང་བཏམས་ན། ནུབ་ཀུན་ཤེས་པ་ལུང་སྟོན་པར་འགྱུར། ནུབ་བཏམས་ན་ནང་ཀུན་ཤེས་པ་ལུང་སྟོན་པར་འགྱུར་རོ། །དགའ་བོ་ངའི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ཡིན་ནོ། །གསུང་རབ་འདི་ནི་འདི་ལྟ་སྟེ། སྟོན་པ་ཡང་མངོན་སུམ་དུ་གྱུར། དམ་པའི་ཆོས་ཉེ་བར་གཏོད་པ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ། བདེ་བར་གཤེགས་པས་ཐུགས་སུ་ཆུད་པ་ཡང་སྟོན་པས་སྙིང་པོ་བཏུང་བར་བྱ་བ་ཡིན་ནོ། །དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་རང་གི་དོན་དང་། གཞན་གྱི་དོན་དང་། གཉི་གའི་དོན་ལ་ལྟ་ཞིང་སོ་སོར་ཡང་དག་པར་བསླབ་པར་བྱ་སྟེ། ཅི་ནས་ཀྱང་བདག་རབ་ཏུ་བྱུང་ནས་དོན་ཡོད་པ་དང་། འབྲས་བུ་དང་བཅས་པ་དང་། རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། གང་དག་གི་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་གྱི་ཡོ་བྱད་སྨན་དག་ཡོངས་སུ་སྤྱད་པ། དེ་དག་གི་བྱ་བ་བྱས་པ་དེ་དག་ཀྱང་ཅི་ནས་ཀྱང་ཤིན་ཏུ་འབྲས་བུ་ཆེ་བ་དང་། ཤིན་ཏུ་ཕན་ཡོན་ཆེ་བ་དང་།


DKG010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཟི་བརྗིད་ཆེ་བ་དང་། རྒྱ་ཆེན་པོར་འགྱུར་བ་དེ་ལྟར་དགའ་བོ་ཁྱོད་ཀྱིས་བསླབ་པར་བྱའོ། །གང་ལ་དགའ་བ་དང་། གང་ལ་མངོན་པར་དགའ་བའི་གཟུགས་དེ་ལ་རྣམ་པར་འགྱུར་བ་དང་། གཞན་དུ་འགྱུར་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་མི་འགྱུར་བའི་གཟུགས་ནི་ངས་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དགའ་བོ་དེ་ཇི་སྙམ་དུ་སེམས། གཟུགས་རྟག་གམ་མི་རྟག །བཙུན་པ་མི་རྟག་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ་སྡུག་བསྔལ་བ་མ་ཡིན། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་ཏེ། གང་མི་རྟག་པ་ནི་སྡུག་བསྔལ་བར་འགྱུར་བའི་ཆོས་ཅན་ལགས་སོ། །དེ་ཇི་ག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གིའོ། །འདི་ནི་བདག་གོ །དེ་ནི་བདག་གི་བདག་གོ་ཞེས་བདག་གིར་ཁས་ལེན་ཏམ། བཙུན་པ་མ་ལགས་སོ། །དགའ་བོ་དེ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་གམ་མི་རྟག །བཙུན་པ་མི་རྟག་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། སྡུག་བསྔལ་བ་མ་ཡིན། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་ཏེ། གང་མི་རྟག་པ་ནི་སྡུག་བསྔལ་བར་འགྱུར་བའི་ཆོས་ཅན་ལགས་སོ། །དེ་ཇི་ག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གིའོ། །འདི་ནི་བདག་གོ །འདི་ནི་བདག་གི་བདག་གོ་ཞེས་བདག་ཏུ་ཁས་ལེན་ཏམ། བཙུན་པ་མ་ལགས་སོ། །དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་གཟུགས་གང་ཡིན་པ་ཅི་ཡང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བ་གང་ཡིན་པའམ། ཉེ་བ་གང་ཡིན་པ་དེ་དག་ཐམས་ཅད་ལ། འདི་ནི་བདག་གི་མ་ཡིན། འདི་ནི་བདག་མ་ཡིན། འདི་ནི་བདག་གི་བདག་མ་ཡིན་ནོ། །ཞེས་དེ་


DKG010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་ཞིང་། ཚོར་བ་གང་ཡིན་པ་ཅི་ཡང་རུང་བ་དང་། འདུ་ཤེས་གང་ཡིན་པ་ཅི་ཡང་རུང་བ་དང་། འདུ་བྱེད་གང་ཡིན་པ་ཅི་ཡང་རུང་བ་དང་། རྣམ་པར་ཤེས་པ་གང་ཡིན་པ་ཅི་ཡང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བ་གང་ཡིན་པའམ། ཉེ་བ་གང་ཡིན་པ་དེ་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན། འདི་ནི་བདག་མ་ཡིན། དེ་ནི་བདག་གི་བདག་མ་ཡིན་ནོ། །ཞེས་དེ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་ལྟ་བ་ན་གཟུགས་ལས་ཀྱང་ཡིད་འབྱུང་བར་འགྱུར་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཀྱང་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་འབྲལ་ལོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་ལོ། །རྣམ་པར་གྲོལ་ན་བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་མཐོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་དགའ་བོ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་དག་ལས་སེམས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །དགའ་བོ་མཉམ་གཞག་མིན་སེམས་ལ། ཕུང་པོ་ཐམས་ཅད་ཟད་པ་དང་། །ཡེ་ཤེས་དག་པ་སྐྱེ་མི་འགྱུར། །དེ་ལྟས་བརྩོན་པ་ལྷུར་བླང་བྱ། །ཕུང་པོ་སྐྱེ་ཞིང་འཇིག་པ་དག །ཡང་དང་ཡང་དུ་སོ་སོར་བརྟག །དག་པ་ཡང་དག་སྐྱེས་པ་ལ། །ལྷ་རྣམས་ཐམས་ཅད་དགའ་བར་འགྱུར། །སྡུག་དང་གྲོགས་དང་འགྲོགས་པ་དང་། །


DKG010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་ཞིང་རིམ་གྲོ་བྱེད་པ་དང་། །རྙེད་དང་བཀུར་སྟི་ཚིགས་སུ་བཅད། །གང་དེ་དགའ་བོ་ཡོངས་སྤང་གྱིས། །ཁྱིམ་གནས་དེ་བཞིན་ཁྱིམ་པ་མིན། །གཉི་ག་དང་ནི་མི་འདྲེ་ན། །སྡུག་བསྔལ་གྱི་ནི་མཐར་བྱེད་ཁྱོད། །དེ་ལྟ་ན་ནི་མཐར་ཕྱིན་འགྱུར། །དང་པོ་ནུར་ནུར་པོར་འགྱུར་ཏེ། །དེ་ནས་མེར་མེར་པོར་འགྱུར་རོ། །མེར་མེར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་ཡན་ལག་ནི། །བཞི་དང་མགོ་ཡང་སྐྱེ་འགྱུར་ཞིང་། །ལས་ཀྱི་རྒྱུ་ལས་བྱུང་བ་ཡི། །རུས་ཚིགས་སྣ་ཚོགས་སྐྱེ་བར་འགྱུར། །མགོ་ཡི་ཐོད་པའི་དགུ་དང་ནི། །འགྲམ་པ་ཡི་ནི་རུས་པ་གཉིས། །སོ་ནི་སུམ་བཅུ་རྩ་གཉིས་དང་། །སོ་ཡི་རྩ་བ་སུམ་བཅུ་གཉིས། །མགྲིན་པ་དང་ནི་རྣ་བའི་དྲུང་། །སྣ་དང་དཀན་ནི་གོང་མ་དང་། །སྙིང་ག་ལྐོག་མ་མེད་པ་ཡི། །རུས་པ་དག་ནི་ཉི་ཤུར་འགྱུར། །མིག་གི་རུས་པ་བཞི་དང་ནི། །ཐལ་གོང་གི་ཡང་རུས་པ་བཞི། །དཔུང་པ་གཡས་དང་གཡོན་དག་གི། །རུས་པ་དག་ནི་ལྔ་བཅུ་ཡོད། །བྲང་གི་རུས་པ་བརྒྱད་ཡིན་ཏེ། །དེ་ལ་སྒལ་ཚིགས་སུམ་བཅུ་གཉིས། །རྒྱབ་ཀྱི་རྩིབ་མའི་རུས་པ་ནི། །རུས་པ་དག་ནི་སུམ་བཅུའོ། །ངོས་གཉིས་རྩིབ་ལོགས་གཡས་པ་ན། །རྩིབ་རུས་བཅུ་གསུམ་ལྡན་པ་སྟེ། །དེ་བཞིན་རྩིབ་ལོགས་གཡོན་པ་ན། །གཞན་ཡང་བཅུ་དང་གསུམ་ཡོད་དོ། །དེ་དག་ཉི་ཤུ་རྩ་དྲུག་སྟེ། །ཚིགས་གསུམ་པ་ནི་གསུམ་གསུམ་དང་། །ཚིགས་གཉིས་པ་ནི་གཉིས་དང་ལྡན། །ལྷག་མ་རྣམས་ནི་ཚིགས་མེད་དོ། །བརླ་ནི་གཡས་དང་གཡོན་དག་ལ། །རུས་པ་དག་ནི་བཅྭ་ལྔ་ཡོད། །ལུས་འདི་དག་ལ་རུས་པ་ནི། །བརྒྱ་དང་ལྔ་དང་གསུམ་ཡོད་པར། །རྫོགས་པའི་སངས་རྒྱས་རབ་མཁྱེན་པ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །འོག་ཏུ་རྐང་པའི་མཐིལ་ནས་ནི། །གོང་དུ་ཀླད་པའི་བར་གྱི་ལུས། །གང་དག་གིས་ནི་ཉེར་བརྟེན་པ། །འདམ་བུའི་ཁྱིམ་བཞིན་ཉམ་ཆུང་ངོ་། །གཟེར་གྱི་གཟུངས་ཀྱིས་མ་ཟིན་པ། །ཤ་དང་ཁྲག་གིས་


DKG010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་པ་སྟེ། །སྒྱུ་མ་མཁན་གྱི་སྲད་བུ་ཡིས། །ཤིང་གི་འཁྲུལ་འཁོར་སྦྲེལ་བ་ལྟར། །དེ་བཞིན་དུ་ནི་ལུས་འདི་ཡང་། །ཆུ་རྒྱུས་དག་གིས་བྲེང་གིས་སྦྲེལ། །པགས་པ་རློན་པས་སོ་སོར་གཡོགས། ། སྒོ་དགུའི་རྨ་ནི་ཆེན་པོར་ལྡན། །མི་གཙང་རུལ་པའི་དྲི་མནམ་པ། །ཀུན་ནས་རབ་ཏུ་འཛག་པར་འགྱུར། །ཇི་ལྟར་འབྲུ་ནི་སྣ་ཚོགས་ཀྱིས། །སྤྱད་ནི་བཀང་བར་གྱུར་པ་ལྟར། །དེ་བཞིན་དུ་ནི་ལུས་འདི་ཡང་། །སྣ་ཚོགས་རུལ་པའི་འབྱུང་གནས་ཡིན། །རུས་པའི་འཁྲུལ་འཁོར་འདི་འདྲ་བའི། །ལུས་ནི་རུལ་པ་སྙིང་པོ་མེད། །འདི་ལ་བྱིས་པ་བག་མེད་དེ། །ཆགས་སུ་མེད་པར་ཤེས་པར་གྱིས། །རྔུལ་དང་མཆིལ་མ་སྣབས་དག་དང་། །བད་ཀན་རྣག་དང་ཁྲག་རྣམས་དང་། །མཆིན་པ་མཁྲིས་པ་ཞག་དང་ནི། །ཟག་པ་ཀླད་པ་ཀླད་རྒྱས་དང་། །སྙིང་དང་སུལ་མངས་མཁལ་མ་དང་། །མི་གཙང་གློ་བ་ལྒང་པ་དང་། །ཚིལ་དང་སྤུ་དང་མཆེར་པ་དང་། །རྒྱུ་མ་དང་ནི་གཉེ་མ་སྟེ། །འདི་ནི་རུལ་པ་སྣ་ཚོགས་པ། །འདི་འདྲ་བ་ཡི་འབྱུང་ཁུང་ཡིན། །སྡིག་ལུས་འཇིགས་པ་ཆེན་པོ་སྟེ། །དགྲ་དང་འདྲ་བར་ཤེས་པར་བྱ། །གྲོང་ཁྱེར་རྙིང་པ་ཅི་བཞིན་དུ། །རུལ་པའི་ལུས་ནི་ཉམ་ཆུང་ངོ་། །འདུས་བྱས་ཉིན་དང་མཚན་དུ་ཡང་། །རྣམ་པར་འཇིག་ཅིང་རབ་ཏུ་འཇིག །གྲོང་ཁྱེར་རུས་པའི་རྩིག་པ་ཅན། །ཤ་དང་ཁྲག་གིས་ཞལ་ཞལ་བྱུགས། །དེ་ལ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་དང་ནི་འཆབ་པ་སྐྱེ། །གྲོང་ཁྱེར་རྩིག་པའི་རུས་པ་ཅན། །ཤ་དང་ཁྲག་གིས་བྱུགས་པ་དག །ཕྱི་དང་ནང་བཅས་རྟག་ཏུ་ཡང་། །མི་མཛའ་བ་ཡིས་མངོན་པར་གཙེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་དགའ་བོ་དང་། །དགེ་སློང་ལྔ་བརྒྱ་པོ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་མངལ་དུ་འཇུག་པའི་མདོས་བཏམས་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་


DKG010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཞག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་དགེ་སློང་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་དགའ་བོ་འདི་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་དགྲ་བཅོམ་པ་ཉིད་ཐོབ་སྟེ་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བསྲོ་གང་གི་ནི་ཁྲུས་དག་དང་། །ཟས་དང་སྣུམ་བསྐུ་བྱུག་པ་དང་། །གདུགས་ཀྱིས་དགབ་པ་བྱས་པ་ཡི། །བདེ་བ་མང་པོ་ཉམས་སུ་མྱོང་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་དགའ་བོས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་འདིའི་ལུས་ཀྱི་མདོག་གསེར་གྱི་ཁ་དོག་ལྟ་བུར་གྲུབ་ཅིང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུས་ནི་བརྒྱན། བཅོམ་ལྡན་འདས་པས་ནི་སོར་བཞིས་ཐུང་ལ། འདོད་པ་དག་ལ་ལྷག་པར་ཆགས་པ་ལས་བཅོམ་ལྡན་འདས་ཀྱིས་ནན་གྱིས་ཕྲལ་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ། ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགའ་བོ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དབའ་རྒལ་བཞིན་ཉེ་བར་གནས་པ། ངེས་པར་གྱུར་པ་ཡིན་ཏེ། དགའ་བོ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་


DKG010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་རྣམ་པར་གཟིགས་ཞེས་བྱ་བ་མིའི་འཇིག་རྟེན་དུ་བྱུང་སྟེ། དེ་འཁོར་དགེ་སློང་འབུམ་ཕྲག་དྲུག་བཅུ་རྩ་གཉིས་དང་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བྱོན་ནས་གཉེན་ལྡན་གྱི་ཚལ་ན་བཞུགས་སོ། །དེའི་གཡས་ཁྱིམ་གྱི་གཅུང་འདོད་པ་དག་ལ་ཤིན་ཏུ་ཆགས་པར་གྱུར་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ནན་གྱིས་ཕྲལ་ནས་འཁོར་བའི་བཙོན་ར་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་གོ །དེའི་ཚེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ། འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། འཁྲུག་ལོང་ཞི་བ་ཆོམ་རྐུན་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། ཆོས་ཀྱི་རྒྱལ་པོ་ཆོས་དང་མཐུན་པས་ཆོས་བཞིན་དུ་བྱེད་དུ་འཇུག་གོ །དེའི་གཡས་ཁྱིམ་གྱི་ནུ་བོ་ནི་འདོད་པ་རྣམས་ལ་ཤིན་ཏུ་ཆགས་པར་གྱུར་ཏོ། །རྒྱལ་པོ་གཉེན་ལྡན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་འཁོར་དགེ་སློང་འབུམ་ཕྲག་དྲུག་བཅུ་རྩ་གཉིས་དང་འདིར་བྱོན་ནས་འདི་ཉིད་ན་གཉེན་ལྡན་གྱི་ཚལ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་གྱི་མི་དང་བཅས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེར་སོང་ངོ་། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་གང་ཞིག་ཐོས་ནས་རྒྱལ་པོ་གཉེན་ལྡན་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་


DKG010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། གྲོང་ཁྱེར་གྱི་མི་དང་བཅས་ཏེ། ཁྱད་པར་ཆེན་པོ་ཐོབ་པ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེའི་གཡས་ཁྱིམ་གྱི་ནུ་བོ་ནི་འདོད་པ་ལ་ལྷག་པར་ཆགས་པ་དང་ལྡན་པས་ཁྱིམ་ནས་མ་བྱུང་བ་དང་། དེ་ལ་བློན་པོའི་བུ་དང་། མདུན་ན་འདོན་གྱི་བུ་དང་། གཞན་ཡང་ཆུང་པོ་གྲོགས་རྣམས་ཀྱིས་དོང་སྟེ་སྨྲས་པ། གྲོགས་པོ་རྒྱལ་པོ་ནི་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་བཅས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་བལྟ་བའི་ཕྱིར་གཤེགས་ན། ཁྱོད་ལྟ་བུ་མི་ཉིད་རྙེད་དཀའ་ཞིང་ཤིན་ཏུ་རྙེད་དཀའ་བ་ཐོབ་ནས་འདོད་པ་རྣམས་ལ་ཤིན་ཏུ་ཆགས་ནས་ཁྱིམ་ནས་མ་བྱུང་ངོ་། །དེ་དེ་དག་གིས་བཏམས་པ་དང་། སྙིང་ལ་ངོ་ཚ་བར་གྱུར་ནས་དེ་དག་འགྲོགས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེར་སོང་ངོ་། །ཇི་ཙམ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་གཅུང་གིས་དེ་རྣམས་ཀྱིས་བཞིན་བཏབ་ནས་ཁྲིད་པ་མཐོང་སྟེ། དེས་དྲིས་པ། ཅིའི་ཕྱིར་འདི་དེ་ལྟར་བཞིན་བཏབ་ནས་ཁྲིད། དེ་དག་གིས་ཇི་ལྟར་གྱུར་པ་དེ་ལ་རྒྱས་པར་བསྙད་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་གཅུང་ཡིན་ཏེ། དེ་ཁོ་ན་བཞིན་དུ་འདོད་པ་རྣམས་ལ་ལྷག་པར་ཆགས་པར་གྱུར་པ་ལས། ང་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ནན་གྱིས་ཕྲལ་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཕྱིན་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་གོ །དེ་ལྟ་བས་ན་སྐྱེས་བུ་གཏི་མུག་ཁ་ཅིག་ནི་དེ་ལྟར་བྱ་དགོས་པས་ཁྱེད་ཀྱིས་འདི་ཁྲིད་དེ་འོངས་པ་གང་ཡིན་པ་ནི་ལེགས་པ་བྱས་ཀྱིས། དེང་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་ཅིག་དང་། འདི་གདོན་མི་ཟ་བར་བཅོམ་ལྡན་འདས་ལ་དད་པ་རྙེད་པར་འགྱུར་རོ། །ཇི་ཙམ་ན་དེ་དག་གིས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྱན་སྔར་ཁྲིད་པ་དང་། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་


DKG010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཟིགས་ཀྱིས་དེ་ལྟ་བུའི་ཆོས་བཤད་དོ། །དེས་དེ་ཐོས་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་དད་པ་རྙེད་པ་དང་ལྡན་ཏེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་བདག་གི་སྡུམ་པར་ཁྲུས་ཁང་གི་ཁྲུས་མཛད་པར་ཅི་གནང་། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཤད་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རངས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྟན་ལས་ལངས་ནས་སོང་སྟེ་རྒྱལ་པོ་གཉེན་ལྡན་ག་ལ་བ་དེར་སོང་ངོ་། །སོང་ནས་རྒྱལ་པོ་གཉེན་ལྡན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་རྒྱལ་པོ་གཉེན་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་བདག་གི་སྡུམ་པར་ཁྲུས་ཁང་གི་ཁྲུས་མཛད་པར་སྤྱན་དྲང་བ་ལས་དེས་ཅང་མི་གསུང་བས་གནང་སྟེ། དེ་ནི་བཀུར་སྟི་བགྱི་བར་འོས་པ་ལགས་པས་ལྷ་དེའི་སླད་དུ་དེ་གྲོང་ཁྱེར་དུ་གཤེགས་པའི་གྲོང་ཁྱེར་དུ་མཛེས་པར་བགྱི་བ་དང་། ཤུལ་མཛེས་པར་བགྱི་བའི་རིགས་སོ། །རྒྱལ་པོ་གཉེན་ལྡན་གྱིས་བསམས་པ། གལ་ཏེ་དེ་ལྟ་ན་བདག་གིས་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པའི་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པར་བྱ་ན། ཅི་བཅོམ་ལྡན་འདས་ཀྱིས་གདུལ་དཀའ་བ་གང་ཡིན་པ་འདི་ཡང་བཏུལ་བ་ལྟ་སྙམ་དུ་རིག་ནས་སྨྲས་པ། ནུ་བོ་ལེགས་པ་བྱས་ཀྱིས་ཁྱོད་སོང་ལ་རྫས་དག་སྟ་གོན་གྱིས་ཤིག །ངས་ནི་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པ་བྱའོ། །དེ་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་ནས་རྒྱལ་པོ་གཉེན་ལྡན་གྱི་རྐང་


DKG010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་སོང་ངོ་། །རྒྱལ་པོ་གཉེན་ལྡན་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གྲོང་ཁྱེར་དུ་དྲིལ་སྒྲོགས་ཏེ། སང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་གྲོང་ཁྱེར་དུ་གཤེགས་ཀྱིས། དེའི་ཕྱིར་ཁྱེད་གྲོང་ཁྱེར་ན་གནས་པ་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཀྱིས་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པར་གྱིས་ལ་རང་གི་འབྱོར་པ་དང་མཐུན་པའི་མཛེས་པས་བསུ་ཤིག །ལྷ་དེ་ལྟར་འཚལ་ལོ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་གཉེན་ལྡན་གྱི་ལྟར་མཉན་ནས་དྲིལ་བསྒྲགས་ཏེ། འདི་སྐད་དུ་ཤེས་ལྡན་གྲོང་ཁྱེར་ན་གནས་པ་དག་དང་། གྲོང་མི་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་དག་ཉོན་ཅིག །ལྷའི་ཞལ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་གྲོང་ཁྱེར་དུ་གཤེགས་ཀྱིས་དེའི་ཕྱིར་ཁྱེད་གྲོང་ཁྱེར་ན་གནས་པ་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པར་གྱིས་ལ་ཐམས་ཅད་ཀྱིས་རང་གི་འབྱོར་པ་དང་མཐུན་པའི་མཛེས་པས་བསུ་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། །དེ་དག་གིས་གྲོང་ཁྱེར་དེ་ཡང་རྡོ་བ་དང་། གསེག་མ་དང་། གྱོ་མོ་ནི་མེད་པར་བྱས། ཙན་དན་གྱི་ཆུས་ནི་ཆག་ཆག་བཏབ་བདུག་པ་དྲི་ཞིམ་པོ་ཅན་གྱི་པོག་ཕོར་ནི་བཞག །དར་གྱི་ལྡ་ལྡི་མང་པོ་ནི་བྲེས། རྒྱལ་མཚན་དང་བ་དན་ནི་བསྒྲེང་། མེ་ཏོག་སྣ་ཚོགས་ནི་བཀྲམ་སྟེ་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་དགའ་བའི་ཚལ་བཞིན་དུ་དགའ་དགའ་ལྟར་བྱས། ལམ་ཡང་དེ་བས་ཀྱང་ལྷག་པར་མཛེས་པར་བྱས་ཏེ། དེར་ཡང་དྲི་སྣ་ཚོགས་ཀྱིས་བསྒོས་པའི་ཆུ་དྲོན་དང་། འབྲུ་མར་ཡང་སྟ་གོན་བྱས། ཁྲུས་ཁང་ཡང་བྱི་དོར་བྱས། གདན་ཡང་བཤམས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་གྲོང་ཁྱེར་དུ་གཤེགས་པ་བསུའོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་རྒྱལ་པོ་གཉེན་ལྡན་བཙུན་མོའི་འཁོར་དང་། གཞོན་ནུ་


DKG010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བློན་པོ་དང་། གྲོང་མི་དང་། གཞན་ཡང་སྐྱེ་བོའི་ཚོགས་ཕལ་པོ་ཆེ་དང་བཅས་པས་ཞབས་རིང་བྱས་ཏེ་འབྱོར་པ་མཆོག་གིས་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་གཤེགས་སོ། །དེ་ནས་རྒྱལ་པོའི་ནུ་བོ་དེ་དད་པ་སྐྱེས་ནས་ཁྲུས་ཁང་གི་ནང་དུ་གཤེགས་སུ་གསོལ་ཏོ། །ནང་དུ་གཤེགས་ནས་ཁྲུས་མཛད་པར་བརྩམས་པ་དང་། ཇི་ཙམ་ན་སངས་རྒྱས་རྣམ་པར་གཟིགས་ཀྱི་སྐུ་གསེར་གྱི་མདོག་ལྟ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་མཐོང་ངོ་། །མཐོང་ནས་ཀྱང་ཡང་དད་པ་སྐྱེས་ཏེ། ཁྲུས་བྱས་ནས་ཞབས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། གང་བདག་གིས་ཡོན་གནས་ཡང་དག་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་འདིས་བདག་ཀྱང་བདག་ཉིད་ཆེན་པོ་འདིའི་ཇི་ལྟ་བར་ལུས་གསེར་གྱི་མདོག་ལྟ་བུ་དང་། འདིས་གཅུང་པོ་འདོད་པ་རྣམས་ལ་ཤིན་ཏུ་ཆགས་པ་ལས་ནན་གྱིས་ཕྲལ་ཏེ་རབ་ཏུ་ཕྱུང་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་། བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པས་ཇི་ལྟ་བར་བདག་ཀྱང་སྟོན་པ་འདི་ལྟ་བུའི་གཅུང་དུ་གྱུར་ཅིང་གལ་ཏེ་བདག་དེ་བཞིན་དུ་འདོད་པ་རྣམས་ལ་ལྷག་པར་ཆགས་པར་གྱུར་ན་ཡང་། བདག་བཅོམ་ལྡན་འདས་དེས་ནན་གྱིས་ཕྲལ་ཏེ་རབ་ཏུ་ཕྱུང་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་འཇོག་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་པོ་གཉེན་ལྡན་གྱི་ནུ་བོ་གང་ཡིན་པ་དེ་ནི་རིགས་ཀྱི་བུ་དགའ་བོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ཁྲུས་ཁང་གི་ཁྲུས་ཀྱིས་ཁྲུས་བྱས་ནས། སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་དེ་བཞིན་གཤེགས་པའི་གཅུང་དུ་གྱུར་ཅིང་། འདིའི་ལུས་ཀྱང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ལ། ངས་ཀྱང་ནན་གྱིས་ཕྲལ་ཏེ་རབ་ཏུ་ཕྱུང་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པ་ཡིན་ནོ། །


DKG010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་དགའ་བོས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདི་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་མངོན་པར་གྲུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དབའ་རྒལ་བཞིན་ཉེ་བར་གནས་པར་གྱུར་པ་ཡིན་ཏེ། འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་དགེ་བ་དང་མི་དགེ་བའི་ལས་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་གནས་ཏེ། དེ་ལ་སྐྱེད་མོས་ཚལ་མེ་ཏོག་དང་། འབྲས་བུ་དང་། རྩ་བ་སྣ་ཚོགས་དང་། ཆུ་ཕུན་སུམ་ཚོགས་པ། ཤིང་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་རབ་ཏུ་བྱུང་བའི་སྐྱེ་བོ་དང་མཐུན་པ་ཞིག་ཡོད་དོ། །སངས་རྒྱས་དག་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་ཕོངས་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་རོ། །དེ་ནས་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་རི་བྲགས་དེར་ཕྱིན་ཏེ། དེ་གནས་ཚོལ་ཞིང་ཕན་ཚུན་རྒྱུ་བ་ན། སྐྱེད་མོས་ཚལ་དེར་ཕྱིན་པ་དང་། སྐྱེད་མོས་ཚལ་སྲུང་བའི་མིས་བྱོན་པ་ལེགས་སོ་ཞེས་བྱ་བའི་ཀུན་ཏུ་སྤྱོད་པས་སྤྱད་ནས་བསྟིར་བཅུག་གོ །


DKG010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནུབ་མོ་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་། སྐྱེད་མོས་ཚལ་སྲུང་བའི་མིས་མཐོང་ནས་རབ་ཏུ་བྱུང་བ་འདི་ནི་འདི་ལྟ་བུར་བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པའོ་ཞེས་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ནས་དེ་ཉིད་ཀྱི་མཚན་མོ་ལངས་ཏེ། ཁྱིམ་བདག་ལ་སྨྲས་པ། རྗེ་རབ་ཏུ་དགྱེས་པ་བསྐྱེད་དུ་གསོལ། ཁྱོད་ཀྱི་སྐྱེད་མོས་ཚལ་དུ་རབ་ཏུ་བྱུང་བ་བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པ་ཞིག་དགོངས་བཏབ་སྟེ། དེས་སྐྱེད་མོས་ཚལ་དེ་ཐམས་ཅད་མཚན་མོ་སྣང་བར་བགྱིས་སོ། །དེས་ཐོས་ནས་རབ་ཏུ་དགའ་བ་སྐྱེས་ཏེ། རིངས་པ་རིངས་པར་སོང་སྟེ་རྐང་པ་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ནི་བསོད་སྙོམས་དོན་དུ་གཉེར་བ། བདག་ནི་བསོད་ནམས་དོན་དུ་གཉེར་བ་ལགས་ན་སྐྱེད་མོས་ཚལ་འདི་ཉིད་དུ་བཞུགས་སུ་གསོལ། བདག་གིས་ཁྱོད་ཀྱི་བསོད་སྙོམས་སྦྱར་བར་བགྱིའོ། །དེས་ཁས་བླངས་ནས་དེ་དེར་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་། དུས་ཅུང་ཟད་ཅིག་འདུག་ནས་དེས་བསམས་པ། བདག་གིས་ལུས་རུལ་པ་འདིས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་ཐོབ་ཟིན་གྱི་མ་ལ་བདག་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་གོ་སྙམ་དུ་རིག་ནས་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་དག་བྱས་ཏེ། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་བཞི་པ། དེ་ནས་ཁྱིམ་བདག་དེས་དྲི་ཐམས་ཅད་ཀྱི་བསྲེག་ཤིང་དག་བཅེར་ནས་བསྲེགས་ཏེ། བསྲེག་ཤིང་དེ་དག་འོ་མས་བསད་དོ། ། རུས་པ་དེ་རྣམས་བུམ་པ་སར་པར་བཅུག་སྟེ། རུས་པའི་མཆོད་རྟེན་བྱས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དག་བཙུགས་སོ། །བཙུགས་ནས་དད་པ་སྐྱེས་ཏེ། དེ་ནས་གུར་གུམ་གྱིས་བསྐུས་ནས་དྲིའི་ལག་རིས་སུམ་བཅུ་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་གང་


DKG010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་རིགས་ཀྱི་བུ་དགའ་བོ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདིས་རང་སངས་རྒྱས་ཀྱི་མཆོད་རྟེན་བྱས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ཏེ། དད་པ་སྐྱེས་ནས་གུར་གུམ་གྱིས་བྱུགས་ཤིང་། དྲིའི་ལག་རིས་སུམ་བཅུ་བྱས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་འདི་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་གྲུབ་པ་ཡིན་ནོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་དགའ་བོས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་གལ་ཏེ་རབ་ཏུ་བྱུང་བར་མ་གྱུར་ན་འདིས་སྟོབས་ཀྱིས་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་བགྱིས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དགའ་བོ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། དབའ་རྒལ་བཞིན་ཉེ་བར་གནས་པ་ངེས་པར་གྱུར་པ་ཡིན་ཏེ། ལས་བྱས་ཤིང་བསགས་པ་རྣམས་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་དགེ་བ་དང་མི་དགེ་བའི་ལས་བྱས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་


DKG010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྟེན་ཅིང་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཀྲཱི་ཀཱི་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ་ཞེས་བྱ་བ་ནས། ཆོས་བཞིན་བྱེད་དུ་འཇུག་གོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །རྒྱལ་པོ་དེ་ལ་བུ་གསུམ་སྟེ། རབ་དང་། འབྲིང་པོ་དང་། ཐ་ཆུངས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་བུད་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་རྒྱལ་པོ་ཀྲཱི་ཀཱིས་དེའི་སྐུ་ལ་མཆོད་པ་བྱས་ནས་རིན་པོ་ཆེ་བཞི་ལས་བྱས་པ་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་གཅིག་པ། འཕང་དུ་དཔག་ཚད་ཕྱེད་པ་ཞིག་བརྩིགས་སོ། །དེ་ལ་གདུགས་འདོགས་པར་བྱེད་པ་ནི་རྒྱལ་པོ་ཀྲཱི་ཀཱིའི་བུ་འབྲིང་པོ་དད་པ་སྐྱེས་ནས་གདུགས་འབྲིང་ཞིག་བཏགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ་པོ་ཀྲཱི་ཀཱིའི་བུ་འབྲིང་པོ་གང་ཡིན་པ་དེ་ནི་རིགས་ཀྱི་བུ་དགའ་བོ་འདི་ཉིད་ཡིན་ཏེ། འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དད་པ་སྐྱེས་ནས་གདུགས་འབྲིང་བཏགས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་སྟོབས་ཀྱིས་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ཉིས་སྟོང་ལྔ་བརྒྱ་བྱས་ཏེ། གལ་ཏེ་ད་ལྟར་རབ་ཏུ་བྱུང་བར་མ་གྱུར་ན་ད་ལྟར་ཡང་འདིས་སྟོབས་ཀྱིས་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་བྱས་པར་འགྱུར་རོ། །ཡང་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་དགའ་བོས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་


DKG010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏེ། གང་ལས་འདི་རབ་ཏུ་བྱུང་བ་དེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་པོ། །དེ་ན་འདིས་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡོན་གནས་བླ་ན་མེད་པ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་གྱིས། བདག་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེའི་གསུང་རབ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་འགྱུར་བ་དང་། ཇི་ལྟར་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་པོ་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་གཙོ་བོ་དེས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་བྱས་ཏེ། སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཞེས་བྱ་བ་ནས་བརྩལ་པར་བྱ་སྟེ། དགེ་སློང་རྣམས་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་ཞིག་ན་སྟེ་དེ་སྨན་པའི་དྲུང་དུ་སོང་ནས་སྨྲས་པ། བཞིན་བཟངས་བདག་ལ་ནད་འདི་ལྟ་བུ་བྱུང་ན་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་སྨན་མས་གཏང་བ་མཛོད་ཅིག་དང་ཁྱོད་སོས་པར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །


DKG010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་པས་སྨྲས་པ། འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །དེས་སྐབས་དེ་དགེ་སློང་རྣམས་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་ནད་པས་སྨན་པའི་ལུང་གིས་སྨན་མས་གཏང་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་ལྔ་རྩེག་ཏུ་བྱེད་ན་དྲི་གཙང་ཁང་ནི་བདུན་རྩེག སྒོ་ཁང་སྟེང་གི་བསིལ་ཁང་ཡང་བདུན་རྩེག་ཏུ་བྱའོ། །དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་སུམ་རྩེག་ཏུ་བྱེད་ན་དྲི་གཙང་ཁང་ནི་ལྔ་རྩེག སྒོ་ཁང་སྟེང་གི་བསིལ་ཁང་ཡང་ལྔ་རྩེག་ཏུ་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཕྱོགས་གང་ནས་འཛེག་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེམ་སྐས་རྣམ་པ་གསུམ་པ་ཤིང་གི་ཐེམ་སྐས་དང་སའི་ཐེམ་སྐས་དང་། རྡོའི་ཐེམ་སྐས་དག་བྱའོ། །དགེ་སློང་དག་སྟེང་དུ་ནི་རྡོའི་བར་དུ་ནི་སའི་ཐ་མར་ནི་ཤིང་གི་བཙུགས་ནས་འཛེགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་མར་ནི་རྡོའི། བར་དུ་ནི་སའི་སྟེང་དུ་ནི་ཤིང་གི་གཟུགས་པར་བྱའོ། །ཕྲན་ཚེགས་ཀྱི་གཞི་ལས་སྒོ་གཉིས་པའོ།། །།


previousཕྲ་མོའི་སྒོ་གཉིས་པ། ཆན་པའི་སྡེ་ཚན། next