Nitartha Digital Library
Tibetan
 
previousཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན། no next

ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།


DKG011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་མདོ་སྡེ། དགེ་སློང་མ་ཡི་བཀུར་སྟི་བྲི། །བསྒོ་བ་དང་ནི་ལྕགས་ཀྱི་སྣོད། །བུད་མེད་གཉིས་ཀྱིས་བལྟ་བ་དང་། །དེ་བཞིན་ནག་པོ་ཨུ་དི་ཀ། །། ་མདོར་ན། བསྟི་སྟང་མེད་དང་ཀུན་མ་ཡིན། །ལུས་བསྟན་པ་ནི་མ་གཏོགས་སོ། །བཀྱིགས་པ་ལས་ཀྱང་མི་སྦྱིན་པ། །གསོ་སྦྱོང་དང་ ནི་ཚུལ་ནས་བྱུང་། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྲེ་ལས་སྐྱེས་དུས་ལས་འདས་པ་དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེས་དེའི་རུས་པ་རྣམས་བསྡུས་ནས་བཀུར་སྟི་ཆེན་པོས་ས་ཕྱོགས་ཡངས་པར་མཆོད་རྟེན་བརྩིགས་ཏེ། དེ་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་བཏགས། དྲི་དང་མེ་ཏོག་གིས་བརྒྱན་ཏེ་སྙན་པར་སྨྲ་བའི་དགེ་སློང་མ་གཉིས་ཀྱང་བསྐོས་ནས་དེར་ཉིན་གཅིག་བཞིན་དུ་ས་དང་། ཆུ་དང་། བདུག་པ་དང་། མེ་ཏོག་དག་འཇོག་པར་བྱེད་དོ། །དེ་ནས་དགེ་སློང་གང་དག་ཡུལ་གཞན་ནས་འོངས་པ་དེ་དག་ལ་ལག་པ་བཀྲུ་བ་བྱིན་ཏེ། མེ་ཏོག་དང་། བདུག་པ་དང་། ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཆུ་འཐུང་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་མཉན་ཡོད་དུ་ཕྱིན་ཏོ། །དགྲ་བཅོམ་པ་རྣམས་ནི་མ་དགོངས་པར་ཡེ་ཤེས་མཐོང་བ་མི་འཇུག་པས་དེས་མཆོད་རྟེན་དེ་རྒྱང་རིང་པོ་ནས་མཐོང་བ་དང་། འདི་ནི་བཅོམ་ལྡན་འདས་ཀྱི་སྐྲ་དང་། སེན་མོའི་མཆོད་རྟེན་སར་པ་ཡིན་པས་སོང་ལ་ཕྱག་བྱའོ་སྙམ་དུ་བསམས་ཏེ། དེ་དག་དེར་སོང་བ་དང་། དགེ་སློང་མ་དེ་གཉིས་ཀྱིས་དེ་དག་ལ་ལག་པ་དང་། རྐང་པ་བཀྲུས་པའི་ས་དང་ཆུ་དག་བྱིན་ནོ། །དེ་ནས་མེ་ཏོག་དང་། བདུག་པ་བྱིན་པ་དང་། ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་བྱས་སོ། །དེ་ལ་འཁོར་ལྔ་བརྒྱ་དང་ཕྱག་བྱས་ནས་སོང་ངོ་། །མཆོད་


DKG011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དེ་དང་ཧ་ཅང་མི་རིང་བ་ཞིག་ན་ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཤིང་དྲུང་ཞིག་ན་ཉིན་པར་གནས་པའི་ཕྱིར་འདུག་པ་དེས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཆུ་འཐུང་ཁྱེད་ཀྱིས་སུའི་མཆོད་རྟེན་ལ་ཕྱག་བགྱིས་པ་དགོངས་ཤིག །དེས་བསམས་པ་ཅིའི་ཕྱིར་ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་འདི་སྐད་ཅེས་ཚེ་དང་ལྡན་པ་ཆུ་འཐུང་ཁྱོད་ཀྱིས་སུའི་མཆོད་རྟེན་ལ་ཕྱག་བགྱིས་པ་དགོངས་ཤིག་ཅེས་སྨྲས་སྙམ་ནས་དེས་སྨྲས་པ། རེ་ཞིག་བསམ་པར་བྱའོ། །རེ་ཞིག་སེམས་པ་ལ་ཞུགས་པ་ན་དགེ་སློང་ གྲེ་ལས་སྐྱེས་ཀྱི་རུས་པའི་མཆོད་རྟེན་ཡིན་པར་མཐོང་ནས་དེ་རྒྱུད་ཞེ་སྡང་གི་ཀུན་ནས་དཀྲིས་པའི་བག་ཆགས་ཀྱིས་བསྒོས་པས་སླར་ལོག་སྟེ། ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་ལ་སྨྲས་པ། བསྟན་པ་ལ་ཆུ་བུར་བྱུང་ན་ཁྱོད་འདི་ན་འདུག་བཞིན་དུ་ཡལ་བར་བོར་རོ་ཞེས་བྱས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །དེས་སློབ་མ་དང་ཉེ་གནས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་སྟོན་པ་ལ་སྡུག་པ་དང་ཕངས་པར་བྱེད་པ་གང་ཡིན་པ་དེ་དག་གིས་དེའི་ཕྱིར་རུས་པ་དང་རུས་གོང་གི་ཕུང་པོ་འདི་ལས་སོ་ཕག་རེ་རེ་ཕྱུང་ལ་དྲེལ་ཅིག །དེ་འཁོར་མང་བ་ཡིན་པས་དེ་དག་གིས་རུས་པ་དང་། རུས་གོང་གི་ཕུང་པོ་ལས་སོ་ཕག་རེ་རེ་ཕྱུང་སྟེ་བོར་ནས་སྐད་ཅིག་ཉིད་ལ་བཤིག་གོ །དགེ་སློང་མ་དེ་གཉིས་ངུས་ནས་རིངས་པ་རིངས་པར་དབྱར་མོ་ཁང་དུ་སོང་སྟེ་དགེ་སློང་མ་རྣམས་ལ་སྨྲས་པ་དང་། དགེ་སློང་མ་བཅུ་གཉིས་སྡེ་དང་། དེ་ལ་ཡིད་གཞོལ་ཞིང་མཛའ་བ་འདོད་ཆགས་དང་མ་བྲལ་བ་གཞན་དག་གིས་ཐོས་ནས། བདག་ཅག་གི་མིང་པོ་དེང་གདོད་ཤི་བ་ལྟ་ཞེས་ངུ་ཞིང་འཁོད་པ་ལས་སྦོམ་དགའ་མོས་སྨྲས་པ། ཕུ་ནུ་མོ་དག་དེ་ལ་སུ་ཞིག་གིས་བསྟན། དེ་དག་གིས་སྨྲས་པ། དེ་ནི་གློ་བུར་དུ་འོངས་པས་སྙིང་ནས་མི་ཤེས་ཀྱི་འཕགས་མ་ཨུཏྤ་ལའི་མདོག་ཅན་ཕྱོགས་དེ་ན་འདུག་པ་དེས་དེ་དག་ལ་སྨྲས་ཡང་དག་གོ །སྦོམ་དགའ་མོས་སྨྲས་པ། ཕུ་ནུ་མོ་དག་དེ་ནི་འབྲེག་མཁན་ལས་རབ་ཏུ་བྱུང་བ་ཡིན་ལ། དེ་ཡང་དེ་རང་བཞིན་ཉམས་པ་ཡིན་པས་དེའི་ལས་ཡིན་པ་བདག་གིས་ནི་སྨྲས་པ་ཙམ་ཁོ་ནས་


DKG011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །བཅོམ་ལྡན་འདས་ཀྱིས་འཁོར་སུན་འབྱིན་པར་བྱེད་པ་འཁོར་གྱི་ནང་དུ་གཞག་པར་མི་བྱའོ་ཞེས་ལེགས་པར་གསུངས་པ་ཡིན་པས། དེའི་ཕྱིར་དེ་ལ་བསམ་དུ་ཅི་ཡོད་ཀྱིས་ཚུར་ཤོག་འདོང་བར་བྱའོ། །དེ་དག་ཁྲོ་བས་ཀུན་ནས་དཀྲིས་པ་དེ་དག་དེ་གསད་པའི་ཕྱིར་མཚོན་ཆ་དང་ཁབ་དང་། སེང་ལྡེང་གི་ཕུར་བུ་དག་བླངས་ནས་དོང་ངོ་། །དེས་དེ་དག་རྒྱང་རིང་པོ་ནས་རིངས་པ་རིངས་པར་འོང་བ་མཐོང་ནས་བསམས་པ། དེ་དག་ཤུགས་དེ་ལྟ་བུས་འོང་བ་ལས་ན་གདོན་མི་ཟ་བར་དེ་དག་བདག་ལ་གནོད་པ་བྱེད་པར་འགྱུར་རོ། །འོན་ཀྱང་ དེ་དག་བསམ་པ་ཇི་ལྟ་བུ་ཞིག་གིས་འོང་བ་བསམ་པར་བྱའོ་སྙམ་ནས་རེ་ཞིག་བསམ་པ་ལ་ཞུགས་པ་ན་གསད་པའི་བསམ་པ་ཅན་དུ་མཐོང་ནས་དེས་སྣམ་སྦྱར་བྱིན་གྱིས་བརླབས་ཏེ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་སོ། །དེ་དག་གིས་དེའི་སྣམ་སྦྱར་ལ་མཚོན་ཆ་དང་། ཁབ་དང་། སེང་ལྡེང་གི་ཕུར་བུ་དག་གིས་བསྣུན་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཤི་བ་བཞིན་དུ་དབུགས་ཕྱི་ནང་དུ་མི་རྒྱུ་བར་འདུག་གོ །དེ་དག་གིས་སྨྲས་པ། ཕུ་ནུ་མོ་སྤྱོད་པ་ངན་པས་འཚོ་བ་འདི་བསད་པས་ཤ་ལོན་ཟིན་གྱིས་ཚུར་ཤོག་འདོང་ངོ་ཞེས་སྨྲས་ནས་དོང་ངོ་། །དེ་དག་དོང་བ་དང་། ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་ཏིང་ངེ་འཛིན་དེ་ལས་ལངས་པ་དང་། རེ་ཞིག་ན་དེ་དག་གིས་བདག་ལ་གནོད་པ་བྱས་པ་མཐོང་ངོ་། །དེ་གནས་སྐབས་དེ་བཞིན་དུ་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་རྣམས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་ཅིའི་ཕྱིར་འདི་ལྟར་གྱུར། དེས་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་མ་རྣམས་ཀྱིས་བདག་དེའུ་བསད་པ་ལ་གཟིགས་སུ་གསོལ། དེ་དག་གིས་སྨྲས་པ། ཅིའི་ཕྱིར་དེས་ཇི་ལྟར་གྱུར་པ་རྣམས་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་རྣམས་ཁྲོས་ནས་གནས་དང་གནས་དག་ན་བཙུན་པ་དག་དགེ་སློང་མ་ནི་ཤིན་ཏུ་ཁྲོས་པར་གྱུར་ཀྱང་དེ་ལ་ཕྱག་མི་བྱ་བ་ཙམ་དུ་བྱའི་འདི་ལྟར་ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་གསད་པར་བྱས་པ་ནི་མཚར་གྱི་གཟུ་ལུམས་བྱེད་དོ་ཞེས་འཕྱ་བར་བྱེད་དོ། །དེ་ལ་གཅིག་


DKG011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨྲས་པ། ཀྱེ་ཤེས་ལྡན་དག་དེ་ལྟར་དེར་ཟད་ནས་འདི་ལྟ་ཇི་ལྟར་བསྒྲུབ་པར་དཔྱད་པར་བྱའོ། །གཅིག་གིས་སྨྲས་པ། བསྒྲུབ་ཏུ་ཅི་ཡོད་བཅོམ་ལྡན་འདས་ལ་གསོལ་དུ་ཟད་མོད། གཅིག་གིས་སྨྲས་པ། བཅོམ་ལྡན་འདས་ལ་གསོལ་ཅི་དགོས། བདག་ཅག་འདུས་ལ་ཅི་ལྟར་དགེ་སློང་མ་འགའ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་འོང་བར་མི་གཞུག་པར་ཁྲིམས་སུ་བྱའོ། །དེ་དག་འདུས་ནས་དགེ་སློང་མ་རྣམས་གཙུག་ལག་ཁང་དུ་འོང་དུ་མ་གཞུག་པར་དེ་ལྟ་བུར་ཁྲིམས་སུ་བྱས་སོ། །དགེ་སློང་མ་རྣམས་གཙུག་ལག་ཁང་དུ་འོང་དུ་མི་གཞུག་པར་ བརྩམས་པ་དང་བཀུར་སྟི་བྲི་བར་གྱུར་ཏོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ཀུན་དུ་སྤྱོད་པ་ནི་ཉིན་གཅིག་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མངོན་པར་ཕྱག་འཚལ་དུ་འོང་བ་ཡིན་པ་ལས། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། གཽ་ཏ་མཱི་དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མ་རྣམས་གཙུག་ལག་ཁང་དུ་མི་འཇུག་པར་ཁྲིམས་སུ་བྱས་ཀྱིས་མ་འགྲོ་བར་སྡོད་ཅིག །དེས་སྨྲས་པ། འཕགས་པ་དག་དེ་དག་གིས་ནོངས་པ་བགྱིས་པ་བཞིན་དུ་བདག་གིས་ཀྱང་བགྱིས་སམ་ཅི། དགེ་སློང་རྣམས་ཀྱིས་སྨྲས་པ། དགེ་འདུན་རྣམས་དེ་ལྟར་བཞེད་པ་ལ་ཁོ་བོ་ཅག་གིས་བྱར་ཅི་ཡོད། དེ་སླར་ལོག་ནས་དབྱར་ཁང་དུ་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་བཞིན་དུ་འདྲི་བར་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སྐྱེ་དགུའི་བདག་མོ་ཆེན་མོ་ནད་ཀྱིས་ཐེབས་སམ་ཅི་བཙུན་པ་མ་ལགས་སོ། །འོ་ན་ཅིའི་ཕྱིར་མི་འོང་། དེས་བཅོམ་ལྡན་འདས་ལ་སྐབས་དེ་དག་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གི་དགེ་འདུན་གྱིས་ཁྲིམས་སུ་བྱས་པ་ཐོག་ཏུ་བབ་པོ། །འོན་ཀྱང་དགེ་སློང་མ་རྣམས་ནི་དགེ་སློང་རྣམས་ལ་རག་ལུས་པ་མང་བ་ཡིན་ཞིང་། གལ་ཏེ་དེ་དག་འོང་དུ་མ་བཅུག་ན་བཀུར་སྟི་མེད་པར་འགྱུར་རོ། །དེའི་ཕྱིར་དགེ་སློང་མས་དགེ་སློང་སྒོ་བ་ལ་དྲིས་ཏེ་འོང་དུ་བཅུག་ལ་གདམས་ངག་མི་སྦྱིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མས་དགེ་སློང་


DKG011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བ་ལ་དྲིས་ནས་གཙུག་ལག་ཁང་དུ་འོང་དུ་བཅུག་ལ་གདམས་ངག་ནི་བཀྱིག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་མ་རྣམས་ཀྱིས་ཇི་སྐད་དུ་དྲིས་ནས་ནང་དུ་འཇུག་པར་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་གཙུག་ལག་ཁང་དུ་མི་འཇུག་པར་འདི་སྐད་ཅེས་འཕགས་པ་དག་བདག་ཅག་གཙུག་ལག་ཁང་དུ་འཇུག་གིས་མཁྱེན་པར་མཛོད་ཅིག་ཅེས་སྨྲོས་ཤིག །དགེ་སློང་གིས་ཀྱང་སྲིང་མོ་དག་འཁོན་ཅན་མཚོན་ཆ་དང་ཁབ་དག་འཆང་བ་མ་ཡིན་ནམ་ཞེས་དྲིས་ཤིག །དགེ་སློང་མས་མ་དྲིས་པར་ཞུགས་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གིས་མ་སྨྲས་ན་ཡང་འགལ་ཚབས་ཅན་དུ་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གདམས་ངག་བཀྱིག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་མ་བཀྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཉེས་པ་དང་བཅས་པ་ལ་དགེ་སློང་གི་དགེ་འདུན་མི་བཟོད་བཞིན་དུ་དགེ་སློང་གིས་གདམས་ངག་བརྗོད་པར་མི་བྱའོ། །དགེ་སློང་མ་ཉེས་པ་དང་བཅས་པ་ལ་དགེ་སློང་གི་དགེ་འདུན་མི་བཟོད་བཞིན་དུ་དགེ་སློང་གིས་གདམས་ངག་རྗོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གདམས་ངག་ལ་ཇི་ལྟ་བ་བཞིན་དུ་གསོ་སྦྱོང་དང་དགག་དབྱེ་ལ་ཡང་དེ་བཞིན་ནོ།། །།སྡོམ་ལ། དགེ་སློང་མས་ནི་བཟོད་གསོལ་དང་། །དགག་དབྱེ་ལས་ནི་གསོ་སྦྱོང་མིན། །གཅིག་ལ་གཅིག་ཀྱང་བཟོད་པ་གསོལ། །གཉིས་ནི་རྒན་རིམས་ཇི་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་གཞན་ཞིག་དགེ་སློང་ཞིག་ལས་ཀློག་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་ལ་ཉེས་པ་ཞིག་བྱུང་ནས་དེས་དེ་སྤྱོས་པ་དང་། དེ་དབྱར་ཁང་དུ་སོང་ནས་གློས་ཕབ་སྟེ་འདུག་གོ །དེ་ནས་མཁན་མོས་མཐོང་ནས་སྨྲས་པ། གཞོན་ནུ་མ་ཁྱོད་ཅིའི་ཕྱིར་གློས་ཕབ་སྟེ་འདུག །དེས་སྨྲས་པ་མཁན་མོ་སློབ་དཔོན་གྱིས་བདག་ལ་སྤྱོས་ན་ཅི་ལྟར་བགྱི་བ་མ་འཚལ་ཏོ། །བུ་མོ་མཁན་མོ་དང་སློབ་དཔོན་ནི་བསྟན་པ་


DKG011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བྱ་བའི་ཕྱིར་གཤེ་བ་ཡིན་པས་བཟོད་པ་གསོལ་དུ་ཟད་མོད། དེ་ལ་ཅི་ཞིག་ཤེས་པར་བྱར་ཡོད། ལེགས་ཀྱིས་བཟོད་པར་གསོལ་དུ་མཆིའོ། །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དགེ་སློང་དེའི་རྐང་པ་གཉིས་ལ་གཏུགས་པ་དང་། དགེ་སློང་དེས་དེ་ལ་འགོངས་ཏེ་སོང་ངོ་། །དགེ་སློང་མ་དེ་སྤོབས་པ་མེད་པར་གྱུར་ནས་དགེ་སློང་མའི་དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱོད་ཀྱིས་སློབ་དཔོན་ལ་བཟོད་པ་གསོལ་ན་དེ་བཟོད་པར་གྱུར་ཏམ། དེས་སྨྲས་པ། དེ་ལྟ་བུ་ནི་ནམས་ཀྱང་སློབ་དཔོན་དུ་མ་གྱུར་ཅིག །སྨྲས་པ། ཅི་ཉེས་དེས་ ཇི་ལྟར་གྱུར་པ་རྣམས་བསྙད་པ་དང་། དགེ་སློང་མ་རྣམས་ཕུ་ནུ་མོ་དག་བུ་མོ་དག་བུད་མེད་ལ་བརྙས་པའི་ཕྱིར་རེ་ཞིག་བཟོད་པ་གསོལ་ཡང་ཇི་ལྟར་བཟོད་པ་མི་བྱེད་པ་དང་། གཉིས་སུ་ན་རྐང་པ་ལ་ཕྱག་བྱས་ཀྱང་འགོངས་ཏེ། འགྲོ་བར་བྱེད་པ་ལ་ལྟོས་ཞེས་འཕྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་ཕ་ལ་སྨྲས་སོ། །དགེ་སློང་ཕས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེའི་ཕྱིར་དགེ་སློང་གི་རྐང་པ་གཉིས་ལ་ཕྱག་འཚལ་ནས་བཟོད་པ་གསོལ་བ་ན་འགོངས་ཏེ་འགྲོ་བར་མི་བྱའོ། །དགེ་སློང་གི་རྐང་པ་ལ་དགེ་སློང་མས་ཕྱག་འཚལ་ནས་བཟོད་པ་གསོལ་བ་ན་འགོངས་ཏེ་འགྲོ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་མས་མོད་ཁོ་ན་ལ་བཟོད་པ་མི་གསོལ་ཏོ། །འོན་ཀྱང་བགས་ཀྱིས་བྱའོ། །བཅོམ་ལྡན་འདས་ཀྱིས་བགས་ཀྱིས་བྱའོ་ཞེས་བཀའ་སྩལ་པ་དང་། ཇི་ལྟར་བགས་ཀྱིས་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་དགེ་སློང་ངམ། དགེ་སློང་མའམ་དགེ་བསྙེན་ནམ། དགེ་བསྙེན་མ་གཞན་གྱིས་མང་དུ་སྦྱང་བ་བྱས་ལ། དེ་མཐུན་པར་བྱེད་ན་དེའི་འོག་ཏུ་བཟོད་པ་གསོལ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དབྱར་གནས་པའི་དགེ་སློང་གིས་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་།


DKG011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པའི་གནས་གསུམ་གྱིས་དགག་དབྱེ་བྱའོ་ཞེས་བཀའ་སྩལ་པ་དང་། དབྱར་གནས་པའི་དགེ་སློང་གིས་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་བྱེད་དོ། །དེ་ལས་ཁ་ཅིག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རྣམ་པར་དག་པར་བྱ་བའི་ཕྱིར་གསོ་སྦྱོང་བྱ་བ་ཇི་ལྟ་བར་དགག་དབྱེ་ཡང་དེ་ལྟ་བུ་ཡིན་པར་བདག་གིས་མཐོང་ངོ་། །དེའི་ཕྱིར་གསོ་སྦྱོང་གང་ཡིན་པ་དེ་ནི་དགག་དབྱེ་ཡང་ཡིན་ནོ། །གཞན་དག་གིས་སྨྲས་པ། གསོ་སྦྱོང་ཡང་གཞན་ལ་དགག་དབྱེ་ཡང་གཞན་ཡིན་ནོ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གསོ་སྦྱོང་ཡང་གཞན་ལ། དགག་དབྱེ་ཡང་གཞན་པ་བདེན་མོད་ཀྱི་ དགག་དབྱེ་ལས་གསོ་སྦྱོང་གཞན་དུ་བྱར་མེད་པས་དེའི་ཕྱིར་དགེ་སློང་དགག་དབྱེ་བྱས་ནས་གསོ་སྦྱོང་བྱ་མི་དགོས་སོ། །འདི་ལྟར་རྣམ་པར་དག་པའི་ཕྱིར་གསོ་སྦྱོང་བྱ་བ་ཡིན་ལ་དགག་དབྱེ་ཡང་ཐམས་ཅད་དུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་དག་འཁོན་ཡོད་པས་སེམས་མཉམ་པར་འཇོག་པ་བཏང་སྟེ་གཅིག་ལ་གཅིག་གླགས་ཚོལ་ཞིང་དགག་དབྱེ་བྱེད་པའི་ཚེ་དགེ་འདུན་གྱི་ནང་དུ་ཞུགས་ནས། དེ་དག་དགེ་འདུན་གྱི་ནང་དེར་གཅིག་ལ་གཅིག་འགྲན་བྱེད་ཅིང་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དག་གླེང་བར་བྱེད་ཅིང་དེ་དག་གཞན་དུ་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོན་འགྲིན་དང་། གྲོགས་བཤེས་དང་། སློབ་དཔོན་དང་། མཁན་པོ་དང་། སློབ་དཔོན་གཅིག་པ་དང་། མཁན་པོ་གཅིག་པ་རྣམས་ཕྱོགས་ཕྱོགས་སུ་ཆད་ནས་འདུག་གོ །དེའི་ཚེ་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ནས་དགེ་འདུན་ཅ་ཅོ་འདོན། དགེ་འདུན་གཉིས་སུ་གྱུར། དགེ་འདུན་མི་མཐུན་པར་གྱུར་པ་ན་དེ་དག་ལ་གཟུ་བོ་བྱེད་པ་རྣམས་ཀྱིས་ཚེ་དང་ལྡན་པ་དག་རྩོད་མི་དགོས་ཀྱིས་རབ་ཏུ་བྱུང་བའི་སེམས་སོ་སོར་ཐོབ་པར་གྱིས་ཤིག་ཅེས་འཆུགས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཕྱོགས་གང་ན་དགེ་སློང་


DKG011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཁོད་པ་ན་འཐབ་པར་བྱེད། མཚང་འདྲུ་བར་བྱེད། འགྱེད་པར་བྱེད། རྩོད་པར་བྱེད། འཐབ་ཀྲོལ་བྱེད་པའི་ཕྱོགས་དེར་ནི་མང་དུ་ཉན་པར་ཡང་ང་མི་འདོད་ན་འགྲོ་ཞིང་གནས་པ་ལྟ་ཅི་སྨོས་ཏེ། དེར་ནི་ང་མི་འགྲོའོ། །དགེ་སློང་དག་གང་ན་ཆོས་གསུམ་པོ་རྣམ་པར་སྤངས་ཤིང་ཆོས་གསུམ་པོ་མང་དུ་བྱེད་པ་སྟེ། ཆོས་གསུམ་པོ་རྣམ་པར་སྤངས་པ་གང་ཞེ་ན། མ་ཆགས་པའི་དགེ་བའི་རྩ་བ་རྣམ་པར་སྤངས་པ་དང་། ཞེ་སྡང་མེད་པའི་དགེ་བའི་རྩ་བ་རྣམ་པར་སྤངས་པ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་རྣམ་པར་སྤངས་ཏེ། ཆོས་གསུམ་པོ་རྣམ་པར་སྤངས་པ་དང་། ཆོས་གསུམ་པོ་མང་དུ་བྱེད་པ་གང་ཞེ་ན། ཆགས་པ་མི་དགེ་བའི་རྩ་བ་མང་དུ་བྱེད་པ་དང་། ཞེ་སྡང་མི་དགེ་བའི་རྩ་བ་མང་དུ་བྱེད་པ་དང་། གཏི་མུག་མི་དགེ་བའི་རྩ་བ་མང་དུ་བྱེད་པ་སྟེ། ཆོས་གསུམ་ པོ་འདི་དག་མང་དུ་བྱེད་པ་དང་། ཕྱོགས་གང་ན་དགེ་སློང་རྣམས་གནས་ཤིང་འཐབ་པར་བྱེད། མཚང་འདྲུ་བར་བྱེད། འགྱེད་པར་བྱེད། རྩོད་པར་བྱེད། འཐབ་ཀྲོལ་བྱེད་པ་དང་། དགེ་སློང་དག་དེ་ན་ཆོས་གསུམ་པོ་འདི་དག་རྣམ་པར་སྤངས་ཤིང་ཆོས་གསུམ་པོ་འདི་དག་མང་དུ་བྱེད་པ་དང་། ཕྱོགས་གང་ན་དགེ་སློང་རྣམས་གནས་ཤིང་འཐབ་པར་བྱེད། མཚང་འདྲུ་བར་བྱེད། འགྱེད་པར་བྱེད། རྩོད་པར་བྱེད། འཐབ་ཀྲོལ་བྱེད་པ་དང་། དགེ་སློང་དག་དེ་ན་ཆོས་གསུམ་པོ་རྣམ་པར་སྤངས་ཤིང་ཆོས་གསུམ་པོ་མང་དུ་བྱེད་པ་སྟེ། ཆོས་གསུམ་པོ་རྣམ་པར་སྤངས་པ་གང་ཞེ་ན། མ་ཆགས་པའི་དགེ་བའི་རྩ་བ་རྣམ་པར་སྤངས་པ་དང་། ཞེ་སྡང་མེད་པའི་དགེ་བའི་རྩ་བ་རྣམ་པར་སྤངས་པ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་རྣམ་པར་སྤངས་པ་སྟེ། ཆོས་གསུམ་པོ་འདི་དག་རྣམ་པར་སྤངས་པ་དང་། དགེ་སློང་དག་ཕྱོགས་གང་ན་དགེ་སློང་དག་རྣམ་པར་གནས་ཤིང་འཐབ་པར་བྱེད། མཚང་འདྲུ་བར་བྱེད་འགྱེད་པར་བྱེད་རྩོད་པར་བྱེད། འཐབ་ཀྲོལ་བྱེད་ཅིང་དགེ་སློང་དག་དེ་ན་ཆོས་གསུམ་པོ་རྣམ་པར་སྤངས་ནས་ཆོས་གསུམ་པོ་མང་དུ་བྱེད་པ་སྟེ། གསུམ་གང་ཞེ་ན། ཆགས་པ་མི་དགེ་བའི་རྩ་བ་མང་དུ་བྱེད་པ་དང་། ཞེ་སྡང་


DKG011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བའི་རྩ་བ་མང་དུ་བྱེད་པ་དང་། གཏི་མུག་མི་དགེ་བའི་རྩ་བ་མང་དུ་བྱེད་པ་སྟེ། ཆོས་གསུམ་པོ་འདི་དག་མང་དུ་བྱེད་པ་དང་། དགེ་སློང་དག་ཕྱོགས་གང་ན་དགེ་སློང་རྣམས་གནས་ཤིང་འཐབ་པར་བྱེད། མཚང་འདྲུ་བར་བྱེད། འགྱེད་པར་བྱེད། རྩོད་པར་བྱེད། འཐབ་ཀྲོལ་བར་བྱེད་པ་དང་། དགེ་སློང་དག་དེ་ན་ཆོས་གསུམ་པོ་རྣམ་པར་སྤངས་ཤིང་ཆོས་གསུམ་མང་དུ་བྱེད་པ་དེར་ནི་ང་ཐོས་པར་ཡང་མི་འདོད་ན་འགྲོ་ཞིང་གནས་པ་ལྟ་ཅི་སྨོས་ཏེ། ང་དེར་མི་འགྲོ་ཞེས་གསུངས་པས་ཚེ་དང་ལྡན་པ་དག་རྩོད་མི་དགོས་ཀྱིས་རབ་ཏུ་བྱུང་བའི་སེམས་སོ་སོར་ཐོབ་པར་གྱིས་ཤིག་ཅེས་བཅུག་པ་ན། དེ་དག་ཀུན་ནས་དཀྲིས་པ་ཕྱིར་འཕེལ་བར་གྱུར་ནས་ལྡོག་ཏུ་མ་བཏུབ་པ་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་ཤེས་ལྡན་དག་དགེ་སྦྱོང་མགོ་རེག་འདི་དག་ནི་དགག་དབྱེ་བྱས་ཀྱང་རབ་ཏུ་བྱུང་བའི་སེམས་སོ་སོར་མ་ཐོབ་སྟེ། རྒྱུན་ཁོ་ནར་འཐབ་མོ་བྱེད་དོ་ཞེས་འཕྱ་བར་བྱེད་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་པའི་སྐབས་ དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་དག་འཕྱ་བར་བྱེད་པ་ནི་ཐོག་ཏུ་བབ་པོ། །དེའི་ཕྱིར་དགེ་སློང་དག་དགེ་སློང་འཁོན་ཅན་རྣམས་ཀྱིས་དགག་དབྱེ་མི་བྱའོ། །འོན་ཀྱང་བཟོད་པ་གསོལ་ནས་དགག་དབྱེ་བྱའོ། །དེ་དག་གིས་གང་གི་ཉིན་པར་དགག་དབྱེ་བྱེད་པའི་ཉིན་པར་བཟོད་པ་གསོལ་ཀྱང་། ཀུན་ནས་དཀྲིས་པ་ཕྱིར་འཕེལ་ཞིང་དེའི་ཚེ་རང་གི་སེམས་སོ་སོར་ཐོབ་པར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་ཀྱི་ཉིན་པར་གཟོད་པ་གསོལ་བར་མི་བྱའོ། །འོན་ཀྱང་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་བྱེད་པར་འགྱུར་བ་ན་བཟོད་པ་གསོལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་བྱེད་པར་འགྱུར་བའི་ཚེ་བཟོད་པ་གསོལ་བར་བྱའོ་ཞེས་བཀའ་སྩལ་པ་དང་། འདི་ལྟར་དེ་དག་ཐམས་ཅད་ཀྱིས་བཟོད་པ་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱིས་བཟོད་པ་གསོལ་བར་མི་བྱའོ། །འོན་ཀྱང་མི་མཐུན་པ་རྣམས་


DKG011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟོད་པ་གསོལ་ལོ། །གཞན་དག་གིས་ནི་གཅིག་ལ་གཅིག་ཡང་དག་པར་དགའ་བར་བྱོས་ལ་དགག་དབྱེ་གྱིས་ཤིག །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་ལོ་ལྔ་པ་དང་། གཙུག་ཕུད་ཀྱི་དུས་སྟོན་ཆེན་པོ་བྱའོ་ཞེས་བཀའ་སྩལ་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ཕན་ཚུན་འགྲན་ཅིང་བྱེད་དོ། །དེའི་ཚེ་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་འདུས་པ་ཆེན་པོར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་རྒན་རིམས་ཇི་ལྟ་བ་བཞིན་དུ་འདུག་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་རྣམས་རྒན་རིམས་ཇི་ལྟ་བ་བཞིན་དུ་འདུག་པ་ན་ཅ་ཅོ་འདོན་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གཉིས་གསུམ་ཙམ་ཞིག་རྒན་རིམས་ཇི་ལྟ་བ་བཞིན་དུ་འཁོད་པར་བྱའོ། །ལྷག་མ་རྣམས་ནི་འཁོར་ཇི་ལྟ་བ་དང་། སྨོན་འགྲིན་ཇི་ལྟ་བ་བཞིན་དུ་འཁོད་ཅིག །།། སྡོམ་ལ། སྒོ་ཡི་དྲུང་ན་འཁོད་པ་དང་། །གཉིས་ཀྱིས་གསོ་སྦྱོང་ལུང་ནོད་དང་། །དགེ་སློང་མ་ནི་ མཁས་གྱུར་ཀྱང་། །གཅིག་པུས་གསོ་སྦྱོང་མི་མནོད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཐུན་མོང་གི་ལས་མ་གཏོགས་པར་དགེ་སློང་དང་། དགེ་སློང་མ་རྣམས་ཀྱི་ལས་སོ་སོར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་ཐམས་ཅད་འདུས་ནས་གསོ་སྦྱོང་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས་གསོ་སྦྱོང་བྱེད་དེ་དགེ་སློང་རྣམས་དང་། དེ་དག་རྣམས་ལྷན་ཅིག་ཏུ་སྒོ་ཁང་ན་གསོ་སྦྱོང་བྱེད་པ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་དེ་ལ་ལྟད་མོ་ལྟ་ཞིང་འདུག་པའི་སྐབས་དེ་གསན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང་། དགེ་སློང་མ་རྣམས་ལྷན་ཅིག་ཏུ་སྒོ་ཁང་དུ་གསོ་སྦྱོང་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དང་དགེ་སློང་མ་རྣམས་ལྷན་ཅིག་ཏུ་སྒོ་ཁང་དུ་གསོ་སྦྱོང་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ནང་དུ་ཞུགས་ཏེ་དེ་དག་དང་ལྷན་


DKG011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་གསོ་སྦྱོང་བྱེད་པ་དང་། དེ་དང་དེ་དག་ལྷན་ཅིག་ཏུ་འདུ་འཛིའི་གཏམ་ཟེར་ཞིང་། ཡུན་རིང་དུ་འདུག་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་དགེ་སློང་དང་། དགེ་སློང་མ་རྣམས་ལྷན་ཅིག་གཙུག་ལག་ཁང་དུ་གསོ་སྦྱོང་མ་བྱེད་ཅིག །དགེ་སློང་དང་། དགེ་སློང་མ་རྣམས་ལྷན་ཅིག་ཏུ་གཙུག་ལག་ཁང་དུ་གསོ་སྦྱོང་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་རྣམས་གསོ་སྦྱོང་ལ་གཙུག་ལག་ཁང་དུ་ཕྱིས་མི་འོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་དགེ་སློང་ཡང་ལམ་གྱི་ཕྱེད་དུ་སོང་ལ་དགེ་སློང་མ་ཡང་ལམ་གྱི་ཕྱེད་དུ་སོང་སྟེ། དེར་དེ་དག་ལྷན་ཅིག་ཏུ་གསོ་སྦྱོང་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་ཡང་ལམ་གྱི་ཕྱེད་དུ་སོང་ལ། དགེ་སློང་མ་ལ་ཡང་ལམ་གྱི་ཕྱེད་དུ་སོང་སྟེ། དེར་དེ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་དེ་བཞིན་དུ་གཏམ་བྱེད་པ་ལ་ཞུགས་པ་དང་། རེ་ཞིག་ན་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལམ་དེར་སོང་བ་དང་། དེ་དག་གིས་ དགེ་སློང་མ་རྣམས་དང་ལྷན་ཅིག་དེ་དག་གསོ་སྦྱོང་བྱེད་པ་མཐོང་ངོ་། །དེ་ནས་དེ་དག་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྟོག་ཅིང་གཅིག་ལ་གཅིག་གིས་སྨྲས་པ། ཤེས་ལྡན་དག་དགེ་སློང་མ་མགོ་རེག་འདི་དག་དང་། དགེ་སྦྱོང་མགོ་རེག་འདི་དག་ཅི་དག་སྨྲ། གཅིག་གིས་སྨྲས་པ། ཤེས་ལྡན་དག་དེ་དག་གིས་ཁྱིམ་དུ་གསང་སྟེ། གསང་གཏམ་ཅི་བྱས་པ་དེ་དག་བདག་ཅག་གིས་ཐོས་པས་འདི་དག་དགོན་པར་སོང་སྟེ། འོངས་ནས་གསང་བ་ཅི་ཡོད་པ་སྨྲར་ཟད་མོད། གཞན་ཅི་སྨྲར་ཡོད། འདི་དག་གིས་ཀྱང་རྒྱལ་པོ་ལ་སྨྲས་པས་བདག་ཅག་རྒྱལ་པོས་ཆད་པས་ཅུང་ཟད་ཅི་བཅད་པ་དེ་ཐམས་ཅད་ནི་དགེ་སློང་མགོ་རེག་འདི་དག་གིས་མ་ལན་གྲང་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་དང་དགེ་སློང་མ་རྣམས་ཀྱི་ལམ་གྱི་ཕྱེད་དུ་གསོ་སྦྱོང་མི་བྱའོ། །དེ་ལྟ་མོད་ཀྱི་གསོ་སྦྱོང་ལེན་


DKG011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་སློང་མ་གཉིས་གཏང་བར་བྱའོ། །དེ་དག་གིས་ཟླ་བ་ཕྱེད་ཅིང་སོང་ལ་ཡོངས་སུ་དག་པ་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་ལེན་པའི་དགེ་སློང་མ་གཉིས་གཏང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་མ་སྤོབས་པ་མེད་པ་དག་བཏང་སྟེ། དེ་དག་བག་ཁུམས་ནས་ཡོངས་སུ་དག་པ་བརྗོད་མ་ནུས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྤོབས་པ་ཅན་ལ་གསོལ་བ་གདབ་པར་བྱའོ། །སྤོབས་པ་ཅན་གཉིས་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོབས་པ་ཅན་གཅིག་ལ་གསོལ་བ་གདབ་པར་བྱའོ། །དེ་དག་གཙུག་ལག་ཁང་དུ་འོངས་པར་གྱུར་པ་དང་། དགེ་སློང་གི་དགེ་འདུན་མང་པོ་གང་ལ་བརྗོད་པ་དེ་དག་གིས་མ་ཤེས་ནས། དེ་དག་དེ་ཉིད་ནས་ལོག་སྟེ་དགེ་སློང་མའི་དགེ་འདུན་གྱིས་གསོ་སྦྱོང་མ་བྱས་པའི་སྐབས་དེ་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཅིག་ལ་གསོལ་བ་གདབ་པར་བྱ་སྟེ། གན་དུ་འོངས་ནས་དེ་ལ་བརྗོད་པར་བྱའོ། །དགེ་སློང་དག་གིས་དགེ་སློང་གཅིག་ལ་གསོལ་ བ་བཏབ་པ་དེ་དག་གིས་དེ་མ་ཤེས་ཏེ། དེ་བཞིན་དུ་ཉེས་དམིགས་སུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གང་ལ་གསོལ་བ་བཏབ་པར་གྱུར་པ་དེས་ནན་ཏན་གྱིས་སྒོ་ཁང་དུ་འདུག་པར་བྱའོ། །དེ་དག་གིས་སོང་སྟེ། དེ་ལ་བརྗོད་པར་བྱའོ། །དེས་ཀྱང་དགེ་སློང་གི་དགེ་འདུན་ལ་བརྗོད་པར་བྱའོ། །དགེ་སློང་གི་དགེ་འདུན་གྱིས་ཀྱང་སྟོན་པའི་དགེ་སློང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེས་ཀྱང་དགེ་སློང་མ་རྣམས་ལ་གདམས་ངག་སྦྱིན་པར་བྱའོ།། །།སྡོམ་ནི། མི་འབྲོས་པར་ནི་བསྒོ་བ་དང་། །མིང་རུས་དག་ནི་དྲི་བ་དང་། །ཞྭ་དང་ལྷུང་བཟེད་ཁ་གཡོགས་དང་། །ཕྲེང་བ་རྒྱུད་པ་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་


DKG011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་གསོལ་བ་བཏབ་པའི་དགེ་སློང་གང་ཡིན་པའི་མདུན་དུ་དགེ་སློང་མ་དེ་དག་ཡོངས་སུ་དག་པ་རྗོད་ཅིག་ཅེས་བཀའ་སྩལ་ནས། གསོལ་བ་བཏབ་པའི་དགེ་སློང་དེ་སྒོ་ཁང་ན་སྡོད་དོ། །ཇི་ཙམ་ན་དགེ་སློང་མ་དག་དེའི་དྲུང་དུ་ཉེ་བར་འོང་བར་བརྩམས་པ་དང་། དེས་མ་རེག་མ་རེག་ཤིག་ཅེས་སྨྲས་ནས་འབྲོས་པར་བརྩམས་སོ། །དེ་དག་གིས་དེའི་རྗེས་སུ་སྐད་ཅིག་ཙམ་ཞིག་འབྲངས་ཏེ། སླར་ལོག་ནས་དགེ་སློང་མའི་དབྱར་མོ་ཁང་དུ་འོངས་ཏེ། དགེ་སློང་མ་རྣམས་ཀྱིས་དེ་བཞིན་དུ་གསོ་སྦྱོང་མ་བྱས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་བཏབ་པའི་དགེ་སློང་གིས་དེ་ཁོ་ན་བཞིན་དུ་མ་འབྲོས་པར་སྲིང་མོ་མ་རེག་པར་འདུག་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་གིས་དགེ་སློང་མ་དེ་དག་ལ་མ་བསྒོ་བར་དེ་ཁོ་ན་བཞིན་དུ་རིང་དུ་བྲོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལ་གདམས་ངག་འབོགས་པའི་དགེ་སློང་ལ་གསོལ་བ་གདབ་པར་ བྱའོ། །དེས་ཀྱང་ནན་ཏན་གྱིས་བསྡད་པར་བྱའོ་ཞེས་གསུངས་སོ། །ཇི་ཙམ་ན་གཞན་ཞིག་ལ་གསོལ་བ་བཏབ་པ་དེ་མྱུར་བར་སྒོ་ཁང་དུ་མ་སོང་བ་དང་། དེར་འཚོ་བ་པ་ཞིག་དགོས་པ་ཞིག་གི་ཕྱིར་འོངས་ཏེ་སྒོ་ཁང་ན་འཁོར་བའི་འཁོར་ལོ་ཆ་ལྔ་པ་ལ་རྟོག་ཅིང་འདུག་གོ །དགེ་སློང་མ་དེ་དག་གིས་བསམས་པ། འདི་ནི་བདག་ཅག་གི་གདམས་ངག་འབོགས་པ་ཡིན་ནོ་སྙམ་སྟེ་དེ་དག་དེའི་རྐང་པ་ལ་གཏུགས་ཏེ་འདུག་ནས་སྨྲས་པ། འཕགས་པ་དགོངས་སུ་གསོལ་དེས་བསམས་པ་རེ་ཞིག་དགེ་སྦྱོང་མགོ་རེག་མ་འདི་དག་ཅི་སྨྲ་བ་ལྟའོ་སྙམ་སྟེ་ཅང་མ་སྨྲས་པ་དང་། དེ་དག་གིས་ཡང་སྨྲས་པ། འཕགས་པ་དགོངས་སུ་གསོལ། རྒྱལ་པོའི་ཀུན་དགའ་ར་བའི་དགེ་སློང་མའི་དགེ་འདུན་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་དགེ་སློང་གི་དགེ་འདུན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མ་མཆིས་པར་


DKG011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པར་གནས་སམ་ཞེས་ཞུ་ཞིང་གསོ་སྦྱོང་གིས་ཡོངས་སུ་དག་པ་ཡང་བརྗོད་པར་བྱའོ། །དེས་ཇི་སྐད་བརྗོད་པར་བྱ་བ་མ་ཤེས་ནས་ཅང་མ་སྨྲས་སོ། །དེ་དག་གིས་སྨྲས་པ། ཀྱེ་མ་འཕགས་པ་ཐབས་ཡིན་ནོ་ཞེས་ཀྱང་མི་གསུང་ངམ། གྱི་ན་མཇལ་ཏོ་ཞེས་སྨྲས་ནས་སོང་ངོ་། །དགེ་སློང་མ་དེ་དག་ཀྱང་དབྱར་ཁང་དུ་འོངས་སོ། །གདམས་ངག་འབོགས་པའི་དགེ་སློང་དེ་ཡང་ཕྱི་ཞིག་ན་སྒོ་ཁང་དུ་འོངས་ཏེ་ཡུད་ཙམ་ཞིག་དུས་སུ་བསྡད་ནས་སོང་ངོ་། །ཇི་ཙམ་ན་དགེ་འདུན་གྱི་གནས་བརྟན་གྱིས་གསོལ་བ་འབའ་ཞིག་བྱས་ཏེ་དགེ་སློང་དགེ་སྐོས་བྱེད་པས་དགེ་སློང་རྣམས་ལ་སྨྲས་པ། དགེ་སློང་མ་རྣམས་ཀྱིས་ཡོངས་སུ་དག་པ་སུས་བླངས། དགེ་སློང་འགས་ཀྱང་བདག་གིས་ཤེས་མ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བསམས་པ། གདོན་མི་ཟ་བར་དགེ་སློང་མ་དག་སུ་ཡང་མ་འོངས་ལ་གང་གིས་ཀྱང་ཡོངས་སུ་དག་པ་མ་བླངས་སོ། །དེ་དག་གིས་དགེ་སློང་གཞན་ལ་ཡང་གསོལ་བ་མ་བཏབ་པར་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོར་ཐར་པའི་མདོ་གདོན་པ་བཏོན་ཏེ་དགེ་འདུན་ གྱིས་གསོ་སྦྱོང་མཛད་དོ། །ཇི་ཙམ་ན་གསོ་སྦྱོང་ཕྱི་མའི་ཚེ་ཡོངས་སུ་དག་པ་ལེན་པའི་དགེ་སློང་མ་དག་འོངས་ན་ལུང་འབོགས་པ་མི་སྣང་ནས་དེ་དག་གིས་རིང་ཞིག་བསྡད་དེ་དབྱར་ཁང་དུ་འོངས་སོ། །དགེ་སློང་མའི་དགེ་འདུན་གྱིས་ཀྱང་གསོ་སྦྱོང་མ་བྱས་སོ། །ཇི་ཙམ་ན་ཕྱི་དེ་ཉིན་པར་དགེ་སློང་མ་ཐམས་ཅད་འདུས་ཏེ་ལྷགས་ནས་སྨྲས་པ། ཅིའི་སླད་དུ་འཕགས་པ་དགེ་འདུན་གྱིས་བདག་ཅག་གིས་ལུང་འབོགས་པའི་དགེ་སློང་གསོལ་བ་མི་གདབ། དགེ་སློང་དག་གིས་སྨྲས་པ། སྲིང་མོ་དག་འདས་པའི་གསོ་སྦྱོང་དེའི་ཚེ་སྟོན་པའི་དགེ་སློང་གང་ལ་ཁྱེད་རྣམས་གང་གིས་ཡོངས་སུ་དག་པ་བརྗོད། ཡོངས་སུ་དག་པ་ལེན་པའི་དགེ་སློང་མ་དག་གིས་སྨྲས་པ། ཁ་དོག་ནི་འདི་ལྟ་བུ་བོང་ཚོད་ནི་འདི་ཙམ་པའི་འཕགས་པ་ཞིག་སྒོ་ཁང་ན་འཁོར་བའི་འཁོར་ལོ་རྟོག་ཅིང་འདུག་པར་གྱུར་པ་དེ་ལ་བདག་ཅག་གིས་ཡོངས་སུ་དག་པ་བརྗོད་དོ། །དགེ་སློང་དེ་དག་གིས་འཚོ་བ་པ་ཡོད་པ་ཡིན་པར་མཚན་མ་ལས་ཤེས་ཏེ་སྨྲས་པ། དེ་ནི་དགེ་སློང་མ་ཡིན་མོད་གྱི་འཚོ་བ་པ་


DKG011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདུག་པ་དེ་ཁོ་ན་ལ་ཁྱོད་ཀྱིས་བརྗོད་དོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཡིན་པ་དེ་ནི་དགེ་སློང་མའི་གདམས་ངག་འབོགས་པའི་དགེ་སློང་དེའི་མིང་མ་དྲིས་པས་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་མའི་གདམས་ངག་འབོགས་པ་དེའི་མིང་དྲི་བར་བྱའོ་སྙམ་དུ་བསམས་ནས། དགེ་སློང་དག་ལ་དགེ་སློང་མ་དེ་དག་གིས་སྨྲས་པ་ལ་ལྟུང་བ་མེད་དོ། །དེ་ལྟ་བས་ན་ཡོངས་སུ་དག་པ་ལེན་པའི་དགེ་སློང་མ་དག་གིས་གདམས་ངག་འབོགས་པའི་དགེ་སློང་དེའི་མིང་དྲི་བར་བྱའོ། །བདག་ཅག་གི་ལུང་འབོགས་པའི་སློབ་དཔོན་གྱི་མིང་ཅི་ཞེས་མ་དྲིས་པར་སྨྲས་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཡོངས་སུ་དག་པ་ལེན་པའི་དགེ་སློང་མ་དག་གིས་ལུང་འབོགས་པའི་དགེ་སློང་དེའི་མིང་དྲི་བར་བྱའོ་ཞེས་གསུངས་པ་དང་། དེ་དག་གིས་ཡང་ལུང་འབོགས་པའི་དགེ་སློང་དེ་མིང་ཤེས་བཞིན་དུ་ཡང་དྲིས་པ་ དེའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་དེའི་མིང་ཤེས་ན་དེ་དག་གིས་དྲི་བར་མི་བྱའོ། །དེ་དག་གིས་མི་ཤེས་ན་དྲི་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །སྐྱེ་དགུའི་བདག་མོ་གཽ་ཏ་མཱི་ན་ཞིང་འདུག་པ་དེའི་དྲུང་དུ་དགེ་སློང་མ་རྣམས་འོངས་ནས་དྲིས་པ། འཕགས་མ་ཇི་ལྟ་ཞིང་བཞུགས། དེས་སྨྲས་པ། བུ་མོ་བདག་བྲོ་འཚལ་ལོ། །དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཀྱིས་ཅི་ཞིག་བཅངས། དེས་སྨྲས་པ། བུ་མོ་བདག་སྔོན་ཁྱིམ་པ་མོའི་ཚེ་ཁྱིམ་གྱི་ནང་ན་གནས་ཤིང་ཞྭ་བཅངས་སོ། །འཕགས་མ་ད་ལྟར་ཅིའི་སླད་དུ་མི་བཅང་། བུ་མོ་ད་ལྟར་བདག་རབ་ཏུ་བྱུང་སྟེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ན་ཇི་ལྟར་བཅང་བར་བྱ་ཞེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་བཟླས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མ་དག་གིས་དབྱར་ཁང་དུ་ཞྭ་བཅང་བར་བྱའོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །རྒྱལ་པོའི་


DKG011_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཁབ་ཀྱི་བྲམ་ཟེ་སློང་མོ་པ་གཞན་ཞིག་འཁྱམ་ཞིང་ཁྱིམ་གཞན་ཞིག་ཏུ་ཞུགས་ནས་སྨྲས་པ། བདེ་ལེགས་སུ་གྱུར་ཅིག །སློང་མོ་བྱིན་ཅིག་ཅེས་སྨྲས་པ་དང་། ཁྱིམ་བདག་མོས་སྨྲས་པ་བྲམ་ཟེ་ཅུང་ཟད་ཀྱང་མེད་ཀྱིས་སོང་ཤིག་ཅེས་བྱས་པ་དང་། དེ་ཕྱིར་བྱུང་སྟེ་སོང་ངོ་། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཡང་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །བྲམ་ཟེ་དེས་བསམས་པ། དགེ་སྦྱོང་མགོ་རེག་མ་འདི་ཡང་ཞུགས་ན་རེ་ཞིག་འདི་ལ་ཡང་མ་སྟེར་རམ། བདག་གཅིག་པུ་ལ་ཡིན་བལྟ་བར་བྱའོ་སྙམ་སྟེ། དེ་དེ་ལ་སྐབས་ཚོལ་ཞིང་ཡུད་ཙམ་ཞིག་དེ་ན་སྡོད་དོ། །དེས་སངས་རྒྱས་ཀྱི་ཡུམ་གཤེགས་སོ་ཞེས་རིངས་པ་རིངས་པར་ལངས་ནས་སྟན་བཏིང་སྟེ་རབ་ཏུ་དགའ་ནས་སོང་སྟེ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་ལྷུང་བཟེད་བཀང་ནས་ཕུལ་ལོ། །བྲམ་ཟེ་དེ་སེར་སྣ་དང་མི་བཟོད་པ་སྐྱེས་ནས་སོང་སྟེ་སྨྲས་པ། འཕགས་ མ་དེས་རེ་ཞིག་ལྷུང་བཟེད་དུ་ཕུན་སུམ་ཚོགས་པ་ཅི་མཆིས་བལྟའོ། །དེ་ཡང་དྲང་བས་དེས་ཉེ་བར་བསྟན་ཏོ། །བྲམ་ཟེས་ལྷུང་བཟེད་དེར་མཆིལ་མ་བླུགས་སོ། །སྐྱེ་དགུའི་བདག་མོ་གཽ་ཏ་མཱིས་སྨྲས་པ། བུ་ཅིའི་ཕྱིར་ཁྱོད་ཀྱིས་བསོད་སྙོམས་མ་རུང་བར་བྱ། གལ་ཏེ་ཁྱོད་ཀྱིས་གསོལ་བ་བཏབ་པར་གྱུར་ན་ངས་དེ་བཞིན་དུ་བྱིན་པར་གྱུར་པ་ཞིག །བྲམ་ཟེ་དེ་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་པ་དེའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་བཟླས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། བུད་མེད་ཀྱི་རང་བཞིན་ལ་ནི་སྐྱེས་པ་ཕལ་པ་གཞན་ཡང་འཚེ་སྟེ། ཇི་ལྟར་སྐྱེས་བུ་བྲམ་ཟེ་གཏི་མུག་དེས་ཀྱང་འདི་བཞིན་དུ་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་དོ། །དེ་ལྟ་བས་ན་དགེ་སློང་མ་དག་གིས་ལྷུང་བཟེད་ཁ་གཡོགས་བཅང་བར་བྱ་བར་མཁྱེན་ནས་གསུངས་པ། དགེ་སློང་དག་བུད་མེད་ཀྱི་རང་བཞིན་ལ་ནི་སྐྱེས་པ་ཕལ་པ་གཞན་ཡང་འཚེ་སྟེ། སྐྱེས་བུ་བྲམ་ཟེ་གཏི་མུག་དེས་ཀྱང་འདི་བཞིན་དུ་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་དོ། །དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མ་དག་གིས་ལྷུང་བཟེད་ཀྱི་


DKG011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གཡོགས་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དག་གིས་ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་མ་དག་གིས་ལྷུང་བཟེད་ཀྱི་ཁ་གཡོགས་ཅི་འདྲ་བ་དེ་མ་ཤེས་ཏེ། དེའི་སྐབས་དགེ་སློང་དག་ལ་བཟླས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ཀྱི་ཁ་གཡོགས་ནི་ལྷུང་བཟེད་ཀྱི་སྣོད་དེ་དེར་ལྷུང་བཟེད་བཅུག་ནས་དགེ་སློང་མ་དག་བསོད་སྙོམས་ལ་འགྲོ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །ཤར་ཕྱོགས་ཀྱི་མི་མང་པོ་རྣམས་སྐྱེད་མོས་ཚལ་ན་དགའོ། །ཇི་ཙམ་དུས་གཞན་ཞིག་ན་མཉན་ཡོད་དུ་དུས་སྟོན་ལ་བབ་སྟེ་དེ་རྣམས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་ཁྱེར་ཏེ་སྐྱེད་མོས་ཚལ་དུ་སོང་ངོ་། །དེ་རྣམས་ཀྱིས་ཆུང་མ་དག་ལ་མེ་ཏོག་གི་ཕྲེང་བ་རྒྱུས་ལ་སྐུར་ཅིག་ཅེས་སྤྲིང་བ་དང་། དེ་རྣམས་ཀྱིས་ར་བ་ན་མེ་ཏོག་བཟང་པོ་སྣ་ཚོགས་པ་དག་སྐྱེས་ཏེ། དེ་དག་ཀྱང་དེ་རྣམས་ ཀྱིས་སྤྲིང་ངོ་སྙམ་ནས་རིངས་པ་རིངས་པར་མེ་ཏོག་གི་ར་བ་དག་ནས་མེ་ཏོག་བཏུས་ན་རྒྱུད་མ་ཤེས་སོ། །དེ་དག་གིས་མེ་ཏོག་ཕྲེང་རྒྱུད་མ་ལ་མེ་ཏོག་བརྒྱུས་ཚུར་ཤོག་ཅེས་སྤྲིང་ན། དེ་དག་དེའི་ཉིན་པར་མེ་ཏོག་ཉོ་བ་ཡོད་དེ་དེ་དག་མ་འོངས་པ་དང་། དེ་རྣམས་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ། ཇེ་དག་གིས་བདག་ཅག་ལ་མེ་ཏོག་ཕྲེང་བ་རྒྱུས་ལ་སྐུར་ཅིག་ཅེས་སྤྲིང་ན་དེ་བདག་ཅག་གིས་ནི་རྒྱུད་མི་ཤེས་ཕྲེང་རྒྱུད་མ་བོས་ན་ཡང་འོང་དུ་མ་བཏུབ་སྟེ། ཇི་ལྟར་བསྒྲུབ་སྙམ་མོ། །སྦོམ་དགའ་མོ་ཡང་བསོད་སྙོམས་ཀྱི་ཕྱིར་རྒྱུ་ཞིང་ཁྱིམ་གཞན་ཞིག་ཏུ་ཞུགས་ཏེ། མཚན་བཟངས་མ་བསོད་སྙོམས་བསླང་ངོ་ཞེས་སྨྲས་པ་དང་། དེས་སྨྲས་པ། འཕགས་མ་ཇེ་བཞུད་ཅིག་བདག་ཅག་ནི་སེམས་ཁོང་དུ་ཆུད་ཅིང་མཆིས་ཏེ་བསོད་སྙོམས་དང་ཚིག་ག་ལ་ཞིག་སྟེར་ཏེ་སུ་ཡང་མ་མཆིས་སོ། །དེས་སྨྲས་པ། ཅི་འདི་སྐད་དུ་སྨྲའམ་ངས་ཅུང་ཟད་ཅི་ཉེས་དེས་ཇི་ལྟར་གྱུར་པ་རྒྱས་པར་བརྗོད་དོ། །སྦོམ་དགའ་མོས་སྨྲས་པ། ཁྱེད་ཉིད་ཅིའི་ཕྱིར་མི་རྒྱུད། དེས་སྨྲས་པ། འཕགས་མ་བདག་ཅག་ནི་མ་འཚལ་ན། མཁྱེན་པ་ལྟ་མཆིས་སམ། སྦོམ་


DKG011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མོས་སྨྲས་པ། མཚན་བཟངས་མ་དེ་ཤེས་ཏེ། དེའི་དུས་ལས་འདས་པས་བཟོའི་གནས་དང་། ལས་ཀྱི་གནས་ངེས་པར་ངས་མི་ཤེས་པ་མེད་དོ། །དེ་དག་གིས་འཕགས་མ་དེ་བཞིན་དུ་བརྒྱུས་ཏེ་སྩལ་བར་ཅི་གནང་དེས་སྨྲས་པ། མཚན་བཟངས་མ་གལ་ཏེ་བཟའ་བའི་རིན་སྦྱིན་ནམ། དེས་སྨྲས་པ། འཕགས་མ་ལེགས་པར་འབུལ་ལོ། །ཤིན་ཏུ་དབུལ་གྱིས་རྒྱུས་ཤིག་དེས་ལྷུང་བཟེད་བཞག་སྟེ། རྐང་པ་བརྐྱང་ནས་འདུག་སྟེ་མྱུར་བར་དེ་བཞིན་དུ་བརྒྱུས་པ་ཁྱིམ་བདག་གི་ཆུང་མ་དེ་དག་གིས་དེ་མཐོང་སྟེ། ངོ་མཚར་སྐྱེས་ནས་དེ་དག་ཡོངས་སུ་མགུ་སྟེ་སྦོམ་དགའ་མོ་ལ་བཟའ་བའི་རིན་མང་དུ་བྱིན་ནོ་སྦོམ་དགའ་མོ་དེས་འགྲན་པས་ཁྱིམ་གཞན་དུ་ཡང་ཕྲེང་བ་བརྒྱུས་ཏེ། དེར་ཡང་བཟའ་བའི་རིན་བྱིན་པ་དང་། སྦོམ་དགའ་མོ་རྙེད་པ་མང་དུ་རྙེད་དེ་ཐོབ་ནས་བྱུང་སྟེ་དབྱར་ཁང་དུ་སོང་ངོ་། །ཇི་ཙམ་ན་ཕྲེང་རྒྱུད་མ་འོངས་ཏེ། སྨྲས་པ། མེ་ཏོག་དེ་དག་འོན་ཅིག་ བརྒྱུའོ། །དེས་སྨྲས་པ། ཁྱེད་ཅག་ད་གཟོད་ག་ཤེད་ནས་འོངས་ཀྱི་ཕྲེང་བ་དེ་དག་བརྒྱུས་ཏེ་སྐྱེད་མོས་ཚལ་དུ་བསྐུར་ཟིན་ནོ། །དེ་དག་གིས་སྨྲས་པ། སུས་བརྒྱུས་དེ་དག་གིས་སྨྲས་པ། འཕགས་མ་སྦོམ་དགའ་མོས་སོ། །དེ་དག་དགེ་སྦྱོང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ནི་ཚིག་པ། ཚངས་པར་སྤྱོད་པ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་ད་ལྟར་གཞན་དག་གི་འཚོ་བ་འཕྲོག་གོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་དོ་ཞེས་དགེ་སློང་རྣམས་ཀྱིས་ཐོས་ནས། སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཕྲེང་རྒྱུད་མ་རྣམས་ཁ་ཟེར་བའི་ཉེས་དམིགས་གང་ཅི་བྱུང་བ་ནི་དགེ་སློང་མས་ཕྲེང་བ་བརྒྱུས་པའི་གཞི་ལས་གྱུར་པ་ཡིན་གྱིས། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཕྲེང་བ་བརྒྱུ་བར་མི་བྱའོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དགེ་སློང་དག་ཕྲེང་རྒྱུད་མ་རྣམས་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཕྲེང་བ་བརྒྱུ་བར་མི་བྱའོ། །དགེ་སློང་མ་དག་ཕྲེང་བ་རྒྱུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཕྲེང་བ་བརྒྱུ་བར་མི་བྱའོ་ཞེས་གསུངས་


DKG011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཙུག་ཕུད་ཀྱི་དུས་སྟོན་དང་། དུས་སྟོན་ཆེན་པོ་དང་ལོ་ལྔའི་དུས་སྟོན་དག་བྱུང་བར་གྱུར་ཏེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་བཙུན་མོ་ཕྲེང་ལྡན་མ་དང་། རྒྱལ་རིགས་དབྱར་བྱེད་མ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། རི་དགས་འཛིན་གྱི་མ་ས་ག་དང་། ཞལ་ཏ་བ་རྒན་རབས་དང་། དགེ་བསྙེན་མ་རྫུ་འཕྲུལ་ཅན་གྱི་མ་དང་། ཁྱིམ་བདག་གཏུམ་པོ་དང་། ཤཱཀྱ་མིང་ཆེན་དང་། གཞན་ཡང་དད་པ་ཅན་མང་པོ་དག་གོང་ནས་གོང་དུ་མཆོག་ཁྱད་པར་ཅན་གཙུག་ཕུད་ལ་སོགས་པ་དུས་སྟོན་ཆེན་པོ་དང་དགའ་སྟོན་བྱེད་དོ། །ཡུལ་ཐ་དད་པ་ན་གནས་པའི་སྐྱེ་བོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་འདུས་པར་གྱུར་ཏེ་མེ་ཏོག་མང་དུ་བརྔས་པ་དང་། ཕྲེང་རྒྱུད་མ་རྣམས་ཀྱིས་ཕྲེང་བ་ལེགས་པར་རྒྱུད་མ་ནུས་ཏེ། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་གཞན་དག་ཏུ་ཕན་ཚུན་དུ་ བསྐོར་ཀྱང་མེ་ཏོག་དག་ལེགས་པར་རྒྱུད་མ་ནུས་སོ། །དེ་དག་གིས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེ་མ་བདག་ཅག་ནི་མེ་ཏོག་རྒྱུད་མ་འཚལ་ན་ཨེ་མའོ་འཕགས་མ་དག་ནི་མཁྱེན་ཏེ། ཁྱེད་ཅག་སྟོན་པ་མཆོད་ཅིང་ཕྲེང་བ་བརྒྱུ་བའི་དུས་ལ་བབ་བོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་མི་ཤེས་སམ་འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཕྲེང་བ་མི་བརྒྱུའོ་ཞེས་བསླབ་པའི་གཞི་བཅས་ནས་དེ་ཇི་ལྟར་བརྒྱུ་ཞེས་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཆེད་དུ་དགེ་སློང་མ་རྣམས་ཀྱིས་ཕྲེང་བ་བརྒྱུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཆེད་དུ་དགེ་སློང་མ་རྣམས་ཀྱིས་ཕྲེང་བ་བརྒྱུ་བར་བྱའོ་ཞེས་གསུངས་པ་དང་། དེ་རྣམས་སྒོ་ཁང་དང་ཁྱམས་དག་ཏུ་རྐང་པ་བརྐྱང་ནས་འདུག་སྟེ་མེ་ཏོག་བརྒྱུ་བར་བརྩམས་པ་མ་དད་པ་དག་གིས་མཐོང་སྟེ། ཀྱེ་མ་འཕགས་མ་དག་ཁྱེད་ཅག་ཕྲེང་རྒྱུད་མ་ཁོ་ན་ལས་རབ་ཏུ་བྱུང་ངམ་ཞེས་དཔྱས་པ་དང་། དེ་དག་སྤ་གོང་སྟེ་ཅང་མི་སྨྲ་བར་འདུག་པ་དེའི་སྐབས་དེ་དགེ་


DKG011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མ་དད་པ་རྣམས་འཕྱ་བའི་གཞི་ནི་ཚུལ་མ་ཡིན་པ་དེ་དག་སྟེ། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་སྒོ་ཁང་དང་། ཁྱམས་སུ་འདུག་སྟེ་མེ་ཏོག་བརྒྱུ་བར་མི་བྱའོ། །དགེ་སློང་མ་དག་སྒོ་ཁང་དང་ཁྱམས་སུ་འདུག་སྟེ་ཕྲེང་བ་རྒྱུད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་གང་ཤེས་པ་ཡོད་ན་དབེན་པའི་ཕྱོགས་སུ་བརྒྱུ་བར་བྱའོ། །དགེ་སློང་མ་དག་སྒོ་ཁང་དང་ཁྱམས་སུ་འདུག་སྟེ། མེ་ཏོག་རྒྱུད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སྡོམ་ནི། ཁར་བའི་སྣོད་དང་ཆང་གི་ལས། །ཁྱིམ་གྱི་གཞི་རྣམས་འཚོང་བ་དང་། །དེ་བཞིན་ཚོང་ཁང་གཞི་དག་དང་། །ལྷ་འདྲའི་གཟུགས་ནི་མི་བཅང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སྦོམ་དགའ་མོ་ཁར་བ་མཁན་གྱི་དྲུང་དུ་སོང་ སྟེ་སྨྲས་པ། བཞིན་བཟངས་ཁར་བའི་ལྷུང་བཟེད་བྱེད་ནུས་སམ་དེས་སྨྲས་པ། འཕགས་མ་དེ་བཞིན་དུ་ཤེས་ན་ཚད་ཇི་ཙམ་དུ་བགྱི་ཆེན་པོ་ཞིག་བྱའོ། །འཕགས་མ་ལ་ཁར་བའི་ལྷུང་བཟེད་ཆེན་པོ་ཅི་དགོས། བཀྲེན་པ་ཁྱོད་ལ་རིན་མེད་པར་ནི་བྱེད་དུ་མི་འཇུག་ན་རིན་ཚང་བར་སྦྱིན་གྱིས་བྱོས་ཤིག །དེས་བསམས་པ་བདག་ལ་འགོད་པ་ནི་ཅི་ཡང་མེད་ན་བྱའོ་སྙམ་ནས་དེས་ཁར་བའི་ལྷུང་བཟེད་ཆེན་པོ་ཞིག་བྱས་སོ། །དེས་སྨྲས་པ། འདིར་གཞུག་ཏུ་རུང་བ་གཞན་གཅིག་ཀྱང་བྱོས་ཤིག་དེས་གཞན་ཞིག་ཀྱང་བྱས་ཏེ། དེས་གཞན་བདུན་གྱི་བར་བྱས་སོ། །སྦོམ་དགའ་མོས་དེ་དག་དགེ་སློང་མ་རྣམས་བྱི་དོར་བྱེད་དུ་བཅུག་ནས་ཚོན་སྣ་ལྔའི་སྐུད་པའི་དྲ་བར་དེས་དེ་རིམ་བཞིན་དུ་བཅུག་སྟེ། དགེ་སློང་མའི་མགོ་ལ་བསྐུར་ནས་གང་དུ་མགྲོན་དུ་བོས་པ་དེར་སོང་སྟེ་ཕྱིན་ནས་དེ་དག་བཀྲམ་སྟེ་འདུག་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་གིས་སྨྲས་པ་འཕགས་མ་ཁྱོད་ཁར་བ་མཁན་གྱི་ཚོང་ཁང་འགྲིམས་སམ་ཅི། དེས་སྨྲས་པ། བཀྲེན་པ་ཁྱེད་ཅག་ཅི་ཤེས། རེ་ཞིག་འདིར་ནི་ཟན་བླང་ངོ་། །འདིར་ནི་ཁུར་བའོ་འདིར་ནི་འབྲས་ཆན་


DKG011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདིར་ནི་ཚོད་མ་བླང་ངོ་། །འཕགས་མ་དེ་བཞིན་དུ་གཞན་དག་ཀྱང་ཞོག་དང་། གལ་ཏེ་ན་ཚོད་མ་མང་དུ་རྙེད་ཀྱང་སྲིད་དོ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་པ་དེའི་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་མས་ཁར་བའི་སྣོད་བཅངས་པས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཁར་བའི་སྣོད་བཅང་བར་མི་བྱའོ་སྙམ་དུ་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཁར་བའི་སྣོད་བཅང་བར་མི་བྱའོ། །དགེ་སློང་མ་དག་ཁར་བའི་སྣོད་བཅངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་གཞན་ཁ་གཟར་དང་། ཚྭ་སྣོད་དང་། ཕུལ་བའི་བཏུང་ཕོར་དག་ནི་བཅང་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་བཞི་པ། གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ གཞན་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་གཡས་ཞར་མ་ཞིག་བཙས་ཏེ་གཡས་ཞར་མ་དེ་བཀྲ་མི་ཤིས་པས་སུས་ཀྱང་མ་བླངས་སོ། །མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་གིས་ཆུང་མ་གཅིག་བླངས་པ་དང་། དེ་རང་གི་ལས་ཀྱིས་དུས་ལས་འདས་སོ། །དེ་དེ་བཞིན་དུ་གཉིས་པ་ནས་གསུམ་པ་དང་བདུན་པའི་བར་དུ་བླངས་ན་དེ་དག་ཀྱང་རང་གི་ལས་ཀྱིས་དུས་ལས་འདས་ཏེ། དེའི་མིང་ཆུང་མ་གསོད་པ་ཆུང་མ་གསོད་པ་ཞེས་ཀུན་དུ་གྲགས་སོ། །དེས་གཞན་ཞིག་གི་བུ་མོ་ཞིག་བསླངས་པ་དང་། དེས་སྨྲས་པ། ཅི་བདག་གི་བུ་མོ་ཡང་ཡོངས་སུ་གཏང་ངམ། ཡུགས་ས་མོ་ཞིག་བསླངས་པ་དང་། ཅི་བདག་ཉིད་ཀྱིས་བདག་ཉིད་ཡོངས་སུ་གཏོང་ངམ་ཞེས་སྨྲས་སོ། །དེས་རང་ཉིད་ཁྱིམ་གྱི་འཚོ་ཚིས་དག་བྱ་བར་བརྩམས་པ་དང་། དེའི་སྟེན་གྲོགས་ཤིག་ཁྱིམ་དུ་འོངས་ཏེ་དེའི་མིང་ཉིད་ནས་ག་རེ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། དེ་ནང་དུ་ཞུགས་ཏེ་ཁྱིམ་གྱི་འཚོ་ཚིས་དག་བྱེད་དོ། །སྟེན་གྲོགས་ཀྱིས་སྨྲས་པ།


DKG011_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཆུང་མ་དག་བཟའ་བ་དང་། བསྒོ་བ་སྦྱར་ཞིང་ལས་བྱེད་དུ་གཞུག་མི་ནུས་སམ་གང་གི་ཕྱིར་རང་ཉིད་ཁྱིམ་གྱི་འཚོ་ཚིས་དག་བྱེད། དེས་སྨྲས་པ། སྟེན་གྲོགས་བདག་གིས་ནུས་མོད་ཀྱི། འོན་ཀྱང་བདག་གིས་ཆུང་མ་གཅིག་བླངས་ན་དེ་རང་གི་ལས་ཀྱིས་དུས་ལས་འདས་སོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་བདུན་གྱི་བར་དུ་ཆུང་མ་བླངས་ན་དེ་དག་ཀྱང་རང་གི་ལས་ཀྱིས་དུས་ལས་འདས་ཏེ། གང་དག་བདག་གི་མིང་ཆུང་མ་གསོད་པ་ཆུང་མ་གསོད་པ་ཞེས་ཀུན་དུ་གྲགས་སོ། །དེས་ཅི་གཞན་ཡང་མི་བསླང་ངམ། བདག་གིས་བསླངས་ན་དེ་དག་བདག་ཅག་གི་བུ་མོ་ཡང་ཡོངས་སུ་གཏང་ངམ་ཅི་ཞེས་ཟེར་རོ། །ཅི་ཡུགས་ས་མོ་མི་བསླང་ངམ། དེ་ཡང་བདག་གིས་བྱས་མོད་ཀྱི་ཅི་བདག་ཉིད་ཀྱིས་བདག་ཉིད་ཡོངས་སུ་གཏང་ངམ་ཞེས་ཟེར་རོ། །སྟེན་གྲོགས་དེ་ལྟ་ན་གཡས་ཞར་མ་ཅི་སྟེ་མི་བསླང་། དེ་དག་གི་བུ་མོ་ ཡང་མི་སྟེར་རོ། །སྟེན་གྲོགས་སོང་དང་། ཁྱིམ་བདག་དེ་ཀུན་དུ་སྐྱོ་བས་སྟེར་རོ། །དེས་དེ་བསྐུལ་ནས་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་དེས་བདེ་ལེགས་བདེ་ལེགས་ཞེས་སྨྲས་པ་དང་། ནང་མི་དག་གིས་སྨྲས་པ། ཅི་སློང་། བུ་མོ་སློང་ངོ་། །བུ་མོ་གང་ཡིན། གཡས་ཞར་མའོ། །དེ་བཞིན་དུ་སྦྱིན་པར་བྱའོ། །བླང་བའི་དུས་བྱའོ། །དེ་བཞིན་དུ་དུས་བྱའོ། །གང་གི་ཉིན་པར་བཟང་བ་འདི་ལའོ་ཞེས་སྨྲས་ནས་སོང་ངོ་། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་བུ་མོ་བག་མར་བཏང་ངོ་སྙམ་སྟེ། ཆང་བཙོས་སོ། །ཚ་བའི་དུས་ལ་བབ་སྟེ་དེ་དྲོས་ནས་མ་རུང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་ཆང་འཚོང་མ་ལ་བདག་གི་བུ་མོ་བག་མར་གཏོང་སྟེ་ཆང་འདི་ཙམ་ཞིག་དགོས་ཀྱིས་སྦྱོར་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་ལེགས་ཀྱིས་དབུལ་ལོ་ཞེས་སྨྲས་སོ། །དེས་རེ་ཞིག་ཆང་དག་སྟ་གོན་བྱས་པ་དང་། ཇི་ཙམ་ན་སྦོམ་དགའ་མོ་བསོད་སྙོམས་ཀྱི་ཕྱིར་རྒྱུ་ཞིང་དེའི་ཁྱིམ་ཞིག་ཏུ་ཞུགས་ཏེ། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག །ཁྱིམ་བདག་གི་ཆུང་མ་དེ་ཡང་ཡང་དང་ཡང་དུ་ཆང་དག་ལྟ་སྟེ་བྲེལ་ནས་སྨྲས་པ། འཕགས་མ་ཇི་བཞུད་ཅིག །བདག་ནི་སེམས་ཁོང་དུ་ཆུད་ཅིང་མཆིས་ཏེ། བསོད་སྙོམས་ལྟ་ག་


DKG011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞིག་སུ་ཡང་མི་འབུལ་ཏོ། །དེས་སྨྲས་པ། ཅི་འདི་སྐད་ཟེར་བ་ལས་ངས་ཅུང་ཟད་མ་ཉེས་སམ། དེས་འདི་ལྟར་རྒྱས་པར་བཤད་པ་དང་། སྦོམ་དགའ་མོས་སྨྲས་པ། མཚན་བཟངས་མ་དེ་ལྟ་ན་ཅིའི་ཕྱིར་སླར་མི་བཅོས། དེས་སྨྲས་པ། འཕགས་མ་བདག་ནི་མ་འཚལ་ན་མཁྱེན་པ་ལྟ་མཆིས་སམ། སྦོམ་དགའ་མོས་སྨྲས་པ། མཚན་བཟངས་མ་ཤེས་ཏེ་དེའི་དུས་ལས་འདས་པས་བཟོའི་གནས་དང་ལས་ཀྱི་གནས་གང་ཡིན་པ་ངེས་པར་ངས་མི་ཤེས་པ་མེད་དོ། །འཕགས་མ་སླར་བཅོས་ཏེ་སྩལ་བར་ཅི་གནང་དེས་སྨྲས་པ། མཚན་བཟངས་མ་ངས་སླར་བཅོས་ན་གལ་ཏེ་བཟའ་བའི་རིན་སྦྱིན་ནམ། དེས་སྨྲས་པ། འཕགས་མ་ལེགས་པར་དབུལ་ལོ། །ཤིན་ཏུ་དབུལ་གྱིས་སླར་ཆོས་ཤིག །སྦོམ་དགའ་མོས་སྨྲས་པ། ཁྱེར་ཏེ་ཤོག་བལྟའོ། །དེས་ཆང་གི་རྫ་མ་དག་བསྟན་པ་དང་། སྦོམ་དགའ་མོས་འདི་ཇི་ལྟར་མ་རུང་། ཆང་རྫ་དག་ ལ་ཕན་ཚུན་བརྟགས་ནས་དྲོ་བ་ལས་མ་རུང་བར་མཐོང་ནས་དེས་སྐར་ཁུང་དག་ཕྱེ་ནས་ཆང་རྫའི་འོག་ཏུ་བྱེ་མ་མང་དུ་བཏིང་སྟེ། ངོས་ལ་ཆུས་བཏབ་ནས་ཉ་ལྕིབས་ཀྱིས་ཀུན་དུ་དཀྲིས་ཏེ་དེས་བསིལ་ཡབ་དག་བླངས་ནས་གཡབ་པར་བརྩམས་པ་དང་། བསིལ་བའི་ཁྱད་པར་གྱི་སྦྱོར་བས་ཆང་སླར་རུང་བར་གྱུར་ཏོ། །བག་མ་ལེན་པ་ཡང་ཉེ་ནས་གྲོགས་པོ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྐྱེ་བོ་དག་འདུས་པ་དང་། ཆང་འཚོང་མ་དེ་ཡང་ཆང་དག་སྟ་གོན་བྱས་ཏེ། འདུག་ནས་གང་གི་ཚེ་སྦྲོན་པ་གང་དག་འོངས་ན་སྦྱིན་ནོ་སྙམ་པ་དང་། ཁྱིམ་བདག་དེས་ཀྱང་ཆང་དེ་ཉིད་ཀྱིས་བག་མ་གཏང་བ་གྲུབ་པར་བྱས་སོ། །དེ་ནས་ཆང་འཚོང་བ་དེ་འོངས་ནས་སྨྲས་པ། ཁྱིམ་བདག་ཆང་ལོངས་ཤིག །དེས་སྨྲས་པ། ཤེས་ལྡན་ཆོག་སྟེ་ཆང་དེ་ཉིད་སླར་བཅོས་ནས་ཆང་དེ་ཉིད་ཀྱིས་བག་མ་གཏང་བ་གྲུབ་པར་བྱས་སོ། །སྨྲས་པ། ཁྱིམ་བདག་དེ་ནི་དེར་ཟད་ན་དེ་སླར་སུས་བཅོས་ཞེས་དྲིས་སོ། །དེས་དེ་འཕགས་མ་སྦོམ་དགའ་མོས་སླར་བཅོས་ཏེ། དེ་ངེད་ལ་ཕན་འདོགས་པའོ་ཞེས་བཤད་པ་དང་། དགེ་སྦྱོང་ཤཱཀྱའི་བུའི་དགེ་སློང་མ་རྣམས་ནི་ཚིག་པའོ། །ཚངས་པར་སྤྱོད་པ་ཚིག་པ་སྟེ། གང་གི་ཕྱིར་ད་ལྟར་གཞན་གྱི་


DKG011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་འཕྲོག་པའོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་མ་སྦོམ་དགའ་མོའི་སྤྱོད་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་བྱེད་དོ། །དེ་ལྟ་བས་ན་དགེ་སློང་མས་ཆང་གི་ལས་མི་བྱའོ་སྙམ་དུ་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་སྦོམ་དགའ་མོའི་སྤྱོད་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་དག་གིས་ཆང་གི་ལས་མི་བྱའོ། །དགེ་སློང་མས་ཆང་གི་ལས་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་སྦྱིན་པ་ལ་དགའ་བ་ཞིག་གནས་པ་དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་པར་གྱུར་ཏེ། དེའི་ལུས་ཀྱི་ཚེ་ཡོངས་སུ་འཆད་ཅིང་ཇི་ལྟར་བདག་ནི་འཆིའོ་སྙམ་སྟེ། དེས་གང་ཅུང་ཟད་བདག་དབང་ཞིང་ཁྱིམ་ན་ཡོད་པ་དེ་ཐམས་ཅད་དགེ་སྦྱོང་དང་། བྲམ་ཟེ་དང་། གཞན་ཡང་གྲོགས་པོ་དང་། མཛའ་བཤེས་དང་། ཉེ་དུ་ དག་ལ་བྱིན་ཏེ། ཁྱིམ་གཅིག་པུ་ལུས་པ་སྦོམ་དགའ་མོས་ཐོས་ནས་དེ་རིངས་པར་སོང་སྟེ་བརྒྱུགས་ནས་དེར་འོངས་ཏེ་ཕྱིན་པ་དང་། དེས་ཁྱིམ་བདག་ལ་ཁྱིམ་བདག་བུད་མེད་ནི་རྙེད་པ་ཉུང་བའོ་ཞེས་མཚན་མ་ཞིག་ཉེ་བར་བསྟན་པ་དང་། ཁྱིམ་བདག་དེས་ཀྱང་རིག་ནས་སྨྲས་པ། འཕགས་མ་ཁྱོད་འཕྱི་སྟེ་འོངས་པས་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ངས་བྱིན་ཏེ། ཁྱིམ་གཅིག་པུ་ལས་མ་ལུས་པར་ཅུང་ཟད་སྦྱིན་དུ་ཡང་མེད་དོ། །དེས་སྨྲས་པ། ཁྱིམ་བདག་གླང་པོ་ཆེའི་སྣ་ལྟར་འཕང་བསྟོད་དེ། ཁྱོད་ཀྱི་དྲུང་དུ་འོངས་ན་ཇི་ལྟར་རེ་ཐག་ཆད་དེ་འགྲོ། དེས་སྨྲས་པ། འཕགས་མ་ཁྱིམ་གཅིག་པུ་ལས་མ་ལུས་ཞེས་མ་སྨྲས་སམ། གལ་ཏེ་དེ་བཞེད་ན་ཁྱིམ་དེ་སྣོམས་ཤིག །དེས་སྨྲས་པ། ཁྱིམ་བདག་དེ་བཞིན་དུ་བླང་བར་བྱའོ། །ནད་མེད་པར་གྱུར་ཅིག་ཅེས་སྨྲས་ནས་བྱུང་སྟེ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་དུས་ལས་འདས་ཏེ་དེའི་ཉེ་དུ་དག་གིས་རས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཁྱོགས་བརྒྱན་ནས་དུར་ཁྲོད་དུ་ཁྱེར་ཏེ་སོང་


DKG011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །ཇི་ལྟར་ཁྱིམ་བདག་དེ་དུས་ལས་འདས་པ་སྦོམ་དགའ་མོས་ཐོས་ནས་དེ་རིངས་པ་རིངས་པར་འོངས་ཏེ་དེས་དེའི་ཁྱིམ་དུ་སྒོ་བཅད་ནས་རྒྱས་བཏབ་སྟེ། དེ་ཕྱོགས་གཅིག་ཏུ་གནས་ཏེ་འདུག་གོ །ཇི་ཙམ་ན་དེ་དག་གིས་བསྲེགས་ཏེ་འོངས་ནས་དེ་དག་གིས་སྨྲས་པ། ཁྱིམ་འདི་སུས་རྒྱས་བཏབ། སྦོམ་དགའ་མོས་སྨྲས་པ། གང་དབང་བ་དེས་རྒྱས་བཏབ་བོ། །དེ་དག་གིས་སྨྲས་པ་སུ་ལ་བྱིན་དེས་སྨྲས་པ། སྦོམ་དགའ་མོ་བདག་ལའོ། །དེ་དག་གིས་སྨྲས་པ། འཕགས་མ་གལ་ཏེ་དེ་ལྟ་ན་འོན་ཀྱང་གླ་དབུལ་གྱིས་འཇུག་གོ །དེས་སྨྲས་པ། སྦྱིན་ནམ་སྦྱིན་ནོ་ཞེས་རྒྱ་བཅག་སྟེ་དེ་དག་ཞུགས་སོ། །ཞུགས་ཏེ་འཁོད་པ་དང་། དེར་བྲམ་ཟེ་དང་ཁྱིམ་བདག་དག་འོངས་ཏེ་དེ་དག་ཏུ་འདུས་ནས་དགེ་སྦྱོང་ཤཱཀྱའི་བུའི་དགེ་སློང་རྣམས་ནི་ཚིག་པའོ། །ཚངས་པར་སྤྱོད་པ་ནི་ཚིག་པའོ། །གང་གི་ཕྱིར་ད་ལྟར་ཁྱིམ་གླར་གཏོང་ཞིང་ལེན་པའོ་ཞེས་འཕྱ་བར་བྱེད་སྨོད་པར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཁྱིམ་གླར་གཏང་ཞིང་བླང་བར་མི་བྱའོ། །དགེ་སློང་མས་ཁྱིམ་ གླར་གཏོང་ཞིང་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །མཉན་ཡོད་ན་ཚོང་པ་སྦྱིན་པ་ལ་དགའ་བ་གཞན་ཞིག་གནས་པ་དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་པར་གྱུར་ཏེ། དེའི་ལུས་ཀྱི་ཚེ་ཡོངས་སུ་འཆད་ཅིང་ཇི་ལྟར་བདག་ནི་འཆིའོ་སྙམ་སྟེ། དེས་གང་ཅུང་ཟད་དབང་ཞིང་ཁྱིམ་ན་ཡོད་པ་དེ་ཐམས་ཅད་དགེ་སྦྱོང་དང་། བྲམ་ཟེ་དང་། གཞན་ཡང་གྲོགས་པོ་དང་། མཛའ་བཤེས་དང་། ཉེ་དུ་དག་ལ་བྱིན་ཏེ། ཚོང་ཁང་གཅིག་པུ་ལུས་པ་སྦོམ་དགའ་མོས་ཐོས་ནས་དེ་རིངས་པ་རིངས་པར་སོང་སྟེ་རྒྱུ་ཞིང་དེར་འོངས་ཏེ་སོན་ནས་ཚོང་པ་དེ་ལ་སྦྱིན་བདག་བུད་མེད་ནི་རྙེད་པ་ཉུང་བའོ་ཞེས་མཚན་མ་ཞིག་ཉེ་བར་བསྟན་པ་དང་། ཁྱིམ་བདག་དེས་ཀྱང་རིག་ནས་སྨྲས་པ། འཕགས་མ་ཁྱོད་འཕྱིས་ཏེ་འོངས་པས་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་


DKG011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ངས་བྱིན་ཏེ། ཚོང་ཁང་གཅིག་པུ་ལས་མ་ལུས་པས་ཅུང་ཟད་ཀྱང་སྦྱིན་དུ་མེད་དོ། །དེས་སྨྲས་པ། སྦྱིན་བདག་གླང་པོ་ཆེའི་སྣ་ལྟར་འཕང་བསྟོད་དེ་ཁྱོད་ཀྱི་དྲུང་དུ་འོངས་ན་ཇི་ལྟར་རེ་ཐག་ཆད་དེ་འགྲོ། དེས་སྨྲས་པ། འཕགས་མ་ཚོང་ཁང་གཅིག་པུ་ལས་མ་ལུས་སོ་ཞེས་མ་སྨྲས་སམ། གལ་ཏེ་དེ་བཞེད་ན་ཁྱིམ་དེ་སྣོམས་ཤིག །དེས་སྨྲས་པ་ཁྱིམ་བདག་དེ་བཞིན་དུ་བླང་བར་བྱའོ། །ནད་མེད་པར་གྱུར་ཅིག་ཅེས་སྨྲས་ནས་བྱུང་སྟེ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་དུས་ལས་འདས་ཏེ། དེའི་ཉེ་དུ་རྣམས་ཀྱིས་རས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཀྱང་ཁྱོགས་བརྒྱན་ཏེ་དུར་ཁྲོད་དུ་ཁྱེར་རོ། །སྦོམ་དགའ་མོས་ཁྱིམ་བདག་དེ་ཇི་ལྟར་དུས་ལས་འདས་པ་ཐོས་ནས་དེ་རིངས་པ་རིངས་པར་སོང་སྟེ། དེས་དེའི་ཚོང་ཁང་གི་སྒོ་བཅད་དེ་རྒྱས་བཏབ་ནས། དེ་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདུག་གོ །ཇི་ཙམ་ན་དེ་དག་གིས་བསྲེགས་ཏེ་སླར་ལོག་ནས་གྲོགས་པོ་དང་མཛའ་བཤེས་དང་ཉེ་དུ་དག་ལྷན་ཅིག་མྱ་ངན་སངས་ནས་ཅུང་ཟད་ཅིག་འདུག་པ་དང་། སྐྱེས་བུ་གཞན་ཞིག་ཚོང་འདུས་སུ་འགྲོ་བར་བྱས་ཏེ་དེ་ཁྱིམ་དུ་ཕྱིན་ནས། དེས་དེ་དག་ལ་ཚོང་ཁང་ནི་སྦོམ་དགའ་མོས་རྒྱས་བཏབ་པོ་ཞེས་སྨྲས་པ་དང་། དེ་དག་གིས་ཐོས་ནས་རིངས་པ་རིངས་པར་སོང་སྟེ་སྨྲས་པ། ཚོང་ཁང་འདི་སུས་རྒྱས་བཏབ། སྦོམ་དགའ་མོས་སྨྲས་པ། གང་ལ་བྱིན་པ་དེས་རྒྱས་བཏབ་བོ། །དེ་དག་གིས་སྨྲས་པ། སུ་ལ་བྱིན། དེས་སྨྲས་པ། སྦོམ་དགའ་མོ་བདག་ལའོ། །དེ་དག་གིས་སྨྲས་པ། འཕགས་མ་གལ་ཏེ་དེ་ལྟ་ན་འོན་ཀྱང་གླ་དབུལ་གྱིས་བདག་ཅག་གི་ཟོང་དགྲམ་མོ། །དེས་སྨྲས་པ། སྦྱིན་ནམ། སྦྱིན་ནོ་ཞེས་དེ་དག་གིས་རྒྱ་བཅག་སྟེ། དེར་དེ་བཀྲམ་མོ། །དེ་དག་ཏུ་བྲམ་ཟེ་དང་ཁྱིམ་བདག་དག་ཉེ་བར་ལྷགས་ཏེ་འདུག་ནས་དགེ་སྦྱོང་ཤཱཀྱའི་བུའི་དགེ་སློང་རྣམས་ནི་ཚིག་པའོ། །ཚངས་པར་སྤྱོད་པ་ཚིག་པ་སྟེ། གང་གི་ཕྱིར་ད་ལྟར་ཚོང་ཁང་གླར་གཏོང་ཞིང་ལེན་ཏོ་ཞེས་དེ་དག་འཕྱ་བར་བྱེད་སྨོད་པར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་


DKG011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཚོང་ཁང་གླར་གཏོང་ཞིང་བླང་བར་མི་བྱའོ། །དགེ་སློང་མས་ཚོང་ཁང་གླར་གཏོང་ཞིང་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ལྟས་མ་མོ་ཞིག་དྲིལ་བུ་ཐོགས་ཏེ་འགྲོ་བ་དེས་མཐོང་སྟེ། དེས་བསམས་པ་ཐབས་དེ་ནི་བཟང་པོ་ཞིག་སྟེ། བདག་གིས་ཀྱང་བྱའོ་སྙམ་ནས། དེས་དྲིལ་བུ་ཉེ་བར་བསྒྲུབས་ཏེ། དེ་ནས་ཕྱི་དེ་ཉིན་པར་དྲིལ་བུ་ཁྱེར་ཏེ། མཉན་ཡོད་དུ་ཞུགས་ནས། ཁྱེའུ་དང་བུ་མོ་ཁྲུས་བྱ་བར་བརྩམས་ནས། བདུག་སྤོས་ལ་བསྣམས་ཤིང་དྲིལ་བུ་དཀྲོལ་ནས་ལུང་བསྟན་ཏོ། །དེས་གང་དང་གང་གི་ཁྱེའུ་དང་བུ་མོ་ཁྲུས་བྱས་པ་དེ་གནས་བབས་སུ་བདེ་ལེགས་སུ་གྱུར་ཅིང་དེས་ལུང་བསྟན་པ་ཡང་དེ་བཞིན་གྱུར་ཏོ། །སྦོམ་དགའ་མོ་ལ་མཉན་ཡོད་ན་རྒྱས་པར་དངོས་གྲུབ་ཐོབ་པར་གྱུར་ཏོ་ཞེས་གང་དང་གང་དུ་ལྟས་མ་མོ་དགོས་པར་གྱུར་པ་དང་། སྦོམ་དགའ་མོ་དེའི་དྲུང་དུ་འོངས་ཏེ་འདྲི་ཞིང་ལྟས་མ་མོ་ལ་སུ་ཡང་མི་འདྲི་ནས། དེ་ཆེད་དུ་བྲམ་ཟེ་དང་ཁྱིམ་བདག་གི་དྲུང་དུ་ཉེ་བར་སོང་སྟེ་སྨྲས་པ། གཏོར་མ་དང་ལུང་བསྟན་པར་བྱའོ་ཞེས་གང་དང་གང་གི་ཁྱིམ་དུ་ཉེ་བར་སོང་བ་དང་། དེ་དང་དེ་དག་གིས་སྨྲས་པ་བདག་ཅག་གི་གཏོར་མ་དང་ལུང་བསྟན་པ་བྱས་ཟིན་ནོ། །སུས་ལུང་བསྟན་དེ་དག་གིས་འཕགས་མ་སྦོམ་དགའ་མོས་སོ་ཞེས་སྨྲས་པ་དང་། དགེ་སྦྱོང་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་ཚིག་པའོ། །ཚངས་པར་སྤྱོད་པ་ནི་ཚིག་ པ་སྟེ། གང་གི་ཕྱིར་ད་ལྟར་གཞན་དག་གི་འཚོ་བ་འཕྲོག་པའོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དེ་དག་གིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་མས་ལྷའི་གཟུགས་བཅངས་པ་ལས་གྱུར་ཏེ།


DKG011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་དགེ་སློང་མས་ལྷའི་གཟུགས་འཆང་བར་མི་བྱ་བར་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་ལྟས་མ་མོ་དེ་དག་འཕྱ་བའི་གཞི་ནི་སྦོམ་དགའ་མོའི་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་སྟེ། ཉེས་དམིགས་གང་ཡིན་པ་ནི་དགེ་སློང་མས་ལྷའི་གཟུགས་འཆང་བ་ཡིན་པས་དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ལྷའི་གཟུགས་བཅང་བར་མི་བྱའོ། །དགེ་སློང་མས་ལྷའི་གཟུགས་བཅངས་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། བུད་མེད་ཆུ་འགྲམ་ཕྱེ་མས་མིན། །རྒྱུན་ལས་བཙལ་བར་མི་བྱ་དང་། །ལྷུང་བཟེད་ལྷན་པ་གཉིས་པ་དང་། །མཆིང་བུའི་སྣོད་ནི་མི་བཅང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བུད་མེད་གཅིག་ཆུ་བོ་ཨ་ཛི་ར་བ་ཏིའི་བུད་མེད་ཀྱི་ཁྲུས་སའི་འགྲམ་ན་སྐྲ་འཆད་ཅིང་འདུག་པ་དང་ཇི་ཙམ་ན་སྦོམ་དགའ་མོ་ཁྲུས་བྱེད་པར་འདོད་དེ། ཁྲུས་ཀྱི་ཕྱེ་མ་ཁྱེར་ནས་ཆུ་བོ་ཨ་ཛི་ར་བ་ཏིར་སོང་ངོ་། །དེས་བུད་མེད་དེ་སྐྲ་འཆད་པ་རྒྱང་མ་ནས་མཐོང་སྟེ། མཐོང་ནས་ཀྱང་ཕྲག་དོག་གི་ཀུན་ནས་དཀྲིས་པས་དཀྲིས་ཏེ་བསམས་པ། འདི་ལྟར་བུ་ཟན་མོའི་བུ་མོས་བདག་ལ་འགྲན་ཏེ་སྐྲ་འཆད་ཅིང་འདུག་པ་ཇི་ལྟར་སེམས། ཅི་སྦོམ་དགའ་མོ་སྔོན་སྐྲ་ཡོད་མ་མྱོང་ངམ། དེ་མི་དགའ་བར་འགྱུར་བ་དང་། དེ་བཞིན་དུ་ཕྱིས་ཀྱང་བདག་མཐོང་ན་སྐྲས་འགྲན་པར་མི་འགྱུར་བར་བྱའོ་སྙམ་སྟེ། དེས་དེའི་ཕྱི་བཞིན་དུ་སོང་སྟེ་སྐྱུ་རུ་རའི་ཕྱེ་མས་སྐྲ་ལ་གཏོར་ཏོ། །དེས་སྨྲས་པ། འཕགས་མ་བདག་གིས་ཁྱོད་ལ་ཉེས་པ་ཅི་ཞིག་བྱས་ན་ཁྲུས་བྱས་ཟིན་པ་ལ་སྐྱུ་རུ་རའི་ཕྱེ་མས་མགོ་ལ་གཏོར། བུ་ཟན་མ་ཅི་མི་ཤེས་སམ། སྦོམ་དགའ་མོ་ལ་ཅི་དེ་འདྲ་བའི་སྐྲ་ཡོད་སྔོན་མ་མྱོང་ངམ། དེ་ལྟ་བས་ན་ཁྱོད་ལ་གཙེའོ། །ཁྱོད་སོང་ ལ་ཁྲུས་བྱོས། ཅི་ངས་ཁྱོད་ཀྱི་སྐྲ་ལ་མི་གཙང་བ་སྣ་ཚོགས་ཀྱིས་མ་རུངས་པར་བྱས་སམ། དེ་འཕྱ་བར་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་དག་འཕྱ་བའི་


DKG011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར་གྱུར་གྱིས། དེ་བས་ན་དགེ་སློང་མ་རྣམས་ཀྱིས་བུད་མེད་ཁྲུས་བྱས་ཟིན་པ་ལ་ཡང་ཁྲུས་ཀྱི་ཕྱེ་མ་མགོ་ལ་གཏོར་བར་མི་བྱའོ། །དགེ་སློང་མས་བུད་མེད་ཁྲུས་བྱས་པ་ལ་ཡང་ཁྲུས་ཀྱི་ཕྱེ་མ་མགོ་ལ་གཏོར་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །སྦོམ་དགའ་མོ་ཁྲུས་བྱ་བར་འདོད་དེ་དགེ་སློང་མ་དག་དང་ལྷན་ཅིག་ཨ་ཛི་ར་བ་ཏིར་སོང་ནས་དེ་དག་དེར་ཆུའི་བཟློག་ཕྱོགས་སུ་འདུག་སྟེ། རེག་པས་དགའ་བར་བྱེད་དོ། །དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་དག་ཅི་བྱེད། དེ་དག་གིས་སྨྲས་པ། ཆེ་ཞེ་རེག་པས་དགའ་བར་བྱེད་དོ། །དེ་དག་གིས་སྨྲས་པ། འཕགས་མ་དག་ཆུའི་བཟློག་ཕྱོགས་སུ་འདུག་སྟེ་རེག་པས་དགའ་བར་བྱར་རུང་ངམ། དེ་དག་གིས་སྨྲས་པ། ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །སུས་མ་གནང་གང་དུ་མ་གནང་ཞེས་པ་དེའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་རྣམས་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཆུའི་བཟློག་ཕྱོགས་སུ་འདུག་སྟེ་རེག་པས་དགའ་བར་མི་བྱའོ། །དགེ་སློང་མས་ཆུའི་བཟློག་ཕྱོགས་སུ་འདུག་སྟེ་རེག་པས་དགའ་བར་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་མ་རྣམས་ཀྱིས་ལྷུང་བཟེད་གར་བབ་བབ་ཏུ་བཞག་པ་དང་། དེ་སྲིལ་གྱིས་ཀྱང་ཟོས་བོང་བ་དང་། དབྱུག་པ་དག་ལྷུང་བས་ཀྱང་ཕོག་གོ་ཞེས་པ་དེའི་སྐབས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་རྣམས་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ལྷུང་བཟེད་གར་བབ་བབ་ཏུ་གཞག་པར་མི་བྱའོ། །འོན་ཀྱང་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཀྱིས་ གླན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཀྱིས་གླན་པར་བྱའོ་ཞེས་གསུངས་པ་དང་། དེ་དག་


DKG011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལྷུང་བཟེད་ཐམས་ཅད་ཞ་ཉེས་དཀྲིས་པ་བྲམ་ཟེ་དང་། ཁྱིམ་བདག་གིས་མཐོང་སྟེ། ཨེ་མའོ་འཕགས་མ་དག་འདི་ཅི་ཡིན་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་། །དེ་དག་གིས་སྨྲས་པ། འཕགས་མ་ཨེ་མའོ་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཐམས་ཅད་ཞ་ཉེས་གཡོགས་ཤིག་ཅེས་དེ་སྐད་གསུང་ངམ་བྱུང་རྒྱལ་དུ་མ་ཟེར། དགེ་སྦྱོང་ཁྱེད་ཅག་འདོད་པའི་ཡོན་ཏན་ལ་ཆགས་སམ་ཅི་ཞེས་བྱས་པ་དང་། དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་དག་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དེ་བཞིན་དུ་ལྷུང་བཟེད་ཐམས་ཅད་ཞ་ཉེས་དཀྲི་བར་མི་བྱའོ། །འོན་ཀྱང་ཞབས་ཉི་ཚེ་ཞ་ཉེས་དེ་བཞིན་དུ་དཀྲི་བར་བྱའོ་ཞེས་པ་དང་། དེ་དག་གིས་རིའི་རྩེ་མོ་འདྲ་བ་དང་། ར་བའི་ཅོག་འདྲ་བས་དཀྲིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ཀྱི་ཞབས་ལ་ལྷན་པ་གཉིས་ཏེ་བྱང་ཆུབ་ཤིང་གི་ལོ་མ་འདྲ་བར་བྱ་བ་དང་། ལག་མཐིལ་འདྲ་བའི་ལོ་མས་དཀྲི་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །སྦོམ་དགའ་མོ་ལ་མཆིང་བུའི་བུམ་བུ་ཞིག་ཡོད་དོ། །ཇི་ཙམ་ན་བུད་མེད་གཞན་ཞིག་གི་མག་པ་ཞིག་འོངས་པ་དང་། དེ་སྦོམ་དགའ་མོའི་དྲུང་དུ་ཉེ་བར་སོང་སྟེ་སྨྲས་པ། འཕགས་མ་མཆིང་བུའི་བུམ་བུ་རེ་ཞིག་ཅུང་ཟད་ཅིག་གཡར་རོ། །དེས་སྨྲས་པ། དེས་ཅི་བྱ། དེས་འཕགས་མ་བདག་གི་མག་པ་ཞིག་མཆིས་ཏེ་དེའི་བཏུང་བའི་སྣོད་མ་མཆིས་སོ་ཞེས་སྨྲས་ནས། དེས་དེ་ལ་བྱིན་པ་དང་། བག་མེད་པས་ཆག་གོ །ཇི་ཙམ་དུས་གཞན་ཞིག་ན་སྦོམ་དགའ་མོས་བླང་བར་བརྩམས་པ་དང་། དེས་སྨྲས་པ། འཕགས་མ་དེ་བག་དང་མ་ལྡན་ཏེ་ཆག་པར་གྱུར་གྱིས་རིན་དབུལ་ལོ། །སྦོམ་དགའ་མོས་སྨྲས་པ། ཕུ་ནུ་མོ་ང་ལ་རིན་མི་དགོས་


DKG011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེ་ ཉིད་བྱིན་ཅིག །དེས་སྨྲས་པ། འཕགས་མ་གཞན་ཞིག་བགྱིས་ལ་དབུལ་ལོ། །དེས་སྨྲས་པ། དེ་ཉིད་བྱིན་ཅིག་ཅེས་བྱས་པ་དང་། དེ་དག་ཕན་ཚུན་རྩོད་པར་གྱུར་ཏེ། དེའི་སྐབས་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཡིན་པ་དེ་དགེ་སློང་མས་མཆིང་བུའི་བུམ་བུ་བཅངས་པ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་དག་གིས་མཆིང་བུའི་བུམ་བུ་བཅང་བར་མི་བྱ་བར་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་མཆིང་བུའི་བུམ་བུའི་རྒྱུས་སྦོམ་དགའ་མོ་འཐབ་མོ་བྱེད་པར་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་མཆིང་བུའི་བུམ་བུ་བཅང་བར་མི་བྱའོ། །དགེ་སློང་མས་མཆིང་བུའི་བུམ་བུ་བཅངས་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། བུད་མེད་གར་དང་བྲེལ་བ་དང་། །གནས་བརྟན་གྱིས་ཀྱང་ཆོས་བཤད་དང་། །ཡང་ན་གཞན་ལ་གསོལ་བ་གདབ། །བཞི་པོ་དག་ནི་བསྐོར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེའི་མནའ་མ་ལ་ཁྱེའུ་ཞིག་བཙས་པར་གྱུར་ཏོ། །དེ་བཙས་པ་ལ་ལྟ་བར་ཡིད་དགའ་ནས་ཉེ་དུ་དང་། གཉེན་འདབ་དང་། སྐྱེ་བོ་དག་འོངས་ཏེ་མཚན་ཐོག་ཐག་གར་བྱས་སོ། །དེ་ནས་ཁྱིམ་བདག་དེ་འཁོར་གྱི་སྐྱེ་བོ་དང་རིང་ཞིག་རྩེས་ནས་ནམ་ནངས་པ་དང་། གཉིད་ལོག་པར་གྱུར་ཏོ། །དེའི་ཆུང་མ་ཡང་གཉིད་ཀྱིས་མྱོས་པར་གྱུར་ནས་དེའི་རྨི་ལམ་ན་བདག་དང་ཁྱོ་ལྷན་ཉལ་བར་རྨིས་ཤིང་དེའི་མི་གཙང་བ་ཡང་བྱུང་། དེའི་གོས་དང་། དེའི་སྨད་གཡོགས་ཀྱང་སྙིལ་ནས་ས་ལ་ལྷུང་ཞིང་འདུག་པ་དང་། བསོད་སྙོམས་པ་ཞིག་གནམ་བབས་སུ་ནང་པར་སྔར་ལངས་ཏེ་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་དེར་སོང་བ་དང་དེའི་ཁྱིམ་སྒོ་མང་པོ་ཞིག་སྟེ། དེའི་སྒོ་དང་པོར་སོང་སྟེ་བལྟས་ན་སྟོང་། དེ་བཞིན་དུ་གཉིས་པ་དང་། གསུམ་པར་སོང་ན་ཡང་དེ་


DKG011_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོང་སྟེ། ཇི་ཙམ་བཞི་པར་སོང་སྟེ་བལྟས་པ་དང་། ཁྱིམ་བདག་དེའི་ཆུང་མ་དེ་བཞིན་དུ་ཚུལ་མི་སྡུག་པར་འདུག་སྟེ། དེ་སྐྲག་ནས་མོད་ལ་འབྲོས་པར་བརྩམས་པ་དང་། དེའི་དྲན་པ་ཉམས་པར་གྱུར་པས་དེ་གར་འགྲོ་ཆ་མེད་དེ་ཇི་ཙམ་ཕན་ཚུན་སོང་བ་དང་། ཁྱིམ་བདག་དེའི་མལ་ཁང་དུ་སོང་ངོ་། །དེ་མལ་ལ་རྡེག་འཆོས་པ་དང་། ཁྱིམ་བདག་དེ་སད་དེ་བསོད་སྙོམས་པ་ཞིག་མཐོང་ནས། དེས་དགེ་སློང་ཁྱོད་གང་ནས་འདིར་འོངས་ཞེས་དྲིས་པ་དང་། བསོད་སྙོམས་པ་དེ་འདར་ཞིང་སྤ་གོང་ནས་ལན་སྦྱིན་ཡང་མ་ནུས་སོ། །ཇི་ཙམ་ན་ཁྱིམ་བདག་མལ་ཁང་ནས་བྱུང་ནས་ཆུང་མ་ཚུལ་མི་སྡུག་པ་མཐོང་སྟེ། དེས་བསམས་པ། མ་ལ་དགེ་སློང་མི་སྲུན་པ་འདིས་བདག་གི་ཆུང་མ་ལ་ཡོངས་སུ་སྤྱད་དོ་སྙམ་སྟེ། དེས་ལུས་ལ་བྱེ་བྲག་མེད་པར་ལྟག་དབྱུག་དང་། ཐལ་ལྕག་དང་། རྡོག་པ་དང་ཁུ་ཚུར་དག་གི་སྦྱོར་བས་རྡེག་པ་ལ་ཞུགས་པའི་སྒྲ་ཅ་ཅོས་དེའི་ཆུང་མ་སད་དེ། དེས་སྨྲས་པ། རྗེའི་སྲས་ཅིའི་སླད་དུ་དགེ་སློང་འདི་དེ་བཞིན་དུ་བརྡེགས། དེས་སྨྲས་པ། ཁྱོད་གཉིད་ཀྱིས་ལོག་སྟེ་མྱོས་པ་ལ་མགོ་རེག་མི་སྲུན་པ་འདིས་ཡོངས་སུ་སྤྱད་དོ། །དེས་སྨྲས་པ། རྗེའི་སྲས་སྡིག་པ་ཞི་བར་གྱུར་ཅིག །རབ་ཏུ་བྱུང་བ་འདིས་འདི་ལྟ་བུའི་ལས་མ་བགྱིས་མོད་ཀྱི་གཉིད་ཀྱིས་ལོག་སྟེ་མྱོས་པའི་རྨི་ལམ་འདི་ལྟ་བུ་ཞིག་རྨིས་ཏེ། ཁྱོད་དང་བདག་གཉིས་ཡོངས་སུ་སྤྱོད་ཅིང་སྨད་གཡོགས་ཀྱང་ཀུན་དུ་སྙིལ་ནས་ས་ལ་ལྷུང་སྟེ། རབ་ཏུ་བྱུང་བ་འདིས་མ་ནོངས་ཀྱིས་ཐོང་ཞིག །དེས་དེའི་མགོ་དང་། ལྷུང་བཟེད་ཀྱང་བཅག །ཆོས་གོས་ཀྱང་དྲལ་ནས། དེ་དེ་བཞིན་དུ་ཚུལ་མི་སྡུག་པར་མིག་མཆི་མས་གང་ཞིང་རང་གི་ལས་ལ་དམིགས་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེ་དགེ་སློང་དག་གིས་མཐོང་སྟེ། ཚེ་དང་ལྡན་པ་ཅི་འདི་འདྲ་བའི་གནས་སྐབས་སུ་སུས་བཞག་ཅེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། དེའི་སྐབས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་དག་


DKG011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱིམ་གྱི་སྒོ་མང་པོར་བབ་བབ་ཏུ་འགྲོ་བ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་དག་གིས་ཁྱིམ་གྱི་སྒོ་མང་པོར་བབ་བབ་ཏུ་འགྲོ་བར་མི་བྱ་བར་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་དགེ་སློང་དག་གིས་ཁྱིམ་གྱི་སྒོ་མང་པོར་བབ་བབ་ཏུ་འགྲོ་བར་མི་བྱའོ། ། འོན་ཀྱང་སྔར་ཁྱིམ་གཞན་དུ་སོང་སྟེ། ཕྱིས་ཁྱིམ་གྱི་སྒོ་མང་པོར་ཕྱེ་དང་ཚོད་མ་དག་སྔར་མཚན་མར་སྒོ་དྲུང་དུ་བཞག་སྟེ་འཇུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཕྱེ་དང་ཚོད་མ་སྒོ་དྲུང་དུ་མཚན་མར་བཞག་སྟེ་ཁྱིམ་གྱི་སྒོ་མང་པོར་འགྲོ་བར་བྱའོ། །ཞེས་གསུངས་པ་དང་། དགེ་སློང་དག་གིས་སྒོ་དྲུང་དུ་མཚན་མ་བཞག་སྟེ་མ་སྦྲན་པར་སོང་བ་དང་། སྐྱེས་པ་བུད་མེད་ཡིད་གཅུགས་པ་དག་སྨད་གཡོགས་དང་། སྟོད་གཡོགས་དག་ལ་ཤིག་དང་། མ་ཀུན་དག་ཐུ། ལུས་ངག་འཕྱི་ཞིང་འདུག་པའི་བུད་མེད་ཀྱིས་དེ་མཐོང་སྟེ་བརྟགས་ནས། ཤིན་ཏུ་སྒྲེན་མོ་དང་སྒྲེན་ཆར་དུ་གྱུར་ཏེ། དེ་དག་འཕྱ་བའི་སྐབས་དེ་དགེ་སློང་དག་གིས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་རྣམས་འཕྱ་བའི་གཞིར་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དེ་བཞིན་དུ་གློ་བུར་དུ་འགྲོ་བར་མི་བྱའོ། །འོན་ཀྱང་སྒྲ་བྱས་ཏེ་ནང་དུ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྒྲ་བྱས་ཏེ་འགྲོ་བར་བྱའོ་ཞེས་གསུངས་པ་དང་། དེ་དག་གིས་ཨ་ལ་ལ་ཞེས་བྱས་ནས་སོང་བ་དང་། ནང་མི་དག་གིས་སྨྲས་པ། འཕགས་པ་ཁྱེད་ཅག་ཅི་ཁྱེའུ་བྱིས་པ་བཞིན་དུ་ཨ་ལ་ལ་ཞེས་ཟེར་ཞིང་འོང་ངམ། དེ་དག་གིས་སྨྲས་པ། སྲིང་མོ་བཅོམ་ལྡན་འདས་ཀྱིས་སྒྲ་བྱོས་ལ་སོང་ཤིག་ཅེས་བཀའ་སྩལ་ཏེ། ངེད་ཚིག་སྨྲས་ནས་འོང་ངོ་། །དེ་དག་གིས་སྨྲས་པ། འཕགས་པ་ཁྱེད་སྒྲའི་ཐབས་གཞན་མེད་དམ་ཅི་ན་ཁྱེད་ཅག་དེ་བཞིན་དུ་འོང་། དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་པ་དང་། དེའི་སྐབས་དེ་དགེ་སློང་དག་གིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ཨ་ལ་ལ་ཞེས་


DKG011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཞིང་ཁྱིམ་དུ་འགྲོ་བར་མི་བྱའི་འོན་ཀྱང་སྒྲ་གཞན་བྱའོ། །བཅོམ་ལྡན་འདས་ཀྱིས་སྒྲ་གཞན་བྱའོ་ཞེས་གསུངས་པ་དང་། དེ་དག་འགྲོ་བའི་ཚེ་སྒོ་འཕར་ལ་བརྡུངས་པ་དང་། ནང་མི་དག་གིས་སྨྲས་པ། འཕགས་པ་ཇི་སྟེ་སྒོ་འཕར་ལ་རྡེག །དེ་དག་གིས་སྨྲས་པ་སྒྲ་བྱེད་དོ། །ཅི་ཁྱེད་ཅག་གིས་སྒོ་འཕར་བཅག་གམ་ཞེས་པ་དང་། དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་པ་དང་། དེའི་སྐབས་དགེ་སློང་དག་གིས་ཐོས་ཏེ། བཅོམ་ ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་འཕར་ལ་བརྡེག་པར་མི་བྱའོ། །འོན་ཀྱང་དབྱུག་པས་སྒྲ་དབྱུང་བར་བྱའོ། །དགེ་སློང་དག་གིས་སྒྲ་དབྱུང་བའི་དབྱུག་པ་དེ་ཅི་འདྲ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁར་གསིལ་བཅང་བར་བྱ་སྟེ། དེས་སྒྲ་བྱས་ནས་འཇུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་འཁར་གསིལ་གྱིས་སྒྲ་བྱས་ཏེ་འཇུག་པར་བྱའོ་ཞེས་གསུངས་ནས་དགེ་སློང་དག་གིས་འཁར་གསིལ་གྱིས་སྒྲ་བྱས་ནས་སོང་བ་དང་། དེ་དག་ལ་ཁྱི་དག་གིས་གནོད་པ་བྱས་པ་དང་། ཁ་ཅིག་གིས་མ་བརྟགས་པར་འཁར་གསིལ་མང་དུ་བརྡེགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་འཁར་གསིལ་གྱིས་བརྡེག་པར་མི་བྱ་མོད་ཀྱི་བསྡིགས་པར་ནི་བྱའོ། །ཁྱི་ཁ་ཅིག་ལ་བསྡིགས་པ་དང་སླར་ཤིན་ཏུ་ཟ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་བསོད་སྙོམས་ལས་ཁམ་གཅིག་ཙམ་སྦྱིན་པར་བྱའོ། །མ་དད་པ་གཞན་ཞིག་གི་ཁྱིམ་དུ་དེ་དག་སོང་ནས་དགེ་སློང་དག་གིས་འཁར་གསིལ་དཀྲོལ་བ་དང་མི་དགའ་བར་གྱུར་ཏོ། །སུས་ཀྱང་མ་དྲིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དང་ཡང་དུ་དཀྲོལ་བར་མི་བྱ་སྟེ། འོན་ཀྱང་ལན་གཉིས་སམ་གསུམ་དཀྲོལ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་དང་དགེ་སློང་གི་དགེ་འདུན་ནི་དོང་ངོ་། །བཅོམ་ལྡན་འདས་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱང་ལེན་ཏོ། །རྒྱུ་རྣམ་པ་ལྔས་སངས་རྒྱས་བཅོམ་ལྡན་འདས་རྣམས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་


DKG011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་ཀྱང་ལེན་ཏོ། །རྣམ་པ་ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་འཆད་པར་བཞེད་པ་དང་། ནད་པ་རྣམས་ལ་གཟིགས་པར་བཞེད་པ་དང་། མལ་སྟན་རྣམས་བརྟག་པར་བཞེད་པ་དང་། ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་ཡིན་ཏེ། འདིའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་དེ་རྫས་ཀྱིས་བསྒྲུབས་པ་ན་ བཞུགས་ཤིང་བསོད་སྙོམས་ཀྱང་ལེན་ཏོ། །ཁྱིམ་བདག་དེས་ལོ་མའི་བཀད་ས་ཞིག་བྱས་ཏེ། དེའི་འོག་ཏུ་དགེ་སློང་གི་དགེ་འདུན་བཞུགས་པ་དང་ལྷས་ཆར་དབབ་པར་བརྩམས་སོ། །དགུན་གྱི་དུས་ཞིག་ཏུ་བབ་སྟེ། ཁྱིམ་བདག་དེས་དགེ་སློང་གི་དགེ་འདུན་ལ་ཐུག་པ་དང་། ཁུར་བ་དང་། འབྲས་ཁུར་དང་། ལ་ཕུག་དག་བྲིམས་པ་དང་། དེ་ལ་དགེ་སློང་ཁ་ཅིག་ནི་ཐུག་པ་འཐུང་བ་ན་ཧུབ་ཧུབ་ཅེས་སྒྲ་བྱེད་དོ། །ཁ་ཅིག་ནི་འབྲས་ཁུར་ཟ་བ་ན་ཁྲུམ་ཁྲུམ་ཞེས་སྒྲ་བྱེད་དོ། །ཁ་ཅིག་ལ་ཕུག་ཟ་བ་ན་སོལ་སོལ་ཞེས་སྒྲ་བྱེད་དོ། །ཐིགས་པ་བཀད་སར་ཟགས་ཏེ་སྒྲ་ཐིགས་ཐིགས་ཞེས་ཟེར་རོ། །དགེ་སློང་བུམ་པར་ཆུ་འཐུང་ན་སྒྲ་བླུག་བླུག་ཅེས་ཟེར་བ་དང་། དེ་ལ་རོལ་མོ་མཁན་ལས་རབ་ཏུ་བྱུང་བ་ཞིག་དྲན་པ་ཉེ་བར་མི་འཇོག་སྟེ་སྔོན་བྱས་པ་རྗེས་སུ་དྲན་ནས་རྣམ་པར་རྟོག་པའི་དབང་རྒྱས་ཏེ། ཀུན་ཏུ་རྟོག་པའི་ཤུགས་ཀྱིས་ལངས་ཏེ་སྒྲ་གྲག་པ་དེ་དང་མཐུན་པར་སྦྱར་ནས་གར་བྱས་ཏེ། བཙུན་པ་སོལ་སོལ། བཙུན་པ་ཁྲུམ་ཁྲུམ། བཙུན་པ་ཆོམ་ཆོམ། བཙུན་པ་བལྕག་བལྕག །བཙུན་པ་བླུག་བླུག་ཅེས་ཟེར་ཏེ། དེ་ལ་དགེ་སློང་གང་དྲན་པ་ཉེ་བར་མ་བཞག་པ་དེ་ལ་ཡིད་དགའ་བར་གྱུར་ཏེ་དགོད་དོ། །དྲན་པ་ཉེ་བར་བཞག་པ་དེ་དག་ནི་སྤྱོད་ལམ་ལས་མ་འཁྲུགས་ཏེ་དེ་ཉིད་ན་འདུག་གོ །ཞལ་ཏ་བ་ཁ་ཅིག་ནི་གད་མོ་དགོད་པར་རྩོམ་མོ། །ཁ་ཅིག་ནི་འཕྱ་བར་གྱུར་ཏོ། །ཁྱིམ་བདག་ཀྱང་


DKG011_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མ་དད་པར་གྱུར་ཏོ། །དེ་ནས་བསོད་སྙོམས་ལེན་པའི་དགེ་སློང་ཡང་མ་དད་པ་སྐྱེས་པར་གྱུར་ཏོ། །བསོད་སྙོམས་བླངས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བསོད་སྙོམས་ཕྱོགས་གཅིག་ཏུ་བཞག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་སྙོམས་ལེན་པའི་དགེ་སློང་ལ་ཡིད་རབ་ཏུ་དགའ་བས་དགའ་བར་བྱ་བའི་གཏམ་མཛད་དེ། ཅི་དགེ་སློང་གི་དགེ་འདུན་དག་ཁ་ཟས་བསོད་པས་ཚིམ་པར་བྱས་སམ། ཞེས་རབ་ཏུ་དགའ་བའི་གཏམ་མཛད་དེ་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་ལེན་པའི་དགེ་སློང་ལ་དགེ་སློང་དག་ཀྱེ་མ་དགེ་སློང་གི་དགེ་འདུན་རྣམས་ཁ་ཟས་བསོད་པས་ ཚིམ་པར་གྱུར་ཏམ། དེས་གསོལ་པ། བཙུན་པ་དེ་བཞིན་ཏེ། དགེ་སློང་གི་དགེ་འདུན་རྣམས་ཁ་ཟས་བསོད་པས་ཚིམ་མོད་ཀྱི་ཁྱིམ་བདག་ནི་མ་དད་པར་གྱུར་ཏོ། །ཅི་བྱས་དེ་དག་གིས་ཇི་ལྟར་གྱུར་པ་རྒྱས་པར་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་བཀྲུས་ཏེ་གཙུག་ལག་ཁང་དུ་གཤེགས་ནས་ནང་དུ་ཡང་དག་འཇོག་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱེད་རྣམས་ཀྱིས་ཅི་ལས་བསམས་ཏེ་འདི་ལྟ་བུ་བྱས། དེ་དག་གིས་གསོལ་པ། བཙུན་པ་ཅུང་ཟད་འཕྱ་བའི་བསམ་པ་དང་། ཅུང་ཟད་དགོད་པའི་བསམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་གང་འདི་དགོད་པའི་བསམ་པས་དེ་བཞིན་དུ་བྱས་པ་ནི་དེ་ལ་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་འཕྱ་བར་བསམས་པ་ནི་ལྟུང་བ་མེད་དོ། །འོན་ཀྱང་དགེ་སློང་དག་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་དག་གིས་སྒྲ་དང་བཅས་ཏེ་ཁ་ཟས་ཟོས་པ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་གིས་སྒྲ་དང་


DKG011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་ཁ་ཟས་བཟའ་བར་མི་བྱའོ། །དགེ་སློང་གིས་སྒྲ་དང་བཅས་ཏེ་ཁ་ཟས་ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་སྒྲ་དང་བཅས་ཏེ་ཁ་ཟས་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་དག་ལ་རྒྱལ་མོ་ག་གོན་དང་། འབྲས་ཁུར་དང་། མར་ཁུར་དང་། ལ་ཕུག་དང་། བུ་རམ་ཤིང་དག་ཕུལ་བ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་བླངས་སོ། །དེ་དག་གིས་སྨྲས་པ། འཕགས་པ་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བའི་ཚེ་ནི་བདག་ཅག་གི་སྦྱིན་གནས་མུ་སྟེགས་ཅན་ལགས་ན། ད་ལྟར་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ་ད་ནི་ཁྱེད་རྣམས་སྦྱིན་གནས་ལགས་ཏེ། གལ་ཏེ་ཁྱེད་རྣམས་ཀྱིས་མ་བླངས་པར་གྱུར་ན་བདག་ཅག་འཇིག་རྟེན་ཕ་རོལ་གྱི་ལམ་རྒྱགས་དང་ བྲལ་བར་གྱུར་ལ། བཅོམ་ལྡན་འདས་ཀྱིས་ཀྱང་དུས་སུ་སྦྱིན་པའི་མདོ་ལས་གང་ལོ་ཏོག་སར་པ་དང་། འབྲས་བུ་སར་པ་གང་ཡིན་པ་དེ་དག་དུས་སུ་དང་པོར་ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ལ། དེ་ནས་ཕྱིས་བདག་གིར་ཡོངས་སུ་སྤྱོད་ཅིག་ཅེས་གསུངས་ཏེ། འདི་ནི་དུས་སུ་སྦྱིན་པ་ཡིན་པས་དེ་ལྟ་བས་ན་རྗེས་སུ་ཐུགས་བརྩེ་བར་དགོངས་ཏེ་བཞེས་ཤིག་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། བྱིན་པ་ལོང་ལ་འབྲས་ཁུར་ནི་འབྲས་ཅན་དང་། ཕྱེ་དང་ལྷན་ཅིག་གྱིས་ལ་བཟའ་བར་བྱའོ། །ལ་ཕུག་དང་། རྒྱལ་མོ་ག་གོན་དང་། མར་ཁུར་དག་ནི་དུམ་བུ་བྱས་ཏེ་བཟའ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེར་དགེ་སློང་དག་གཞན་ལ་མ་བསྡད་པར་སྡེ་སྡེར་ཆད་དེ་འོངས་ནས་དེ་དག་གིས་སྨྲས་པ། ཁྱིམ་བདག་བདག་ཅག་ལ་བྲིམས་ཤིག་བདག་ཅག་གིས་བཟའ་བར་བགྱིའོ། །དེ་དག་གིས་ཟོས་ནས་སོང་བ་དང་། གཞན་དང་གཞན་ཀྱང་དེ་བཞིན་དུ་གྱུར་ནས་ཁྱིམ་བདག་


DKG011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འབྲིམ་པས་བྲེལ་བར་གྱུར་ཏེ་མི་དགའ་བ་སྐྱེས་ནས། ཀྱེ་མའོ་ཁྱེད་ཅག་ཐམས་ཅད་ལྷན་ཅིག་ཚོགས་ཏེ་བྲིམ་པར་བྱའོ་ཞེས་སྨྲས་པ་དེའི་སྐབས་དགེ་སློང་དག་གིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་ཁྱིམ་བྲེལ་བར་བཟའ་བར་མི་བྱ་སྟེ་སྔར་སོང་བ་དེ་དག་སྒོ་དྲུང་དུ་བསྡད་པར་བྱ་ཞིང་ཇི་ཙམ་ཐམས་ཅད་ཚོགས་ཏེ་ཞུགས་ནས་བཟའ་བར་བྱའོ། །བྲེལ་བའི་དེར་ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྲེལ་བའི་དེར་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་གཞན་ཞིག་ན་བར་གྱུར་ཏེ། དེའི་གཡོག་པོ་ཟན་ནོད་དུ་སོང་བ་དང་། རིང་ཞིག་ཏུ་མ་འོངས་ཏེ་དེ་འགྱོད་པར་གྱུར་པ་དེའི་སྐབས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་འདུག་ཅིང་བསོད་སྙོམས་ཟ་བར་རྗེས་སུ་གནང་བ་རྣམ་པ་ལྔ་སྟེ། གློ་བུར་དུ་འོངས་པ་དང་། འགྲོ་བ་དང་། ནད་པ་དང་། ནད་གཡོག་དང་། ལས་བྱེད་པ་དག་སྟེ། དེ་དག་ལ་སྦྱིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེ་དུས་གཞན་ཞིག་ན་སངས་རྒྱས་ལ་མངོན་པར་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་དེ། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་དོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཏེ་བསོད་སྙོམས་ཀྱང་ལེན་ཏོ། །རྒྱུ་རྣམ་པ་ལྔས་སངས་རྒྱས་བཅོམ་ལྡན་འདས་རྣམས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱང་ལེན་ཏོ་ཞེས་བྱ་བ་ནས། འདིའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་དེ་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱང་ལེན་ཏོ་ཞེས་བྱ་བ་གོང་མ་བཞིན་ནོ། །དགེ་སློང་དེ་དག་ཟས་ཟོས་ནས་དེ་བཞིན་


DKG011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དོང་བ་དང་། ཁྱིམ་བདག་དེ་ཆོས་ཉན་པར་འདོད་དེ་བལྟས་པ་དང་། དགེ་སློང་དག་གཅིག་ཀྱང་མེད་དེ་དེ་འཕྱ་བར་གྱུར་པ་དེའི་སྐབས་དགེ་སློང་དག་གིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དེ་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ཟན་ཟོས་ནས་དེ་བཞིན་དུ་འགྲོ་བར་མི་བྱ་སྟེ། སྦྱིན་བདག་ཆོས་འདོད་པ་ལ་བཤད་པར་བྱའོ། །མ་བཤད་པར་སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་སྦྱིན་བདག་ཆོས་འདོད་པ་ལ་བཤད་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་གང་གིས་བཤད་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་བཤད་པར་བྱའོ། །གལ་ཏེ་དེས་མི་ནུས་པར་གྱུར་ན་གནས་བརྟན་གཉིས་པས་སོ། །དེས་ཀྱང་མ་ནུས་ ན་དགེ་སློང་དག་རིམ་བཞིན་དུ་བསྐོར་བར་བྱའོ། །ཡང་ན་གཞན་ནུས་པ་ཡོད་ན་དེ་ལ་གསོལ་བ་གདབ་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེ་ཡང་དད་པ་ཅན་བསམ་པ་བཟང་ཞིང་དགེ་བ་ཞིག་སྟེ་དུས་དུས་སུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་སངས་རྒྱས་ཀྱི་གསུང་ཉན་ཏོ། །དེས་དུས་གཞན་ཞིག་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་དགེ་སློང་གི་དགེ་འདུན་ནི་དོང་ངོ་། །བཅོམ་ལྡན་འདས་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱང་ལེན་ཏེ་རྒྱུ་རྣམ་པ་ལྔས་ཞེས་བྱ་བ་ནས་འདིའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱང་ལེན་ཏོ་ཞེས་བྱ་བ་གོང་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་སྦྱིན་བདག་ཆོས་ཉན་པར་འདོད་ན་དེ་ལ་བསྐོས་པའི་དགེ་སློང་གིས་ཆོས་བཤད་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་དགེ་སློང་བསྐོས་པ་གཅིག་པུ་བཞག་སྟེ། དོང་བ་དང་ཁྱིམ་བདག་དེའི་མཛའ་བོ་དང་། ཉེ་དུ་དང་། གཉེན་འདབ་


DKG011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེ་དབང་ཆེ་བ་དག་ཀྱང་ཟན་ལ་བོས་ཏེ་དེ་དག་ཀྱང་ཆུང་མ་དག་དང་ལྷན་ཅིག་དགེ་སློང་དེ་བསྐོར་ཏེ་འདུག་ནས་འཕགས་པ་ཆོས་བཤད་དུ་གསོལ་ཞེས་སྨྲས་པ་དང་། དེས་དབང་ཆེ་བའི་འཁོར་དེ་དག་འདུག་པ་མཐོང་སྟེ། སྤ་གོང་བར་གྱུར་ནས་ཅང་མི་སྨྲ་བར་འདུག་པ་དང་། ཁྱིམ་བདག་དེས་བསམས་པ། བདག་དང་འཁོར་དབང་ཆེ་བ་དག་གིས་འཕགས་པ་དེ་སྤ་གོང་བར་གྱུར་པ་ལྟ་ཞིག་སྟེ། བདག་གིས་ཆོས་བཤད་པར་བྱའོ་སྙམ་ནས། འཕགས་པ་བཅོམ་ལྡན་འདས་ཀྱིས་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །བསྒོམ་པས་ནི་འབྲལ་བར་འགྱུར་རོ་ཞེས་གསུངས་ཏེ། ཆོས་ནི་འདི་ལགས་ཀྱིས་བཞུད་ཅིག་ཅེས་སྨྲས་པ་དང་། དེ་སྤོབས་པ་མེད་པར་གྱུར་ཏེ་ཅང་མི་སྨྲ་བར་སོང་ནས་དེ་གཙུག་ལག་ཁང་དུ་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་དྲིས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་སྦྱིན་བདག་དེ་ལ་ཆོས་བཤད་དམ་དེས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལྟར་བཤད། ཁྱེད་རྣམས་ཀྱིས་བདག་གཅིག་པུ་བཞག་སྟེ། ཁྱིམ་བདག་དེའི་འཁོར་དེ་དག་མཐོང་ནས་བདག་གཅིག་པུ་སྤ་གོང་བར་གྱུར་ཏེ། དོན་དུ་ན་དེ་ཉིད་ཀྱིས་བདག་ལ་ཆོས་བཤད་དོ་ཞེས་དེའི་སྐབས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེས་ནི་བཟང་པོ་ཞིག་སྨྲས་སོ། །དགེ་སློང་བསྐོས་པར་གྱུར་པ་དེའི་གྲོགས་དགེ་སློང་བཞི་བསྐོ་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་ལྔ་པ། སྡོམ་ནི། བརྟགས་ནས་འགྲོ་བར་བྱ་བ་དང་། །བྲམ་ཟེའི་རིགས་ཀྱི་དགེ་སློང་དང་། །བཞི་ཡིས་བྲི་བར་བྱ་བ་དང་། །སོ་ཤིང་དག་ཀྱང་བཀྲུ་བར་བྱ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པའི་དགེ་སློང་གི་གྲོགས་དགེ་སློང་བཞི་བསྐོ་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གང་དུ་མགྲོན་དུ་བོས་ཤིང་འགྲོ་བ་དེར་ཆོས་སྟོན་པའི་དགེ་སློང་


DKG011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་སྟེ། གྲོགས་དགེ་སློང་བཞི་བསྐོས་པ་དང་། དེ་དག་གིས་མ་བརྟགས་པར་བཤང་བ་དང་། གཅི་བ་དང་། རིགས་ཀྱི་ཁྱིམ་དག་ཏུ་སོང་སྟེ། དེ་ཉིད་ཉེས་དམིགས་སུ་གྱུར་ནས་དེའི་སྐབས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཆོས་སྟོན་པའི་དགེ་སློང་གི་གྲོགས་སུ་བསྐོས་པ་དེ་དག་གིས་དེ་ལ་མ་བརྟགས་པར་གཞན་དུ་འདོང་བར་མི་བྱའོ། །སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་བྲམ་ཟེ་ཞིག་གིས་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་ སྤྱོད་པར་བྱེད་པ་ལས་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་དགུ་ནས་བུ་ཁྱེའུ་ཞིག་བཙས་སོ། །དེ་བཙས་ནས་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་རིགས་དང་མཐུན་པར་མིང་བཏགས་སོ། །དེ་དུས་གཞན་ཞིག་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། དེའི་ཁམས་མ་སྙོམས་པར་ན་བར་གྱུར་ཏེ། དེ་སྨན་པའི་དྲུང་དུ་སོང་ནས་སྨྲས་པ། བཞིན་བཟངས་བདག་གི་ལུས་ཀྱི་གནས་སྐབས་འདི་འདྲ་བར་གྱུར་ན་སྨན་དཔྱད་སྟོན་ཅིག །དེས་སྨྲས་པ། འཕགས་པ་འདི་དང་འདི་ལྟ་བུའི་བསྐ་བ་བྱོས་དང་སོས་པར་འགྱུར་རོ། །དེའི་བསྐ་བ་བྱས་པ་དང་། ཇི་ཙམ་ན་ལན་གཅིག་འཁྲུས་ནས་དེས་ཆུ་གྲང་མོས་ཁྲུས་བྱས་པ་དང་ཆད་དོ། །སྨན་པས་སྨྲས་པ། འཕགས་པ་བསྐ་བས་ལེགས་པར་གྱུར་ཏམ། དེས་སྨྲས་པ། བཞིན་བཟངས་མ་ལེགས་ཏེ་ལན་གཅིག་ཁོ་ན་ལས་མ་འཁྲུས་སོ། །དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཆུ་གྲང་མོས་ཁྲུས་མ་བྱས་སམ། དེས་སྨྲས་པ། བཞིན་བཟངས་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་བཞིན་ནོ། །དེས་སྨྲས་པ། འཕགས་པ་མ་ལེགས་པ་ཞིག་བྱས་ཏེ་ཆུ་གྲང་མོས་ཆད་ན་ཇི་ལྟར་འཁྲུ་བར་འགྱུར། དེ་ནི་དེར་ཟད་ཀྱིས་ཡང་འདི་ལྟར་


DKG011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསྐ་བ་དེ་ཉིད་བྱོས་ལ་སྔར་ཁྲུས་མ་བྱེད་པར་འཁྲུ་བ་མཐར་ཕྱིན་ནས་ཁྲུས་བྱོས་ཤིག །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་དེ་ལྟ་ན་བསྐ་བའི་ཆོ་ག་ངས་ཇི་ལྟར་བྱ་ཞེས་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཕྱི་བ་དག་གཞག་པར་བྱ་ཞིང་འཁྲུ་བ་མཐར་ཕྱིན་ནས་ཁྲུས་བྱའོ། །བཅོམ་ལྡན་འདས་ཀྱིས་ཕྱི་བ་དག་གཞག་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་ཇི་ལྟ་བུ་དག་གིས་ཕྱི་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོང་བའམ། ལོ་མའམ། རས་མ་དག་གིས་ཕྱི་བར་བྱ་ཞིང་། འཁྲུ་བ་མཐར་ཕྱིན་ནས་ཆུ་དྲོན་པོས་བཀྲུ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཡང་དེའི་ཚེ་ནགས་ན་སྦྲུལ་གདུག་པ་ཞིག་ གནས་ཏེ། ཇི་ཙམ་ན་ནགས་དེར་བ་ལང་རྫིས་མེ་བཏང་བ་དང་། སྦྲུལ་གདུག་པ་དེ་མེས་བསྲེགས་ནས་ཕན་ཚུན་དུ་སོང་ནས་ཡང་མེའི་འོད་ཀྱིས་བསྐོར་བས་མ་ཤི་ཙམ་དུ་འདུག་སྟེ། མེས་བསྲེགས་པ་ལས་མཆོངས་ཏེ་ཤིང་ཞིག་གི་དྲུང་དུ་བསྐྱིལ་ནས་དཀྲིས་ཏེ་འདུག་གོ །ཇི་ཙམ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ལྗོངས་རྒྱུ་ཞིང་ཕྱོགས་དེར་ཉེ་བར་འོངས་ཏེ། དེས་ཤིང་དྲུང་དུ་སོང་སྟེ་བལྟས་ན་སྦྲུལ་གདུག་པ་ཞིག་མེས་ཚིག་སྟེ་རབ་ཏུ་ཚིག་ནས་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པར་མཐོང་སྟེ། མཐོང་ནས་ཀྱང་དེའི་རྒྱུད་ལ་ཅི་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་མེད་པ་རྟགས་ན་ཡོད་པར་མཐོང་ངོ་། །གང་གི་དབང་དུ་འགྱུར་བ་བརྟགས་པ་ན་ཡང་བདག་ཉིད་ཀྱིས་ཏེ། དེས་དེ་ལ་ཆུས་གཏོར་ནས་ཆོས་ཚིག་གསུམ་ཞིག་བཤད་པ། བཞིན་བཟངས་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བ་སྟེ། ང་ལ་སེམས་རབ་ཏུ་དང་བར་གྱིས་ཤིག་དང་འདི་ལྟར་དུད་འགྲོའི་འདོད་ཆགས་དང་བྲལ་ནས་བདེ་འགྲོར་སྐྱེ་བར་འགྱུར་


DKG011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་སྨྲས་ནས་སོང་བ་དང་། དེ་མ་ཐག་ཏུ་བྱ་ཁྲ་ཞིག་གིས་ཁྱེར་རོ། །དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་མངོན་པར་དད་ནས་དུས་ལས་འདས་ཏེ། མཉན་ཡོད་ན་བྲམ་ཟེ་ལས་དྲུག་དང་ལྡན་པ་ཞིག་གི་རིགས་སུ་སྐྱེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། སྦྲུལ་གདུག་པ་དེ་གོར་མ་ཆག་པར་དུས་ལས་འདས་ན་གང་དུ་སྐྱེས་པར་གྱུར་ཅེས་ཐ་གི་ཟད་ཅིག་བརྟགས་ན་མཉན་ཡོད་ན་བྲམ་ཟེ་ལས་དྲུག་དང་ལྡན་པ་ཞིག་གི་རིགས་སུ་སྐྱེས་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་གདུལ་བར་བྱ་བའི་ཕྱིར་དེའི་ཁྱིམ་དུ་འགྲོ་བར་བརྩམས་ཏེ། དེར་སོང་ནས་བྲམ་ཟེ་དང་ཆུང་མར་བཅས་པ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལ་རབ་ཏུ་བཀོད་དོ། །དེས་དུས་གཞན་ཞིག་ན་གཅིག་པུ་དེའི་ཁྱིམ་དུ་སོང་བ་དང་དེ་ལ་བྲམ་ཟེས་སྨྲས་པ། འཕགས་པ་ཅི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་འགའ་ཡང་མ་མཆིས་སམ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་ཅི་བདག་གི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་རྩྭ་ཀུ་ཤའམ། ཀ་ཤ་ལྟ་བུར་གཞན་ནས་སྐྱེ་བར་མི་འགྱུར་གྱི་གང་ཁྱེད་ལྟ་བུ་ལས་ཐོབ་པ་དེ་བདག་གི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་འགྱུར་ རོ། །དེས་སྨྲས་པ། འཕགས་པ་བདག་ལ་འཕགས་པའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་འོང་བའི་ཁྱེའུ་སུ་ཡང་མ་མཆིས་སོ། །བདག་གི་མཆིས་འབྲང་སེམས་ཅན་དང་ལྡན་པ་ལ་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་དབུལ་ལོ། །དེས་སྨྲས་པ། ནད་མེད་པར་གྱུར་ཅིག་བླང་བར་བྱའོ་ཞེས་སྨྲས་ནས་སོང་ངོ་། །ཇི་ཙམ་ན་བྲམ་ཟེ་མོ་དེ་ཟླ་བ་དགུ་འདས་ནས་ཁྱེའུ་ཞིག་བཙས་སོ། །དེ་བཙས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་རིགས་དང་མཐུན་པའི་མིང་བཏགས་སོ། །དེ་འོ་མ་དང་། ཞོ་དང་། མར་སར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དེ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད། རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་


DKG011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱེད་པར་བྱེད་དོ། །དེ་མའི་ནུ་མ་འཐུང་བ་ན་གལ་ཏེ་བག་མེད་པས་སོའམ་སེན་མོས་ནུ་མ་ལ་རེག་ན་སྐྲང་བར་འགྱུར་རོ། །དེ་ཆེན་པོར་གྱུར་ནས་གང་གི་ཚེ་ཁྱེའུ་དང་བུ་མོ་དག་དང་ལྷན་ཅིག་རྩེ་བ་དེའི་ཚེ་དེ་རྣམས་གལ་ཏེ་ཁྲོ་བའི་ཀུན་ནས་དཀྲིས་པ་ལ་གནས་པ་ན་སོའམ་སེན་མོས་བཏབ་ན་ཕྱོགས་དེ་རིང་པོ་མི་ཐོགས་པར་སྐྲང་བར་འགྱུར་རོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རབ་ཏུ་དབྱུང་བའི་དུས་ཤེས་ནས་ཁྱིམ་དེར་སོང་སྟེ། དེས་བྲམ་ཟེ་དེའི་ཆུང་མ་ལ་ཆོས་བཤད་དེ། ཁྱེའུ་འདི་ནི་བདག་གི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཡིན་ནོ་ཞེས་མཚན་མ་ཞིག་བསྟན་པ་དང་། བྲམ་ཟེ་དེས་སྨྲས་པ། བུ་ཁྱོད་ནི་མ་སྐྱེས་པ་ནས་ངས་ཚེ་དང་ལྡན་པ་ཤཱ་རིའི་བུའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་ཕུལ་གྱིས་སོང་ཤིག །སྲིད་པ་ཐ་མ་པའི་སེམས་ཅན་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་གདོང་དུ་རིང་ཞིག་བརྟགས་ནས་དེའི་རྗེས་བཞིན་རྗེས་བཞིན་དུ་འབྲངས་པ་དང་། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་སོ། །དེས་སོ་ཤིང་ཞིག་ཟོས་ཏེ་ལྕེ་བཞར་ནས་མ་བཀྲུས་པར་བཞག་པ་དང་། དེ་ལ་སྦྲང་མ་ཞིག་གིས་ཟོས་ཏེ་དེ་དུས་ལས་འདས་སོ། །དེ་ནས་སྲོག་ཆགས་ཁྱིམ་སྦྱོང་གིས་ཅུང་ཟད་ཟོས་ པ་དང་དེ་ཡང་དུས་ལས་འདས་སོ། །དེ་ནས་ཡང་བྱ་སྣ་ཚོགས་ཀྱིས་ཟོས་པ་དང་དེ་ཡང་དུས་ལས་འདས་སོ། །དེ་ལ་བྱི་ལས་ཟོས་པ་དང་དེ་ཡང་དུས་ལས་འདས་སོ། །གང་སྦྲང་མ་ཞིག་དང་གྲོག་མ་མང་པོ་དག་གིས་ཟོས་ནས་དེ་དག་ཐམས་ཅད་ཀྱང་དུས་ལས་འདས་སོ། །དེ་བཞིན་དུ་ཇི་ལྟར་སྲོག་ཆགས་མང་པོ་དག་དུས་ལས་འདས་པ་དངར་ཞིང་འདུག་པ་དང་། ཅི་ཙམ་ན་ཕྱི་དེ་ཉིན་པར་དགེ་སློང་དག་ཕྱོགས་དེར་སོ་ཤིང་བཟའ་བར་བརྩམས་པ་དང་། དེ་དག་གིས་སྲོག་ཆགས་དུས་ལས་འདས་པ་དག་མཐོང་ནས། དེ་ལ་གཅིག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྲོག་ཆགས་མང་པོ་འདི་དག་ཅིའི་ཕྱིར་དུས་ལས་འདས། གཞན་དག་གིས་སྨྲས་པ། མི་ཤེས་སོ་ཞེས་དེ་དག་དེ་བཞིན་དུ་དཔྱོད་པ་


DKG011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་སློང་གཞོན་ནུ་གཞན་ཞིག་འོངས་ཏེ། དེས་སྨྲས་པ། ཚེ་དང་ལྡན་པ་དག་ཕྱོགས་འདིར་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཚེ་དང་ལྡན་པ་ཤཱ་རིའི་བུའི་ལྷན་ཅིག་གནས་པ་དེས་སོ་ཤིང་ཟོས་ཏེ་ལྕེ་བཞར་ནས་མ་བཀྲུས་པར་བཞག་པ་དེ་ལ་སྲོག་ཆགས་མང་པོས་ཟོས་ཏེ། འདི་ལྟར་ལྕེའི་དྲི་མ་ཟོས་པས་དུས་ལས་འདས་སོ་ཞེས་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། དགེ་སློང་དག་སྐྱེས་བུ་གདུག་པ་འདི་ལྟ་བུ་ཁ་ཅིག་ཡོད་དེ་དེ་ལྟ་བས་ན་དགེ་སློང་དག་གིས་སོ་ཤིང་མ་བཀྲུས་པར་དེ་བཞིན་དུ་དོར་བར་མི་བྱའོ། །བོར་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་སོ་ཤིང་ཟོས་ནས་བཀྲུ་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་གཞན་དག་གིས་ཆུ་ཉུང་བར་གྱུར་ཏེ་དེ་དག་གིས་ཇི་ལྟར་བསྒྲུབ་པར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ཆུ་ཉུང་བར་གྱུར་པ་དེས་རེ་ཞིག་ས་ལ་བྲུད་ནས་ལྕེའི་དྲི་མ་མེད་པར་བྱའོ། །དེ་དུས་གཞན་ཞིག་ན་བཙོ་བླག་བྱ་བར་བརྩམས་ཏེ་དེས་གོས་དག་ཚོན་དུ་བཙོས་ཏེ་ཟློག་ཅིང་སྐེམས་པ་དང་། ཇི་ཙམ་ན་ཕྱོགས་དེར་ཚེ་དང་ལྡན་པ་ཉེ་དགའ་འོངས་ཏེ་དེས་དེ་མཐོང་ནས། དེས་སྨྲས་པ། ཚེ་དང་ལྡན་པ་བདག་གིས་གྲོགས་ བགྱིའོ། །དེས་སྨྲས་པ། གནས་བརྟན་ལེགས་ཀྱིས་མཛོད་ཅིག་ཉེ་དགའ་རང་བཞིན་གྱིས་གནས་ངན་ལེན་ཀུན་དུ་སྤྱོད་པ་དེས་གོས་སར་པ་རྣམས་ནི་གྲིབ་མ་ལ་བསྐམས། གང་རྙིང་པ་རྣམས་ནི་ཉི་མ་ལ་བསྐམས། གང་གཤེར་བ་རྣམས་ནི་གྲིབ་མ་ལ་བཞག་པ་དང་། དེས་གནས་བརྟན་དེ་ལྟར་མ་མཛད་ཅིག །དེས་ཡང་དང་ཡང་དུ་བྱས་ཏེ་ལྡོག་ཏུ་མ་བཏུབ་བོ། །དེ་ཀུན་ནས་དཀྲིས་པས་ཉེ་དགའི་སྟེང་དུ་བརྒྱུགས་པ་དང་། དེས་འབྲོས་པར་བརྩམས་སོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱོགས་དེར་འོངས་ཏེ། དེར་ཚེ་དང་ལྡན་པ་ཅི་བྱེད་ཅི་བྱེད་ཅེས་སྨྲས་ན་ཡང་དེ་ཀུན་ནས་དཀྲིས་པ་ཁྲོ་བ་འཕེལ་བར་གྱུར་ནས་སྡོད་དུ་མ་བཏུབ་སྟེ་ཉེ་


DKG011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཕྱི་བཞིན་དུ་འབྲང་ངོ་། །ཉེ་དགའས་ནྱ་གྲོ་དྷའི་ཤིང་གིས་བརྡེག་པར་བརྩམས་ན་ཡང་སྡོད་དུ་མ་བཏུབ་སྟེ། དེ་ལ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུས་བཞམས་ཏེ་བཟུང་ནས་ཉེ་དགའ་འབྲོས་སུ་བཏང་བ་དང་། དེས་འོན་ཀྱང་ནྱ་གྲོ་དྷའི་ཤིང་ལ་སོས་བཏབ་ནས། དེས་ནྱ་གྲོ་དྷའི་ཤིང་གི་འདབ་མ་ཐམས་ཅད་ལྷགས་སོ། །དེའི་སྐབས་དགེ་སློང་དག་གིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་ཁྲོ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་ཁྲོ་བར་མི་བྱའོ་ཞེས་གསུངས་པ་དང་། ཇི་ཙམ་ན་དུས་གཞན་ཞིག་ན་ཉེ་དགའ་ལ་དགེ་སྐོས་བབ་སྟེ། དེའི་དྲུང་དུ་སོང་ནས། དེས་སྨྲས་པ། ཚེ་དང་ལྡན་པ་ལས་འདི་ལྟ་ཞིག་བབ་ཀྱིས་བྱོས་ཤིག་ཅེས་བསྒོ་བ་དང་། དེས་དེ་མཐོང་མ་ཐག་ཏུ་དེ་བཞིན་དུ་ཀུན་དུ་དཀྲིས་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་འདྲ་བའི་ཁྲོ་བ་འཁོན་ཡོད་པ་ལ་རང་གིས་མངོན་སུམ་དུ་ལས་བསྒོ་བར་མི་བྱའོ། །འོན་ཀྱང་དེའི་དྲུང་ན་འདུག་པའི་དགེ་སློང་གིས་བསྒོ་བར་བྱ་སྟེ། དེས་དེ་ལ་ཁྱོད་ཀྱིས་ལས་འདི་ལྟ་བུ་བྱོས་ཤིག་ཅེས་སྨྲ་བར་བྱའོ། །དེས་ཀྱང་དེ་ལ་བཞམས་ཏེ་ལས་འདི་ལྟ་བུ་བྱོས་ཤིག་ཅེས་བརྗོད་པར་བྱའོ། །དེས་ཀྱང་ནན་ཏན་དང་། བརྩོན་འགྲུས་དྲག་པོས་འབད་པས་དེ་བཞིན་དུ་ འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུས་བྱས་སུ་གྱུར་པ་ཐམས་ཅད་འཇིག་པ་དང་། ལྟུང་བ་དང་། གྱེས་པ་དང་། འཇིག་པའི་ཆོས་ཅན་དུ་ཁོང་དུ་ཆུད་ཅིང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་གྱུར་ཏེ། ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ་བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མི་རྟོག་ཅིང་རིག་པས་སྒོ་ངའི་སྦུབས་དྲལ་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་


DKG011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་དང་ལྷན་ཅིག་གནས་པ་ལྷག་པར་ཁྲོ་བ་འདི་འདྲ་བས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པ་ནི་ངོ་མཚར་ཆེའོ། །དེས་དེའི་སྔོན་བྱུང་བ་རྣམས་དགེ་སློང་དེ་དག་ལ་རྒྱ་ཆེར་བཤད་པ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་འདིས་ལས་ཅི་ཞིག་བགྱིས་ན་དེ་སྦྲུལ་གདུག་པར་སྐྱེས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འདིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ་འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་དགེ་སློང་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་ པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། གྲོང་


DKG011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེས་དེའི་བསྟན་པ་ལས་རབ་ཏུ་བྱུང་སྟེ། དགེ་སློང་བྱམས་པ་ལ་གནས་པ་ཞེས་བྱ་བར་གྱུར་ཏོ། །དེ་ལ་དགེ་སློང་རྣམས་ཀྱིས་བྱམས་པ་ལ་གནས་པ། བྱམས་པ་ལ་གནས་པ་ཞེས་རབ་ཏུ་དགོད་དེ་སྨྲས་པ་དང་། དེས་དེ་དག་ལ་དགག་ན་ཡང་འདུག་ཏུ་མ་བཏུབ་པ་དང་། དེ་ཁྲོ་བ་དྲག་པོས་ཀུན་ཏུ་དཀྲིས་པས་དེ་དག་ལ་ངན་སེམས་ཀྱིས་ང་ནི་བྱམས་པ་ལ་གནས་པ་ཡིན་གྱི་ཁྱེད་ཅག་ནི་སྐྱེས་བུ་གདུག་པ་ཞེས་ངག་གིས་ལས་དྲག་པོ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བྱམས་པ་ལ་གནས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན། དེའི་ཚེ་དེའི་དུས་ན་འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ལ་སྐྱེས་བུ་གདུག་པའོ་ཞེས་སྨྲས་ཤིང་ཀུན་དུ་སྤྱད་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱའི་བར་དུ་སྦྲུལ་གདུག་པར་སྐྱེས་ཏེ། དེ་ད་ལྟར་ཡང་ལས་དེ་ཉིད་ཀྱི་ལྷག་མས་སྦྲུལ་གདུག་པ་འདིར་སྐྱེས་སོ། །གང་དེ་ཉིད་དུ་ལུང་ཕོག་པ་དང་། བཀླགས་པ་དང་། ཁ་ཏོན་བཏོན་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དག་བྱས་ཏེ། དེས་ན་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དེ་ལྟ་བས་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། གཅིག་ཏུ་དཀར་བ་རྣམས་ཀྱི་ ནི་རྣམ་པར་སྨིན་པ་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ཏེ། དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤངས་ལ་ལས་གཅིག་ཏུ་དཀར་བ་རྣམས་ལ་ནི་བརྩལ་བར་བྱ་སྟེ། དགེ་སློང་དག་དེ་ལྟ་བུ་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་


DKG011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྡོམ་ནི། སྣམ་སྦྱར་དག་ནི་ཅི་རིགས་བགོ །དགོན་པ་པ་དང་འཚོ་བ་ཅན། །ཁུར་བ་སྒྲ་དང་བཅས་མི་བཟའ། །བཱ་རཱ་ཎ་སཱིར་སྤྱོད་ཡུལ་མིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་ཀྱིས་སྣམ་སྦྱར་བགོས་ནས་ཆག་ཆག་འདེབས་ཤིང་བའི་ལྕི་བ་འཇམ་པོ་དག་གིས་ཉུག་པར་བྱེད། བཤང་ས་དག་ཏུ་བཤང་བ་དང་གཅི་བར་བྱེད་ཅིང་། གཞན་ཡང་བཙོ་བླག་གི་ལས་དག་བྱེད་ཅིང་དེར་དེ་བཞིན་དུ་སྟོད་གཡོགས་དང་། སྨད་གཡོགས་དག་ཀྱང་གྱོན་ནོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དགེ་སློང་འདི་དག་ཆོས་གོས་དག་ལ་བྱེ་བྲག་མེད་པར་ཡོངས་སུ་སྤྱོད། བཅོམ་ལྡན་འདས་ཀྱིས་ནི་སྣམ་སྦྱར་ཆོས་གོས་ཀྱི་མཆོག་གོ་ཞེས་གསུངས་ན། དེ་ཇི་ལྟར་སྣམ་སྦྱར་ཆོས་གོས་ཀྱི་མཆོག་ཁྱད་པར་མེད་པར་ཡོངས་སུ་སྤྱོད། གཞན་ཞིག་གིས་སྨྲས་པ། ཚེ་དང་ལྡན་པས་སྨྲས་པ་བདེན་ཏེ། འདི་ལ་གོར་མ་ཆག་པར་རྒྱུ་ཞིག་ཡོད་དེ། བརྟག་པར་བྱའོ་ཞེས་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རྣམས་འདི་སྐད་སྨྲ་བའི་གཞིར་གྱུར་གྱིས་དགེ་སློང་དག་སྣམ་སྦྱར་ནི་རྒྱལ་པོ་ལྟ་བུ་ཡིན་ཏེ། དེ་ལྟ་བས་ན་སྣམ་སྦྱར་གྱོན་ཏེ་ལས་ཐམས་ཅད་མི་བྱའོ། །བཅོམ་ལྡན་འདས་ཀྱིས་སྣམ་སྦྱར་གྱོན་ཏེ་ལས་ཐམས་ཅད་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་རྣམས་ཀྱིས་སྣམ་སྦྱར་བགོས་ཏེ་ཇི་ལྟར་བྱ་བ་དང་། ཇི་ལྟར་མི་བྱ་བ་མ་ཤེས་ཏེ། དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྤྱོད་ཡུལ་དུ་འགྲོ་བ་དང་། ཟས་ཀྱི་ཐོག་མ་ལ་འདུག་པ་དང་། མཆོད་རྟེན་དག་ལ་ཕྱག་བྱེད་པ་དང་། སྟོན་པའི་ལུང་ནོད་ཅིང་སོ་སོར་གོ་བར་བྱ་བ་དང་། ཉིན་པར་ཆོས་ཉན་པ་དང་། མཚན་མོ་ཆོས་ཉན་པ་དང་། གྲལ་དུ་འདུག་སྟེ་ཟ་བ་དང་། མཁན་


DKG011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་སློབ་དཔོན་ལ་ཕྱག་བྱེད་པ་དང་། གཞན་ཡང་ཚངས་པ་མཚུངས་པར་སྤྱོད་པ་དང་ལྷན་ཅིག་འདུག་པའི་ཚེ་སྣམ་སྦྱར་བགོ་བར་བྱའོ། །སྟོད་གཡོགས་ནི་ཕྱོགས་གཙང་མར་བགོ་ཞིང་ལས་ཐམས་ཅད་བྱའོ། །སྨད་གཡོགས་ནི་ཅི་བདེར་ཡོངས་སུ་སྤྱོད་ཅིག །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཉི་མ་ནི་ཤར་ཏོ། །བྱ་རོག་ནི་ཟེར་རོ། །ཞིང་དག་ནི་རྨེད་དོ། །ཆོམ་རྐུན་པ་དག་ནི་ངུའོ། །དགེ་སློང་དག་ཉི་མ་ནི་ཤར་ཏོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་ཚིག་བླ་དགས་སོ། །བྱ་རོག་ཟེར་རོ་ཞེས་བྱ་བ་ནི་ཆོས་སྨྲ་བ་རྣམས་ཀྱི་གང་ཟག་གི་ཚིག་བླ་དགས་སོ། །ཞིང་པ་དག་ནི་ཞིང་རྨེད་དོ་ཞེས་བྱ་བ་ནི་སྦྱིན་བདག་དང་སྦྱིན་པ་པོ་ཞེས་བྱ་བའི་ཚིག་བླ་དགས་སོ། །ཆོམ་རྐུན་པ་དག་ངུ་ཞེས་བྱ་བ་ནི་བདུད་ཀྱི་འཁོར་ཅེས་བྱ་བའི་ཚིག་བླ་དགས་སོ། །དགེ་སློང་དག་སྟོན་པ་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ལ་ཐུགས་བརྩེ་བ་ཅན་ཐུགས་རྗེའི་དོན་དུ་ཕན་པར་མཛད་པར་དགྱེས་པས་ཁྱེད་རྣམས་ལ་ངས་ཐུགས་རྗེས་གཟིགས་ཏེ་ཁྱོད་རྣམས་ཀྱིས་བྱ་བ་ནི་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་དང་། རི་ཁྲོད་དང་། རིའི་ཕུག་དང་། འདམ་བུའི་སྟན་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་། ནགས་ཁྲོད་དང་། བས་མཐའི་གནས་མལ་དུ་བསམ་གཏན་གྱིས་ལ། དགེ་སློང་དག་བག་མེད་པ་དང་ཕྱིས་འགྱོད་པར་མ་བྱེད་ཅིག །འདི་ནི་ངའི་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བག་ཡོད་པར་གནས་མལ་དེ་ལྟ་བུར་བསམ་གཏན་བྱོས་ཤིག་ཅེས་གསུངས་པ་དང་། དགེ་སློང་རྣམས་ཀྱིས་ཇི་སྐད་བསྟན་པའི་གནས་མལ་དུ་བསམ་གཏན་བྱ་བར་བརྩམས་པ་དང་། ཇི་ཙམ་ན་དགེ་སློང་ཐོས་པ་ཉུང་ངུ་ཞིག་དེ་བཞིན་དུ་དགོན་པར་སོང་སྟེ་ འདུག་ནས་ནུབ་མོ་ཡང་གྲོང་དུ་མི་འོང་ཉིན་པར་ཡང་བསོད་སྙོམས་ཀྱི་དུས་མ་གཏོགས་པར་དེ་ཕྱོགས་དེར་བཅས་པ་དང་། བ་ལང་རྫི་དང་། ཕྱུགས་རྫི་དང་། རྩྭ་ཐུན་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་


DKG011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་འདུག་པར་ཤེས་སོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཆོམ་རྐུན་པ་དག་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་འཇོམས་སུ་སོང་སྟེ་དེ་དག་དེར་བརྡེགས་ཤིང་རྣམ་པར་བརྡེགས་ཏེ་བཅོམ་ནས་དེ་རྣམས་བྲོས་ཏེ་ཕྱོགས་གཞན་ཞིག་ཏུ་ཕྱིན་ནས་དེ་རྣམས་ཤེས་ལྡན་དག་གང་དུ་འདེང་ཕྱོགས་གར་འདོང་སྨྲོས་ཤིག་ཅེས་བགྲོས་པ་དང་། དེ་ནས་གཅིག་གིས་ཁོ་བོ་ནི་རབ་ཏུ་སྣད་དེ་འགྲོ་མི་ནུས་སོ་ཞེས་སྨྲས་སོ། །ལ་ལས་ནི་ཁོ་བོ་ནི་སྐོམ་མོ་ཞེས་སྨྲས་སོ། །ལ་ལས་ནི་ཁོ་བོ་ནི་བཀྲེས་སོ་ཞེས་སྨྲས་སོ། །གཞན་ཞིག་གིས་ཤེས་ལྡན་དག་ཕྱོགས་འདི་ན་དགེ་སྦྱོང་ཤཱཀྱའི་སྲས་ཞིག་གནས་གནས་ཏེ། དགེ་སྦྱོང་ཤཱཀྱའི་སྲས་ནི་མཁས་པ། སྙིང་རྗེ་ཅན་དགོན་པ་དེ་ན་འཇིགས་པ་མེད་དེ་གལ་ཏེ་ཤེས་ལྡན་དག་དད་ན་དེར་འདོང་ངོ་། །དེར་སོང་ན་དེར་ནི་བདག་ཅག་གིས་ངེས་པར་ཅུང་ཟད་རྙེད་དོ་ཞེས་སྨྲས་སོ། །དེ་དག་གིས་ཤེས་ལྡན་དག་དེ་ལྟར་ལེགས་ཏེ། ཤེས་ལྡན་དག་ཚུར་ཤེག་དེར་འདོང་ངོ་ཞེས་སྨྲས་ནས། དེ་དག་གླང་པོ་ཆེའི་སྣ་བཞིན་འཕང་བསྟོད་དེ་རེ་བ་དང་བཅས་ནས་མཐར་གྱིས་དེའི་དྲུང་དུ་འོངས་ནས་དེས་དེ་དག་ལ་ལེགས་པར་འོངས་སམ་ཞེས་ཡང་དག་པར་རབ་ཏུ་དགའ་བའི་གཏམ་ཀུན་དུ་སྨྲས་པ་དང་། དེ་དག་རབ་ཏུ་དགའ་སྟེ་ཡིད་རབ་ཏུ་བརྟན་ནས་ཅུང་ཟད་ཅིག་བསྡད་དེ་སྨྲས་པ། འཕགས་པ་བདག་ཅག་ནི་གྲང་བས་སྦྲེབས་ནས་མེ་ཅུང་ཟད་མཆིས་སམ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །གཞན་ཞིག་གིས་སྨྲས་པ། བདག་ཅག་ནི་སྐོམ་པར་གྱུར་ན་ཆུ་ཅུང་ཟད་མཆིས་སམ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། འཕགས་པ་རྨ་ཁར་གླན་པའི་ཕྱེ་ཅུང་ཟད་མཆིས་སམ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། འཕགས་པ་རྨ་ཁར་དཀྲིར་རུང་བའི་རས་མ་ཅུང་ཟད་མཆིས་སམ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། རྨ་ཁར་གླན་པའི་མར་ཅུང་ཟད་མཆིས་སམ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། ། བདག་ཅག་བཀྲེས་ན་འབྲས་ཆན་དང་། ཟན་དྲོན་ཅུང་ཟད་མཆིས་སམ། དེས་སྨྲས་པ། ཁོ་བོ་ནི་དགོན་


DKG011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་པའོ། །དེ་དག་གིས་སྨྲས་པ། དེ་རིང་ཚེས་གྲངས་ནི་ཅི་རྒྱུ་སྐར་ནི་གང་། ཉི་མ་ནི་གང་ལ་བབ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གི་ནང་ན་གཅིག་ཅིག་དགེ་སློང་གི་སྤྱོད་པ་ཤེས་ཏེ་ཀུན་ནས་དཀྲིས་པས་སྨྲས་པ། འཕགས་པ་དེ་ནི་དེར་བས་ན་འདི་ལྟ་བུ་ཞིག་དྲིའོ། །རེ་ཞིག་ཅི་ཁྱོད་དགྲ་བཅོམ་པའམ། ཕྱིར་མི་འོང་བའམ། ལན་གཅིག་ཕྱིར་འོང་བའམ། རྒྱུན་དུ་ཞུགས་པ་ཡིན་ནམ། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། འཕགས་པ་དེ་ནི་དེར་བས་ན་གཞན་འདི་ལྟ་བུ་ཞིག་འདྲིའོ། །ཅི་ཁྱོད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་བམ། འོན་ཏེ་ཅུང་ཟད་མེད་པའི་སྐྱེ་མཆེད་དམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དམ། བསམ་གཏན་བཞི་པའམ། བསམ་གཏན་གསུམ་པའམ། བསམ་གཏན་གཉིས་པའམ། བསམ་གཏན་དང་པོ་ཐོབ་པ་ཡིན། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། འཕགས་པ་དེ་ནི་དེར་བས་ན་ཅི་ཁྱོད་སྡེ་སྣོད་གསུམ་པའམ། འོན་ཏེ་མདོ་སྡེ་འཛིན་པའམ། འདུལ་བ་འཛིན་པའམ། མ་མོ་འཛིན་པ་ཡིན། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། དེ་དག་ནི་དེར་བས་ན་གཞན་འདི་ལྟ་བུ་ཞིག་དྲིའོ། །ཁྱོད་ཀྱི་མིང་ཅི། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །དེ་དག་གིས་སྨྲས་པ། འཕགས་པ་ཕྱོགས་འདི་གང་། དེས་སྨྲས་པ། ཁོ་བོ་ནི་དགོན་པ་པའོ། །ཞེས་དེས་དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་དགོན་པ་པའོ་ཞེས་སྨྲས་པ་དང་། དེ་དག་ཤིན་ཏུ་ཁྲོས་པར་གྱུར་ནས་སྨྲས་པ། ཤེས་ལྡན་དག་བདག་ཅག་ནི་ཆོམ་རྐུན་པ་ཡིན་ནམ། འདི་ནི་ཆོམ་རྐུན་པ་ཆེན་པོ་ཞིག་སྟེ། གང་རང་གི་མིང་ཙམ་ཡང་མི་ཤེས་ལ། མཚན་མ་ཙམ་འཛིན་པ་འཇིག་རྟེན་རྣམས་ལ་སླུ་བར་བྱེད་པའོ་ཞེས་དེ་དག་དེ་ལ་མི་བཟོད་པ་སྐྱེས་ནས་ཤིན་ཏུ་བརྡེགས་ཏེ། མགོ་དང་ལྷུང་བཟེད་དང་འཁར་གསིལ་ཡང་བཅོམ་ཆོས་གོས་ཀྱང་དྲལ་ཏེ་མ་ཤི་ཙམ་དུ་བྱས་ནས་དེ་དག་མཚན་མོ་ཉིད་ཕྱོགས་དེ་ནས་དོང་ངོ་། །དེ་ཡང་མཚན་མོ་ནམ་ནངས་ནས་དེ་བཞིན་དུ་ཚུལ་མི་


DKG011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ པར་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དགེ་སློང་དག་གིས་མཐོང་སྟེ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གང་གིས་འདི་འདྲ་བའི་གནས་སུ་བཞག །དེས་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ། དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོན་པ་པ་རྣམས་ཀྱི་དགེ་སློང་གི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགོན་པ་པའི་དགེ་སློང་གིས་རྟག་ཏུ་མེ་དག་གཞག་པར་བྱ། ཕྱེ་ཉུང་ཟད་ཙམ་བཅང་བར་བྱ། རས་མ་དག་གཞག་པར་བྱ། གང་འབྲས་ཅན་དང་། ཟན་དག་ཟོས་པའི་ལྷག་མ་ཡང་གཞག་པར་བྱ། རྒྱུ་སྐར་དང་། ཚེས་གྲངས་དང་། ཉི་མ་དག་ལ་མཁས་པར་བྱ། ཕྱོགས་ལ་མཁས་པར་བྱ། སྤྱོད་ཡུལ་ལ་མཁས་པར་བྱ། ཆུ་དག་གཞག་པར་བྱ། མར་དང་འབྲུ་མར་ཅུང་ཟད་བཅང་བར་བྱ། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། ཐ་ན་སྙན་པར་སྨྲ་བ་ཙམ་ལ་ཡང་མཁས་པར་བྱ་སྟེ། དགོན་པ་པའི་དགེ་སློང་ཇི་ལྟར་ཀུན་ཏུ་སྤྱད་པའི་ཆོས་བཅས་པ་ལ་ཡང་དག་པར་མི་འཛིན་ཅིང་མི་སྒྲུབ་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་འཚོ་བ་པ་ཞིག་གནས་པ་དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་པར་གྱུར་ཏེ། དེ་སྨན་པའི་དྲུང་དུ་སོང་ནས་བཞིན་བཟངས་སྨན་གྱི་ལུང་སྟོན་ཅིག །དེས་སྨྲས་པ། འཕགས་པ་བསྲོ་གང་གི་ཁྲུས་ཀྱིས་ཁྲུས་གྱིས་ཤིག་དང་སོས་པར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བདག་ནི་སློང་མོ་ལ་རྒྱུ་ཞིང་འཚོ་བར་བྱེད་པ་ཡིན་ན། ཇི་ལྟར་བདག་གིས་བསྲོ་གང་དུ་ཁྲུས་འབྱོར་པར་འགྱུར། དེས་སྨྲས་པ། འཕགས་པ་དགེ་སྦྱོང་ཤཱཀྱའི་བུ་དག་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱེད་ཀྱིས་དེར་སོང་ལ་ཁྲུས་བྱོས་ཤིག །དེས་ཁྲུས་བྱ་བར་བརྩམས་ཏེ། དགེ་སློང་དག་གི་ནང་དུ་ཞུགས་པ་དང་། དེའི་གོས་ས་དམར་དུ་ཁ་བསྒྱུར་བ་གྱོན་ནས་དགེ་སློང་ཐམས་ཅད་ཀྱིས་དེ་ཡང་དགེ་སློང་ཞིག་གོ་སྙམ་སྟེ། སུས་ཀྱང་མ་བགགས་སོ། །དེ་ཡང་མྱུར་བ་མྱུར་བར་ཁྲུས་བྱས་ཏེ། མི་བདེ་ཞིང་


DKG011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་དང་ཇི་ཙམ་ན་དགེ་ སློང་དག་ཅིག་ཕྱོགས་དེར་འོངས་ཏེ། དེ་དག་གིས་དེ་མཐོང་ནས། དེ་དག་ལས་གཅི་གཅིག་སེམས་ངེས་པ་ཞིག་སྟེ། དེས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་རྒན་ཞུགས་ཞིག་འདུག་གིས་ཁྲུས་བྱའོ། །དེ་དག་གིས་སྨྲས་པ་ལེགས་ཀྱིས་དེ་བཞིན་དུ་བྱའོ། །དེ་དག་དེའི་དྲུང་དུ་སོང་སྟེ། རྒན་ཞུགས་ཚུར་ཤོག་ཁྲུས་བྱའོ་ཞེས་སྨྲས་སོ། །དེས་མགོ་འདྲིལ་བ་དང་། དེ་དག་གིས་དེའི་དཔུང་པ་ནས་བཟུང་སྟེ་བསླང་ངོ་། །དེས་སྨྲས་པ། དགེ་སློང་ཤཱཀྱའི་བུ་མི་གཙང་བ་ཁྲུས་མ་བྱས་པ་དག་གིས་ཁྲུས་བྱས་པ་ལ་རེག་གོ །དེ་དག་གིས་སྨྲས་པ། ངེད་ནི་དགེ་སྦྱོང་ཤཱཀྱའི་བུ་དག་ཡིན་ནོ། །རྒན་ཞུགས་ཁྱོད་ལྟ་བུ་སུ་ཞིག །དེས་སྨྲས་པ། བདག་ནི་འཚོ་བ་པའོ། །དེ་དག་གིས་སྨྲས་པ། ཀྱེ་འཚོ་བ་པ་ཁྱོད་སུས་ཁྲུས་བྱས་ཞེས་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་དགེ་སློང་རྣམས་ཀྱིས་བསྲོ་གང་དུ་ཁྲུས་བྱེད་པའི་ཚེ་སྒོ་སྲུངས་དག་གཞག་པར་བྱ་ཞིང་ནང་དུ་འོང་བའི་དགེ་སློང་དག་གི་མིང་དྲི་བར་བྱའོ། །དེ་དག་གིས་དགེ་སློང་མིང་ཤེས་པ་ཡང་དྲི་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོ་ཤེས་པའི་དགེ་སློང་དག་གི་མིང་ནི་མ་འདྲི་ཤིག །སངས་རྒྱས་བཅོམ་ལྡན་འདས་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན། འདོད་པ་མཐུན་པར་བྱོན་ནས་འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ། །དེ་ནས་ཡང་དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ཞེས་བྱ་བ་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དཔྱ་རྒྱུ་རྩྭ་དང་། ཤིང་དང་། ཆུར་བཅས་པ་བྲམ་ཟེའི་སྦྱིན་མཐོངས་སུ་བྱིན་ནས་ཤས་ཆེན་པོ་རྒྱས་པ་ལ་ལོངས་སྤྱོད་དོ། །བྲམ་ཟེ་པད་མའི་སྙིང་པོའི་སློབ་མ་བྲམ་ཟེ་ཁྱེའུ་མ་སྡུག་ཅེས་བྱ་བ་མང་དུ་ཐོས་པ་ཚིག་གསལ་བ་ཐགས་ཐོགས་མེད་པ་ཞིག་ཡོད་དེ། བྲམ་ཟེ་པད་མའི་སྙིང་པོའི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་འདོན་དུ་འཇུག་གོ། །


DKG011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་པད་མའི་སྙིང་པོས་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་འདི་ལྟ་བུ་འདི་ཕྱོགས་དང་ཕྱོགས་མཚམས་སུ་གྲགས་ཏེ། འདི་ལྟར་བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ནི་འཇིག་རྟེན་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས། ལྷ་དང་མིའི་སྐྱེ་དགུ་དང་བཅས་པ་འདི་ལ་མཐོང་བའི་ཆོས་འདི་ཁོ་ན་ལ་རང་ཉིད་ཀྱིས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་ངའི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །དེའི་ཆོས་ཀྱང་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་པའོ་ཞེས་གོ་བར་བྱེད་པ་དེ་གསང་ཚིག་ལས་ཀྱང་འབྱུང་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་ནི་གཉིས་ལས་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་


DKG011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཉིད་ཡིན་ནོ། །དེ་ལ་ཡང་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་ གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། སྟོང་ཡང་ཚང་བར་འགྱུར་ཞིང་དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བ་དེ་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་ནས། འདོད་པ་མཐུན་པར་བྱོན་ནས་འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བྲམ་ཟེའི་ཁྱེའུ་མ་སྡུག་ལ་སྨྲས་པ། མ་སྡུག་གང་ཡིན་པ་ཤེས་སམ། ཁོ་བོས་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཞེས་བྱ་བ་ནས། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། ཁོ་བོས་དེ་གསང་ཚིག་ལས་བཏོན་པས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་ནི་གཉིས་ལས་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཞེས་བྱ་བ་ནས། འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། དེ་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན། འདོད་པ་མཐུན་པར་བྱོན་ནས། འདོད་པ་མཐུན་པ་ན་འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ། །ཞེས་ཐོས་ཀྱིས་བྲམ་


DKG011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཟེའི་ཁྱེའུ་ཚུར་ཁྱོད་ཤེས་ལྡན་གཽ་ཏ་མ་གང་ན་བ་དེར་སོང་ཤིག་དང་ཕྱིན་ནས། ཇི་ག་ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་ཕྱོགས་དང་ཕྱོགས་མཚམས་སུ་ཇི་ལྟར་གྲགས་པ་དེ་ཁོ་ན་བཞིན་ཡིན་ནམ་མ་ ཡིན་པ་དང་། དེའི་མཚན་རྣམས་གྲགས་པ་ཡང་དག་པ་ཡིན་ནམ་མ་ཡིན་ཤེས་པར་འགྱུར་གྲང་། བྲམ་ཟེའི་ཁྱེའུ་མ་སྡུག་གིས་བྲམ་ཟེ་པད་མའི་སྙིང་པོའི་ལྟར་མཉན་ནས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་མང་པོ་དང་ལྷན་ཅིག་ཏུ་ཤས་ཆེ་བ་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཤས་ཆེ་བའི་བྲམ་ཟེ་རྣམས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཤས་ཆེ་བའི་བྲམ་ཟེ་རྣམས་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། བཅོམ་ལྡན་འདས་ཤས་ཆེ་བའི་བྲམ་ཟེ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གསུང་བ་ན། བྲམ་ཟེའི་ཁྱེའུ་མ་སྡུག་མཆིལ་ལྷམ་དང་བཅས་པས་འཆག་ཅིང་གློ་བུར་དུ་གཏམ་དག་གླེང་བར་བྱེད་ལ། གཏམ་དེ་མཐར་ཕྱིན་པར་མི་སྡོད་པར་མ་གུས་པས་སྙེམས་ཤིང་བཟློག་པར་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁྱོད་བྲམ་ཟེ་གསུམ་རིག་པ་རྣམས་དང་ལྷན་ཅིག་གློ་བུར་དུ་གཏམ་དེ་ལྟ་བུ་སྨྲའམ། ཀྱེ་གཽ་ཏ་མ་གཏམ་ཇི་ལྟ་བུ་ཞིག །དེ་བཞིན་གཤེགས་པ་ཤས་ཆེ་བའི་བྲམ་ཟེ་རྣམས་ཆོས་དང་ལྡན་པའི་གཏམ་གསུང་བ་ན།


DKG011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མཆིལ་ལྷམ་དང་བཅས་པས་འཆག་ཅིང་གློ་བུར་དུ་གཏམ་གླེང་བར་བྱེད་ལ། གཏམ་དེ་མཐར་ཕྱིན་པར་མི་སྡོད་པར་མ་གུས་པས་སྙེམས་ཤིང་སླར་བཟློག་པར་སེམས་པ་ལྟ་བུའོ། །ཀྱེ་གཽ་ཏ་མ་བྲམ་ཟེ་འགྲོ་བ་རྣམས་ནི། འགྲོ་བ་རྣམས་དང་ལྷན་ཅིག །འགྲེང་བ་རྣམས་ནི། འགྲེང་བ་རྣམས་དང་། འདུག་པ་རྣམས་ནི། འདུག་པ་རྣམས་དང་། ཉལ་བ་རྣམས་ནི། ཉལ་བ་རྣམས་དང་། ཕན་ཚུན་ ལེགས་པར་སྨྲའི། དགེ་སྦྱོང་མགོ་རེག་ནག་པོའི་རྩ་ལག་ཕོ་རེང་གང་དག་དང་ནི་ཁོ་བོ་ལྷན་ཅིག་ཏུ་འདི་ལྟ་བུའི་གློ་བུར་གྱི་གཏམ་གླེང་དུ་རུང་སྟེ། དཔེར་ན་ད་ལྟར་ཤེས་ལྡན་གཽ་ཏ་མ་དང་གླེང་བ་བཞིན་ནོ། །བྲམ་ཟེའི་ཁྱེའུ་ཁྱོད་དོན་དུ་གཉེར་བ་ལ་ཞུགས་ནས། འདིར་འོངས་ན། དེ་ལྟ་བུ་ནི་བསྙེན་བཀུར་མ་བྱས་པ་ལས། གཞན་ལ་མེད་པས་བྲམ་ཟེའི་ཁྱེའུ་མ་སྡུག་ནི་བླ་མའི་ཚོགས་ལས་བསྙེན་བཀུར་མ་བྱས་པ་ཞིག་ཡིན་པ་ལྟ། དེ་ནས་བཅོམ་ལྡན་འདས་ཀྱིས། བྲམ་ཟེའི་ཁྱེའུ་མ་སྡུག་ལ་བཀུར་སྟི་མེད་པའི་ཚིག་གིས་སྤྱོས་པ་ན་ཁྲོས། འཁྲུགས། རྔམ་ཞིང་ཡིད་མ་རངས་ནས། བཅོམ་ལྡན་འདས་ལ་ཁ་བྱ་བར་འདོད། སྤོབས་པར་འདོད། བརྩད་པར་འདོད། དྲན་པར་བྱ་བར་འདོད་དེ། འདི་ཙམ་གྱིས་དགེ་སྦྱོང་གཽ་ཏ་མ་ལ་ཁ་བྱ་བ་དང་། སྤོབས་པ་དང་། བརྩད་པ་དང་། དྲན་པར་བྱས་པར་འགྱུར་རོ། །སྙམ་དུ་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་ཀྱེ་གཽ་ཏ་མ་ཤཱཀྱ་འདི་དག་ནི་ད་བྱུང་ཁོ་ན་ཡིན་ཏེ། ད་བྱུང་གི་རིགས་ཡིན་པས་བྲམ་ཟེ་རྣམས་ལ་བླ་མ་དང་། རི་མོ་དང་། ཞེ་ས་དང་མཆོད་པ་མི་བྱེད་དོ། །ཅི་བྲམ་ཟེའི་བུ་ཁྱོད་ལ་ཤཱཀྱ་རྣམས་ཀྱིས་གནོད་པ་ཆུང་ཟད་བྱས་སམ། ཀྱེ་གཽ་ཏ་མ་དུས་གཅིག་ཅིག་ན་བདག་ཉིད་དང་མཁན་པོ་བྱ་བ་ཞིག་ལ་གྲོང་ཁྱེར་སེར་སྐྱའི་གཞིར་ཕྱིན་པ་ན། བདག་ལ་ཤཱཀྱ་རྣམས་དང་ཤཱཀྱའི་བུ་མོ་རྣམས་ཁང་བཟངས་ཀྱི་སྟེང་དུ་སོང་ནས་མཛུབ་ཀེར་གྱིས་སྟོན་པར་བྱེད་དེ། བྲམ་ཟེ་པད་མའི་སྙིང་པོའི་སློབ་མ་བྲམ་ཟེའི་


DKG011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་མ་སྡུག་ཡིན་ནོ། །བྲམ་ཟེ་པད་མའི་སྙིང་པོའི་སློབ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཡིན་ནོ། །ཞེས་དེ་དག་བདག་ལ་མཛུབ་ཀེར་ཁོ་ནས་སྟོན་པར་བྱེད་ཀྱི། བདག་ལ་བཀུར་སྟི་དང་། བླ་མ་དང་། ཞེ་ས་དང་། མཆོད་པ་ནི་མི་བྱེད་དོ། །བྲམ་ཟེའི་ཁྱེའུ་རེ་ཞིག་བྱེའུ་ཁུག་རྟ་ཡང་རང་གི་ཚང་ན་འདུག་ན་ཅི་དགར་སྐད་འབྱིན་ན། ཤཱཀྱ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བྲམ་ཟེའི་ཁྱེའུ་འདི་ལྟ་སྟེ། གྲོང་ཁྱེར་སེར་སྐྱའི་གཞི་འདི་ནི་ཤཱཀྱ་རྣམས་ཀྱི་རང་གི་ཡིན་ནོ། །ཀྱེ་གཽ་ཏ་མ་རིགས་ནི་འདི་བཞི་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་སོ། །འདི་ལྟར་ཀྱེ་གཽ་ཏ་མ་རིགས་བཞི་པོ་འདི་དག་ནི་བྲམ་ཟེ་རྣམས་ལ་བཀུར་སྟི་བྱེད། བླ་མར་བྱེད། ཞེ་ས་བྱེད། མཆོད་པར་བྱེད་དོ། །འོན་ཀྱང་ཤཱཀྱ་འདི་དག་ནི་ད་བྱུང་ཁོ་ན་ཡིན་ཏེ། ད་བྱུང་གི་རིགས་ཡིན་པས། བྲམ་ཟེ་རྣམས་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། ཞེ་ས་མི་བྱེད། མཆོད་པ་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཤཱཀྱ་རྣམས་ལ་ཨེ་མའོ་ཤཱཀྱ་རྣམས་ནི་ད་བྱུང་ཡིན་ནོ། །ཨེ་མའོ་ཤཱཀྱ་རྣམས་ནི་ད་བྱུང་གི་རིགས་ཡིན་ནོ་ཞེས་ཧ་ཅང་ཁ་ཟེར་བས་མ་ལ་ངས་འདིའི་སྔོན་གྱི་རིགས་བརྒྱུད་པ་བཙལ་ལོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་གི་སྔོན་གྱི་རིགས་བརྒྱུད་པ་བཙལ་བ་དང་། བྲམ་ཟེའི་ཁྱེའུ་མ་སྡུག་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུར་གྱུར་ལ། ཤཱཀྱ་རྣམས་ནི་དེའི་ཇོ་བོའི་བུར་གྱུར་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་རིགས་ཅི་ཡིན། ཀྱེ་གཽ་ཏ་མ་མིག་མི་འཛུམས་ཀྱི་བུའོ། །བྲམ་ཟེའི་ཁྱེའུ་འདི་ནས་ཁྱོད་ཀྱི་སྔོན་གྱི་རིགས་བརྒྱུད་པ་བཙལ་ན་ཁྱོད་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུར་གྱུར་ལ་ཤཱཀྱ་དག་ནི་ཇོ་བོའི་བུར་གྱུར་པ་ཡིན་པར་མཐོང་ངོ་།། །།


DKG011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་དྲུག་པ། དེ་ནས་ཤས་ཆེ་བའི་བྲམ་ཟེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཁྱོད་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲན་མོའི་བུ་ཞེས་ཚིག་ཏུ་མ་གསུང་ཤིག །དེ་ཅིའི་སླད་དུ་ཞེ་ན། བྲམ་ཟེའི་ཁྱེའུ་མ་སྡུག་ནི་མང་དུ་ཐོས་པ། ཚིག་གསལ་བ། ཐགས་ཐོགས་མེད་པར་སྨྲ་བ་སྟེ། གཞན་ཡང་བྲམ་ཟེའི་ཁྱེའུ་མ་སྡུག་གིས་གཞི་འདི་ལ་ཤེས་ལྡན་གཽ་ཏ་མ་ལ་ཆོས་དང་མཐུན་པས་ལན་གདབ་པར་རྔོ་ཐོག་གོ །བྲམ་ཟེ་དག་གལ་ཏེ་ཁྱེད་འདི་སྙམ་དུ་བྲམ་ཟེའི་ཁྱེའུ་མ་སྡུག་གང་ལ་ཆོས་དང་མཐུན་པས་ལན་ལྡོན་ནུས་སོ་སྙམ་དུ་སེམས་ན། ཁྱེད་ཅག་ཅང་མ་སྨྲ་བར་བྲམ་ཟེའི་ཁྱེའུ་མ་སྡུག་ གཞི་འདི་ལ་ཆོས་དང་མཐུན་པས་དེ་ལ་ལན་འདེབས་སུ་ཆུག་ཤིག །བྲམ་ཟེ་དག་ཁྱེད་ཅག་གལ་ཏེ་འདི་སྙམ་དུ་བྲམ་ཟེའི་ཁྱེའུ་མ་སྡུག་གཞི་འདི་ལ་ང་ལ་ཆོས་དང་མཐུན་པས་ལན་འདེབས་མི་ནུས་སོ་སྙམ་དུ་སེམས་ན། བྲམ་ཟེའི་ཁྱེའུ་མ་སྡུག་ཅང་མ་སྨྲ་བར་ཤེས་ལྡན་ཁྱེད་ཀྱིས་གཞི་འདི་ལ་ང་ལ་ཆོས་དང་མཐུན་པས་ལན་ཐོབ་ཤིག །ཀྱེ་གཽ་ཏ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ཉིད་མང་དུ་ཐོས་པ། ཚིག་གསལ་བ། ཐགས་ཐོགས་མེད་པར་སྨྲ་བ་ལགས་ཏེ། བྲམ་ཟེའི་ཁྱེའུ་མ་སྡུག་གིས་གཞི་འདི་ལ་ཤེས་ལྡན་གཽ་ཏ་མ་ལ་ཆོས་དང་མཐུན་པས་ལན་གདབ་པར་རྔོ་ཐོག་གི་གཞན་གྱིས་ནི་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་སྔོན་བྱུང་བ་རྒྱལ་པོ་བུ་རམ་ཤིང་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་བུ་རམ་ཤིང་སྐྱེས་ལ་བུ་བཞི་ཡོད་པ་སྐར་མདའི་གདོང་དང་། ལག་རྣ་དང་། གླང་པོ་ཆེས་འདུལ་བ་དང་། རྐང་རྒྱན་ལྡན་ནོ། །རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱིས་དེ་དག་ཉེས་པ་འགའ་ཞིག་གི་ཕྱིར་སྤྱུགས་ནས། དེ་དག་རང་རང་གི་སྲིང་མོ་ཁྲིད་དེ་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་དོང་ནས། རིམ་གྱིས་གངས་ཅན་གྱི་ཕྱོགས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། སེར་སྐྱའི་གནས་ནས་མི་རིང་བ་ཞིག་ཏུ་སོང་སྟེ། ཤིང་གི་ཡལ་ག་དང་། ལོ་མ་དག་ལས་སྤྱིལ་བུ་བྱས་ཏེ་གནས་ཤིང་འཁོད་དོ། །དེ་དག་གིས་དེར་རང་རང་གི་སྲིང་མོ་བཏང་སྟེ། མས་དབེན་གྱི་སྲིང་མོ་རྣམས་


DKG011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་འཚོག་ནས་འཁོད་དོ། །དེ་དག་དེ་ན་འཚོ་ཤིང་འཁོད་པ་ལས་བུ་ཁྱེའུ་དང་བུ་མོ་དག་བཙས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་བུ་རམ་ཤིང་སྐྱེས་བུ་སྡུག་པ་རྣམས་དྲན་ནས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོང་པ་དག་གཞོན་ནུ་རྣམས་གར་དོང་། ལྷས་གཞོན་ནུ་དེ་དག་ནོངས་པ་འགའ་ཞིག་གི་སླད་དུ་སྤྱུགས་ནས། དེ་དག་རང་རང་གི་སྲིང་མོ་ཁྲིད་དེ་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་དོང་སྟེ། རིམ་གྱིས་གངས་ཅན་གྱི་ཕྱོགས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་ན་ཁྱེའུ་དང་བུ་མོ་དག་བཙས་ཤིང་འཁོད་དོ། །དེ་ནས་རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱིས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོང་པ་དག་གཞོན་ནུ་དག་གིས་དེ་ལྟར་ནུས་སམ། ལྷ་རྔོ་ཐོག་ ལགས་སོ་དེ་ནས་རྒྱལ་པོ་བུ་རམ་ཤིང་སྐྱེས་རོ་སྟོད་བསྟོད་ནས་ལག་པ་གཡས་པ་བརྐྱང་སྟེ། ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། ཀྱེ་མའོ་གཞོན་ནུ་རྣམས་ཀྱིས་རབ་ཏུ་ནུས་སོ་ཞེས་སེམས་ཅན་དབང་ཆེ་བར་གྲགས་པས། ཀྱེ་མ་གཞོན་ནུ་རྣམས་ཀྱིས་ནུས་སོ་ཞེས་ཚིག་ཏུ་སྨྲ་སྟེ། ཤཱཀྱ་ཤཱཀྱ་ཞེས་བྱ་བར་གྲགས་སོ། །བྲམ་ཟེའི་བུ་ཁྱོད་ཀྱིས་ཤཱཀྱ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཅུང་ཟད་ཐོས་སམ། ཀྱེ་གཽ་ཏ་མ་བདག་གིས་ཤཱཀྱ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཐོས་སོ། །བྲམ་ཟེའི་ཁྱེའུ་རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱི་བྲན་མོ་སྔོ་ཕོད་མ་ཞེས་བྱ་བ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་ཞིག་ཡོད་པ་དང་། དྲང་སྲོང་གདོལ་པའི་རིགས་ཞིག་དང་ལྷན་ཅིག་འདུས་ནས། དེ་གཉིས་ལྷན་ཅིག་འདུས་པ་ལས་ཁྱེའུ་ཞིག་བཙས་སོ། །གཞོན་ནུ་བཙས་མ་ཐག་ཏུ་ཡུམ་རེ་ཞིག་བདག་དྲིལ་ཕྱི་དང་། བཀྲུ་བ་གྱིས་ལ་མི་གཙང་བ་ལས་ཐར་བར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་དུས་གཞན་ཞིག་ན་ཤ་ཟ་རྣམས་ཀྱིས་མིག་མི་འཛུམས་ཀྱི་བུ་ཞེས་བྱ་བ་ལ་གཞོན་ནུ་བཙས་མ་ཐག་ཏུ་ཚིག་ཏུ་བདག་རེ་ཞིག་དྲིལ་ཕྱི་དང་། མི་གཙང་བ་ལས་ཐར་བར་གྱིས་ཤིག་དང་། ཨེ་མའོ་མིག་མི་འཛུམས་ཀྱི་བུ་ཞིག་སྐྱེས་སོ་ཞེས་མིག་མི་འཛུམས་ཀྱི་བུ་མིག་མི་འཛུམས་ཀྱི་བུ་ཞེས་བྱ་བར་གྲགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་


DKG011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མི་འཛུམས་ཀྱི་བུ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཅུང་ཟད་ཐོས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེའི་ཁྱེའུ་མ་སྡུག་ཅང་མི་སྨྲའོ། །ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་མིག་མི་འཛུམས་ཀྱི་བུ་རྣམས་སུ་དེ་ལས་སྐྱེས་པ་སྐྱེ་མགོ་འཛུགས་པ་དེ་ཡིན་པ་དང་། དེ་དག་གི་རིགས་རྒྱུད་དེ་ཡིན་པར་ཅུང་ཟད་ཐོས་སམ། ལན་གཉིས་ལན་གསུམ་དུ་ཡང་བྲམ་ཟེའི་ཁྱེའུ་མ་སྡུག་ ཅང་མི་སྨྲའོ། །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེས་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བ། བྲམ་ཟེའི་ཁྱེའུ་མ་སྡུག་གི་མགོ་བོའི་སྟེང་ན་འཛིན་ཅིང་གལ་ཏེ་བྲམ་ཟེའི་ཁྱེའུ་མ་སྡུག་ལ། བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་རྨ་བ་རྨས་པ་ལས། རྣ་ལ་གཟོན་ཅིང་ལན་མ་གསོལ་བར་གྱུར་ན། རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་དུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བ་འདིས་སྤྱི་བོ་ཚལ་པ་བདུན་དུ་དགས་པར་བྱའོ་སྙམ་པ་དང་། གནོད་སྦྱིན་ལག་ན་རྡོ་རྗེ་དེ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་སངས་རྒྱས་ཀྱི་མཐུས་བྲམ་ཟེའི་ཁྱེའུ་མ་སྡུག་གིས་ཀྱང་མཐོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག་སྔངས་སྐྲག་བྱེད་ཅིང་སྤུ་ཟིང་ཞེས་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་མིག་མི་འཛུམས་ཀྱི་བུ་རྣམས་དེ་ལས་སྐྱེས་པས་མགོ་འཛུགས་པ་དེ་ལགས་པ་དང་། དེ་དག་གི་རིགས་རྒྱུད་དེ་ལགས་པར་བདག་གིས་ཐོས་ལགས་སོ། །དེ་ནས་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་དང་། ཁྱིམ་བདག་རྣམས་འདི་སྙམ་དུ་བསམས་ཏེ། བཙུན་པ་གཽ་ཏ་མས་འདི་སྐད་ཅེས་བྲམ་ཟེའི་ཁྱེའུ་མ་སྡུག་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུ་ཉིད་ཡིན་ལ། ཤཱཀྱ་རྣམས་ནི་དེའི་ཇོ་བོའི་བུ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་བདེན་ན། བདག་ཅག་ཤེས་ལྡན་གཽ་ཏ་མས་གསུངས་པ་ལ་ཡིད་མ་ཆེས་པར་ཟད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤས་ཆེ་བའི་བྲམ་ཟེ་རྣམས་དང་། ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཅག་བྲམ་


DKG011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཟེའི་ཁྱེའུ་མ་སྡུག་ལ་བྲན་མོའི་ཁྱེའུ་ཞེས་ཧ་ཅང་ཚིག་ཏུ་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་དེའི་ཚེ་དྲང་སྲོང་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་ཞིག་ཏུ་གྱུར་པ་ལས་རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱིས་ཉེས་པ་འགའ་ཁོ་ནའི་ཕྱིར་བྲམ་ཟེའི་ཆད་པས་བཅད་དོ། །བྲམ་ཟེའི་ཆད་པས་བཅད་པ་དང་། དེ་ཕྱིས་རྒྱལ་པོ་བུ་རམ་ཤིང་སྐྱེས་འཇིགས་སྐྲག་བྱེད་སྤུ་ཟིང་ཞེས་བྱེད་ནས་ལག་པ་གཡོན་པས་བུ་མོ་ཆེན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཟུང་ལག་པ་གཡས་པས་གསེར་གྱི་བྱ་མ་བུམ་ ཐོགས་ཏེ་དྲང་སྲོང་དེ་ལ་ཆུང་མར་བྱིན་ན་དྲང་སྲོང་གིས་དེ་མ་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲན་མོའི་བུ་ཡིན་ནོ་ཞེས་བཀའ་སྩལ་པས་ཞུམ་ཞུམ་པོར་གྱུར་ནས་ཕྲག་པ་བཅུམ། མགོ་སྨད་དེ་སྤོབས་པ་མེད་ཅིང་གཏད་ཁོང་དུ་ཆུད་ནས་ཅང་མི་སྨྲ་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ་བྲམ་ཟེའི་ཁྱེའུ་མ་སྡུག་འདི་བྲན་མོའི་བུ་ཡིན་ནོ་ཞེས་ངས་ཚིག་ཏུ་སྨྲས་པས་ཞུམ་ཞུམ་པོར་གྱུར་ཏེ། ཕྲག་པ་བཅུམ་ནས་མགོ་སྨད་དེ་སྤོབས་པ་མེད་ཅིང་གཏད་ཁོང་དུ་ཆུད་ནས་མི་སྨྲ་བར་གྱུར་གྱིས་མ་ལངས་འདི་ལ་ཕྱིས་གཏམ་འདྲེ་བར་བྱའོ་སྙམ་དུ་དགོངས་ནས། བྲམ་ཟེའི་ཁྱེའུ་མ་སྡུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་དཔེར་ན་རྒྱལ་རིགས་གཞོན་ནུ་དང་། བྲམ་ཟེའི་བུ་མོར་ལྷན་ཅིག་འདུས་པར་གྱུར་ཏེ། དེ་གཉིས་ལྷན་ཅིག་འདུས་པ་ལས་ཁྱེའུ་ཞིག་བཙས་ན་དེ་བྲམ་ཟེ་རྣམས་ལས་སྟན་ནམ། ཆུའམ། གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་འཐོབ་ལགས་སོ། །དེ་ལ་རྒྱལ་རིགས་རྣམས་ཀྱིས་རྒྱལ་རིགས་ཀྱི་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་སྐུར་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། སྤུན་གྱི་བུ་ལགས་པས་རྒྱལ་རིགས་རྣམས་ཀྱིས་ཚ་བོ་དབང་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དཔེར་ན་བྲམ་ཟེ་གཞོན་ནུ་དང་རྒྱལ་རིགས་ཀྱི་བུ་མོར་ལྷན་ཅིག་འདུས་པར་གྱུར་ལ། དེ་གཉིས་ལྷན་ཅིག་འདུས་པ་ལས་བུ་ཁྱེའུ་ཞིག་བཙས་ན། དེ་བྲམ་ཟེ་རྣམས་ལས་སྟན་ནམ། ཆུའམ། གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་འཐོབ་ལགས་སོ། །དེ་ལ་རྒྱལ་རིགས་ཀྱིས་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་


DKG011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཚ་བོ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་ཀྱིས་ཚ་བོ་དབང་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དཔེར་ན་རྒྱལ་རིགས་གཞོན་ནུ་རྒྱལ་རིགས་དག་གིས་ཉེས་པ་འགའ་ཁོ་ནའི་ཕྱིར་སྤྱུགས་པར་གྱུར་ན། དེ་བྲམ་ཟེ་རྣམས་ལས་སྟན་ནམ། ཆུའམ། གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་འཐོབ་ལགས་སོ། །དེ་ལ་རྒྱལ་རིགས་ དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་སྐུར་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཕུ་ནུ་བོ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་ཀྱིས་ཕུ་ནུ་བོ་དབང་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དཔེར་ན་བྲམ་ཟེ་གཞོན་ནུ་བྲམ་ཟེ་རྣམས་ཀྱིས་ཉེས་པ་འགའ་ཁོ་ནའི་ཕྱིར་སྤྱུགས་པར་གྱུར་ན། དེས་བྲམ་ཟེ་རྣམས་ལས་སྟན་ནམ། ཆུའམ། གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་མི་འཐོབ་ལགས་སོ། །དེ་རྒྱལ་རིགས་རྣམས་ཀྱིས་རྒྱལ་རིགས་ཀྱི་དབང་བསྐུར་བས་དབང་སྐུར་རམ། ཀྱེ་གཽ་ཏ་མ་དབང་མི་སྐུར་ཏེ། དེ་ཅིའི་སླད་དུ་ཞེ་ན། བྲམ་ཟེ་གདོལ་པ་ལགས་པའི་སླད་དུ་རྒྱལ་རིགས་རྣམས་བྲམ་ཟེ་དབང་མི་སྐུར་ལགས་སོ། །བྲམ་ཟེའི་ཁྱེའུ་དེ་ལྟར་ན་རུས་དང་རིགས་དང་མནད་ཀྱིས་རྒྱལ་རིགས་རིགས་ཀྱི་མཆོག་ཡིན་གྱི་བྲམ་ཟེ་ནི་མ་ཡིན་ནོ། །བྲམ་ཟེའི་ཁྱེའུ་མི་མཇེད་ཀྱི་བདག་པོ་ཚངས་པས་ཚིགས་སུ་བཅད་དེ་སྨྲས་པ། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིགས་དང་ཞབས་སུ་ལྡན་པ་བཙུན། །བྲམ་ཟེའི་ཁྱེའུ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚིགས་སུ་བཅད་དེ་སྨྲས་པ་ནི་ལེགས་པར་སྨྲས་པ་སྟེ་ཉེས་པར་སྨྲས་པ་མ་ཡིན། ལེགས་པར་བརྗོད་པ་ཡིན་གྱི་ཉེས་པར་བརྗོད་པ་མ་ཡིན་ཏེ་འདི་ལྟར། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིགས་དང་ཞབས་སུ་ལྡན་པ་བཙུན། །དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེའི་ཁྱེའུ་ང་ཡང་འདི་སྐད་ཅེས་སྨྲས་ཏེ། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིགས་དང་ཞབས་སུ་ལྡན་


DKG011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཙུན། །བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་ཡོད་པ་དེ་ནས་བྲམ་ཟེ་རྣམས་ཀྱིས་སྟན་ནམ། ཆུའམ། གསང་ཚིག་གམ། གདོན་པ་འཐོབ་བམ། ཀྱེ་གཽ་ཏ་མ་གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་མཆིས་པ་དེ་ནས་བྲམ་ཟེ་རྣམས་ཀྱིས་སྟན་ནམ། ཆབ་བམ། གསང་ཚིག་གམ། གདོན་པ་འཐོབ་ལགས་སོ། །བྲམ་ཟེའི་ཁྱེའུ་གང་ན་བག་མ་ལེན་པ་དང་། བག་མ་གཏོང་བ་ཡོད་པ་དེ་ན་རིགས་ཀྱིས་སྙེམས་ པ་ཡང་ཡོད། རུས་ཀྱིས་སྙེམས་པ་ཡང་ཡོད། བྲམ་ཟེའི་བུའི་སྙེམས་པ་ཡང་ཡོད་དོ། །བྲམ་ཟེའི་ཁྱེའུ་སེམས་ཅན་རིགས་ཀྱིས་སྙེམས་པས་རྣམ་པར་བཅིངས་པ་དང་། རུས་ཀྱིས་སྙེམས་པས་རྣམ་པར་བཅིངས་པ་དང་། བྲམ་ཟེའི་བུའི་སྙེམས་པས་རྣམ་པར་བཅིངས་པ་ཇི་སྙེད་པ་དེ་དག་རིག་པ་དང་ཞབས་སུ་ལྡན་པ་བླ་ན་མེད་པ་འདི་ཉིད་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་མེད་ཀྱི་བྲམ་ཟེའི་བུ་རིགས་ཀྱིས་སྙེམས་པ་སྤངས་པ། རུས་ཀྱིས་སྙེམས་པ་སྤངས་པ། བྲམ་ཟེའི་བུའི་སྙེམས་པ་སྤངས་པ་དེ་ལྟར་ན་རིག་པ་དང་ཞབས་སུ་ལྡན་པ་བླ་ན་མེད་པ་འདི་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཤེས་ལྡན་གཽ་ཏ་མ་ལ་བདག་གང་སྔོན་ཡང་མ་བྱུང་། ཕྱིས་ཀྱང་མི་འབྱུང་། ད་ལྟ་ན་ཡང་མ་མཆིས་པ་དེ་ལྟ་བུ་མངོན་པར་དད་ལགས་ཀྱིས་ཤེས་ལྡན་གཽ་ཏ་མས་བདག་ལ་ཇི་ལྟར་རིག་པ་དང་ཞབས་སུ་འཚལ་བར་འགྱུར་བ་དེ་ལྟར་ཆོས་བཤད་དུ་གསོལ། བྲམ་ཟེའི་ཁྱེའུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བྲམ་ཟེའི་ཁྱེའུ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱུང་སྟེ། དེས་ཆོས་བཤད་པ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། རྣམ་པར་བྱང་བ། ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏེ། ཆོས་དེ་ཁྱིམ་བདག་གམ་ཁྱིམ་བདག་གི་བུས་མཉན་ནས། དེས་ཆོས་དེ་


DKG011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས་དད་པ་རབ་ཏུ་ཐོབ་པོ། །དེ་དག་དད་པ་རབ་ཏུ་ཐོབ་པ་དང་ལྡན་པས་འདི་ལ་སོ་སོ་ཡང་དག་པར་སློབ་པར་བྱེད་དེ། ཁྱིམ་གྱི་གནས་ནི་ཉམ་ང་བ་རྡུལ་དག་གི་གནས་ཡིན་ནོ། །རབ་ཏུ་བྱུང་བ་ནི་བླ་ན་མེད་པ་ཡིན་ན། ཁྱིམ་པ་ཁྱིམ་ན་གནས་པ་རྣམས་ཀྱི་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་གཅིག་ཏུ་སལ་གྱིས་དག་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། རྣམ་པར་བྱང་བ་ནི་སྤྱོད་པ་དཀའ་བས་མ་ལ་བདག་གིས་ སྐྲ་དང་ཁ་སྤུ་བྲེགས་ལ། གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་ནས་དེས་དེ་ལྟར་སོ་སོར་བརྟགས་ཏེ་ལོངས་སྤྱོད་ཀྱི་ཚོགས་མང་ཉུང་དང་། ཉེ་དུའི་འཁོར་མང་པོ་རྣམས་སྤངས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ལ་གནས་པ་ཡིན། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཁ་ན་མ་ཐོ་བ་ཕྲ་མོ་ཙམ་ལ་ཡང་འཇིགས་པར་ལྟ་བ་ཡིན། བསླབ་པའི་གཞི་ཡང་དག་པར་མནོས་ཏེ་སློབ་པ་ཡིན། དེས་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ཏེ། ཆད་པ་སྤངས་པ་ཡིན། མཚོན་ཆ་སྤངས་པ་ཡིན། ངོ་ཚ་དང་ལྡན་པ་ཡིན་ཏེ། སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཆུང་ངུ་ན་སྲོག་ཆགས་གྲོག་སྤུར་ཡན་ཆད་ལ་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ནོ། །དེས་མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ཡིན་ཏེ། བྱིན་པ་ལེན་པ་ཡིན། བྱིན་པ་ལེན་པ་ལ་དགའ་བ་ཡིན། སྦྱིན་པ་ལ་ལྷུག་པར་གཏོང་བ་ལ་དགའ་བ་ཡིན་ཏེ། རྐུན་མ་མ་ཡིན། འདོད་ཆེན་ཅན་མ་ཡིན། གཙང་བ་ཡིན། བཏང་བ་ཡིན། ཁ་ན་མ་ཐོ་བ་མེད་པ་ཡིན། བདག་ཉིད་བསྲུངས་པས་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་མི་ཚངས་པར་སྤྱོད་པ་སྤངས་ནས་མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་ཡིན་ཏེ། ཚངས་པར་སྤྱོད་པ་ཡིན། སྤྱོད་པ་ངན་པ་སྤངས་པས་དག་པ་ཡིན། གཙང་བ་ཡིན། དྲི་ང་བ་མེད་པ་ཡིན། འཁྲིག་པ་དང་བྲལ་བ་ཡིན། སྨད་རིམ་གྱི་ཆོས་དང་བྲལ་བ་ཡིན། མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་ཡིན་ནོ། །དེ་བརྫུན་དུ་སྨྲ་བ་སྤངས་ནས་བརྫུན་དུ་སྨྲ་


DKG011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་སླར་ལོག་པ་ཡིན་ཏེ། བདེན་པར་སྨྲ་བ་ཡིན། བདེན་པ་ལ་དགའ་བ་ཡིན། དད་པ་ཡིན། ཡིད་ཆེས་པ་ཡིན། བརྟན་པ་ཡིན་འཇིག་རྟེན་ལ་མི་སླུ་བ་ཡིན་ཏེ། བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ཡིན་ནོ། །དེ་ཕྲ་མ་སྤངས་ནས་ཕྲ་མ་ལས་སླར་ལོག་པ་ཡིན་ཏེ། དེ་ཚུ་རོལ་པོ་དག་ལས་མཉན་ཏེ་དེ་དག་དབྱེ་བའི་ཕྱིར་ཕ་རོལ་པོ་དག་ལ་སྨྲ་བ་མ་ཡིན། ཕ་རོལ་པོ་དག་ལས་མཉན་ཏེ་དེ་དག་དབྱེ་བའི་ཕྱིར་ཚུ་རོལ་པོ་དག་ ལ་སྨྲ་བ་མ་ཡིན། བྱེ་བ་རྣམས་སྡུམས་བྱེད་པ་ཡིན། མཐུན་པ་རྣམས་གཟེངས་བསྟོད་པ་ཡིན། མཐུན་པ་ལ་དགའ་བ་ཡིན། མཐུན་པ་ལ་མགུ་བ་ཡིན། མཐུན་པར་བྱེད་པའི་ཚིག་སྨྲ་བ་ཡིན་ཏེ། ཕྲ་མ་ལས་ཕྱིར་ལོག་པ་ཡིན་ནོ། །དེ་ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་སླར་ལོག་པ་ཡིན་ཏེ། དེ་གང་ལ་ཡང་ཚིག་གདུག་པ་དང་། རྩུབ་པ་དང་། ཕ་རོལ་ལ་མི་སྙན་པ་དང་། ཕ་རོལ་སྤ་གོང་བར་བྱེད་པ་དང་། སྐྱེ་བོ་མང་པོའི་ཡིད་ལ་མི་འཐད་པ་དང་། སྐྱེ་བོ་མང་པོའི་སྙིང་དུ་མི་སྡུག་པ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། མཉམ་པར་འཇོག་པར་འགྱུར་བ་མ་ཡིན་པ་དེ་ལྟ་བུའི་ཚིག་སྤངས་པ་ཡིན་མི་ཚུགས་པ་དང་། རྣར་སྙན་པ་དང་། སྙིང་ཚིམ་པར་བྱེད་པ་དང་། དགའ་བར་བྱེད་པ་དང་། ཕོ་བྲང་འཁོར་གྱི་སྐད་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་རྣམ་པར་རིག་པར་བྱེད་པ་དང་། མཉན་པར་འོས་པ་དང་། མི་རྟེན་པ་དང་འགལ་བ་མ་ཡིན་པ་དང་། ཐུག་པ་མེད་པ་དང་། སྐྱེ་བོ་མང་པོ་ལ་སྡུག་པ་དང་། སྐྱེ་བོ་མང་པོ་མགུ་བ་དང་། སྐྱེ་བོ་མང་པོ་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཉམ་པར་བཞག་པ་དང་། མཉམ་པར་འཇོག་པར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲ་བས་དེ་ཚིག་རྩུབ་པོ་ལས་སླར་ལོག་པ་ཡིན་ནོ། །དེ་ཚིག་ཀྱལ་པ་སྨྲ་བ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལོག་པ་ཡིན་ཏེ། དེ་དུས་སུ་སྨྲ་བ་ཡིན། ཡང་དག་པར་སྨྲ་བ་ཡིན། དེ་ཁོ་ན་ཉིད་སྨྲ་བ་ཡིན། དོན་སྨྲ་བ་ཡིན། ཆོས་སྨྲ་བ་ཡིན། ངེས་པར་སྨྲ་བ་ཡིན། རྟོགས་པར་སྨྲ་བ་ཡིན། ཁོང་དུ་ཆུད་པར་བྱེད་པའི་ཚིག་སྨྲ་བ་ཡིན་ཏེ། དུས་དང་མ་འདྲེས་པ་དང་། གླེང་གཞི་དང་བཅས་པ་དང་། དན་རྟགས་དང་བཅས་པ་དང་། ཆོས་དང་ལྡན་


DKG011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། དེ་ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལོག་པ་ཡིན་ནོ། །དེ་ཉོ་ཚོང་སྤངས་ནས་ཉོ་ཚོང་ལས་སླར་ལོག་པ་ཡིན་ཏེ། དེ་གཞལ་བླུགས་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། ཚད་ལ་གཡོ་བྱེད་པ་སྤངས་ནས་དེ་གཞལ་བླུགས་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། ཚད་ལ་གཡོ་བྱེད་པ་ལས་སླར་ ལོག་པ་ཡིན་ནོ། །དེ་གསུག་ལེན་པ་དང་། འདྲིད་པ་དང་། བསྡིགས་ནས་རང་གིར་བྱེད་པ་སྤངས་ནས་གསུག་ལེན་པ་དང་། འདྲིད་པ་དང་། བསྡིགས་ནས་རང་གིར་བྱེད་པ་ལས་སླར་ལོག་པ་ཡིན་ནོ། །དེ་གསོད་པ་དང་། འཆིང་བ་དང་། གཅད་པ་དང་། དབུག་པ་དང་། བརྡེག་པའི་བསམ་པ་སྤངས་ནས་གསོད་པ་དང་། འཆིང་བ་དང་། གཅད་པ་དང་། འབིགས་པ་དང་། བརྡེག་པའི་བསམ་པ་ལས་སླར་ལོག་པ་ཡིན་ནོ། །དེ་འོད་དང་། བུད་མེད་ཅན་དང་ལྷན་ཅིག་ཏུ་ཉལ་བ་སྤངས་ནས་འོད་དང་། བུད་མེད་ཅན་དང་ལྷན་ཅིག་ཉལ་བ་ལས་སླར་ལོག་པ་ཡིན་ནོ། །དེ་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་ལེན་པ་སྤངས་ནས། ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ལེན་པ་སྤངས་ནས་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ལེན་པ་དག་སྤངས་ནས་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ལེན་པ་དག་ལས་སླར་ལོག་པ་ཡིན་ནོ། །དེ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལེན་པ་སྤངས་ནས་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་གསེར་དང་། དངུལ་ལེན་པ་སྤངས་ནས། གསེར་དང་། དངུལ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་འབྲུ་མ་ཉམས་པ་ལེན་པ་དག་སྤངས་ནས་འབྲུ་མ་ཉམས་པ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་ཟན་གཅིག་པ་ཡིན་ཏེ། ནུབ་མོ་སྤངས་ཤིང་དུས་མ་ཡིན་པའི་ཁ་ཟས་སྤངས་པ་ཡིན། དུས་སུ་རྒྱུ་ཞིང་དུས་སུ་སྤྱོད་པ་ལས་སྦྱོར་བ་ལ་བརྩོན་པ་


DKG011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དེ་ལུས་ཀྱི་བགོ་བ་རན་པས། ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། དེ་ལུས་ཀྱི་བགོ་བ་རན་པས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་པས་གང་དང་གང་དུ་འགྲོ་བ་ན་ལྷུང་བཟེད་དང་བཅས་ཆོས་གོས་དང་བཅས་པར་འགྲོའོ། །དཔེར་ན་ འདབ་ཆགས་བྱ་གང་དང་གང་དུ་ལྡིང་བ་དེར་འདབ་མ་དང་ཆས་གཤོག་པ་དང་ཆས་ཏེ་ལྡིང་བ་དེ་བཞིན་དུ་དེ་ལུས་ཀྱི་བགོ་བ་རན་པ་ཆོས་གོས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ཏེ། གང་དང་གང་དུ་འགྲོ་བ་དེར་ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་ཤིང་འགྲོ་བ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ས་བོན་གྱི་ཚོགས་དང་། འབྱུང་པོའི་ཚོགས་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོར་ཏོའི་ས་བོན་དང་། འགས་པའི་ས་བོན་དང་། ལྔ་པ་ནི་ས་བོན་གྱི་ས་བོན་ཉིད་དེ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ས་བོན་གྱི་ཚོགས་དང་། འབྱུང་པོའི་ཚོགས་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་སྦྱིན་པ་དག་སྤྱད་ནས་སོགས་འཇོག་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། ཟས་ཀྱི་སོགས་འཇོག་དང་། སྐོམ་གྱི་སོགས་འཇོག་དང་། གོས་ཀྱི་སོགས་འཇོག་དང་། དྲིའི་སོགས་འཇོག་དང་། རོའི་སོགས་འཇོག་དང་། ལོ་མའི་སོགས་འཇོག་དང་། མེ་ཏོག་གི་སོགས་འཇོག་དང་། འབྲས་བུའི་སོགས་འཇོག་སྟེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་སོགས་འཇོག་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་གནས་མལ་མཐོན་པོ་དང་། གནས་མལ་ཆེན་པོ་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པར་བྱེད་པ་འདི་ལྟ་སྟེ། སྟན་དང་། ཁྲི་དང་། ཁྲི་སྣམ་བུ་ཅན་དང་། རས་ཀྱི་སྣམ་བུ་ཅན་དང་། སྟན་


DKG011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཚངས་ཅན་དང་། རས་ཡུག་ཆེན་དང་། རས་ཁྲ་བོ་དང་། པ་ལེ་ལའི་རས་ཀྱིས་གཡོགས་པ་དང་། གླང་པོ་ཆེའི་འཐབ་སྟན་དང་། རྟའི་འཐབ་སྟན་དང་། ངོས་གཅིག་བལ་ལས་བྱས་པ་དང་། ངོས་གཉིས་བལ་ལས་བྱས་པ་དང་། སྟོད་བལ་ ལས་བྱས་པ་དང་། རྒྱབ་བལ་ལས་བྱས་པ་དང་། ཀ་ལིང་གི་གོས་ཀྱི་སྟོད་གཡོགས་དང་། སྟེང་གཡོགས་དང་བཅས་པའི་གོས་དང་། ཕྱོགས་གཉིས་སུ་སྔས་དམར་པོ་ལས་བྱས་པ་སྟེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་མལ་མཐོན་པོ་དང་། གནས་མལ་ཆེན་པོ་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཆ་བ་དང་། གཞག་པ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བས་བརྩོན་པར་གནས་པ་འདི་ལྟ་སྟེ། མཉེ་བ་དང་། བཀྲུ་བ་དང་། དྲིལ་ཕྱི་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཁ་དོག་འཆང་བ་དང་། སེན་མོའི་ཁ་དོག་དང་། སོའི་ཁ་དོག་དང་། ཁའི་ཕྱེ་མ་དང་། གདོང་གི་བྱི་དོར་དང་། མེ་ལོང་ལ་ལྟ་བ་དང་། ལག་ངར་བརྒྱན་པ་དང་། གཙུག་ཏོར་འཆིང་བ་དང་། གདུགས་ཀྱི་རྩ་བ་སྦུ་བུ་ཅན་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། མཆིལ་ལྷམ་ཁྲ་བོ་དང་། གོས་སར་པ་དང་། རས་སར་པ་ཁ་ཚར་རིང་པོ་ཅན་འཆང་བའི་རང་བཞིན་ཅན་དག་སྟེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་གཞག་པ་དང་། ཆ་བ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ལྟད་མོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་ལ་གནས་པ་འདི་ལྟ་སྟེ། གླང་པོ་ཆེས་འགྱེད་པ་དང་། རྟས་འགྱེད་པ་དང་། ཤིང་རྟས་འགྱེད་པ་དང་། དཔུང་བུ་ཆུང་གིས་འགྱེད་པ་དང་། དབྱུག་པས་འགྱེད་པ་དང་། ཁུ་ཚུར་གྱིས་འགྱེད་པ་དང་། ཁྱུ་མཆོག་གིས་འགྱེད་པ་དང་། མ་ཧེས་འགྱེད་པ་དང་། རས་འགྱེད་པ་དང་། བྱ་གག་འཐབ་པ་དང་། མཆིལ་པ་འཐབ་པ་དང་། འུར་པ་འཐབ་པ་དང་། བུད་མེད་འཐབ་པ་དང་། སྐྱེས་པ་འཐབ་པ་དང་། གཞོན་ནུ་འཐབ་པ་དང་། གཞོན་ནུ་མ་འཐབ་པ་དང་། ཤིང་ལ་འཛེག་པ་དང་། བྲོ་གར་གྱི་ཚོགས་དང་། ཕྲག་པ་ནས་


DKG011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཆོང་བ་དང་། རྒྱལ་མཚན་གྱི་རྩེ་མོ་དང་། སྟོབས་ཀྱི་མཆོག་དང་། དམག་གི་ཚོགས་མང་པོ་ལ་ལྟ་བ་དང་། མང་པོ་འདུས་པ་ལ་ལྟ་བར་འདོད་པ་སྟེ། དགེ་སྦྱོང་གི་ལྟད་མོ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ ཡོངས་སུ་སྤྱད་ནས་དེ་སྒྲ་རྣམ་པ་སྣ་ཚོགས་ཉན་པར་རྩོམ་པ་ལ་སྦྱོར་བར་བརྩོན་པ་གནས་པ་འདི་ལྟ་སྟེ། གླང་པོ་ཆེའི་སྒྲ་དང་། རྟའི་སྒྲ་དང་། ཤིང་རྟའི་སྒྲ་དང་། དཔུང་བུ་ཆུང་གི་སྒྲ་དང་། དུང་གི་སྒྲ་དང་། རྔ་པ་ཊ་ཧའི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། རོལ་མོ་སྣ་ཚོགས་པའི་སྒྲ་དང་། གར་མཁན་གྱི་གླུ་སྒྲ་དང་། རོལ་མོའི་སྒྲ་དང་། ཁར་གསིལ་གྱི་སྒྲ་དང་། སེ་གོལ་གྱི་སྒྲ་དང་། ཐལ་མོའི་སྒྲ་དང་། བུམ་པའི་སྒྲ་དང་། རང་བཟོའི་སྒྲ་དང་། སྙན་ངག་དང་། ཡི་གེ་སྣ་ཚོགས་དང་། ཚིག་སྣ་ཚོགས་དང་། འཇིག་རྟེན་རྒྱང་འཕེན་པ་དང་ལྡན་པའི་གྲགས་པའི་གཏམ་ཉན་འདོད་པ་དག་སྟེ། དགེ་སྦྱོང་རྣམས་ཀྱི་སྒྲ་རྣམ་པ་སྣ་ཚོགས་ཉན་པར་རྩོམ་པ་ལ་སྦྱོར་བ་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས། ཨུག་ཤུད་དང་། ཁྲས་དང་། ཆོ་ལོ་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། མིག་བརྒྱད་པ་དང་མིག་བཅུ་པ་དང་། ན་ཡའི་མིག་དང་། ཕྱོགས་ཕྱོགས་ནས་འགྱེད་པ་དང་། བུམ་པ་དང་། སྟོབས་དང་། སྐྱོད་པ་དང་། ཕེག་དང་། ཆོ་ལོ་དང་། ཨུག་ཤུད་དང་། གུལ་ཚབ་དང་། ཐུར་མ་དང་། ལག་བརྒྱན་ནམ། ཇི་ལྟར་སྐུགས་བཙུགས་ནས་འགྱེད་པ་སྟེ། དགེ་སྦྱོང་རྣམས་ཀྱིས་ཨུག་ཤུད་དང་། ཁྲས་དང་། ཆོ་ལོ་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་གཏམ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པར་གནས་པ་འདི་ལྟ་སྟེ། རྒྱལ་པོའི་གཏམ་དང་། ཆོམ་རྐུན་པའི་གཏམ་དང་། དམག་གི་གཏམ་དང་། ཟས་ཀྱི་གཏམ་དང་། སྐོམ་གྱི་གཏམ་དང་། གོས་ཀྱི་གཏམ་དང་། ཚོང་འདུས་ཀྱི་གཏམ་དང་། སྨད་འཚོང་མའི་གཏམ་དང་། ལམ་


DKG011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པར་བརྗོད་པའི་གཏམ་དང་། རྒྱ་མཚོ་བརྗོད་པའི་གཏམ་དང་། ལྗོངས་དང་། སྣ་ཆེན་པོ་ལ་གཏོགས་པ་བརྗོད་པའི་གཏམ་སྟེ། དགེ་སྦྱོང་རྣམས་ཀྱི་གཏམ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་རྩོད་པ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་ལ་གནས་པ་འདི་ལྟ་སྟེ། ཁོ་བོས་ནི་ཆོས་འདུལ་བ་འདི་རབ་ཏུ་ཤེས་སོ། །ཁྱོད་ཀྱིས་ནི་ཆོས་འདུལ་བ་འདི་མི་ཤེས་སོ། །ཇི་ལྟར་ཁོ་བོས་ཆོས་འདུལ་བ་འདི་ཀུན་ཤེས་པ་ལྟར་ཁྱོད་ཀྱིས་ཀྱང་ཆོས་འདུལ་བ་འདི་ཀུན་མི་ཤེས་སོ། །ཁོ་བོས་ནི་རིགས་པ་དང་ལྡན་པར་ཡིན་གྱི། ཁྱོད་ཀྱིས་ནི་རིགས་པ་དང་ལྡན་པར་མ་ཡིན་ནོ། །ཁོ་བོས་ནི་འབྲེལ་པར་ཡིན་གྱི་ཁྱོད་ཀྱིས་ནི་འབྲེལ་པར་མ་ཡིན་ཏེ། སྔར་སྨྲ་བར་བྱ་བ་ནི་ཕྱིས་སྨྲས། ཕྱིས་སྨྲ་བར་བྱ་བ་ནི་སྔར་སྨྲས་ལ། ཁྱོད་ཀྱིས་ཧ་ཅང་མྱུར་བར་སྨྲས་པས་མི་གསོལ་ལོ། །བརྩད་པས་མཇུག་བརྟུལ་གྱིས་ཁྱོད་ཀྱིས་བརྩད་པའི་དོན་དུ་སྨྲས་པའི་ཚིག་དེ་ཐོང་ཤིག །ཚར་བཅད་པར་ཤེས་སམ། གལ་ཏེ་ལན་ཐེབས་པ་ལྟ་ན་དྲིས་དང་སྨྲོས་ཤིག་ཅེས་བྱ་བ་དགེ་སྦྱོང་རྣམས་ཀྱི་རྩོད་པ་རྣམ་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཕོ་ཉར་འགྲོ་བ་དང་གཏོང་བ་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། དེ་དག་རྒྱལ་པོའིའམ། བློན་པོ་ཆེན་པོ་རྣམས་ཀྱིའམ། བྲམ་ཟེ་རྣམས་ཀྱིའམ། ཁྱིམ་བདག་རྣམས་ཀྱིའམ། གྲོང་མི་རྣམས་ཀྱིའམ། ཡུལ་མི་རྣམས་ཀྱིའམ། ཚོང་དཔོན་རྣམས་ཀྱིའམ། དེད་དཔོན་རྣམས་ཀྱི་ཕོ་ཉ་ཚུ་བི་ནས་ཁྲིད་དེ་ཕ་བིར་སྣ་འདྲེན་པར་བྱེད་པ་དང་། ཕ་བི་ནས་ཕོ་ཉ་ཁྲིད་དེ་ཚུ་བིར་སྣ་འདྲེན་པར་བྱེད་པ་སྟེ། དགེ་སྦྱོང་རྣམས་ཀྱི་ཕོ་ཉར་འགྲོ་བ་དང་གཏོང་བ་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། འཐོབ་ཀྱིས་འཇལ་བ་དང་རྙེད་པ་ལས་རྙེད་པ་སྒྲུབ་


DKG011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དེ། དགེ་སྦྱོང་རྣམས་ཀྱི་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། འཐོབ་ཀྱིས་འཇལ་བ་དང་། རྙེད་པ་ལས་རྙེད་པ་སྒྲུབ་པར་བྱེད་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། གནམ་གྲུམ་པ་དང་། རྨ་མཚན་དང་། རྨི་ལམ་གྱི་མཚན་མ་དང་། མེས་ཚིག་པ་དང་། ཆུས་རེག་པ་དང་། བྱི་བས་ཟོས་པ་དང་། འབེབས་པ་དང་། ཚིག་སྙན་པ་དང་། འབྱུང་པོ་ཐམས་ཅད་ཀྱི་སྐད་དང་། ལུས་ཀྱི་དཔྱད་དང་། ཁྱིམ་སའི་དཔྱད་དང་། ནེ་ཙོའི་དཔྱད་དང་། བྱའི་དཔྱད་དང་། སོར་མོའི་དཔྱད་དང་། སྦྱོར་བ་དག་བྱེད་དེ། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱིས་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཡུད་ཙམ་རྣམས་ཀྱི་སྦྱོར་བ་དང་། རྒྱུ་སྐར་རྣམས་ཤར་བ་དང་། རོ་ཡོངས་སུ་བརྟག་པ་དང་། ཞི་བའི་ལས་དང་། རྒྱས་པའི་ལས་དང་། དྲག་པོའི་ལས་དང་། བསང་གཏོར་གྱི་ལས་དང་། ཡིག་འབྲུ་དང་། རྩིས་དང་། གྲངས་དང་། ལག་རྩིས་དང་། མེ་ལོང་གི་དཔྱད་ལ་སྦྱོར་བར་བྱེད་དེ། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། གསོ་བའི་དཔྱད་དང་། རྩ་བའི་སྨན་དང་། མིག་སྨན་སྦྱིན་པ་དང་། རོ་སྦྱིན་པ་དང་། སྨན་སྦྱིན་པ་དང་། བུད་མེད་ཀྱི་དཔྱད་དང་། སྐྱེས་པའི་དཔྱད་དང་། ཁྱེའུའི་དཔྱད་དང་། གཞོན་ནུ་མའི་དཔྱད་དང་། སྨན་ལ་སྦྱོར་བ་བྱེད་པ་སྟེ། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ནོར་བུའི་


DKG011_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་། དབྱུག་པའི་མཚན་ཉིད་དང་། རལ་གྲིའི་མཚན་ཉིད་དང་། མདའི་མཚན་ཉིད་དང་། མཚོན་ཆའི་མཚན་ཉིད་དང་། གླང་པོ་ཆེའི་མཚན་ཉིད་དང་། རྟའི་མཚན་ཉིད་དང་། ཁྱུ་མཆོག་གི་མཚན་ཉིད་དང་། མ་ཧེའི་མཚན་ཉིད་དང་། རའི་མཚན་ཉིད་དང་། ལུག་གི་མཚན་ཉིད་དང་། བྱ་གག་གི་མཚན་ཉིད་དང་། འུར་པའི་མཚན་ཉིད་དང་། མཆིལ་པའི་མཚན་ཉིད་དང་། བུད་མེད་ཀྱི་མཚན་ཉིད་དང་། སྐྱེས་པའི་མཚན་ཉིད་དང་། གཞོན་ནུའི་མཚན་ཉིད་དང་། གཞོན་ནུ་མའི་མཚན་ཉིད་དང་། ཚེ་ཐུང་བའི་རྟགས་དང་། ཚེ་རིང་བའི་རྟགས་དང་། སྐལ་བ་ཆུང་བའི་རྟགས་དང་། སྐལ་བ་ཆེ་བའི་རྟགས་དང་། བསོད་ནམས་ཆུང་བའི་རྟགས་དང་། བསོད་ནམས་ཆེ་བའི་རྟགས་དང་། དབང་ཆུང་བའི་རྟགས་དང་། དབང་ཆེ་བའི་རྟགས་དང་། ཇོ་བོའི་མཚན་ཉིད་དང་། བྲན་གྱི་མཚན་ཉིད་དེ་དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། སྨན་ཟས་གཅིག་ཅར་གཏོང་བ་དང་། སྦྲེངས་ཏེ་གཏོང་བ་དང་། འཁྲུར་འཇུག་པ་དང་། ཡར་སྐྱུག་པ་དང་། མར་འཁྲུ་བ་དང་། སྣར་བླུགས་པ་དང་། དུ་བ་རྔུབ་པ་དང་། དུགས་ཀྱི་ལས་དང་། བད་ཀན་གྱི་དཔྱད་དང་། ཕོ་བའི་དཔྱད་དང་། སྨེ་བ་དང་། ཕོལ་མིག་གི་དཔྱད་དང་། རི་དགས་འཁྱིལ་པ་དང་། བྱ་རོག་འཁྱིལ་པ་དང་། མཁུར་བ་འགུལ་བ་དང་། ལྕེ་སོས་ཚོད་པ་དང་། རོ་ལངས་དང་། རོ་ལངས་ཕྱེད་ལ་སྦྱོར་བར་བྱེད་དེ། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། དགུག་པ་དང་། ཀུན་དུ་དགུག་པ་དང་། རྣམ་པར་དགུག་པ་དང་། རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། རྣམ་པར་རྨོངས་པ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇོམས་པའི་ཆོས་ཅན་དང་། བདེ་བར་བྱེད་པ་དང་། སྡུག་བསྔལ་བར་བྱེད་པ་དང་།


DKG011_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་དུ་འཆགས་པར་བྱེད་པ་དང་། ཏིལ་གྱི་སྦྱིན་སྲེག་དང་། འབྲས་ཀྱི་སྦྱིན་སྲེག་དང་། གཟེགས་མའི་སྦྱིན་སྲེག་དང་། རྫས་ཀྱི་སྦྱིན་སྲེག་དང་། སྦྱིན་སྲེག་གི་སྦྱིན་སྲེག་དང་། ཉི་མ་ལ་བཀུར་སྟི་བྱ་བ་དང་། སྐར་མ་ལ་བཀུར་སྟི་བྱ་བ་དང་། ལྷ་ལ་བཀུར་སྟི་བྱ་བ་དང་། བཀུར་སྟིའི་གནས་ཆེན་པོ་ལ་བཀུར་སྟི་བྱེད་པ་སྟེ། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་ དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །མ་སྡུག་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་ཡོངས་སུ་སྤྱད་ནས་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། འཇིགས་པར་འགྱུར་བ་དང་། བདེ་བར་འགྱུར་བ་དང་། ལོ་ཉེས་པར་འགྱུར་བ་དང་། ལོ་ལེགས་པར་འགྱུར་བ་དང་། ཆར་འབབ་མི་མཁས་པར་འགྱུར་བ་དང་། ཆར་འབབ་མཁས་པར་འགྱུར་བ་དང་། ཡམས་ཀྱི་ནད་འབྱུང་བར་འགྱུར་བ་དང་། ཡམས་ཀྱི་ནད་འབྱུང་བར་མི་འགྱུར་བ་སྟེ། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། ། ། །འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་བདུན་པ། འདི་ལྟར་ཡང་མ་སྡུག་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་སྤྱད་ནས་ཡོན་པོའི་རིག་པས་ལོག་པར་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ནང་གི་རྒྱལ་པོ་ནི་རྒྱལ་བར་འགྱུར་བ་དང་། ཕྱིའི་རྒྱལ་པོ་ནི་ཕམ་པར་འགྱུར་བ་དང་། ཕྱིའི་རྒྱལ་པོ་ནི་རྒྱལ་བར་འགྱུར་བ་དང་། ནང་གི་རྒྱལ་པོ་ནི་ཕམ་པར་འགྱུར་བ་དང་། ནང་གི་རྒྱལ་པོ་ནི་འབྲོས་པར་འགྱུར་བ་དང་། ཕྱིའི་རྒྱལ་པོ་སྙེགས་པར་འགྱུར་བ་དང་། ཕྱིའི་རྒྱལ་པོ་འབྲོས་པ་དང་། ནང་གི་རྒྱལ་པོ་སྙེགས་པར་འགྱུར་བ་སྟེ། དགེ་སྦྱོང་ནི་ཡོན་པོའི་རིག་པས་ལོག་པར་འཚོ་བས་འཚོ་བར་བྱེད་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །འདི་ལྟར་ཡང་མ་སྡུག་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་སྤྱད་དེ། ཡོན་པོའི་རིག་པས་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ལས་སུ་ནི་ཉི་མ་དང་། ཟླ་བ་ལམ་ལས་གོལ་བར་འགྲོ་བ་དང་། ཉི་མ་གཟའི་ལམ་དང་། ཟླ་བ་གཟའི་ལམ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་སུ་ཤར་བ་དང་། ཕྱོགས་སུ་ཚིག་པ་དང་། བར་སྣང་ལ་ལྷ་རྣམས་རྔ་རྡུང་བ་དང་། ཉི་མའི་


DKG011_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཟའ་མ་ཡིན་པ་དང་། ཟླ་བའི་ལམ་གཟའ་མ་ཡིན་པ་དང་། སྐར་མདའ་ལྟུང་བ་དང་། ཕྱོགས་སུ་ཤར་བ་དང་། ཕྱོགས་སུ་ཚིག་པ་དང་། བར་སྣང་ལ་ལྷ་རྣམས་རྔ་རྡུང་བ་དང་། ཉི་མ་དང་ཟླ་བ་གཉིས་དེ་ལྟ་བུར་འཕྲུལ་ཆེ་བ་མཐུ་ཆེ་བ་དེ་ལྟར་ལམ་དུ་ཤར། ལམ་མ་ཡིན་པར་ཤར། འདི་ལྟར་ལམ་དུ་ནུབ། འདི་ལྟར་ལམ་མ་ཡིན་པར་ནུབ། ལམ་འདི་ལྟ་བུར་གྱུར་ན་ཉོན་མོངས་པ་དང་། རྣམ་པར་བྱང་བར་སྦྱོར་རོ། །དགེ་སྦྱོང་ནི་ཡོན་པོའི་རིག་པས་ལོག་པར་འཚོ་བས་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །འདི་ལྟར་ཡང་མ་སྡུག་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་སྤྱད་དེ། ཡོན་པོའི་རིག་པས་ལོག་པར་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་གཉིས་ལམ་གོལ་བ་འདི་ལྟ་བུར་སོང་ན་རྣམ་པར་སྨིན་པ་འདི་ལྟ་བུར་འགྱུར་རོ། །རྣམ་པ་འདི་ལྟ་བུའི་རྣམ་པར་སྨིན་པ་ནི་ཉི་མའི་གཟའ་དང་། ཟླ་བའི་གཟའ་ལས་འདི་ལྟ་བུར་ཞུགས་ཤིང་སྐར་མདའ་ལྟུང་བ་དང་། ཕྱོགས་སུ་ཤར་བ་དང་། ཕྱོགས་སུ་ཚིག་པ་དང་། བར་སྣང་ལ་ལྷ་རྣམས་རྔ་རྡུང་བ་ན་རྣམ་པ་འདི་ལྟ་བུར་སྨིན། ཉི་མ་དང་ཟླ་བ་འདི་ལྟ་བུར་འཕྲུལ་ཆེ། མཐུ་ཆེ་བ། ལམ་འདི་ལྟ་བུར་ནི་ཤར། ལམ་འདི་ལྟ་བུར་ནི་ནུབ། ལམ་འདི་ལྟ་བུར་གྱུར་ན་ཉོན་མོངས་པ་དང་། རྣམ་པར་བྱང་བ་བདེ་བ་རྣམ་པར་སྨིན་པ་འདི་ལྟ་བུར་འགྱུར་རོ་ཞེས་སྟོན་གྱི། དགེ་སྦྱོང་ནི་ཡོན་པོའི་རིག་པས་ལོག་པར་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ཏེ། དེ་ནི་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པས་ན་ནང་གི་ཁ་ན་མ་ཐོ་བ་མེད་པས་བདེ་བ་སོ་སོར་མྱོང་ངོ་། །དེས་དབང་པོ་ཡུལ་ལས་བཟློག་སྟེ། གནས་པས་ན་དྲན་པ་ཀུན་བསྲུངས་པའོ། །དྲན་པ་གསལ་བ། དྲན་པ་བསྲུངས་པའི་ཡིད་ཀྱིས་སྙོམས་པའི་གནས་སུ་སྤྱོད་དོ། །དེ་མིག་གིས་གཟུགས་མཐོང་ཡང་མཚན་མར་མི་འཛིན་པ་དང་། འབྲུར་མི་འཛིན་པར་འགྱུར་བ་ནི་གང་གི་ཕྱིར་མིག་གི་དབང་པོའི་སྡོམ་པས་མ་བསྡམས་པས་གནས་པ་ན་ཆགས་པ་དང་། ཡིད་བློང་བ་དང་། འཇིག་རྟེན་གྱི་སྡིག་པ་མི་དགེ་བའི་ཆོས་ཀྱི་སེམས་རྗེས་སུ་འཇུག་པ་དེ་དག་ལ་སྡོམ་པའི་ཕྱིར་ནན་ཏན་བྱེད་དེ། མིག་གི་དབང་པོ་བསྲུངས་པས་མིག་གི་དབང་པོ་སྡོམ་པར་བྱེད་དོ། །དེ་བཞིན་དུ་རྣ་བས་ནི་སྒྲ་ལ། སྣས་ནི་དྲི་ལ། ལྕེས་ནི་རོ་ལ། ལུས་ཀྱིས་


DKG011_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རེག་བྱ་ལ། ཡིད་ཀྱིས་ནི་ཆོས་ལ་ཤེས་ཀྱང་མཚན་མར་འཛིན་པར་མི་བྱེད། འབྲུར་འཛིན་པར་མི་བྱེད་དེ་གང་གི་ཕྱིར་ཡིད་ཀྱི་དབང་པོའི་སྡོམ་པས་མ་བསྡམས་པར་ སྤྱོད་དེ་ཆགས་པ་དང་། ཡིད་བློང་བ་དང་། འཇིག་རྟེན་གྱི་སྡིག་པ་མི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དེ་དག་གིས་སྡིག་པ་འཐོབ་བོ། །ཡིད་ཀྱིས་བསྡམས་པས་ཡིད་ཀྱི་དབང་པོ་སྡོམ་པར་བྱེད་དོ། །དེ་ལ་འཕགས་པའི་ཚུལ་ཁྲིམས་འདི་དང་ལྡན་པས་ན་དབང་པོ་ཡུལ་ལས་བཟློག་པ་འདིས་ན་ནང་གི་ཁ་ན་མ་ཐོ་བ་མེད་དེ་བདེ་བ་སོ་སོར་མྱོང་ངོ་། །དེ་འོང་བ་དང་། འགྲོ་བ་རབ་ཏུ་ཤེས་ཏེ་གནས་པར་གྱུར་པས་ན་སྣང་བ་དང་། ཀུན་དུ་སྣང་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྦྱར་མ་དང་། ཆོས་གོས་དག་དང་། ལྷུང་བཟེད་དག་བཟུང་བ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། ཅང་མི་ཟེར་བ་དང་། གཉིད་ཀྱིས་རྨྱ་བ་དང་། མྱ་ངན་བསལ་བར་བྱེད་པ་དག་ཤེས་ཤིང་གནས་པར་འགྱུར་རོ། །དེས་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང་། དབང་པོ་དབེན་པ་དང་། དེས་རབ་ཏུ་དྲན་པ་དང་། ཡང་དག་པར་རབ་ཏུ་ཤེས་པ་དང་ལྡན་པས་ནང་གི་ཁ་ན་མ་ཐོ་བ་མེད་པ་བདེ་བ་ཡང་དག་པར་ཚོར་ཏེ། དེ་ནས་དབེན་པར་གནས་ཏེ། དགོན་པ་དང་། ཤིང་དྲུང་དང་། ཁྱིམ་སྟོང་པ་དང་། དབེན་པར་གྱུར་པའམ། ཤིང་དྲུང་དུ་གྱུར་པའམ། ཁྱིམ་སྟོང་པར་གྱུར་པ་དག་ཏུ་འདུག་སྟེ། སྐྱིལ་མོ་ཀྲུང་བཅས་ནས། ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་དེས་འཇིག་རྟེན་གྱི་ཆགས་པ་སྤངས་ཏེ། ཆགས་པ་དང་བྲལ་བའི་སེམས་མང་པོར་སྤྱོད་ཅིང་ཆགས་སེམས་ཡོངས་སུ་སྦྱོང་ངོ་། །གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། དྲེགས་པ་དང་། འགྱོད་པ་དང་། ཐེ་ཚོམ་འཇིག་རྟེན་དུ་སྤངས་པས་རེ་བ་དང་བྲལ། ཐེ་ཚོམ་ལས་བྲལ་བ་ཡིན་ནོ། །དེ་དགེ་བའི་ཆོས་འདི་ལྟ་བུའམ། ཇི་ལྟ་བུ་ཞེས་བྱ་བའི་ཐེ་ཚོམ་གྱི་སེམས་ཡོངས་སུ་སྦྱོང་ངོ་། །འདི་ལྟ་སྟེ་མ་སྡུག་སྐྱེས་བུ་ཞིག་གིས་སྐྱིན་པོ་བླངས་ཏེ། དེས་དེ་ལས་སུ་བྱ་བ་ལ་སྦྱར་ན་དེས་ལས་དེ་ཡང་འབྱོར་ནས་དེས་དེ་སྐྱིན་པོ་དེ་བསབས་ལ་བུད་མེད་དག་གསོ་བ་ཙམ་གྱི་རང་གི་ནོར་ཀྱང་ཡོད་ནས་དེ་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་གིས་སྐྱིན་པོ་བླངས་ཏེ་ལས་ལ་སྦྱར་


DKG011_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་བདག་གིས་ལས་དེ་འབྱོར་ཏེ་དེས་ན་བདག་གིས་ སྐྱིན་པོ་དེ་ཡང་བསབས་ལ་བུད་མེད་དག་གསོ་བ་ཙམ་གྱི་ནོར་ཀྱང་ཡོད་དོ་སྙམ་དུ་གྱུར་ནས་དེ་དེའི་རྒྱུས་བདེ་བ་དང་། ཡིད་དགའ་བར་གྱུར་ཏོ། །འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་ནད་བུ་ཅན་ཏེ། སྡུག་བསྔལ་ཞིང་ནད་ཚབས་ཆེ་བ་དེ་ཁ་ཟས་ཟོས་པ་དང་ལུས་ལ་གནོད། སྐོམ་འཐུངས་ན་ནི་ལྟོ་མི་བདེ་བར་འགྱུར་རོ། །དེ་དུས་ཕྱི་ཞིག་ན་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་གྱུར་པས་ཁ་ཟས་ཟོས་ན་ནི་ལུས་ལ་ཕན་ལ་སྐོམ་འཐུངས་ན་ནི་ལྟོ་ལ་མི་གནོད་ནས་དེ་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་སྔོན་ནི་ནད་བུ་ཅན་སྡུག་བསྔལ་ཞིང་ན་ཚབས་ཆེ་བར་གྱུར་ཏེ། བདག་དེ་བས་ན་ཁ་ཟས་ཟོས་ན་ནི་ལུས་ལ་གནོད། སྐོམ་འཐུངས་ན་ནི་ལྟོ་མི་བདེའོ། །བདག་ད་ལྟར་ནི་བདེ་ཞིང་ནད་མེད་དེ་སྟོབས་དང་ལྡན་པས་ཁ་ཟས་ཟོས་ན་ནི་ལུས་ལ་ཕན་ལ་སྐོམ་འཐུངས་ན་ནི་ལྟོ་ལ་མི་གནོད་དོ་སྙམ་ནས་དེ་དེའི་རྒྱུས་བདེ་བར་གྱུར། ཡིད་དགའ་བར་གྱུར་ཏོ། །འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་བྲན་དང་། མངག་གཞུག་པ་དང་། བསྒོ་བ་དང་། སྤྱད་པ་དང་། འདི་ལྟར་རང་ཉམ་དུ་འགྲོར་མེད་པར་གྱུར་པ་དེ་དུས་གཞན་ཞིག་ན་བྲན་མ་ཡིན། མངག་གཞུག་པ་མ་ཡིན། བསྒོ་བ་མ་ཡིན། བཀོལ་བ་མ་ཡིན། འདི་ལྟར་རང་ཉམ་དུ་འགྲོར་ཡོད་དེ་དེ་འདི་སྙམ་དུ་གྱུར་ཏོ། །བདག་སྔོན་བྲན་དང་། མངག་གཞུག་པ་དང་། བསྒོ་བ་དང་། བཀོལ་བ་དང་། འདི་ལྟར་རང་ཉམ་དུ་འགྲོར་མེད་པར་གྱུར་ཏོ། །བདག་ད་ལྟར་ནི་བྲན་མ་ཡིན། མངག་གཞུག་པ་མ་ཡིན། བཀོལ་བ་མ་ཡིན། འདི་ལྟར་རང་ཉམ་དུ་འགྲོར་ཡོད་དེ། དེ་དེའི་རྒྱུས་བདེ་བར་གྱུར། ཡིད་དགའ་བར་གྱུར་ཏོ། །འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་ལག་པ་ཕྱིང་ཀ་ལོག་ཏུ་དམ་དུ་བཅིངས་པས་བཅིངས་པར་གྱུར་ནས། དེ་དེ་ལས་ཐར་ནས་བཀྲ་ཤིས་པ་བདེ་བ་མི་འགོད་པ་སྟེ་དེ་འདི་སྙམ་དུ་གྱུར་ཏོ། །བདག་སྔོན་ནི་ལག་པ་ཕྱིང་ཀ་ལོག་ཏུ་བཅིངས་པས་བཅིངས་པར་གྱུར། བདག་ད་ལྟར་ནི་དེ་ལས་ཐར་བས་བཀྲ་ཤིས་པ་དང་། བདེ་བ་དང་། མ་གོད་པ་སྟེ། དེ་དེའི་རྒྱུས་ཡིད་དགའ་བར་གྱུར་ཏོ། །འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་འཇིགས་པ་ལས་ནི་བདེ་བར་གྱུར། ལོ་ཉེས་པ་ལས་ནི་ལོ་ལེགས་པར་གྱུར་ནས་དེ་འདི་སྙམ་དུ་གྱུར་ཏོ། །བདག་ནི་ འཇིགས་


DKG011_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བདེ་བར་གྱུར། ལོ་ཉེས་པ་ལས་ནི་ལོ་ལེགས་པར་གྱུར་ཏེ། དེ་དེའི་རྒྱུས་བདེ་བར་གྱུར། ཡིད་དགའ་བར་གྱུར་ཏོ། །དེ་དེ་བཞིན་དུ་ཇི་ལྟར་བགྱིས་པ་དང་། ཇི་ལྟར་ནད་དང་། ཇི་ལྟར་བྲན་དང་། ཇི་ལྟར་བཅིངས་པ་དང་། ཇི་ལྟར་འཇིགས་པ་དེ་བཞིན་དུ་དེས་ངེས་པར་སྒྲིབ་པ་འདི་ལྔ་ལས་བདག་ཉིད་བྲལ་བར་མཐོང་ངོ་། །དེས་སེམས་ཅན་ལ་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པའི་ཕྱོགས་མྱ་ངན་ལས་འདའ་བ་དང་། མི་མཐུན་པའི་སྒྲིབ་པ་ལྔ་སྤངས་ཏེ། འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བའི་བསམ་གཏན་དང་པོ་མངོན་དུ་བསྒྲུབས་ནས་གནས་སོ། །དེས་ལུས་འདི་ཉིད་ལས་དབེན་པ་ལས་སྐྱེས་པ་དང་། དགའ་བ་དང་བདེ་བས་མངོན་པར་རླན་ཏོ། །རབ་ཏུ་རླན་ནོ། །ཀུན་དུ་ཚིམ་མོ། །ཀུན་དུ་ཁྱབ་སྟེ། འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་ཐམས་ཅད་དུ་ཁྱབ་པར་མ་གྱུར་པའམ། མ་ཁྱབ་པར་གྱུར་པ་ཅུང་ཟད་ཀྱང་མེད་དོ། །འདི་ལྟ་སྟེ། བྱི་བདར་བའམ། བྱི་བདར་བའི་སློབ་མ་མཁས་པ་ཡང་རུང་སྟེ། དེས་ཁར་ཕོར་རམ། གཞོང་བུའམ། ཉ་ཕྱིས་ཀྱི་ནང་དུ་ཡང་རུང་། བཀྲུ་བའི་ཕྱེ་མ་ཞིབ་མོ་བླུགས་ཏེ། ཆུས་བཏབ་ཅིང་བཏབ་ནས་གཤེར་བར་བྱས་ཏེ། བཀྲུ་བའི་གོང་བུ་དེ་ཡང་སྣུམ་པ་དང་། སྣུམ་པར་གྱུར་པ་དང་། སྣུམ་པས་ཁྱབ་པ་དང་། གསལ་བར་ནང་དང་ཕྱིའི་སྣུམ་པས་སོ་སོར་མི་འགྱེས་མི་ཟག་གོ །དེ་ལྟར་དེ་བཞིན་དུ་ལུས་འདི་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་མངོན་དུ་རླན། རབ་ཏུ་རླན། ཀུན་དུ་ཚིམ། ཀུན་དུ་ཁྱབ་སྟེ། དེའི་ལུས་ཐམས་ཅད་དུ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ཅུང་ཟད་ཀྱང་མ་ཁྱབ་པར་གྱུར་པ་མེད་དོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཞི་བར་བྱ་བའི་ཕྱིར་ནང་གི་སེམས་ལ་རབ་ཏུ་དགའ་བ་གཅིག་ཏུ་དམིགས་པས་རྣམ་པར་མི་རྟོག་རྣམ་པར་མི་དཔྱོད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བའི་བསམ་གཏན་གཉིས་པ་མངོན་དུ་ བསྒྲུབས་ཏེ་གནས་སོ། །དེའི་ལུས་འདི་ཉིད་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་


DKG011_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་བདེ་བས་མངོན་པར་རླན། རབ་ཏུ་རླན། ཀུན་དུ་ཚིམ། ཀུན་དུ་ཁྱབ་བོ། །འདི་ལྟ་སྟེ། དེའི་ལུས་ཐམས་ཅད་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་འདི་ལྟ་སྟེ། མ་སྡུག་རིའི་སྤྱི་བོར་བཀོད་པའི་མཚོ་མཚེའུ་དེ་ལ་ཤར་ཕྱོགས་ནས་ཆུ་མི་བབ། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན་ཏེ། བྱང་ཕྱོགས་ནས་ཆུ་འབབ་པར་ཀྱང་མི་འགྱུར། དེར་དུས་དུས་སུ་ཡང་དག་པར་ཆར་པ་ཡང་མི་འབབ་སྟེ། བཀོད་མའི་ཆུ་དེ་ལས་གཞན་ནི་མ་གཏོགས་ཏེ་ཆུའི་རྫིང་གི་ཆུའི་བུ་གུ་ཆེན་པོ་ནས་ཆུའི་ཕུང་པོ་ཆེན་པོ་འབྱུང་བས་ཆུའི་རྫིང་བུ་དེ་ཐམས་ཅད་ཆུ་གྲང་མོས་མངོན་པར་རླན། རབ་ཏུ་རླན། ཀུན་དུ་ཚིམ། ཀུན་དུ་ཁྱབ་སྟེ་འདི་ལྟ་སྟེ། ཆུ་གྲང་མོས་ཆུའི་རྫིང་བུ་ཐམས་ཅད་དུ་མ་ཁྱབ་པར་གྱུར་པ་ནི་ཅུང་ཟད་ཀྱང་མེད་དེ། དེ་དེ་ལྟར་འདི་བཞིན་དུ་དེ་ལུས་འདི་ཉིད་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་པར་རླན། རབ་ཏུ་རླན། ཀུན་དུ་ཚིམ། ཀུན་དུ་ཁྱབ་སྟེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་ཐམས་ཅད་དུ་མ་ཁྱབ་པ་དང་། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེས་དགའ་བ་སྤངས་ནས་བཏང་སྙོམས་དང་། དྲན་པ་དང་། རབ་ཏུ་ཤེས་པ་དང་། བདེ་བས་ལུས་ལ་སོ་སོར་མྱོང་བར་གནས་ཏེ། གང་འཕགས་པ་དག་གིས་གསུངས་པའི་དྲན་པ་དང་ལྡན་པའི་བཏང་སྙོམས་པར་བྱས་ཏེ་བདེ་བར་གནས་སོ་ཞེས་བྱ་བའི་བསམ་གཏན་གསུམ་པ་མངོན་དུ་བསྒྲུབས་ཏེ་གནས་སོ། །དེའི་ལུས་འདི་ལ་དགའ་བ་མེད་པའི་བདེ་བས་མངོན་པར་རླན། རབ་ཏུ་རླན། ཀུན་དུ་ཚིམ། ཀུན་དུ་ཁྱབ་བོ། །འདི་ལྟ་སྟེ། དགའ་བ་མེད་པའི་བདེ་བས་ལུས་ཐམས་ཅད་དུ་ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལའམ། པད་མོའམ། ཀུ་མུ་དའམ། པུན་ད་རི་ཀ་དག་ཆུ་ལས་སྐྱེས་ཏེ། ཆུར་འཕེལ་ཞིང་རྩ་བ་ཆུར་ནུབ་ནས་གནས་སོ། །དེ་དག་ཇི་ཙམ་རྩ་བ་ནས་རྩེ་མོའི་བར་དུ་འདི་ལྟ་སྟེ། བསིལ་བའི་ཆུས་མ་ཁྱབ་པ འམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་དེ་བཞིན་དུ་ལུས་འདི་ཉིད་ལ་དགའ་བ་མེད་པའི་བདེ་བས་མངོན་པར་རླན། རབ་ཏུ་རླན།


DKG011_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་ཚིམ། ཀུན་དུ་ཁྱབ་པོ། །འདི་ལྟ་སྟེ། དགའ་བ་མེད་པའི་བདེ་བས་ལུས་ཐམས་ཅད་དུ་མ་ཁྱབ་པ་དང་། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེས་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཏེ། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔར་སྤངས་པས་ན་སྡུག་བསྔལ་ཀྱང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་མངོན་པར་བསྒྲུབས་ནས་གནས་སོ། །དེའི་ལུས་འདི་ཉིད་ལ་ཀུན་དུ་དག་པ་ཡོངས་སུ་དཀར་བ་ལ་ཞུགས་ནས་མོས་པར་བྱས་ནས་ཁྱབ་པར་མངོན་དུ་བསྒྲུབས་ཏེ་གནས་སོ། །འདི་ལྟ་སྟེ། ཁྱིམ་བདག་གམ་ཁྱིམ་བདག་གི་བུ་ཡང་རུང་བརྒྱད་ཀྱིས་བཏགས་སམ། དགུར་བཏགས་པའི་གོས་ཀྱིས་དེའི་མགོ་ནས་ལག་པ་དང་། རྐང་པ་ཡན་ཆད་དུ་དཀྲིས་ཏེ་དེ་མགོ་བོ་ནས་རྐང་པའི་བར་དུའོ། །འདི་ལྟ་སྟེ། ཀུན་དུ་དག་པའི་རས་ཡོངས་སུ་དཀར་བས་ལུས་ཐམས་ཅད་དུ་མ་ཁྱབ་ཅིང་མ་ཁྱབ་པར་གྱུར་པ་ནི་ཅུང་ཟད་ཀྱང་མེད་དེ། དེ་ལྟར་དེ་བཞིན་ལུས་འདི་ཉིད་ལ་ཀུན་དུ་དག་པའི་སེམས་ཡོངས་སུ་བྱང་བ་ལ་མོས་ཁྱབ་པར་མངོན་དུ་བསྒྲུབས་ནས་གནས་སོ། །འདི་ལྟ་སྟེ། ཀུན་དུ་དགའ་བའི་སེམས་ཡོངས་སུ་བྱང་བས་ལུས་ཐམས་ཅད་དུ་མ་ཁྱབ་པ་དང་མ་ཁྱབ་པར་གྱུར་པ་ནི་ཅུང་ཟད་ཀྱང་མེད་དོ། །མ་སྡུག་ནམ་འཕགས་པ་ཉན་ཐོས་པ་དག་གིས་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཏེ། ཡིད་བདེ་བ་དང་། ཡིད་མི་བདེ་བ་གཉིས་སྔར་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཀྱང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཀུན་དུ་དག་སྟེ། བསམ་གཏན་བཞི་པ་མངོན་དུ་བསྒྲུབས་ཏེ་གནས་སོ། །དེའི་སེམས་དེ་ནི་དེའི་ཚེ་ན་མི་མཐོ་མི་དམའ་བར་གྱུར་ཏོ། །མི་མཐོ་མི་དམའ་བར་གནས་པས་མི་གཡོ་བ་ཐོབ་བོ། །འདི་ལྟ་སྟེ། ཁང་པ་བརྩེགས་པའམ། ཁང་ཆེན་བརྩེགས་པར་ཡུངས་མར་གྱི་མེ་མར་བུས་ཏེ། མེ་ལྕེ་དེ་ལ་རླུང་དང་། བྱ་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱིས་མ་བསྒུལ་མ་བསྐྱོད་པ་དེའི་དུས་ན་མི་མཐོ་ མི་དམའ་བར་གྱུར་ཏེ། མི་མཐོ་མི་དམའ་བར་གནས་པས་མི་གཡོ་བར་འབར་རོ། །དེ་ལྟར་དེ་བཞིན་དུ། མ་སྡུག་གང་གི་ཚེ་འཕགས་པ་ཉན་ཐོས་དག་གིས་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཏེ། ཡིད་བདེ་བ་དང་ཡིད་མི་བདེ་བ་གཉི་ག་ནི་སྔར་ནུབ་པས་སྡུག་བསྔལ་ཀྱང་


DKG011_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཀུན་དུ་དག་སྟེ། བསམ་གཏན་བཞི་པ་མངོན་དུ་བསྒྲུབས་ཏེ་གནས་སོ། །དེའི་སེམས་དེ་ནི་དེའི་དུས་ན་མི་མཐོ་མི་དམའ་བར་གྱུར་ཏེ། མི་མཐོ་མི་དམའ་བར་གནས་པས་མི་གཡོ་བ་ཐོབ་སྟེ་དེ་འདི་སྙམ་དུ་གྱུར་ཏོ། །བདག་གིས་ལུས་འདི་ནི་གཟུགས་ཅན་ཆེ་བ། འབྱུང་བ་ཆེན་པོ་བཞི་སྟེ། འདི་ལ་རྣམ་པར་ཤེས་པ་གནས་སོ། །འདི་ལ་རྟེན་ཏོ། །འདི་ནང་དུ་ཞུགས་སོ། །ཅི་ནས་བདག་གིས་ལུས་ལས་ཡིད་བསྐྱོད་དེ་ལུས་གཞན་གཟུགས་ཅན་ཡིད་ལས་བྱུང་བ་མ་གོད་པ་དབང་པོ་རྣམས་མ་ཉམས་པ་ཞིག་བསྒྲུབ་བོ་སྙམ་བསམས་ནས། དེས་ལུས་དེ་ལས་ཡིད་བསྐྱོད་དེ། ལུས་གཞན་གཟུགས་ཅན་ཡིད་ལས་བྱུང་བ་མ་གོད་པ་དབང་པོ་རྣམས་མ་ཉམས་པ་མངོན་དུ་སྒྲུབ་པར་བྱེད་དོ། །དེ་འདི་ལྟ་སྟེ། མ་སྡུག་བཻ་ཌཱུརྱའི་ནོར་བུ་ཟུར་བརྒྱད་པ་རང་བཞིན་བཟང་བ་གསལ་ཞིང་རྣམ་པར་དང་བ་སྟེ། དྲི་མ་མེད་པ་ལ་ཚོན་སྣ་བཞི་པའི་སྐུད་པས་བཏགས་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། རྨའོ། །དེ་ལ་མིག་དང་ལྡན་པའི་སྐྱེས་བུས་མཐོང་ན་འདི་ནི་སྐུད་པའོ། །འདི་ནི་ནོར་བུ་སྟེ་ནོར་བུ་སྐུད་པ་ལ་བརྒྱུས་པར་ཤེས་སོ། །དེ་ལྟར་དེ་བཞིན་དུ་དེས་ལུས་དེ་ལས་ཡིད་བསྐྱོད་དེ། དེ་ལུས་གཞན་གཟུགས་ཅན་ཡིད་ལས་བྱུང་བ་མ་གོད་པ་དབང་པོ་རྣམས་མ་ཉམས་པ་མངོན་དུ་སྒྲུབ་པར་བྱེད་དོ། །དེ་འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་གྲེས་མའི་བམ་པོ་ལས་ཉག་མ་གཅིག་དྲངས་པ་དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་ན་འདི་ནི་གྲེས་མའོ། །འདི་ནི་ཉག་མར་དྲངས་པ་ཡིན་པར་ཤེས་སོ། །དེ་ལྟར་དེ་བཞིན་དུ་དེས་ལུས་དེ་ལས་ཡིད་བསྐྱོད་དེ། ལུས་གཞན་གཟུགས་ཅན་ཡིད་ལས་བྱུང་བ་མ་གོད་པ་དབང་པོ་རྣམས་མ་ཉམས་པ་མངོན་དུ་སྒྲུབ་པར་བྱེད་དོ། །དེ་འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་གཟེབ་ཀྱི་ནང་ནས་སྦྲུལ་གཅིག་ཕྱིར་ཕྱུང་བ་དེ་མིག་དང་ལྡན་པའི་སྐྱེས་བུ་དེས་མཐོང་ན་འདི་ནི་གཟེབ་བོ། །འདི་ནི་སྦྲུལ་ཏེ་གཟེབ་ནས་སྦྲུལ་ཕྱུང་ བར་ཤེས་སོ། །དེ་ལྟར་དེ་བཞིན་དུ་དེས་ལུས་དེ་ལས་ཡིད་བསྐྱོད་དེ། དེ་ལུས་གཞན་གཟུགས་ཅན་ཡིད་ལས་བྱུང་བ་མ་གོད་པ་དབང་པོ་རྣམས་མ་ཉམས་པར་མངོན་དུ་སྒྲུབ་པར་བྱེད་དོ། །དེ་འདི་ལྟ་སྟེ། མ་སྡུག་སྐྱེས་བུ་ཞིག་རལ་གྲི་ཤུབས་ནས་རལ་གྲི་འབྱིན་པ་དེ་ལ་


DKG011_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མིག་དང་ལྡན་པའི་སྐྱེས་བུས་མཐོང་ན་འདི་ནི་རལ་གྲིའི་ཤུབས་སོ། །འདི་ནི་རལ་གྲིའོ། །འདི་ནི་རལ་གྲི་ཤུབས་ནས་ཕྱུང་བར་ཤེས་སོ། །དེ་ལྟར་དེ་བཞིན་དུ་ལུས་དེ་ལས་དེས་ཡིད་བསྐྱོད་དེ། ལུས་གཞན་གཟུགས་ཅན་ཡིད་ལས་བྱུང་བ་མ་གོད་པ་དབང་པོ་རྣམས་མ་ཉམས་པ་མངོན་དུ་སྒྲུབ་པར་བྱེད་དོ། །དེས་འདི་བཞིན་མ་གཡེངས་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པའི་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་དྲང་པོར་གྱུར་ཏེ་ལས་སུ་རུང་བར་གནས་པས་མི་གཡོ་བ་འཐོབ་སྟེ། རྫུ་འཕྲུལ་གྱི་ཡུལ་ལ་ཡེ་ཤེས་མངོན་པར་བྱང་བ་དང་། མངོན་པར་ཤེས་པ་ལ་སེམས་མངོན་པར་འཇུག་གོ །དེས་རྣམ་པ་དུ་མའི་རྫུ་འཕྲུལ་གྱི་ཡུལ་སོ་སོར་མྱོང་བ་ནི་འདི་ལྟ་སྟེ་གཅིག་ལས་མང་པོར་འགྱུར་རོ། །མང་པོ་ལས་གཅིག་ཏུ་འགྱུར་རོ། །མངོན་པར་སྣང་བ་ལས་མི་སྣང་བའོ། །ཡེ་ཤེས་ཀྱི་སྣང་བ་སོ་སོར་མྱོང་བར་འགྱུར་ཏེ། རྩིག་པ་ལས་ཐལ་བ་དང་། རི་ལས་ཐལ་བ་དང་། ར་བ་ལས་ཐལ་ཞིང་མི་ཆགས་པར་ལུས་ཀྱིས་འགྲོ་བ་ནི་འདི་ལྟ་སྟེ། ནམ་མཁའ་དང་འདྲ་བའོ། །ས་ལ་ནུབ་ཅིང་འབྱུང་བ་ནི་འདི་ལྟ་སྟེ། ཆུ་བཞིན་ནོ། །ཆུ་རྒྱུན་གྱི་སྟེང་ནས་འགྲོ་བ་ནི་འདི་ལྟ་སྟེ། ས་བཞིན་ནོ། །ནམ་མཁའ་ལས་སྐྱིལ་མོ་ཀྲུང་བཅས་ཏེ་འགྲོ་བ་ནི་འདི་ལྟ་སྟེ། བྱ་གཤོག་པ་ཅན་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟ་བུར་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་ཡང་ལག་པས་རེག་ཀུན་དུ་རེག་པར་བྱེད་པ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱི་དབང་བྱེད་དོ། །དེ་འདི་ལྟ་སྟེ། གསེར་མགར་མཁས་པའམ། གསེར་མགར་གྱི་སློབ་མ་མཁས་པ་ཡང་རུང་། གསེར་ཤིན་ཏུ་སྦྱངས་པར་ཤེས་ནས་ཅི་དང་ཅི་འདོད་པ་དེ་དང་དེའི་རྐྱེན་གྱིས་ཁྱད་པར་དུ་བྱེད་པ་ནི་དེ་སྟེ། གླེགས་བམ་མམ། དེ་སྟེ་རྣ་ཆའམ། དེ་སྟེ་མགྲིན་རྒྱན་ཏམ། དེ་སྟེ་ལག་གདུབ་བམ། དེ་སྟེ་རྐང་གདུབ་བམ། སོར་གདུབ་བམ། དངུལ་དང་གསེར་གྱི་ཕྲེང་བར་ཡང་རུང་མྱུར་ཞིང་རིངས་པར་བྱེད་དོ། །དེ་ལྟ་དེ་བཞིན་དུ་འདིས་ཀྱང་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པས་ ཡོངས་སུ་བྱང་བ་ཉེས་པ་མེད་པ་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་དྲང་པོར་གྱུར་པ་ལས་སུ་རུང་བར་གནས་པར་མི་གཡོ་བ་ཐོབ་སྟེ། རྫུ་འཕྲུལ་གྱི་ཡུལ་ལ་ཡེ་ཤེས་མངོན་པར་བྱ་བའི་ཕྱིར་


DKG011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་དག་ལ་སེམས་མངོན་པར་ཞུགས་སོ། །དེ་འདི་ལྟ་སྟེ། གཅིག་ལས་མང་པོར་གྱུར་པས་ན། སྔ་མ་བཞིན་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་དུ་བྱེད་དོ། །འདི་ལྟ་སྟེ། རྫ་མཁན་ནམ་རྫ་མཁན་གྱི་སློབ་མ་མཁས་པ་ཡང་རུང་། འཇིམ་པའི་གོང་བུ་ཤིན་ཏུ་སྦྱངས་པར་ཤེས་ནས་ཅི་དང་ཇི་ལྟ་བུར་འདོད་པའི་སྣོད་ཀྱི་ཁྱད་པར་དེ་དང་དེར་བྱེད་པ་ནི་མྱུར་བ་མྱུར་བར་བྱེད་དེ། དེ་ལྟར་དེ་བཞིན་དུ་དེས་འདི་བཞིན་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་ནས་སྔ་མ་བཞིན་ཏེ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བྱེད་དོ། །དེ་འདི་ལྟ་སྟེ་སོ་མཁན་མཁས་པའམ། སོ་མཁན་གྱི་སློབ་མ་མཁས་པ་ཡང་རུང་། སོ་ཤིན་ཏུ་སྦྱངས་པར་ཤེས་ནས་ཅི་དང་ཇི་ལྟ་བུར་འདོད་པའི་གཟུགས་ཀྱི་ཁྱད་པར་དེ་དང་དེར་བྱེད་དེ་མྱུར་ཞིང་རིངས་པར་མངོན་པར་བྱེད་དོ། །དེ་ལྟར་དེ་བཞིན་དུ་དེས་འདི་བཞིན་དུ་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ་ཡོངས་སུ་བྱང་བ་ནས། སྔ་མ་བཞིན་ཏེ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་དུ་བྱེད་དོ། །དེས་འདི་བཞིན་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་དྲང་པོར་གྱུར་ཅིང་། ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། འཕྲུལ་གྱི་རྣ་བ་ལ་ཡེ་ཤེས་མངོན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་གོ །དེས་འཕྲུལ་གྱི་རྣ་བ་རྣམ་པར་དག་པ་མི་ལས་འདས་པས་སྒྲ་གཉིས་ཐོས་པ་ནི་མི་དང་མི་མ་ཡིན་པའི་དང་རིང་བའི་དང་ཉེ་བའོ། །དེ་འདི་ལྟ་སྟེ། དུང་འབུད་པའི་སྐྱེས་བུས་རི་མཐོན་པོའི་རྩེ་མོར་འཛེགས་ཏེ། མཚན་མོ་ནམ་ཕྱེད་ཀྱི་དུས་སུ་དུང་བུས་པ་དེའི་སྒྲས་སོ་སོའི་ཕྱོགས་སུ་ཁྱབ་པར་གྲགས་སོ། །དེ་ལྟར་དེ་བཞིན་དུ་དེས་འདི་བཞིན་དུ་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ་ཉེ་བའི་ཉོན་མོངས་ པ་ལས་བྲལ་བ་དྲང་པོར་གྱུར་ཅིང་ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། འཕྲུལ་གྱི་རྣ་བ་ལ་ཡེ་ཤེས་མངོན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དེ་དག་ལ་སེམས་མངོན་པར་འཇུག་གོ །དེས་འཕྲུལ་གྱི་རྣ་བ་རྣམ་པར་དག་པ་མི་ལས་


DKG011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པས་སྒྲ་གཉིས་ཐོས་ཏེ། མི་དང་མི་མ་ཡིན་པའི་དང་། རིང་བའི་དང་ཉེ་བའོ། །དེས་འདི་བཞིན་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་དྲང་པོར་གྱུར་ཅིང་ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། སེམས་ཀྱི་རྣམ་གྲངས་ལ་ཡེ་ཤེས་མངོན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་གོ །སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་དག་ནི་རྣམ་པར་བརྟགས་པ་དང་། རྣམ་པར་དཔྱད་པའི་ཡིད་ཇི་ལྟར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། གཡེང་བ་དང་། མི་གཡེང་བ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། འཕྱར་བ་དང་། མ་འཕྱར་བ་དང་། ཉེ་བར་ཞི་བ་དང་། ཉེ་བར་མ་ཞི་བ་དང་། མཉམ་པར་གཞག་པ་དང་། མཉམ་པར་མ་གཞག་པ་དང་། མ་བསྒོམས་པ་དང་། བསྒོམས་པ་དང་། མ་གྲོལ་བའི་སེམས་ལ་མ་གྲོལ་བའི་སེམས་སོ་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་སོ། །དེ་འདི་ལྟ་སྟེ། མིག་དང་ལྡན་པའི་སྐྱེས་བུས་ཡོངས་སུ་དག་པའི་མེ་ལོང་གི་དཀྱིལ་འཁོར་བཟུང་སྟེ། བདག་གི་བཞིན་གྱི་མཚན་མ་རྟོག་གོ །དེ་ལྟར་འདི་བཞིན་དེས་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ་ཉེས་པ་མེད་པ་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་དྲང་པོར་གྱུར་ཅིང་ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ་སེམས་ཀྱི་རྣམ་གྲངས་ཡེ་ཤེས་ མངོན་པར་ཤེས་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་པ་ནས་སྔ་མ་བཞིན་ཏེ། ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་པའི་བར་དུ་སྟེ། འདི་ནི་རྐང་པ་ཞེས་བྱའོ། །རིག་པ་གང་ཞེ་ན། དེས་འདི་བཞིན་མཉམ་པར་གཞག་


DKG011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ། ཉེ་བའི་ཉོན་མོངས་པ་ལས་ཀྱང་བྲལ་བ་དྲང་པོར་གྱུར་ཅིང་ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། སྔོན་གྱི་གནས་ལ་རྗེས་སུ་དྲན་པའི་ཡེ་ཤེས་མངོན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་སྟེ། དེས་རྣམ་པ་དུ་མའི་སྔོན་གྱི་གནས་ལ་རྗེས་སུ་དྲན་པ་ནི་འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དུ་མ་དང་། འཇིག་པའི་བསྐལ་པ་དང་། འབྱུང་བའི་བསྐལ་པ་དང་། འཇིག་པ་དང་འབྱུང་བའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འབྱུང་བའི་བསྐལ་པ་དུ་མ་དང་། འཇིག་པ་དང་འབྱུང་བའི་བསྐལ་པ་དུ་མ་ཡང་རྗེས་སུ་དྲན་ནོ། །སྐྱེ་བའི་སེམས་ཅན་དེ་དག་ནི་འདི་ཞེས་བྱ་སྟེ། བདག་ཀྱང་དེ་ན་མིང་འདི་ཞེས་བྱ། རིགས་ནི་འདིའོ། །རུས་ནི་འདིའོ། །ཁ་ཟས་ནི་འདི་ལྟ་བུའོ། །བདེ་བ་དང་། སྡུག་བསྔལ་འདི་ལྟ་བུ་ཡང་སོ་སོར་མྱོང་སྟེ། ཚེ་འདི་ལྟ་བུར་རིང་། འདི་ལྟ་བུར་རིང་དུ་གནས་ཏེ། ཚེའི་མཐའ་ནི་འདི་ཙམ་དུ་གྱུར་ནས་དེ་ནས་བདག་ཤི་འཕོས་ཏེ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ཏེ་ཆེ་གེ་མོ་ཞིག་ཏུ་སྐྱེས་ཏེ། དེ་ནས་ཀྱང་ཤི་འཕོས་ཏེ་འདིར་སྐྱེས་སོ་ཞེས་དབྱིབས་དང་། གནས་ཀྱི་གཏན་ཚིགས་སུ་བཅས་པ་རྣམ་པ་དུ་མའི་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དེ་འདི་ལྟ་སྟེ། སྐྱེས་བུ་ཞིག་གྲོང་ནས་གྲོང་དུ་འགྲོའོ། །གྲོང་དེ་ནས་ཡང་གཞན་དུ་སོང་བ་དང་། དེ་འདི་སྙམ་དུ་གྱུར་ཏོ། །བདག་ནི་ཆེ་གེ་མོ་ཞིག་གི་གྲོང་ནས་ཆེ་གེ་མོ་ཞིག་གི་གྲོང་དུ་འགྲོ་སྟེ། དེ་ནས་ཡང་ཆེ་གེ་མོ་ཞིག་ཏུ་འགྲོའོ། །དེ་ནས་གྲོང་འདིར་ཕྱིན་ཏོ། །དེ་ལྟར་འདི་བཞིན་དུ་དེས་འདི་བཞིན་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ། ཉེ་བའི་ཉོན་ མོངས་པ་དང་བྲལ་བ་དྲང་པོར་གྱུར་ཅིང་ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། སྔོན་གྱི་གནས་ལ་རྗེས་སུ་དྲན་པའི་ཡེ་ཤེས་མངོན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་གོ །དེས་རྣམ་པ་དུ་མའི་སྔོན་གྱི་


DKG011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། གཅིག་ཅེས་བྱ་བ་ནས་སྔ་མ་བཞིན་ཏེ། དབྱིབས་དང་གནས་ཀྱི་གཏན་ཚིགས་སུ་བཅས་ཏེ་རྣམ་པ་དུ་མའི་སྔོན་གྱི་གནས་རྗེས་སུ་དྲན་པའི་བར་དུའོ། །དེས་དེ་བཞིན་དུ་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ་ཉེ་བའི་ཉོན་མོངས་པ་ལས་བྲལ་བ་དྲང་པོར་གྱུར་ཏེ། ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་གོ །དེས་འཕྲུལ་གྱི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་རྣམས་འཆི་བ་དང་། སྐྱེ་བ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་། བཟང་པོ་དང་། བདེ་བར་འགྲོ་བར་སོང་བ་དང་། ངན་པར་འགྲོ་བ་རྣམས་མཐོང་ངོ་། །སེམས་ཅན་རྣམས་ཇི་ལྟར་ལས་ཀྱིས་ཉེ་བར་འགྲོ་བ་དེ་ལྟ་བུ་ཉིད་རབ་ཏུ་ཤེས་ཏེ། ཀྱེ་སེམས་ཅན་འདི་དག་གིས་ནི་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་ཞིང་འཕགས་པ་དག་ལ་སྐུར་ཏེ་ངན་པར་ལྟ་ཞིང་ངན་པར་ལྟ་བའི་ལས་དང་། ཆོས་ལ་ཡིད་དམ་བཅས་པ་དེའི་རྒྱུ་དེའི་རྐྱེན་གྱིས་ན་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་ལྟུང་སྟེ་སེམས་ཅན་དམྱལ་བར་སྐྱེའོ། །ཀྱེ་གཞན་ཡང་སེམས་ཅན་འདི་དག་གིས་ནི་ལུས་ཀྱིས་དགེ་བར་སྤྱད་པ་དང་ལྡན། ངག་དང་ཡིད་ཀྱིས་དགེ་བར་སྤྱད་པ་དང་ལྡན་པས་འཕགས་པ་དག་ལ་མ་སྐུར་ཏེ་ཡང་དག་པར་ལྟ་ཞིང་ཡང་དག་པར་ལྟ་བའི་ལས་དང་ཆོས་ལ་ཡིད་དམ་བཅས་པ་དེའི་རྒྱུ་དེའི་རྐྱེན་གྱིས་ནམ་ལུས་དང་བྲལ་བའི་འོག་ཏུ་བདེ་བར་འགྲོ་བ་མཐོ་རིས་ཀྱི་ལྷར་སྐྱེའོ། །དེ་འདི་ལྟ་སྟེ། མིག་དང་ལྡན་པའི་སྐྱེས་བུ་ཞིག་གིས་ལམ་གྱི་བཞི་མདོ་ཆེན་པོར་འདུག་སྟེ། སྐྱེ་བོ་མང་པོ་འོང་བ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་རྣམ་པ་སྣ་ཚོགས་སུ་གནས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་འདི་བཞིན་དུ་དེའི་འཕྲུལ་གྱི་མིག་རྣམ་པར་དག་པ་མི་ལས་འདས་ཞེས་བྱ་བ་ནས། སྔ་མ་བཞིན་ལྷར་སྐྱེའོ་ཞེས་བྱ་བའི་བར་དུ་སྟེ། དེས་འདི་བཞིན་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ། ཉེ་བའི་ཉོན་མོངས་པ་ལས་བྲལ་བ། དྲང་པོར་གྱུར་ཅིང་ལས་


DKG011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རུང་བར་གནས་པས་མི་གཡོ་བ་ཐོབ་སྟེ། ཟག་པ་ཟད་པ་ལས་ཡེ་ཤེས་མཐོང་བར་བྱ་བའི་ཕྱིར་མངོན་པར་ཤེས་པ་དག་ལ་སེམས་མངོན་པར་འཇུག་སྟེ། དེས་སྡུག་བསྔལ་འདི་ནི་འཕགས་པའི་བདེན་པའོ་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འཇུག་པའི་ལམ་འཕགས་པའི་བདེན་པའོ་ཞེས་ཇི་ལྟ་བུ་ཉིད་རབ་ཏུ་ཤེས་པའོ། །དེས་འདི་བཞིན་ཤེས། འདི་བཞིན་མཐོང་བས་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །རྣམ་པར་གྲོལ་ནས་རྣམ་པར་གྲོལ་ལོ་ཞེས་བྱ་བའི་ཡེ་ཤེས་མཐོང་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་ཏེ་སྲིད་པ་འདི་ལས་གཞན་མེད་པར་ཤེས་སོ། །དཔེར་ན་འདི་ལྟ་སྟེ། གྲོང་ངམ་གྲོང་འདབ་ཅིག་ནས་ཤིན་ཏུ་མི་རིང་བ་ཞིག་ནས་ཆུའི་རྫིང་གཏིང་ཟབ་པ། མ་རྙོགས་པ། གསལ་བ། རྣམ་པར་དང་བ་དེ་ལ་མིག་དང་ལྡན་པའི་སྐྱེས་བུ་ཞིག་འགྲམ་དུ་འདུག་པས་གསེག་མའམ། གྱོ་མོའམ། ཉའམ། རུས་སྦལ་ལམ། ཆུ་སྲིན་ཡང་རུང་མཐོང་ངོ་། །དེ་ལྟར་དེས་འདི་བཞིན་མཉམ་པར་གཞག་པའི་སེམས་ཀུན་དུ་དག་པ། ཡོངས་སུ་བྱང་བ། ཉེས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དྲང་པོར་གྱུར་ཅིང་ལས་སུ་རུང་བར་གནས་པས་མི་གཡོ་བ་ཐོབ་པ་ནས། སྔ་མ་བཞིན་ཏེ། སྲིད་པ་འདི་ལས་གཞན་མེད་པར་ཤེས་པའི་བར་དུའོ། །འདི་ནི་རིག་པ་ཞེས་བྱ་སྟེ། སྔ་མའི་རིག་པ་དང་། དེ་གཉིས་གཅིག་ཏུ་བསྡུས་ན་རིག་པ་དང་རྐང་པ་ཞེས་བྱའོ། །ཁྱེའུ་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་མངོན་པར་མ་བྱས་པ་མངོན་པར་བྱ་བའི་ཕྱིར་ཐབས་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། འདི་ན་བྲམ་ཟེའི་ཁྱེའུ་དགེ་སྦྱོང་ ངམ། བྲམ་ཟེ་ཁ་ཅིག་གིས་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་ཉིད་མངོན་པར་མ་ཆུད་པས་གྲོང་ནས་དགོན་པར་སོང་སྟེ། ཡལ་ག་དང་ལོ་མའི་སྤྱིལ་བུ་བྱས་ནས་གནས་པར་བྱེད་དོ། །བདག་ཅག་འདིར་རྩ་བ་དང་། འབྲས་བུས་འཚོའོ་ཞེས་འཛེར་ཏེ། དེ་དག་རྩ་བ་དང་། འབྲས་བུས་འཚོ་བར་བྱེད་དོ། །བྲམ་ཟེའི་ཁྱེའུ་དེ་ནི་བླ་ན་མེད་པའི་རིག་པ་རྐང་པར་


DKG011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་མངོན་པར་མ་བྱས་པ་མངོན་པར་བྱ་བའི་ཕྱིར་འདི་ནི་ཐབས་དང་པོར་རིག་པར་བྱའོ། །བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། གང་ངས་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་དེའི་ཐབས་དང་པོར་བསྟན་པ་དེར་ཁྱོད་སློབ་དཔོན་དང་བཅས་ནས་འདུག་མྱོང་ངམ། ཀྱེ་གཽ་ཏ་མ་མ་མྱོང་ངོ་། །གཞན་ཡང་བྲམ་ཟེའི་ཁྱེའུ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་ཉིད་མངོན་པར་མ་ཆུད་པས་རྩ་བ་དང་འབྲས་བུའི་ཁ་ཟས་དེ་བཏང་སྟེ། ཕྱོགས་གཅིག་ཏུ་སོང་ནས་ལོ་མ་དང་ཡལ་གའི་སྤྱིལ་བུ་བྱས་ཏེ་གནས་པར་བྱེད་དོ། །བདག་ཅག་འདི་ན་ལོ་མའི་ཁ་ཟས་ཀྱིས་འཚོའོ་ཞེས་སྨྲས་ཏེ། དེ་དག་དེར་ལོ་མ་འབའ་ཞིག་གི་ཁ་ཟས་ཀྱིས་འཚོ་བར་བྱེད་དོ། །བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་མངོན་པར་མ་བྱས་པ་མངོན་པར་བྱ་བའི་ཕྱིར་འདི་ནི་ཐབས་གཉིས་པ་སྟེ་རིག་པར་བྱའོ། །གཞན་ཡང་བྲམ་ཟེའི་ཁྱེའུ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་ཉིད་མངོན་པར་མ་ཆུད་པར་རྩ་བ་དང་། འབྲས་བུའི་ཁ་ཟས་དེ་ཡང་བོར་ཏེ་ཕྱོགས་གཅིག་ཏུ་སོང་ནས་ཡལ་ག་དང་ལོ་མའི་སྤྱིལ་བུ་བྱས་ཏེ། འཚོ་བར་བྱེད་ཅིང་འདིར་ནི་བདག་ཅག་གིས་སྔགས་རྣམས་ནི་བཅང་སྨྲང་རྣམས་ནི་སྦྱར་རོ་ཞེས་སྨྲས་ཏེ། དེ་དག་སྔར་སྔགས་དག་འཆང་ཞིང་སྨྲང་སྦྱོར་བ་བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་མངོན་པར་མ་བྱས་པ་མངོན་པར་བྱ་བའི་ཕྱིར། ཐབས་གསུམ་པ་སྟེ་ཤེས་པར་བྱའོ། །གཞན་ཡང་བྲམ་ཟེའི་ཁྱེའུ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་ཉིད་མངོན་པར་མ་ཆུད་པར་རྩ་བ་དང་། འབྲས་བུའི་ཁ་ཟས་དེ་དང་། ལོ་མའི་ཁ་ཟས་དེ་དང་། སྔགས་འཆང་བ་དང་སྨྲང་སྦྱོར་བ་དེ་དག་བོར་ཏེ། མངོན་པར་མ་ ཆུད་པར་བྱེད་ནས་གྲོང་དུ་ལྷགས་ཏེ། ཁང་པ་སྒོ་བཞི་པ་བརྩིགས་ནས་གནས་པར་བྱེད་ཅིང་འདིར་བདག་ཅག་གིས་སྦྱིན་པ་བྱིན་ཞིང་བསོད་ནམས་བྱས་ཏེ་འོང་ཞིང་འགྲོ་བའི་དགེ་སྦྱོང་དང་། བྲམ་ཟེ་དག་ལ་ཇི་ལྟར་ནུས་པ་དང་། ཇི་ལྟ་བའི་སྟོབས་ཀྱིས་བསོད་སྙོམས་སྦྱིན་ནོ་ཞེས་འཛེར་ནས་དེ་དག་གིས་དེར་སྦྱིན་པ་བྱིན་ཞིང་བསོད་ནམས་བྱེད་དེ། འགྲོ་བ་དང་འོང་བའི་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཇི་ལྟར་ནུས་པ་དང་། ཇི་ལྟ་བུར་འབྱོར་བ་དེ་བསོད་སྙོམས་བྱིན་ནོ། །


DKG011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་ཁྱེའུ་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་དེ་མངོན་པར་མ་བྱས་པ་མངོན་པར་བྱ་བའི་ཕྱིར་འདི་ནི་ཐབས་བཞི་པ་ཡིན་ཏེ་ཤེས་པར་བྱའོ། །བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། གང་ངས་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་འདི་མངོན་པར་བྱ་བའི་ཕྱིར་ཐབས་རྣམ་པ་བཞིར་བསྟན་པ་དེར་ཁྱོད་སློབ་དཔོན་དང་བཅས་པས་གནས་མྱོང་ངམ། ཀྱེ་གཽ་ཏ་མ་མ་མྱོང་ངོ་། །བྲམ་ཟེའི་ཁྱེའུ་དེ་ལྟ་བས་ན་ཐབས་དེ་དག་ཀུན་ཁྱོད་ཀྱིས་མ་རྫོགས་བཞིན་དུ་ཅིའི་ཕྱིར་ཁྱོད་ཀྱིས་ཤཱཀྱ་དག་ལ་ཨེ་མའོ་ཤཱཀྱ་དག་ནི་ད་གདོད་ཀྱིའོ། །ཨེ་མའོ་ཤཱཀྱ་དག་ནི་གདོད་བྱུང་བའོ་ཞེས་ཚིག་གིས་སྨྲ་བར་བྱེད། བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་སེམས། སྔོན་གྱི་བྲམ་ཟེ་བྱུང་བ་རྣམས་ནི་བྲམ་ཟེའི་དྲང་སྲོང་དེ་དག་ལ་འདི་ལྟ་སྟེ། ཨ་སྟ་ཀ་དང་། བམ་དེ་བོ་དང་། བྷི་ཤྭ་མི་ཏྲ་དང་། ཛ་མ་དག་ནི་དང་། ཨང་གི་རཱ་དང་། བ་ར་དྭ་ཛ་དང་། བ་ས་ཤྭ་དང་། ཀ་ཤེ་པ་དང་། བྷྲཱི་གུ་དེ་དག་གིས་སྔགས་རྣམས་བྱས། སྨྲང་རྣམས་ཕྱུང་བ་དེ་དག་ད་ལྟར་གྱི་བྲམ་ཟེ་རྣམས་དང་སྔོན་གྱི་རྣམས་སྔགས་ཀྱི་ཚིག་དང་། བསྟོད་པ་དང་། དབྱངས་སུ་བྱས་པ་དང་། སྦྱར་བ་དེ་དག་ལ་དབྱངས་སུ་སྦྱར། དེ་དག་ལ་རྗེས་སུ་རྗོད་པར་བྱེད་དོ། །ཇི་ལྟར་ཁྱོད་སློབ་དཔོན་དང་བཅས་པ་ད་ལྟར་འོབས་ཀྱིས་སྐོར་བ། རྩང་བཙུགས་པ་ལྕགས་ཀྱི་གཟེ་མ་བྲེས་ཤིང་། འགག་པར་བྱེད་པའི་གྲོང་ཁྱེར་ན་གནས་པ་ལྟ་ཅི་དེ་དག་ཀྱང་དེ་བཞིན་ནམ། ཀྱེ་གཽ་ཏ་མ་དེ་ལྟར་མ་ལགས་སོ། །ཇི་ལྟར་ཁྱོད་སློབ་དཔོན་དང་བཅས་བཞིན་དུ་ཕྲག་པར་གཟར་ཅིང་རྒྱལ་ མཚན་གྱི་མཆོག་དང་། སྟོབས་ཀྱི་མཆོག་དང་། གཡུལ་བཤམས་པ་དུ་མ་ལ་རབ་ཏུ་ལྟ་བ་མྱོང་བར་འགྱུར་བ་བཞིན་དུ་ཅི་དེ་དག་ཀྱང་དེ་ལྟར་རམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཇི་ལྟར་ཁྱོད་སློབ་དཔོན་དང་བཅས་པ་རྒོད་མ་སྐྱ་མོ་ཐམས་ཅད་དང་སྦྱར་བའི་ཤིང་རྟ་ལ་ཞོན་ཏེ། གསེར་གྱི་ཁར་བ་དང་། རིལ་བ་བཟུང་སྟེ། བྲམ་ཟེའི་ཁྱེའུ་མང་པོས་བསྐོར། བྲམ་ཟེའི་ཁྱེའུ་མང་པོ་མདུན་དུ་བྱས་ཏེ་ལྗོངས་སུ་འགྲོ་ཞིང་སོང་བ་ལྟར་ཇི་དེ་དག་ཀྱང་དེ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཇི་ལྟར་ཁྱོད་སློབ་དཔོན་དང་བཅས་པས་འདི་བཞིན་དུ་སྐྲ་སྤྱི་བོར་བཅིངས་པའི་ཀུན་དུ་རྒྱུ་བ་ལག་པ་གདུ་བུ་ཅན་ནུ་མ་ཕོ་ལོང་བཞིན་པའི་བུད་མེད་ཀྱིས་བསྐུ་བ་དང་། བཀྲུ་བ་དང་། མཉེ་བ་ལ་


DKG011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཉམས་སུ་ལེན་པ་ལྟར་ཅི་དེ་དག་ཀྱང་དེ་བཞིན་ནམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཇི་ལྟར་ཁྱོད་སློབ་དཔོན་དང་བཅས་པས་གསེར་གྱི་དཔུང་རྒྱན་འཆང་བ། གསེར་གྱི་དོ་ཤལ་ཐོགས་པས་བརྒྱན་པའི་བུད་མེད་དང་ལྷན་ཅིག་ཏུ་རྐང་པ་བརྐྱང་སྟེ་ཉི་མ་ཤར་བའི་བར་དུ་ཉལ་བར་བྱེད་པ་དེ་བཞིན་ཅི་དེ་དག་ཀྱང་དེ་ལྟར་རམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་མཁན་པོའི་ཉེས་པ་རྣམས་ལ་ཉོན་ཅིག །བྲམ་ཟེའི་ཁྱེའུ་བྲམ་ཟེའི་བུ་པདྨའི་སྙིང་པོ་ཟེར་ནི་མན་ཡུལ་ཀོ་ས་ལའི་རྒྱལ་པོ་ལ་ལྟར་སོང་བ་ནི་རྩིག་པས་བསྒྲིབས་པའམ། ཡོལ་བས་བསྒྲིབས་པ་ལས་གཞན་དུ་མ་ཡིན་ཏེ། ཅིའི་ཕྱིར་ན་དེ་འདྲ་བར་ཤེས་པའི་སྐྱེས་བུ་དེ་གང་གིས་བཙོས་པའི་ཁ་ཟས་ཟ་བ་དེ་ཉིད་ལ་བཞིན་མངོན་སུམ་དུ་མི་བསྟན་པ་རིགས་སམ། བྲམ་ཟེའི་ཁྱེའུ་ཁྱོད་ཉིད་ཀྱི་ཉེས་པ་ལའང་ཉོན་ཅིག །སྔོན་བྱུང་བ་ནི་བྲམ་ཟེའི་ཁྱེའུ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་རང་གི་སྟན་ལ་འདུག་སྟེ། སྐྱེས་བུ་གཞན་ཞིག་ལ་ཀྱེ་སྐྱེས་བུ་དོན་ནི་འདི་ལྟ་བུ་སྟེ། འདི་དང་འདི་ལྟ་བུར་བྱོས་ཤིག །འདི་དང་འདི་ལྟ་བུར་སྤྱོད་ཅིག་ཅེས་བསྒོའོ། །དེ་སྐད་བསྒོ་ནས་རྒྱལ་པོ་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་སྐྱེས་བུ་དེས་ལྐོག་ཏུ་རྒྱལ་པོའི་སྟན་ལ་འདུག་སྟེ། སྐྱེས་བུ་གཞན་ཞིག་ལའང་ཀྱེ་སྐྱེས་བུ་དོན་འདི་དང་འདི་ལྟ་བུར་བྱོས་ཤིག །འདི་དང་འདི་ལྟ་བུར་སྤྱོད་ཅིག་ཅེས་བསྒོ་ན། བྲམ་ཟེའི་ཁྱེའུ་ཇི་སྙམ་དུ་ སེམས། དེ་ལྟར་སྐྱེས་བུ་ལྐོག་ཏུ་རྒྱལ་པོའི་སྟན་ལ་འདུག་ནས་རྒྱལ་པོས་སྨྲས་པ་ནི་སྨྲ། རྒྱལ་པོས་གསུངས་པ་ནི་ཟེར་ན་ཅི་དེ་རྒྱལ་པོ་ཡིན་ནམ། ཅི་རྒྱལ་པོར་འགྱུར་རམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དེ་ལྟར་འདི་བཞིན་དུ་བྲམ་ཟེའི་ཁྱེའུ་ཁྱོད་ཀྱང་དྲང་སྲོང་གིས་བཤད་པ་ནི་འཆད། སྨྲས་པ་ནི་སྨྲ་ན་དྲང་སྲོང་ཡིན་ནམ། དྲང་སྲོང་དུ་འགྱུར་རམ། ཀྱེ་གཽ་ཏ་མ་མ་ལགས་སོ། །བྲམ་ཟེའི་ཁྱེའུ་འོན་ཀྱང་ཁྱོད་དོན་གང་གི་ཕྱིར་འོངས་པའི་དོན་དེ་ཤིན་ཏུ་ལེགས་པར་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་ཡུན་རིང་པོར་ཕན་པ་དང་། དོན་དང་། བདེ་བར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག །བཅོམ་ལྡན་འདས་ཀྱི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་བརྟགས་པ་དང་། སུམ་བཅུ་ནི་མཐོང་གི་གཉིས་ལ་ཡིད་གཉིས་


DKG011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐེ་ཚོམ་ཟོས་ཏེ་ཕོ་མཚན་གསང་བ་སྨད་ཀར་ནུབ་པ་དང་། ལྕེ་སྲབ་ལ་ཆེ་བའོ། །དེས་ཚིགས་སུ་བཅད་དེ་སྨྲས་པ། སུམ་བཅུ་རྩ་གཉིས་མཚན་ཞེས་ཐོས། །ཐུབ་ཆེན་ཁྱོད་ལ་སྐྱེས་བུའི་མཚན། །སུམ་བཅུ་རྩ་གཉིས་ཡོད་ཅེས་ཐོས། །གཽ་ཏམ་ཁྱོད་ཀྱི་སྐུ་ལ་ནི། །རྣམ་པ་དེ་གཉིས་མི་གདའ་ན། །མི་མཆོག་ཁྱོད་ཀྱི་ཕོ་མཚན་གསང་། །དེ་ནི་སྨད་ཀར་ནུབ་བམ་ཅི། །བུད་མེད་ལྟ་བུའི་སྒྲ་ཡི་ཚིག །ལྕེ་ནི་ཐུང་བ་མ་ལགས་གྲང་། །སྲབ་མོ་མྱུར་དུ་ཕྱུང་བ་མཛོད། །བདག་གི་ཐེ་ཚོམ་བསལ་བར་གསོལ། །སྙན་པར་བསྒྲགས་པའི་སངས་རྒྱས་རྣམས། །མཐོང་བར་རྙེད་པ་ཤིན་ཏུ་དཀའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་འདི་ནི་ངའི་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་བརྟགས་ན་སུམ་བཅུ་ནི་མཐོང་གི་ཕོ་མཚན་གསང་བ་ནུབ་པ་དང་། སྲབ་ལ་ཆེ་བའི་ལྕེ་གཉིས་ལ་ཡིད་གཉིས་དང་ཐེ་ཚོམ་ཟོས་ཀྱིས། གང་བདག་གིས་ཇི་ལྟར་བྲམ་ཟེའི་ཁྱེའུ་མ་སྡུག་ངའི་ཕོ་མཚན་གསང་བ་ནུབ་པ་དང་། ཆེ་ལ་སྲབ་པའི་ལྕེ་མཐོང་བར་འགྱུར་བ་དེ་ལྟ་བུའི་མཚན་མ་བསྟན་ཏོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བྲམ་ཟེའི་ཁྱེའུ་མ་སྡུག་བཅོམ་ལྡན་འདས་ཀྱི་ཕོ་མཚན་གསང་བ་སྦུབས་སུ་ནུབ་པ་མཐོང་བར་མཚན་མ་བསྟན་ཏོ། །ཞལ་གྱི་སྐྲ་མཚམས་ཀྱི་བར་དུ་ཞལ་ནས་ལྕེ་ཕྱུང་སྟེ། གཡོགས་པ་མཐོང་ནས་དེ་ཡང་འདི་སྙམ་དུ་གྱུར་ཏོ། །ཀྱེ་དགེ་སྦྱོང་གཽ་ཏ་མ་ནི་སྐྱེས་ བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ནོ། །གང་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ལ་ལམ་གཉིས་སུ་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །དེ་སྟེ་ཁྱིམ་པར་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་ནས་སྔ་མ་བཞིན་ཏེ། འཇིག་རྟེན་དུ་སྒྲས་ཁྱབ་པར་གྲགས་པའི་བར་དུའོ། །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་བརྒྱད་པ། དེ་ནས་དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ཁྱིམ་མཆོག་གི་ས་མཐོན་པོ་ཞིག་ན་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་དང་ལྷན་ཅིག་འདུས་ཤིང་འཁོད་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་མ་སྡུག་


DKG011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྡོད་ཅིང་འདུག་པ་ལས། བྲམ་ཟེའི་ཁྱེའུ་མ་སྡུག་གིས་བྲམ་ཟེ་པད་མའི་སྙིང་པོ་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེ་པད་མའི་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཀྱང་བྲམ་ཟེ་པད་མའི་སྙིང་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཤས་ཆེ་བའི་བྲམ་ཟེ་གཞན་རྣམས་ལ་ཡང་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བྲམ་ཟེའི་ཁྱེའུ་མ་སྡུག་ལ་བྲམ་ཟེ་པད་མའི་སྙིང་པོས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཇི་ག་ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་གྲགས་པ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡིན་ནམ། དེའི་མཚན་རྣམས་གྲགས་པ་ཡང་དག་པ་ཡིན་ནམ། མཁན་པོ་མད་ལགས་ཏེ། ཤེས་ལྡན་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་གྲགས་པ་ཡང་ཇི་ལྟ་བ་དེ་ཁོ་ན་བཞིན་ལགས་ལ། དེའི་མཚན་རྣམས་གྲགས་པ་ཡང་ཡང་དག་པ་ལགས་སོ། །བྲམ་ཟེའི་ཁྱེའུ་ཤེས་ལྡན་གཽ་ཏ་མ་དེ་དང་བར་སྐབས་ཀྱི་གཏམ་དག་བྱས་སམ། མཁན་པོ་བགྱིས་ལགས་སོ། །བྲམ་ཟེའི་ཁྱེའུ་ཤེས་ལྡན་གཽ་ཏ་མ་དེ་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་ཅི་སྨྲས་པ་དེ་ཐམས་ཅད་ངེད་ཅག་ལ་རྒྱས་པར་སྨྲོས་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་མ་སྡུག་གིས་བཅོམ་ལྡན་འདས་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་ཅི་ སྨྲས་པ་དེ་ཐམས་ཅད་དེ་བཞིན་དུ་བྲམ་ཟེ་པད་མའི་སྙིང་པོ་ལ་རྒྱས་པར་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་པད་མའི་སྙིང་པོ་ཁྲོས་འཁྲུགས་རྔམ་སྟེ་ཡིད་ལ་མ་བབ་པར་གྱུར་ནས། མཆིལ་ལྷམ་དང་བཅས་པའི་རྡོག་པས་བྲམ་ཟེའི་ཁྱེའུ་མ་སྡུག་གི་མགོར་བརྒྱབ་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །ཨེ་མའོ་ཕོ་ཉ་བྱེད་པ། ཨེ་མའོ་འཕྲིན་པར་བྱེད་པ། ཚུལ་འདི་འདྲ་བ་དང་། ཕོ་ཉ་བྱེད་པ་འདི་འདྲ་བ་དང་། ཕྲིན་པར་བྱེད་པ་ནི་བདག་ངན་སོང་དུ་ཡང་ལྟུང་བར་གྱུར་ཏེ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་ཤེས་ལྡན་གཽ་ཏ་མ་ལ་ཇི་ལྟ་ཇི་ལྟར་ཁྱད་དུ་བསད་ཅིང་ཟློགས་པར་སེམས་པ་དེ་ལྟ་དེ་ལྟར་ཤེས་ལྡན་གཽ་ཏ་མ་དེས་ཁོ་བོ་ཡང་དེ་དང་དེའི་ཁོངས་སུ་བརྩི་བར་དགོངས་སོ། །ཤེས་ལྡན་དག་དེང་ཁོ་ན་ཁོ་བོ་ཤེས་ལྡན་གཽ་ཏ་མ་དེ་ལ་བལྟ་བ་དང་། བསྙེན་བཀུར་བྱ་ཞིང་འགྲོར་


DKG011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཐག་པས་མ་ནུས་པར་ཟད་དེ། འོན་ཀྱང་སང་ཤེས་ལྡན་གཽ་ཏ་མ་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་བསྡོགས་ནས་ནང་པར་སྔར་ལངས་ཏེ། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་གིས་ཤིང་རྟ་བཀང་སྟེ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་པད་མའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གིས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་ཤིང་རྟ་བཀང་སྟེ་འཚལ་ཏེ། མཆིས་པ་འདི་ཤེས་ལྡན་གཽ་ཏ་མས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་བསིལ་ཡབ་ཀྱིས་གཡོབ་ཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་འདོད་པ་མཐུན་པ་ན་དགེ་སློང་ཇི་སྙེད་པ་ཉེ་བར་རྟེན་ཅིང་གནས་པ་དེ་ཐམས་ཅད་རིམ་གྲོའི་གནས་སུ་སྡུས་ཤིག །བཙུན་པ་བཀའ་བཞིན་འཚལ་ ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་འདོད་པ་མཐུན་པ་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་ཐམས་ཅད་རིམ་གྲོའི་གནས་སུ་བསྡུས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདོད་པ་མཐུན་པ་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ཤིང་མཆིས་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་རིམ་གྲོའི་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་


DKG011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་པ་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་པད་མའི་སྙིང་པོའི་སྦྱིན་པ་དེ་ལ་རྗེས་སུ་ཡི་རངས་པ་འདིས་རྗེས་སུ་ཡི་རང་བར་མཛད་དེ། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །བསྡེབ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །སྟེང་དང་འོག་དང་ཐད་ཀར་ཡང་། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ཡོན་བསྔོ་བ་མཛད་པ་ན་རྒན་ཞུགས་ཞིག་ཏིལ་གྱི་མར་ཁུར་ཟ་བ་མཐོང་སྟེ། མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་ཉན་ཐོས་ཐམས་ཅད་ ཤེས་ལྡན་གཽ་ཏ་མའི་ཐུགས་མཉེས་པར་བགྱིད་པ་ལགས་སམ། བྲམ་ཟེ་འདི་ལྟ་ངེས་པ་མེད་དེ། ཁ་ཅིག་ནི་མཉེས་པར་བྱེད། ཁ་ཅིག་ནི་མཉེས་པར་མི་བྱེད་དོ། །ཀྱེ་གཽ་ཏ་མ་ཁ་ཅིག་ནི་ཆོས་ཚོལ། ཁ་ཅིག་ནི་ཏིལ་གྱི་མར་ཁུར་འཚལ་བ་དག་གདའ་ལགས་སོ། །ཀྱེ་གཽ་ཏ་མ་བདག་གི་སློབ་མ་བྲམ་ཟེའི་ཁྱེའུ་མ་སྡུག་མཆིས་ལགས་སམ། བྲམ་ཟེ་འོངས་སོ། །ཤེས་ལྡན་གཽ་ཏ་མ་དེ་དང་ལྷན་ཅིག་བར་སྐབས་ཀྱི་བཀའ་མཆིད་དག་བགྱིས་ལགས་སམ། བྲམ་ཟེ་བྱས་སོ། །ཀྱེ་གཽ་ཏ་མ་དེའི་སླད་དུ་དེ་དང་ལྷན་ཅིག་བར་སྐབས་ཀྱི་བཀའ་མཆིད་ཇི་སྙེད་གླེངས་པ་དེ་དག་ཐམས་ཅད་བདག་ལ་རྒྱས་པར་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་མ་སྡུག་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་ཇི་སྙེད་པ་གླེངས་པ་དེ་དག་ཐམས་ཅད་བྲམ་ཟེ་པད་མའི་སྙིང་པོ་ལ་བཀའ་སྩལ་ཏོ། །དེ་ནས་བྲམ་ཟེ་པད་མའི་


DKG011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ནི་བུས་པ་རང་བཞིན་མ་འཚལ་བ་ལགས་སོ། །ཀྱེ་གཽ་ཏ་མ་བྲམ་ཟེའི་ཁྱེའུ་མ་སྡུག་ལ་ཁྱོད་ཀྱིས་བཟོད་པ་མཛོད་ཅིག །བྲམ་ཟེ་བཟོད་དོ། །ཤེས་ལྡན་གཽ་ཏ་མ་གང་གི་ཚེ་བདག་ཤིང་རྟའི་ནང་དུ་ཞུགས་པ་དང་། སྲབ་སྐྱོགས་འཛིན་པའམ། ལྕག་སྒྲེང་བའམ། སྐད་ཆེན་པོར་འཆི་བ་གཟིགས་པ་དེའི་ཚེ་བྲམ་ཟེ་པད་མའི་སྙིང་པོ་ངའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་། བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་བར་དེ་ལྟར་ཐུགས་སུ་ཆུད་པར་མཛད་དུ་གསོལ། ཀྱེ་ཤེས་ལྡན་གཽ་ཏ་མ་གང་གི་ཚེ་སྲང་གི་དབུས་ནས་མཆིས་པའམ། མཆིལ་ལྷམ་ཕུད་པའམ། ཤུལ་བཟུར་བའམ། སུག་པ་བརྐྱང་བ་གཟིགས་པ་དེའི་ཚེ་བདག་ཤེས་ལྡན་གཽ་ཏ་མ་ལ་ཕྱག་འཚལ་བར་གཟུང་དུ་གསོལ་ཞེས་བྱ་བ་ནས། རེག་པར་སྤྱོད་དམ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀྱེ་ཤེས་ལྡན་གཽ་ཏ་མ་གང་གི་ཚེ་བདག་འཁོར་གྱི་ནང་ན་མཆིས་པའམ། རད་པའམ། སྟན་ནམ། གཙུག་ཏོར་ལ་ནོམ་པ་གཟིགས་པ་དེའི་ཚེ་ཤེས་ལྡན་གཽ་ཏ་མ་ལ་ བདག་ཕྱག་འཚལ་བར་གཟུང་དུ་གསོལ་ཞེས་བྱ་བ་ནས། རེག་པར་སྤྱོད་དམ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ཅིའི་སླད་དུ་ཞེ་ན། ཀྱེ་ཤེས་ལྡན་གཽ་ཏ་མ་བྲམ་ཟེ་རྣམས་ནི་གྲགས་པས་ལོངས་སྤྱོད་ཐོབ་ལགས་ཏེ། དེ་དག་ནི་གྲགས་པ་ཁོ་ན་ལས་ལོངས་སྤྱོད་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་བྲམ་ཟེ་པད་མའི་སྙིང་པོ་འདི་ནི་ང་རྒྱལ་ཤིན་ཏུ་ཆེ་བ་ཞིག་པས་མ་ལ་ངས་འདི་ང་རྒྱལ་སྤང་བའི་ཕྱིར་ཆོས་བཤད་དོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་པད་མའི་སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དང་ལྡན་པའི་གཏམ་དུས་དང་པོར་བྱ་བ་གང་ཡིན་པ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་


DKG011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་དང་། འདོད་པ་རྣམས་ཀྱི་མནོག་དང་། ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་གང་གི་ཚེ་དེ་སྙིང་དགའ་བ་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་རྣམ་པར་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་པ་དང་། མཐུ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་བསྟན་པ་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་ཕུལ་གྱི་ཆོས་བཤད་པ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་སྟེ། འཕགས་པའི་བདེན་པ་བཞི་པོ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། དཔེར་ན་གོས་གཙང་མ་ནག་ནོག་མེད་ཅིང་ཁ་བསྒྱུར་བར་འོས་པ་ཚོན་རྩིའི་ནང་ན་བཅུག་ན། ཚོན་འཇེན་དུ་བཏུབ་པ་དེ་བཞིན་དུ་བྲམ་ཟེ་པད་མའི་སྙིང་པོས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ། འདི་ ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་སོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རྟོགས་པ་དང་། ཆོས་ཀྱི་རྣམ་གྲངས་ཤེས་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། ཐེ་ཚོམ་ལས་རྒལ་བ་དང་། སོམ་ཉི་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པའི་བསྟན་པ་ལ་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བྲམ་ཟེ་པད་མའི་སྙིང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་


DKG011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་པད་མའི་སྙིང་པོ་འཕྱ་བའི་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་དག་ཡོན་བསྔོ་བ་བྱེད་པ་ན་ཁ་ཟས་བཟའ་བ་ལས་གྱུར་ཏེ། དེ་ལྟ་བས་ན་དགེ་སློང་རྣམས་ཡོན་བསྔོ་བ་བྱེད་པ་ན་ཁ་ཟས་བཟའ་བར་མི་བྱ་བར་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་པད་མའི་སྙིང་པོ་འཕྱ་བའི་གཞིར་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ནི་ཡོན་བསྔོ་བ་བྱེད་པ་ན་ཁ་ཟས་བཟའ་བར་མི་བྱའོ། །དགེ་སློང་རྣམས་ཀྱིས་ཡོན་བསྔོ་བ་བྱེད་པ་ན་ཁ་ཟས་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཡོན་བསྔོ་བ་བྱེད་པའི་ཚེ། ཁ་ཟས་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། གསར་བུ་ཞིག་དུས་ཚོད་ལས་འདས་པར་གྱུར་ཏེ། དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རེ་ཞིག་ དགེ་སློང་སྔོན་ཟན་ཟ་བའི་ཚེ་དེས་དོན་ཀྱང་མ་གོ་སྒྲ་ཡང་མ་ཐོས་ན་དེས་བཟའ་བར་བྱ་སྟེ། དེ་ལ་ཉེས་པ་མེད་དོ། །གང་གིས་སྒྲ་ནི་ཐོས་ལ་དོན་མ་གོ་ན་དེས་ཀྱང་བཟའ་བར་བྱ་སྟེ། དེ་ལ་ཡང་ཉེས་པ་མེད་དོ། །གང་གིས་སྒྲ་ཡང་ཐོས་ལ་དོན་ཀྱང་གོ་བ་དེས་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་གི་སྒྲ་ཡང་ཐོས། དོན་ཀྱང་གོ་བ་དེ་དག་ཐོས་བཞིན་དུ་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དང་། གཙུག་ལག་ཁང་གཞན་ཞིག་ཏུ་དགེ་སློང་མང་པོ་འདུས་པར་གྱུར་ཏེ། དེར་དགེ་སློང་རྣམས་གྲལ་ཚར་གཉིས་སུ་བཅས་ཏེ། འདུག་པ་གསར་བུ་རྣམས་དང་། རྒན་པོ་དག་ཏུ་ཉེ་ནས་དེར་དགེ་སློང་གསར་བུ་དེ་དག་ཟ་བ་དང་། དེ་དག་གིས་སྒྲ་ཡང་ཐོས་དོན་ཀྱང་གོ་བར་གྱུར་ཏེ། དེ་དག་འགྱོད་པ་སྐྱེས་ཏེ་མ་ཟོས་པ་དང་། དེ་དག་སྨྱུང་བར་འདུག་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིགས་སུ་བཅད་པ་གཉིས་གསུམ་བརྗོད་ཀྱི་བར་དུ་བསྡད་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །སངས་རྒྱས་


DKG011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་གི་གནས་རི་དགས་ཀྱི་ནགས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བསྣམས་ལྷུང་བཟེད་ཐོགས་ཏེ་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་གཤེགས་པ་དང་། དེ་ནས་དགེ་སློང་གཞན་ཞིག་ཀྱང་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་དགེ་སློང་དེ་ཤིང་ཐགས་ཀྱི་དྲུང་དུ་འདུག་སྟེ། མི་དགེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་ཅིང་སྡིག་པ་ལ་ཆགས་ཤིང་གནས་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ཤིང་ཐགས་ཀྱི་དྲུང་ན་མི་དགེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་ཅིང་སྡིག་པ་ལ་ཆགས་ཤིང་གནས་པ་དེ་གཟིགས་སོ། །གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དགེ་སློང་བདག་ཉིད་ས་བོན་ཚ་བ་ལྟ་བུར་མ་ བྱེད་ཅིག །དྲི་ང་བ་དང་། ཟག་པར་མ་བྱེད་ཅིག །དགེ་སློང་ཁྱོད་ཀྱིས་འདིར་བདག་ཉིད་ས་བོན་ཚ་བ་ལྟ་བུ་དང་། དྲི་ང་བ་དང་། ཟག་པར་བྱས་ན་སྦྲང་བུ་དག་གིས་མི་མྱངས་ཤིང་མི་ལྡགས་པའི་གནས་དེ་ལྟ་བུར་འགྱུར་བར་མཁྱེན་ཏོ། །དེ་ནས་དགེ་སློང་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་སེམས་ཀྱི་རྟོག་པ་མཁྱེན་ཏོ་སྙམ་ནས་འཇིགས་སྐྲག་སྔངས་བྲེད་དེ། བ་སྤུ་ལང་ཞེས་བྱེད་ནས་ཤིང་ཐགས་ཀྱི་དྲུང་དེ་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཡིན་པ་ནི་དགེ་སློང་སྤྱོད་ཡུལ་མ་ཡིན་པ་ན་འདུག་པ་ལས་གྱུར་ཏོ། །དེ་ལྟ་བས་ན་དགེ་སློང་སྤྱོད་ཡུལ་མ་ཡིན་པ་ན་འདུག་པར་མི་བྱ་བར་མཁྱེན་ནས་བཱ་རཱ་ཎ་སཱིར་བསོད་སྙོམས་བརྒྱུས་ཏེ་ཟས་ཀྱི་བྱ་བ་མཛད་ནས། བསོད་སྙོམས་ཀྱི་ཟས་ཕྱི་མ་སྤངས་ཏེ། ལྷུང་བཟེད་དང་ཆོས་གོས་གཞག་ནས་ཞབས་གཉིས་བཀྲུས་ཏེ་གཙུག་ལག་ཁང་དུ་ནང་དུ་ཡང་དག་འཇོག་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས། དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་


DKG011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་དེང་འདིར་ང་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་དང་། དགེ་སློང་གཞན་ཞིག་ཀྱང་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་དགེ་སློང་དེ་ཤིང་ཐགས་གཞན་ཞིག་གི་དྲུང་དུ་འདུག་སྟེ་མི་དགེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་ཅིང་སྡིག་པ་ལ་ཆགས་ཤིང་གནས་སོ། །དགེ་སློང་དེ་ཤིང་ཐགས་གཞན་ཞིག་གི་དྲུང་དུ་འདུག་སྟེ། མི་དགེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་ཅིང་སྡིག་པ་ལ་ཆགས་ཤིང་གནས་པ་དེ་ངས་མཐོང་ངོ་། །མཐོང་ནས་ཀྱང་དགེ་སློང་དེ་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དགེ་སློང་བདག་ཉིད་ས་བོན་ཚ་བ་ལྟ་བུར་མ་བྱེད་ཅིག །དྲི་ང་བ་དང་། ཟག་པར་མ་བྱེད་ཅིག །དགེ་སློང་ཁྱོད་ཀྱིས་འདིར་ས་བོན་ཚ་བ་ལྟ་བུ་དང་། དྲི་ང་བ་དང་། ཟག་པར་བྱས་ན་སྦྲང་བུ་དག་གིས་ མི་མྱངས་ཤིང་མི་ལྡགས་པའི་གནས་དེ་ལྟ་བུར་འགྱུར་བར་མཁྱེན་ཏོ། །དེ་ནས་དགེ་སློང་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་སེམས་ཀྱི་རྟོག་པ་མཁྱེན་ཏོ་སྙམ་ནས་འཇིགས་སྐྲག་སྔངས་བྲེད་དེ། བ་སྤུ་ལང་ཞེས་བྱེད་ནས། རིངས་པ་རིངས་པར་ཤིང་ཐགས་དེ་ཉིད་ཀྱི་དྲུང་ནས་སོང་ངོ་། །དགེ་སློང་དག་དེ་བས་ན་དེའི་ཕྱིར་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་སྤྱོད་ཡུལ་མ་ཡིན་པ་ན་འདུག་པ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་དག་གི་སྤྱོད་ཡུལ་མ་ཡིན་པ་ན་འདུག་པར་མི་བྱའོ། །སྤྱོད་ཡུལ་མ་ཡིན་པ་ན་འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་དགེ་སློང་གཞན་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཕགས་པའི་ཆོས་འདུལ་བ་ལ་ས་བོན་ཚ་བ་ཞེས་བགྱི་བ་ཅི་ལགས། དྲི་ང་བ་ཞེས་བགྱི་བ་གང་ལགས། ཟག་པ་ཞེས་བགྱི་བ་ཅི་ལགས། ཟག་པ་དེའི་སྦྲང་བུ་ཞེས་བགྱི་བ་ཅི་ལགས། དགེ་སློང་ས་བོན་ཚ་བ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བ་ལ་རྣམ་པར་རྟོག་པའི་ཚིག་བླ་དགས་ཡིན་ཏེ། འདི་ལྟ་སྟེ། འདོད་པ་ལ་རྣམ་པར་རྟོག་པ་དང་།


DKG011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སེམས་ལ་རྣམ་པར་རྟོག་པ་དང་། འཚེ་བ་ལ་རྣམ་པར་རྟོག་པའོ། །དྲི་ང་བ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གི་ཚིག་བླ་དགས་ཡིན་ཏེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཞེས་བྱ་མོད་ཀྱི། དགེ་སློང་འདི་ནི་འདོད་པའི་ཡོན་ཏན་མ་ཡིན་གྱི་གང་འདུན་པ་དང་ཆགས་པ་དེ་ནི་འདོད་པ་ཞེས་བྱའོ། །ཟག་པ་ཞེས་བྱ་བ་ནི་ཁ་ཅིག་ཇི་ལྟར་སྐྱེ་མཆེད་དྲུག་ལ་རེག་ཅིང་ཟག་པར་གནས་པ་སྟེ། མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་རྣམས་སོ། །ཟག་པའི་སྦྲང་བུ་ཞེས་བྱ་བ་ནི་ཁ་ཅིག་ཇི་ལྟར་སྐྱེ་མཆེད་དྲུག་ལ་སྡོམ་པས་མི་སྡོམ་པར་གནས་པ་སྟེ། ཆགས་པ་དང་ཡིད་མི་བདེ་བས་འཇིག་རྟེན་གྱི་སྡིག་པ་མི་དགེ་བའི་ཆོས་ལ་སེམས་རྗེས་སུ་ཟག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། སྟོན་པ་བདེ་བར་གཤེགས་ པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གིས་འདོད་པ་འདོད་ཆགས་བསྐྱོད། །མིག་དང་རྣ་བ་མ་བསྲུངས་ཤིང་། །རྣམ་པར་རྟོག་པས་མྱངས་པས་ན། །དགེ་སློང་ས་བོན་ཚ་བར་བྱེད། །དྲི་ང་བ་དང་ཟག་པ་དང་། །སྡིག་ལ་ཆགས་ཤིང་གནས་པ་ཡིན། །གྲོང་ངམ་གལ་ཏེ་དགོན་པ་འམ། །མཚན་མོའམ་འོན་ཏེ་ཉིན་མོའང་རུང་། །བདེ་བ་དག་ལས་རིང་དུ་གནས། །ཉམ་ཐག་པ་ཉིད་ཉེ་བར་འགྱུར། །གང་གིས་ནང་གི་ཞི་གནས་དང་། །རང་གིས་མངོན་རིག་བརྩོན་བྱས་ན། །སྦྲང་བུ་དེ་དག་མེད་བྱས་ཤིང་། །དེ་ནི་འཇིག་རྟེན་འདིར་བདེར་གནས། །དགེ་བའི་སྐྱེས་བུར་བསྟེན་པ་ནི། །འཕགས་པས་ཚིག་བཟང་བཤད་པ་སྟེ། །དེ་ཚིག་ཡང་དག་ཤེས་གྱུར་ན། །ཡང་སྲིད་པར་ནི་མི་འགྲོའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྤྱོད་ཡུལ་མ་ཡིན་པར་གནས་པར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་སྤྱོད་ཡུལ་མ་ཡིན་པ་རྣམ་པ་དུ་ཡོད་མ་ཤེས་ནས། དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱོད་ཡུལ་མ་ཡིན་པ་རྣམ་པ་ལྔ་སྟེ། རོལ་མོའི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་སྒོ་དང་། རིགས་ངན་གྱི་གནས་སོ།། །།སྡོམ་ནི།


DKG011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མལ་ན་སྦྲུལ་ནག་ཉལ་བ་དང་། །ཆོས་གོས་གཅིག་པས་ཕྱག་མི་བྱ། །རྒན་པ་བཞི་ལ་ཕྱག་བྱས་ཏེ། །དེ་བཞིན་ཚོགས་ལའང་ཕྱག་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ཞིག་འདུག་པ་དེས་དགེ་སློང་གྲོགས་པོ་ཞིག་ལ་མལ་སྟན་གཏམས་ཏེ་ལྗོངས་རྒྱུ་ཞིང་སོང་ངོ་། །དགེ་སློང་དེས་མལ་སྟན་དེ་ཇི་ལྟར་བཏིང་བ་བཞིན་དུ་བཞག་ནས་དེར་སུ་ཡང་ཉལ་ཞིང་ལྟ་བར་མི་བྱེད་དེ། མལ་སྟན་དེ་སྟོང་པར་འདུག་པ་དང་། གནམ་བབས་སུ་སྦྲུལ་གདུག་པ་ཞིག་ཕན་ཚུན་དུ་འཕྱན་ཅིང་རང་དགར་རྒྱུ་ཞིང་གནས་པ་ལས་མལ་སྟན་འདུག་པ་དེར་ཕྱིན་ཏེ། དེ་དེའི་འོག་ཏུ་འཁྱིལ་ཏེ་འདུག་གོ །ཇི་ཙམ་ན་དགེ་སློང་ཞིག་གློ་བུར་དུ་དགེ་སློང་དེའི་དྲུང་དུ་འོངས་པ་དང་། དགེ་སློང་དེས་དེ་ངལ་བསོས་ཏེ། དེ་ནས་ལམ་གྱི་ངལ་སོས་པ་དང་། དེས་མཆོད་རྟེན་དང་། ཚངས་པ་མཚུངས་པར་སྤྱོད་པ་ལ་ཕྱག་འཚལ་དུ་བཅུག་ནས། དེས་མཆོད་རྟེན་དག་ལ་ཕྱག་བྱས་ནས་ཉི་མ་ནུབ་སྟེ། དགེ་སློང་དེས་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཆུ་དང་ས་དང་ཡུངས་མར་འདི་རེ་མལ་སྟན་ཡང་འདི་ཡིན་ཏེ། ཇི་ལྟར་བཏིང་ཞིང་འདུག་པ་ལ་ཁྱོད་ལམ་གྱིས་དུབ་པས་རྐང་པ་ཁྲུས་ལ་ཉོལ་ཅིག་ཅེས་སྨྲས་པ་དང་། དེ་སྔོན་གྱི་ལས་ཀྱི་དབང་གིས་བསྐུལ་བས་མལ་སྟན་ལ་མ་བརྟགས་པར་ཉལ་ཏེ། གཉིད་ཀྱིས་ལོག་གོ །དེ་གཉིད་ཀྱིས་ལོག་པས་སྦྲུལ་གདུག་པ་དེ་གནོན་པ་དང་། དེ་ཕན་ཚུན་འགྲོ་བའི་སྐབས་མེད་དེ། བཙིར་བའི་སྡུག་བསྔལ་གྱི་ཚོར་བས་གཟིར་ནས་དགེ་སློང་དེའི་ལུས་ལ་བཟུང་ངོ་། །དེ་མཆེ་བས་ཟིན་པའི་སྡུག་བསྔལ་སྐྱེས་པར་གྱུར་པས་ཕན་ཚུན་བསྒྱུར་བ་དང་། དེ་ཡང་ཤི་བར་གྱུར་ཏེ། དེ་གཉིས་ཀ་ཡང་དུས་ལས་འདས་སོ། །ཇི་ཙམ་ན་མཚན་མོའི་ནམ་ནངས་ཏེ། དགེ་སློང་དེ་དེའི་དྲུང་དུ་སོང་ནས་དལ་ནས་དལ་ནས་སྒོ་འཕར་ལ་བརྡུངས་པ་དང་། དེ་དུས་ལས་འདས་པས་ག་ལ་ཞིག་ལན་འདེབས་ཏེ། དེ་རེ་ཞིག་འདི་ངལ་བས་ཉལ་ཏེ་རང་ལྡང་གྲང་སྙམ་དུ་བསམས་པ་དང་། ཇི་ཙམ་ན་དྲོ་བབ་པར་གྱུར་ཏེ། དགེ་སློང་དེ་ཡང་དེའི་དྲུང་དུ་སོང་ནས་སྒོ་འཕར་ལ་དྲག་


DKG011_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྡུངས་ཏེ། ཚེ་དང་ལྡན་པ་དྲོ་བབ་ཀྱིས་ལོང་ཤིག་ཅེས་སྨྲས་པ་དང་། གནས་ཁང་སྟོང་པར་འདུག་པས་ག་ལ་ཞིག་ལན་ཡོད་དེ། དེ་ལ་དགེ་སློང་དག་གིས་ཅིའི་ཕྱིར་སྒོ་འཕར་རྡུང་ཞེས་སྨྲས་པ་དང་། དེས་ཇི་ལྟར་གྱུར་པ་རྒྱས་པར་བརྗོད་དོ། །དགེ་སློང་དག་གིས་ལྡེ་མིག་ཀྱོག་པོ་བླངས་ཏེ་སྒོ་ཕྱེ་བ་དང་། ཇི་ཙམ་ན་དུས་ལས་འདས་པར་མཐོང་ངོ་། །དེ་དག་གིས་ཕན་ཚུན་དུ་བརྟགས་ན་སྦྲུལ་གདུག་པ་ཞིག་མལ་གྱི་འོག་ཏུ་ནོན་ནས་དུས་ལས་འདས་པར་མཐོང་སྟེ། དེ་ནས་ཁ་ཅིག་གིས་ཚེ་དང་ལྡན་པ་འདི་ནི་སྦྲུལ་གདུག་པ་འདིས་ཟོས་པས་དུས་ལས་འདས་སོ། །དེ་ན་ཁ་ཅིག་ནི་འདི་ཡང་ཚེ་དང་ལྡན་པ་འདིས་ལུས་བསྒྱུར་བས་དུས་ལས་འདས་སོ་ཞེས་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཡིན་པ་ནི་དགེ་སློང་མལ་སྟན་གཏམས་པས་མལ་སྟན་གྱི་ཞལ་ཏ་པ་ལ་མ་གཏད་ཅིང་དུས་དུས་སུ་མ་བརྟགས་པ་ལས་གྱུར་ཏེ། དེ་ལྟ་བས་ན་མལ་སྟན་གཏམས་པར་གྱུར་པ་དེས་མལ་སྟན་གྱི་ཞལ་ཏ་པ་ལ་གཏད་པར་བྱ་ཞིང་ལྟབ་སྟེ་ཆོས་གོས་ཀྱི་གདང་བུ་ལ་དགལ་བར་བྱ་བར་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེས་ནི་བག་མེད་པ་བྱས་པས་ཉེས་དམིགས་སུ་གྱུར་ཏེ། དེ་ལྟ་བས་ན་དགེ་སློང་གང་ལ་མལ་སྟན་གཏམས་པར་གྱུར་པ་དེས་ཅི་ནུས་ཀྱིས་སྐོམས་ལ་ལྟོབ་སྟེ་མལ་སྟན་གྱི་ཞལ་ཏ་པ་ལ་གཏོད་ཅིག །ཡང་ན་ལྟོབ་ལ་ཆོས་གོས་ཀྱི་གདང་བུ་ལ་བཀལ་ཏེ་གཞག་པར་བྱའོ། །གང་ཞིག་ཉལ་བར་བྱེད་ན་ཡང་མལ་སྟན་ལ་བརྟགས་ཏེ་ཉལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་མལ་སྟན་ལ་ཉལ་བར་འདོད་པ་དེས་མལ་སྟན་ལ་རྟོགས་ལ་ཉལ་བར་བྱའོ་ཞེས་གསུངས་པ་དང་། དེ་དག་གིས་མེ་མར་ལ་མལ་སྟན་རྟོག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མལ་སྟན་མེ་མར་ལ་བརྟག་པར་མི་བྱའོ། །འོན་ཀྱང་ཉིན་པར་མལ་སྟན་ལ་བརྟག་པར་བྱའོ། །དགེ་སློང་དག་གིས་མལ་སྟན་ཐམས་ཅད་གློངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡུན་རིང་དུ་གཞག་པ་དེ་དག་ནི་གཞི་ལས་གློངས་ལ་བརྟག་པར་བྱའོ། །བཏིང་བ་གཞན་ནི་སྤྲུགས་པ་ལ་ཉལ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་


DKG011_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གཉིས་ཤིག་གནས་ཁང་གཅིག་ན་གནས་ཏེ། དེ་གཉིས་ལས་གཅིག་གིས་གཞོན་ནུ་གཞན་ཞིག་རབ་ཏུ་ཕྱུང་བ་དང་། དེ་རབ་ཏུ་གཉིད་ཆེ་བ་ཞིག་སྟེ་རིང་ཞིག་ན་ལྡང་བ་དང་། དེ་ལ་མཁན་པོ་རྟག་ཏུ་གཤེའོ། །ཇི་ཙམ་དུས་གཞན་ཞིག་ན་རིང་ཞིག་གཉིད་ཀྱིས་ལོག་པ་དང་། སྔངས་ཏེ་ལངས་ནས་རྔུལ་གཟན་ཤམ་ཐབས་སུ་གྱོན་ཏེ། དེ་བཞིན་དུ་མཁན་པོའི་དྲུང་དུ་སོང་བ་དང་། དེ་ཡང་མལ་ནས་ལངས་ནས་ཤམ་ཐབས་གྱོན་ཞིང་འདུག་པ་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང་། དེ་ཡང་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པས་དེ་ལངས་པའི་མགོ་ལ་མཁན་པོའི་ཤམ་ཐབས་ཐོགས་ནས་ལྷུང་སྟེ་སྒྲེན་མོར་གྱུར། དེའི་རྔུལ་གཟན་ཡང་ལྷུང་བར་གྱུར་ཏེ། གཉི་ག་སྒྲེན་མོར་གྱུར་ཅིང་ཇི་ལྟར་ཚུལ་མི་སྡུག་པར་འདུག་པ་གནས་ཁང་གཅིག་ན་གནས་པ་མཐོང་སྟེ། དེས་ཚེ་དང་ལྡན་པ་དག་བཟང་ངོ་། །ཇི་ལྟར་སྐྱེས་བུ་ཁྱོད་སྐྱེས་པའི་མཚན་དང་ལྡན་པར་ངས་ད་གདོད་ཤེས་སོ་ཞེས་སྨྲས་པ་དང་། གཉིས་ཀ་སྐྱེངས་ཏེ་སྤོབས་པ་མེད་པར་སོང་ནས། དེས་དགེ་སློང་དེ་ལ་སྤྱོས་པ་དང་། དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ལ་དེ་བཞིན་དུ་རྟག་ཏུ་གཤེ་བར་གྱུར་ན་ཁྱོད་ཀྱིས་ཅི་ཞིག་བྱས། དེས་སྨྲས་པ། ཚེ་དང་ལྡན་པ་དག་འདི་དང་སྔོན་ནི་ལྷན་ཅིག་འདུམ་པར་རུང་ན་ད་ནི་འདུམ་པར་མི་འགྱུར་བས་གཤེད་གཅིག་ཏུ་འགྲོ་བར་བྱའོ། །དེ་དག་གིས་ཅི་ལས་གྱུར་ཅེས་སྨྲས་པ་དང་། དེས་ཇི་ལྟར་གྱུར་པ་དེ་དག་ལ་རྒྱས་པར་སྨྲས་སོ། །དེ་དག་གིས་ཚེ་དང་ལྡན་པ་ཁྱོད་ཀྱིས་ཉེས་པས་གཤེ་བ་ནི་གནས་ཡིན་ནོ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་གྱུར་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་དེས་དེ་སྤྱོས་པ་ནི་གནས་ཡིན་ཏེ། དགེ་སློང་དག་དེ་ལྟ་བས་ན་ཉེས་དམིགས་གང་ཡིན་པ་ནི་ཆོས་གོས་གཅིག་གོན་པས་ཕྱག་བྱེད་ཅིང་ཆོས་གོས་གཅིག་གྱོན་པས་ཕྱག་བྱེད་པ་བདག་གིར་བྱེད་པ་སྟེ། དེ་ལྟ་བས་ན་དགེ་སློང་དག་ཆོས་གོས་གཅིག་གྱོན་པས་ཕྱག་མི་བྱ་ཞིང་། ཆོས་གོས་གཅིག་གྱོན་པས་ཀྱང་ཕྱག་བྱེད་པ་བདག་གིར་བྱ་བ་མ་ཡིན་པར་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དེས་


DKG011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྤྱོས་པ་ནི་གནས་ཡིན་ཏེ། དགེ་སློང་དག་དེ་ལྟ་བས་ན་ཆོས་གོས་གཅིག་གྱོན་པ་དེས་ཀྱང་ཕྱག་མི་བྱ་ཆོས་གོས་གཅིག་གྱོན་པ་ལ་ཡང་ཕྱག་མི་བྱ། ཆོས་གོས་གཅིག་གྱོན་པས་ཕྱག་བྱེད་པ་ཡང་བདག་གིར་མི་བྱའོ། །དགེ་སློང་དག་ཆོས་གོས་གཅིག་གྱོན་པས་ཕྱག་བྱེད་དམ་ཆོས་གོས་གཅིག་གྱོན་པ་ལ་ཕྱག་བྱེད་དམ། ཆོས་གོས་གཅིག་གྱོན་པས་ཕྱག་བྱེད་པ་བདག་གིར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་དགེ་སློང་གིས་ཚུལ་ ཁྲིམས་མ་རིག་པར་ངལ་བསོ་བར་མི་བྱའོ་ཞེས་གསུངས་པ་དང་། ཡུལ་སོ་སོ་ན་གནས་པའི་དགེ་སློང་དག་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དང་དེ་དག་ནས་མཆོད་རྟེན་ལ་ཕྱག་བྱེད་དུ་ལྷགས་པ་དེ་དག་ལ་གང་གིས་ཀྱང་ངལ་མ་བསོས་ཏེ་བསྐྲད་ནས། ཁྱམས་དང་། སྒོ་ཁང་དང་། ཐེམ་སྐས་དང་། སྒོ་ཁང་གི་ཁྱམས་དང་། ཤིང་དྲུང་དག་ཏུ་གནས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་མ་དད་པ་ཁ་ཅིག་གིས་མཐོང་ནས་འཕགས་པ་ཁྱེད་ཅག་གཙུག་ལག་ཁང་ནས་བསྐྲད་དམ། ཅི་ན་འདི་བཞིན་དུ་འདུག །དེ་དག་གིས་སྨྲས་པ། བཞིན་བཟངས་ངེད་ནི་གཙུག་ལག་ཁང་ནས་བསྐྲད་པ་མ་ཡིན་ཏེ། འོན་ཀྱང་གློ་བུར་དུ་འོངས་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འཕགས་པ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་གནས་ཁང་དག་མ་བྱིན་ནམ། དེ་དག་གིས་བཞིན་བཟངས་ངེད་ཀྱི་ཚུལ་ཁྲིམས་མི་ཤེས་པས་སུ་ཞིག་ངེད་ལ་གནས་ཁང་གི་སྐབས་འབྱེད་པར་བྱེད། གང་ཇི་ལྟར་ཡང་རུང་འདིར་གནས་ཏེ་མཆོད་རྟེན་ལ་ཕྱག་བྱས་ནས་རང་གི་གནས་སུ་འགྲོའོ་ཞེས་སྨྲས་པ་དང་། ཤཱཀྱའི་བུའི་དགེ་སློང་རྣམས་ཀྱི་ཚུལ་ཁྲིམས་ནི་སྙོམས་པའོ་ཞེས་ཐོས་ན། དེ་ཇི་ལྟར་སྙོམས་པའི་ཚུལ་ཁྲིམས་དེ་ཚངས་པ་མཚུངས་པར་སྤྱོད་པ་གློ་བུར་དུ་འོངས་པ་ལ་ཡང་གནས་ཁང་སྦྱིན་པར་མི་བྱེད་དོ་ཞེས་དེ་དག་སྨོད་པར་བྱེད། འཕྱ་བར་བྱེད། ཕྱར་ཀ་གཏོང་བར་བྱེད་པ་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གློ་བུར་དུ་འོངས་པའི་ཀུན་དུ་སྤྱད་


DKG011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ངས་བཅའ་བར་བྱ་སྟེ། དགེ་སློང་གློ་བུར་དུ་འོངས་པས་རྒན་པ་བཞི་ལ་ཕྱག་བྱོས་ལ་དེའི་མདུན་དུ་འདུག་པར་བྱའོ། །དེ་དག་གིས་ཀྱང་དེ་ལ་གུས་པར་གྱིས་ལ་ངལ་སོར་གཞུག་པར་བྱ་ཞིང་གནས་ཁང་དང་མལ་སྟན་གྱི་ཞལ་ཏ་བས་ཀྱང་མལ་སྟན་སྦྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གློ་བུར་དུ་འོངས་པའི་དགེ་སློང་གིས་རྒན་པ་བཞི་ལ་ཕྱག་བྱས་ཏེ་མདུན་དུ་འདུག་པར་བྱའོ་ཞེས་གསུངས་པ་དང་། ཇི་ཙམ་ན་དགེ་སློང་གཞན་ཞིག་ ལྗོངས་རྒྱུ་ཞིང་འགྲོ་བ་ལས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏེ། དེས་དགེ་སློང་དག་ལ་ཚེ་དང་ལྡན་པ་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱས་གང་ན་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། འོད་མའི་ཚལ་ནའོ། །དེ་འོད་མའི་ཚལ་དུ་སོང་སྟེ། དེའི་གནས་ཁང་གི་སྒོ་དལ་ནས་དལ་ནས་བརྡུངས་པ་དང་། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་སྒོ་རྡུང་བ་འདི་སུ་ཡིན་ཞེས་སྨྲས་སོ། །དེས་སྨྲས་པ། གནས་བརྟན་བདག་ནི་གློ་བུར་དུ་མཆིས་པ་མིང་འདི་ཞེས་བགྱི་བ་ལགས་སོ། །དེས་ཚེ་དང་ལྡན་པ་ནང་དུ་ཞུགས་ལ་ངལ་སོས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། གནས་བརྟན་འོད་སྲུང་ཆེན་པོ་ལ་ཕྱག་འཚལ་ན། དེ་གང་ན་བཞུགས་པ་གསུངས་ཤིག །དེས་སྨྲས་པ། ཚེ་དང་ལྡན་པ་ཤིང་པིབ་པ་ལའི་ཕུག་ན་འདུག་གིས་སོང་ཤིག་ཅེས་སྨྲས་པ་དང་། ཤིང་པིབ་པ་ལའི་ཕུག་ཏུ་སོང་སྟེ་བགས་ཀྱིས་དལ་ནས་དལ་ནས་སྒོ་བརྡུངས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྒོ་རྡུང་བ་འདི་སུ་ཡིན་ཞེས་སྨྲས་སོ། །དེས་སྨྲས་པ། འཕགས་པ་བདག་ནི་གློ་བུར་དུ་མཆིས་པ་མིང་འདི་ཞེས་བགྱི་བ་ལགས་སོ། །ཚེ་དང་ལྡན་པ་ནང་དུ་ཞུགས་ལ་ངལ་སོས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། གནས་བརྟན་ཆེན་པོ་སྐུལ་བྱེད་ལ་ཡང་ཕྱག་འཚལ་ན། དེ་གང་ན་བཞུགས་གསུངས་ཤིག་དེས་སྨྲས་པ། ཚེ་དང་ལྡན་པ་བྱ་རྒོད་ཕུང་པོའི་རི་ལ་འདུག་གིས་དེར་སོང་ཤིག །དེ་བྱ་རྒོད་ཕུང་པོའི་རི་ལ་སོང་སྟེ་དེའི་གནས་ཁང་ལ་བགས་ཀྱིས་དལ་ནས་དལ་ནས་སྒོ་བརྡུངས་པ་དང་། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་སྒོ་རྡུང་བ་དེ་སུ་ཡིན་ཞེས་སྨྲས་པ་དང་། དེས་སྨྲས་པ། གནས་བརྟན་བདག་ནི་གློ་བུར་དུ་མཆིས་པ་མིང་འདི་ཞེས་བགྱི་བ་ལགས་སོ། །དེས་ཀྱང་ཚེ་དང་ལྡན་པ་ནང་དུ་ཞུགས་ལ་ངལ་སོས་ཤིག་ཅེས་སྨྲས་པ་དང་།


DKG011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྨྲས་པ། གནས་བརྟན་སྟོབས་བཅུ་འོད་སྲུང་ལ་ཕྱག་འཚལ་ན། དེ་གང་ན་བཞུགས་གསུངས་ཤིག །དེས་སྨྲས་པ། ཚེ་དང་ལྡན་པ་སྡེ་ཅན་གྱི་ཕུག་ན་འདུག་གིས་སོང་ཤིག །དེ་སྡེ་ཅན་གྱི་ཕུག་ཏུ་སོང་སྟེ་བགས་ཀྱིས་དལ་ནས་དལ་ནས་སྒོ་བརྡུངས་པ་དང་། ཚེ་དང་ལྡན་པ་སྟོབས་བཅུ་འོད་སྲུང་གིས་སྒོ་རྡུང་བ་སུ་ཡིན་ཞེས་སྨྲས་སོ། ། དེས་སྨྲས་པ། བདག་ནི་གློ་བུར་དུ་མཆིས་པ་མིང་འདི་ཞེས་བགྱི་བ་ལགས་སོ། །དེས་ཀྱང་ཚེ་དང་ལྡན་པ་ནང་དུ་ཞུགས་ལ་ངལ་སོས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། གནས་བརྟན་ད་ནི་ནམ་ཡང་ནངས་ཏེ་བསོད་སྙོམས་ལ་འཇུག་དགོས་ན་ཇི་ལྟར་ངལ་སོ་མཆིའོ། །བཅོམ་ལྡན་འདས་ཀྱིས་ནི་བདག་ཅག་གློ་བུར་དུ་ལྷགས་པ་ལམ་གྱིས་དུབ་པ་རྣམས་ལ་ཆད་པས་དགུམ་པའི་ལས་ཀྱི་དོན་དུ་རྒན་པ་བཞི་ལ་གློ་བུར་དུ་འོངས་པས་ཕྱག་བྱོས་ཤིག་ཅེས་གསུང་ངོ་ཞེས་དེའི་སྐབས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་ས་ལ་འདུག་གོ་ཅོག་གི་གནས་བརྟན་ལ་མ་གསུངས་མོད་ཀྱི། འོན་ཀྱང་གཙུག་ལག་ཁང་ན་གནས་པ་དེ་ཉིད་ཀྱི་གནས་བརྟན་ལ་ཕྱག་བྱའོ།། །།སྡོམ་ནི། སྟོན་ལ་ངག་ལྡན་གྱིས་ཞུས་ནས། །མཁན་པོའི་རྗེས་སུ་སྤྱད་པ་དང་། །རི་དགས་ལ་ནི་ལྔ་བརྒྱ་དང་། །ཐ་མར་གྱུར་པ་བདུན་བརྒྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ངག་ལྡན་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ངག་ལྡན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་མཁན་པོ་དང་། སློབ་དཔོན་ལ་ཇི་ལྟར་བསྒྲུབ་པར་བགྱི། ངག་ལྡན་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ཀུན་དུ་སྤྱད་པའི་ཆོས་ངས་ཡང་དག་པར་བཅའ་བར་བྱའོ། །དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ནང་པར་སྔར་ལངས་ཏེ། མཁན་པོ་


DKG011_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་སློབ་དཔོན་ལ་ཁམས་མཉམ་མམ་ཞེས་དྲི་བར་བྱའོ། །གལ་ཏེ་མཁན་པོ་ཁམས་མི་མཉམ་མོ་ཞེས་ཟེར་ན་དེའི་ནད་དྲིས་ཏེ་སྨན་པ་ལ་བཞིན་བཟངས་བདག་གི་མཁན་པོ་འདི་འདྲ་བར་ན་བར་གྱུར་ན་སྨན་སྟོན་ཅིག་ཅེས་དྲིས་ལ་ཇི་ལྟར་བསྒོ་བ་དེ་ལྟར་བྱའོ། །དེ་ལྟར་འབྱོར་ན་ལེགས། གལ་ཏེ་མ་འབྱོར་ན་དེའི་ཉེ་དུ་དག་ལ་བསླང་ བར་བྱའོ། །གལ་ཏེ་ཉེ་དུ་མང་པོར་གྱུར་ན་དེས་མཁན་པོའི་ཉེ་དུ་གང་ལས་སྨན་བསླང་བར་བགྱི་ཞེས་དྲི་ཞིང་གང་ལ་བསྟན་པ་དེའི་དྲུང་ནས་བསླང་བར་བྱའོ། །ཉེ་དུ་དག་མེད་ན་བྲམ་ཟེ་དང་ཁྱིམ་བདག་གང་ལ་བསྟན་པ་དེ་ལས་བསླང་བར་བྱའོ། །གལ་ཏེ་དེ་ལྟ་བུ་ཡང་མེད་ན་སྨན་ཁང་ནས་བསླང་བར་བྱའོ། །གལ་ཏེ་དེ་ནས་ཀྱང་མ་རྙེད་ན་རང་གི་ལས་ལ་བལྟ་ཞིང་བཟའ་བ་དང་། བཏུང་བ་དང་། མྱང་བ་ཙམ་ལ་གནས་པར་བྱའོ། །ཇི་སྟེ་མིན་པར་གྱུར་པ་ཞིག་ན་སོ་ཤིང་བཟའ་བར་བྱ་ཞིང་ཕྱོགས་གང་དུ་མཁན་པོས་སོ་ཤིང་བོར་བའི་ཕྱོགས་སུ་ཕྱག་དར་དང་། དཀྱིལ་འཁོར་བྱས་ནས་སྟན་གདིང་ཞིང་། ཆུ་སྣོད་དང་། ཆོལ་ཟངས་དང་། འདག་ཆལ་དང་། སོ་ཤིང་བོར་ནས་ཆོལ་ཟངས་བླང་བར་བྱའོ། །གལ་ཏེ་མིག་ནད་ཅན་ཞིག་ན་སྨན་པས་བསྒོ་བའི་མིག་སྨན་སྦྱར་བར་བྱ་སྟེ། མིག་སྨན་སྦྱར་ནས་སྦྱིན་པར་བྱ་ཞིང་དེ་སླར་ཡང་བླང་བར་བྱའོ། །ཆོས་གོས་དག་ཀྱང་སྦྱིན་པར་བྱ་ཞིང་ནམ་ཆོས་གོས་བགོས་ནས་མཆོད་རྟེན་དག་ལ་ཕྱག་བྱེད་ན། དེ་ནས་གནས་ཁང་ཆག་ཆག་གིས་གདབ་ཅིང་ཕྱག་དར་བྱའོ། །གལ་ཏེ་རྡུལ་ཡོད་པར་གྱུར་ན་བ་ལང་གི་ལྕི་བའམ། ལོ་མ་སྔོན་པོས་ཇི་ཙམ་པ་དེ་བྱུག་པར་བྱའོ། །དེ་ནས་མཆོད་རྟེན་ལ་ཕྱག་བྱ་ཞིང་ཚངས་པ་མཚུངས་པར་སྤྱོད་པ་ལ་ཡང་ཅི་ནུས་ཀྱིས་ཕྱག་བྱའོ། །དེ་ནས་བསམ་གཏན་དང་བཀླག་པའི་སྦྱོར་བས་གནས་པར་བྱའོ། །དུས་ཚོད་ཤེས་ནས་ལྷུང་བཟེད་གཉིས་བཀྲུས་ཏེ། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན་ལྷུང་བཟེད་ལྕི་བ་དེ་བདག་གིས་བཀུར་བར་བྱ་ཞིང་། གང་ཡང་བ་དེ་མཁན་པོ་ལ་སྦྱིན་པར་བྱའོ། །གལ་ཏེ་གྲང་བའི་དུས་སུ་གྱུར་ན་སྣམ་སྦྱར་གང་ལྕི་བ་དེ་མཁན་པོ་ལ་སྦྱིན་པར་བྱ་ཞིང་། གང་ཡང་བ་དེ་བདག་གིས་བགོ་བར་བྱའོ། །ཇི་སྟེ་དྲོ་བ་ཞིག་ཏུ་གྱུར་ན་གང་ཡང་བ་དེ་མཁན་པོ་ལ་སྦྱིན་པར་བྱ་ཞིང་། གང་ལྕི་བ་དེ་བདག་གིས་བཀུར་


DKG011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །གལ་ཏེ་ལམ་མི་བདེ་བར་གྱུར་ན་སྔོན་དུ་འགྲོ་བར་བྱ་ཞིང་། ཇི་སྟེ་བདེ་བ་ཞིག་ན་ཕྱི་བཞིན་འགྲོ་བར་བྱའོ། །གལ་ཏེ་ཆུ་རྒལ་བར་གྱུར་ན་མཁན་པོའི་ལག་པ་ནས་གཟུང་བར་བྱའོ། །སྤྱོད་ཡུལ་དུ་འགྲོ་ན་མཁན་པོ་ལ་མཁན་པོ་བསོད་ སྙོམས་ལ་ལྷན་ཅིག་གཤེགས་སམ། འོན་ཏེ་སོ་སོར་ཞེས་དྲིས་ཤིག །གལ་ཏེ་ལྷན་ཅིག་གོ་ཞེས་ཟེར་ན་དེ་བཞིན་ལྷན་ཅིག་ཏུ་འགྲོ་བར་བྱ་ཞིང་སོང་བ་ལས་གལ་ཏེ་ཕྱེ་ཞིག་རྙེད་ན་བདག་གི་ལྷུང་བཟེད་དུ་བླང་བར་བྱའོ། །ཇི་སྟེ་འབྲས་ཅན་ཞིག་ན་ནི་མཁན་པོའི་ལྷུང་བཟེད་དུ་ལུགས་ཤིག་ཅེས་སྨྲ་བར་བྱའོ། །མོན་སྲན་གྲེའུ་ལས་བྱས་པའམ། འབྲས་ཕྱེ་ལས་བྱས་པའི་བཟའ་བ་རྙེད་ན་བདག་གི་ལྷུང་བཟེད་དུ་བླང་བར་བྱའོ། །ཇི་སྟེ་བཟའ་བ་ཁན་ད་ཞིག་ན་མཁན་པོའི་ལྷུང་བཟེད་དུ་ལུགས་ཤིག་ཅེས་སྨྲ་བར་བྱའོ། །གལ་ཏེ་དར་བ་བསྐོལ་བའམ། རྩབ་མོའི་ཁུ་བ་ཞིག་རྙེད་ན་བདག་གི་ལྷུང་བཟེད་དུ་བླང་བར་བྱའོ། །ཇི་སྟེ་འོ་མའམ། ཞོའམ། ཁུར་བ་སྦྱར་བ་ཞིག་ན་མཁན་པོའི་ལྷུང་བཟེད་དུ་ལུགས་ཤིག་ཅེས་སྨྲ་བར་བྱའོ། །དེ་ནས་གནས་ཁང་དུ་ཕྱིན་ནས་དཀྱིལ་འཁོར་གཉིས་བྱ་ཞིང་ལོ་མ་ལྷགས་པ་དག་བླངས་ནས་སྟན་གཉིས་གཞག་པར་བྱའོ། །དེ་ནས་འདུག་ནས་ཟས་ཀྱི་བྱ་བ་བྱའོ། །ཇི་སྟེ་བསོད་སྙོམས་ལ་སོ་སོར་སོང་ན་བསོད་སྙོམས་བླངས་པ་དག་མཁན་པོ་ལ་མཁན་པོ་བསོད་སྙོམས་འདི་ནི་བདག་གིས་རྙེད་དོ། །དེ་ལས་གང་བཞེད་པ་དེ་བླང་དུ་གསོལ་ཞེས་སྨྲ་བར་བྱའོ། །དེས་ཀྱང་དེ་ལ་ཚོད་རིག་པར་བྱོས་ཤིག །ཇི་སྟེ་དགེ་འདུན་ལས་འཐོབ་པར་འགྱུར་བ་ཞིག་ན་སྣོད་དག་བཀྲུས་ལ་ཚང་མང་དུ་སོང་སྟེ། གཙང་སྦྱོར་ལ་དྲི་བར་བྱ་སྟེ། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་སྐྱུ་རུམ་ཅི་ཞིག་བྱས། དེས་ཀྱང་གུས་པར་གྱིས་ལ་དེ་ལ་སྨྲ་བར་བྱའོ། །དེ་ནས་དེས་མཁན་པོ་ལ་མཁན་པོ་དགེ་འདུན་གྱིས་སྐྱུ་རུམ་འདི་དང་འདི་ལྟ་བུ་ཞིག་བགྱིས་ན། དེ་ལས་གང་བཞེད་པ་དེ་བླང་དུ་གསོལ་ཞེས་སྨྲོས་ཤིག །དེས་ཀྱང་ཚོད་རིག་པར་བྱོས་ཤིག །དེ་ནས་ཕྱོགས་གང་དུ་མཁན་པོས་ལག་པ་བཀྲུས་པའི་ས་ཕྱོགས་དེར་དཀྱིལ་འཁོར་བྱས་ལ་སྟན་དང་། རིལ་བ་སྤྱི་བླུགས་དང་། འདག་ཆལ་དང་། སོ་ཤིང་དག་ཉེ་བར་གཞག་པར་བྱ་ཞིང་མཁན་པོའི་རྐང་པ་ཡང་བཀྲུ་བར་བྱའོ། །རྐང་


DKG011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཀྲུས་ནས་ལྷམ་ བྱི་དོར་བྱས་ཏེ་སྦྱིན་པར་བྱའོ། །ཁྲུས་མི་བྱེད་ན་ཆུ་དང་། ས་དང་། འབྲུ་མར་གྱི་སྣོད་དག་སྦྱིན་པར་བྱའོ། །དེ་ནས་ཟས་ཀྱིས་སྙོམ་པ་གྲུབ་ནས་མཁན་པོ་ལ་ཅི་འདི་ཉིད་དུ་དགེ་བའི་ཕྱོགས་མཛད་དམ། འོན་ཏེ་ཉིན་པར་གནས་པར་གཤེགས་ཞེས་དྲི་བར་བྱའོ། །གལ་ཏེ་ཉིན་པར་གནས་པར་འགྲོ་ཞེས་ཟེར་ན། དེ་སྟན་བླངས་ནས་འགྲོ་ཞིང་ཉིན་པར་གནས་པར་ཕྱག་དར་དང་ཆག་ཆག་བྱོས་ལ་སྟན་གདིང་བར་བྱ་ཞིང་དུས་དུས་སུ་བ་ལང་གཞོན་ནུའི་ལྕི་བས་བསྐུ་བར་བྱའོ། །གལ་ཏེ་བཀླག་པ་རྒྱས་པར་བྱེད་ན་དེ་ལ་བསྟན་པར་བྱའོ། །ཇི་སྟེ་བསམ་གཏན་རྒྱས་པར་བྱེད་ན་ཡིད་ལ་བྱ་བ་བསྟན་པར་བྱའོ། །ཉིན་པར་གནས་པ་ནས་འོངས་ན་མལ་སྟན་བརྟགས་ནས་ལག་པ་དང་རྐང་པ་བཀྲུས་ཏེ་མཆོད་རྟེན་ལ་ཕྱག་བྱའོ། །ཚངས་པ་མཚུངས་པར་སྤྱོད་པ་ལ་ཡང་ཕྱག་བྱོས་ལ་མཁན་པོའི་ཁྲིའུ་དང་། ཆུ་དང་། ལྷམ་དང་། འབྲུ་མར་གྱི་སྣོད་དག་ཉེ་བར་གཞག་པར་བྱའོ། །གལ་ཏེ་རྐང་པ་འཁྲུ་ན་བཀྲུས་ལ་བསྐུ་བར་བྱའོ། །དེ་ལྟ་མ་ཡིན་ན་ཆུ་དང་ས་སྦྱིན་པར་བྱའོ། །གལ་ཏེ་གྲང་བའི་དུས་སུ་གྱུར་ན་དུ་བ་བྱིན་གྱིས་རློབས་ལ་མེ་བུད་པར་བྱའོ། །དྲོ་བར་གྱུར་ན་གློར་བསིལ་ཡབ་གཞག་པར་བྱའོ། །དེས་ཀྱང་དུས་ཤེས་པར་བྱས་ཏེ་བཟླས་པ་དང་ཁ་ཏོན་བྱེད་དུ་གཞུག་གོ །ལྷུང་བཟེད་ལ་སོགས་པ་ལས་གང་ཅུང་ཟད་ཅི་བྱ་བ་དེ་ཐམས་ཅད་སྔར་མཁན་པོ་དང་། སློབ་དཔོན་གྱི་བྱས་ལ་ཕྱིས་བདག་གི་བྱའོ། །ངག་ལྡན་ལྷན་ཅིག་སྤྱོད་པ་དང་། ཉེ་གནས་དག་གིས་མཁན་པོ་དང་། སློབ་དཔོན་ལ་དེ་ལྟར་བསྒྲུབ་པར་བྱ་སྟེ། རྣམ་པ་དེ་ལྟ་བུས་མཁན་པོ་དང་། སློབ་དཔོན་ལ་ལྷན་ཅིག་སྤྱོད་པ་དང་། ཉེ་གནས་རྣམས་ཀྱིས་བསྒྲུབས་ན་ཆུའི་ནང་ན་མེ་ཏོག་ཨུཏ་པ་ལ་བཞིན་དུ་དེ་དགེ་བའི་ཆོས་མངོན་པར་འཕེལ་བར་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་དགུ་པ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེ་ནས་ཡང་དེའི་ཚེ་རི་ནག་པོ་ལ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་དང་། དགེ་སློང་དམར་སྐྱ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་གནས་སོ། །དེ་དག་བུད་མེད་དག་དང་ལྷན་ཅིག་འདུག །ལྷན་ཅིག་ཁ་དཔྱ་ཟེར། ལྷན་ཅིག་ རྩེ་བར་བྱེད། ལྷན་ཅིག་ཅ་ཅོ་འདོན།


DKG011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱར་གཡེང་དང་། ལུས་ཀྱིས་སྙོགས་པར་བྱེད། སྟན་གཅིག་ལ་འདུག་པར་བྱེད། སྣོད་གཅིག་ཏུ་ལོངས་སྤྱོད་པར་བྱེད། ཕོར་བུ་གཅིག་ཏུ་ཆང་རྣམ་པ་མང་པོ་འཐུང་བར་བྱེད། མེ་ཏོག་འཐོག་པར་བྱེད། འཐོག་ཏུ་འཇུག །ཕྲེང་བ་རྒྱུད་པར་བྱེད། རྒྱུད་དུ་འཇུག །མེ་ཏོག་རྒྱན་དག་འཆིང་ཞིང་འཆིང་དུ་འཇུག་པར་བྱེད། བྱེད་དུ་འཇུག །གླུ་ལེན་པར་བྱེད། རོལ་མོའི་ཆ་སྤྱད་འབུད་པར་བྱེད། འབུད་དུ་འཇུག །གར་མཁས་པ་དང་། གླུ་སྙན་པ་དང་། རོལ་མོ་ཆ་སྤྱད་འབུད་མཁས་པ་ལ་གླ་སྦྱིན་པར་བྱེད། གོས་རྣམས་བརྫེས་ནས་རྒྱུག་པར་བྱེད། མཆོང་བར་བྱེད། རྒལ་བར་བྱེད། རྐང་པ་གཅིག་བསྐུམས་ཏེ་སྐོར་བར་བྱེད། ལག་འགྲོས་ཀྱིས་ཀྱང་སྐོར་བར་བྱེད། ཉ་ཚར་གྱིས་ཀྱང་སྐོར་བར་བྱེད། ཆུ་བགགས་ཤིང་གཏོང་བར་བྱེད། ཆུ་ལ་སྦལ་བའི་སྐད་ཀྱང་འབྱིན། ཆུ་ལ་རྔའི་སྒྲ་ཡང་འབྱིན། གླང་པོ་ཆེའི་སྒྲ་སྐད་ཀྱང་འབྱིན། ཁྲུང་ཁྲུང་གི་སྐད་ཀྱང་འབྱིན། རྟའི་སྐད་ཀྱང་འབྱིན། ཁྱུ་མཆོག་འགྱིང་བའི་སྐད་ཀྱང་འབྱིན། ཁས་རྫ་རྔའི་སྒྲ་ཡང་འབྱིན། ཁས་དུང་དང་། ཁས་རྔ་དང་། རྨ་བྱའི་སྐད་ཀྱང་འབྱིན། ཁུ་བྱུག་གི་སྐད་ཀྱང་འབྱིན། གླང་པོ་ཆེའི་འཐབ་མོ་ཡང་བྱེད། རྟའི་འཐབ་མོ་དང་། ཁྱུ་མཆོག་གི་འཐབ་མོ་དང་། མ་ཧེའི་འཐབ་མོ་དང་། རའི་འཐབ་མོ་དང་། ལུག་ཐུག་གི་འཐབ་མོ་དང་། བུད་མེད་ཀྱི་འཐབ་མོ་དང་། སྐྱེས་པའི་འཐབ་མོ་དང་། གཞོན་ནུ་མའི་འཐབ་མོ་དང་། བྱ་གག་གི་འཐབ་མོ་དང་། སྲེག་པའི་འཐབ་མོ་དང་། འུར་པའི་འཐབ་མོ་དང་། བྱ་གག་དང་། སྲེག་པ་དང་། འུར་པ་དག་གི་འཐབ་མོ་ཡང་བྱེད་དུ་འཇུག་ཅིང་། གཞན་ཡང་དགེ་སྦྱོང་གི་ལས་མ་ཡིན་པ་བྱེད་དེ། དེ་དག་གི་ཚུལ་དང་། སྤྱོད་པ་དང་། ལོག་པར་སྒྲུབ་པ་དེས་རི་ནག་པོ་ལ་དགེ་སློང་མ་འོངས་པ་རྣམས་ནི་མི་འོང་ཞིང་། འོངས་པ་རྣམས་ཀྱང་མི་སྡོད་པས་རི་ནག་པོའི་གནས་འདོར་བར་བྱེད་དོ། །རི་ནག་པོ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་ལྟར་དགེ་སློང་འདི་དག་ ནི་དགེ་སྦྱོང་གི་ལས་མ་ཡིན་པ་བྱེད་དོ་ཞེས་ཁ་ཟེར་བར་བྱེད། འཕྱ་བར་བྱེད། ཕྱར་ཀ་གཏོར་བར་བྱེད་དོ་ཞེས་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


DKG011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་དག་ཁ་ཟེར་ཞིང་འཕྱ་བ་དང་། ཕྱར་ཀ་གཏོང་བ་ནི་གནས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་གིས་དགེ་སྦྱོང་གི་ཚུལ་མ་ཡིན་པའི་ལས་དེ་ལྟ་བུ་མི་བྱ་ཞིང་བྱེད་དུ་མི་གཞུག་གོ །དགེ་སློང་དག་གིས་དེ་ལྟ་བུའི་དགེ་སྦྱོང་གི་ཚུལ་མ་ཡིན་པའི་ལས་བྱས་སམ་བྱེད་དུ་བཅུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །དེ་ནས་ཡང་དེའི་ཚེ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡུལ་སྤོང་བྱེད་པ་རྣམས་ཕན་ཚུན་མི་མཐུན་པར་གྱུར་ནས། དེས་འཁོར་དེ་རྣམས་ལ་ཚིག་འདི་སྐད་ཅེས་སྨྲས་སོ། །ངས་ཡུལ་སྤོང་བྱེད་པ་རྣམས་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འདི་གཞོམ་པར་བྱ། ཐལ་མར་བྱ། ཚུལ་མ་ཡིན་པས་རྨེག་མེད་པར་བྱའོ་ཞེས་སྨྲས་སོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པའི་བྲམ་ཟེ་དབྱར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །དབྱར་བྱེད་ཚུར་ཤོག །བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་སོང་ནས་ངའི་ཚིག་གིས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཆུང་ངམ། ཉམ་ང་བ་མི་མངའ་འམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། ཁ་ན་མ་ཐོ་བ་མི་མངའ་འམ་ཞེས་སྙུན་གསོལ་ལ་འདི་སྐད་ཅེས་བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡུལ་སྤོང་བྱེད་པ་རྣམས་ཕན་ཚུན་དུ་མི་མཐུན་པར་གྱུར་ཏེ། དེས་འཁོར་རྣམས་ལ་འདི་སྐད་ཅེས་མཆིའོ། །དེས་སྤོང་བྱེད་པ་རྣམས་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འདི་གཞོམ་པར་བྱ། ཐལ་མར་བྱ། ཚུལ་མ་ཡིན་པས་རྨེག་མེད་པར་བྱའོ་ཞེས་མཆི་ན། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་ཅི་སྩལ་ཞེས་ཞུས་ལ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ཞིག །དབྱར་བྱེད། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལོག་པར་གསུང་བ་མ་


DKG011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་སྨྲས་ནས། ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ལྟར་མཉན་ནས་རྟ་རྒོད་མ་དང་ལྡན་པའི་ཤིང་རྟ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ཏེ། གསེར་གྱི་ཁར་བ་དང་། རིལ་བ་སྤྱི་བླུགས་ཐོགས་བཞིན་དུ་རྒྱལ་པོའི་ཁབ་ནས་བྱུང་ནས་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེ་ཇི་ཙམ་བཞོན་པའི་ས་དེའི་བར་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ་རྐང་པས་བྱ་རྒོད་ཕུང་པོའི་རི་ལ་འཛེགས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བཅོམ་ལྡན་འདས་གཽ་ཏ་མ་ཁྱོད་ཀྱི་ཞབས་ལ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་མགོ་བོས་ཕྱག་འཚལ་ནས་གནོད་པ་ཆུང་ངམ། ཉམ་ང་བ་མི་མངའ་འམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། ཁ་ན་མ་ཐོ་བ་མི་མངའ་འམ་ཞེས་སྙུན་གསོལ་ལགས་སོ། །ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། དབྱར་བྱེད་ཁྱོད་ཀྱང་བདེ་ལེགས་སུ་གྱུར་ཅིག །ཀྱེ་གཽ་ཏ་མ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡུལ་སྤོང་བྱེད་པ་རྣམས་ལྷན་ཅིག་མི་མཐུན་པར་གྱུར་ནས། དེས་འཁོར་རྣམས་ལ་འདི་སྐད་ཅེས་མཆིའོ། །དེས་ཡུལ་སྤོང་བྱེད་པ་རྣམས་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འདི་གཞོམ་པར་བྱ་ཐལ་མར་བྱ། ཚུལ་མ་ཡིན་པས་རྨེག་མེད་པར་བྱའོ་ཞེས་མཆི་ན། ཀྱེ་བཅོམ་ལྡན་འདས་གཽ་ཏ་མ་བཀའ་ཅི་སྩལ། དབྱར་བྱེད་འདི་ནི་གཅིག་ཏུ་ངེས་པ་མ་ཡིན་ཏེ། དབྱར་བྱེད་ང་དུས་གཅིག་ཅིག་ན་ཡུལ་སྤོང་བྱེད་ཙ་པ་ལའི་མཆོད་རྟེན་གྱི་དྲུང་ན་བཞུགས་པ་ན་


DKG011_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ཡུལ་སྤོང་བྱེད་ཀྱི་གནས་དེར་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་བཤད་དོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་དག་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་ཡང་དག་པར་བླངས་ནས་སྤྱོད་ཅིང་། ཡུལ་སྤོང་བྱེད་པ་རྣམས་ལ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་ཀུན་དུ་སྣང་ན། ཡུལ་སྤོང་བྱེད་པ་རྣམས་འདོད་པའི་དགེ་བའི་ཆོས་འཕེལ་བར་འགྱུར་གྱི་ཉམས་པར་མི་འགྱུར་རོ། །གཽ་ཏ་མས་འདི་ལྟར་མདོར་བཀའ་སྩལ་གྱི། དེ་རྣམ་པར་མ་ཕྱེ་བས་བདག་གིས་དོན་རྒྱས་པར་མ་འཚལ་ན། གཽ་ཏ་མས་མདོར་གསུངས་པའི་དོན་དེ་རྣམ་པར་ཕྱེ་སྟེ་རྒྱས་པར་བཤད་ན་འདི་ལྟར་བཅོམ་ལྡན་འདས་གཽ་ཏ་མས་རྣམ་པར་ཕྱེ་སྟེ་རྒྱས་པར་གསུངས་པའི་དོན་དེ་བདག་གིས་ལེགས་པར་འཚལ་བར་གྱུར་ལགས་སོ། །དེ་ནས་ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཅི་ཀུན་དགའ་བོ་ཡུལ་སྤོང་བྱེད་པ་རྣམས་ཡང་དང་ཡང་དུ་འདུ་ཞིང་། ཡང་དང་ཡང་དུ་འདུ་བ་ལས་རིང་དུ་གནས་པར་ཐོས་སམ། བཙུན་པ་བདག་གིས་ཐོས་ལགས་ཏེ། ཡུལ་སྤོང་བྱེད་པ་རྣམས་ཡང་དང་ཡང་དུ་འདུ་ཞིང་། ཡང་དང་ཡང་དུ་འདུ་བ་ལས་རིང་དུ་གནས་ལགས་སོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་ཡང་དང་ཡང་དུ་འདུ་ཞིང་རིང་དུ་གནས་པ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཅི་ཀུན་དགའ་བོ་ཡུལ་སྤོང་བྱེད་པ་རྣམས་མཐུན་པར་འདུག་ཅིང་མཐུན་པར་འགྲོའམ། ཡུལ་སྤོང་བྱེད་པ་རྣམས་ཀྱི་དགོས་པ་དང་བྱ་བ་མཐུན་པར་བྱེད་པར་ཐོས་སམ། བཙུན་པ་བདག་གིས་ཐོས་ལགས་ཏེ། ཡུལ་སྤོང་བྱེད་པ་རྣམས་མཐུན་ལགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་མཐུན་པར་འདུག་ཅིང་མཐུན་པར་འགྲོ་བ་དང་། ཡུལ་སྤོང་བྱེད་པ་རྣམས་ཀྱི་དགོས་པ་དང་བྱ་བ་མཐུན་པར་བྱས་པ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་


DKG011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཅི་ཀུན་དགའ་བོ་ཡུལ་སྤོང་བྱེད་པ་རྣམས་སྨོན་པ་མ་ཡིན་པ་ལ་ནི་སྨོན་པར་མི་བྱེད། སྨོན་པ་ནི་ཀུན་དུ་འདོར་བར་མི་བྱེད་ཅིང་། ཇི་ལྟར་ཡུལ་སྤོང་བྱེད་པ་རྣམས་ཀྱིས་ཁྲིམས་བཅས་པ་བཞིན་ཡང་དག་པར་བླངས་ནས་སྤྱོད་དོ་ཞེས་ཐོས་སམ། བཙུན་པ་བདག་གིས་ཐོས་ལགས་ཏེ། ཡུལ་སྤོང་བྱེད་པ་རྣམས་སྨོན་པ་མ་ཡིན་པ་ལ་ནི་སྨོན་པར་མི་བྱེད། སྨོན་པ་ནི་ཀུན་དུ་འདོར་བར་མི་བགྱིད་ཅིང་ཇི་ལྟར་ཡུལ་སྤོང་བྱེད་པ་རྣམས་ཀྱིས་ཁྲིམས་བཅས་པ་བཞིན་ཡང་དག་པར་བླངས་ནས་སྤྱོད་ལགས་སོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་སྨོན་པ་མ་ཡིན་པ་ལ་ནི་སྨོན་པར་མི་བྱེད། སྨོན་པ་ནི་ཀུན་དུ་འདོར་བར་མི་བྱེད་ཅིང་། ཇི་ལྟར་ཡུལ་སྤོང་བྱེད་པ་རྣམས་ཀྱིས་ཁྲིམས་སུ་བཅས་པ་བཞིན་དུ་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད་པ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཅི་ཀུན་དགའ་བོ་ཁྱོད་ཀྱིས་ཡུལ་སྤོང་བྱེད་པ་རྣམས་ཀྱིས་སྤོང་བྱེད་ཀྱི་བུད་མེད་རྣམས་དང་། སྤོང་བྱེད་ཀྱི་གཞོན་ནུ་མ་གང་དག་འདི་ལྟ་སྟེ། ཕས་བསྲུངས་པ་མས་བསྲུངས་པ། མིང་པོས་བསྲུངས་པ། ཕུ་ནུ་མས་བསྲུངས་པ། སྒྱུག་མོས་བསྲུངས་པ། གྱོས་པོས་བསྲུངས་པ། ཉེ་དུས་བསྲུངས་པ། རུས་ཀྱིས་བསྲུངས་པ། ཆད་པ་དང་བཅས་པ། སྒྲིབ་པ་དང་བཅས་པ། གཞན་གྱི་ཆུང་མ་གཞན་གྱིས་ཡོངས་སུ་བཟུང་བ་དག་དང་། ཆུང་ངུ་ན་མེ་ཏོག་གི་ཕྲེང་བ་བོར་བ་དེ་ལྟ་བུ་དག་ལ་ཡང་། ཡུལ་སྤོང་བྱེད་པ་རྣམས་འཕྲལ་ལ་ཁྱད་དུ་བསད་ནས་མཐུས་འདོད་པ་ཀུན་དུ་མི་སྤྱོད་པར་ཐོས་སམ། བཙུན་པ་བདག་གིས་ ཐོས་ལགས་སོ། །ཡུལ་སྤོང་བྱེད་པ་རྣམས་སྤོང་བྱེད་ཀྱི་བུད་མེད་རྣམས་དང་། སྤོང་བྱེད་ཀྱི་གཞོན་ནུ་མ་གང་དག་འདི་ལྟ་སྟེ། ཕས་བསྲུངས་པ་དང་། མས་བསྲུངས་པ་ཞེས་བྱ་བ་ནས། ཆུང་ངུ་ན་མེ་ཏོག་གི་ཕྲེང་བ་བོར་བ་དེ་ལྟ་བུ་དག་ལ་ཡང་ཡུལ་སྤོང་བྱེད་པ་རྣམས་འཕྲལ་ལ་ཁྱད་དུ་བསད་ནས་མཐུས་འདོད་པ་ཀུན་དུ་མི་སྤྱོད་པ་ལགས་སོ་ཞེས་བྱ་བ་གོང་མ་བཞིན་ནོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་ཀྱིས་སྤོང་བྱེད་ཀྱི་བུད་མེད་རྣམས་དང་། སྤོང་བྱེད་ཀྱི་གཞོན་ནུ་མ་གང་


DKG011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅེས་བྱ་བ་ནས། ཆུང་ངུ་ན་མེ་ཏོག་གི་ཕྲེང་བ་བོར་བ་དེ་ལྟ་བུ་དག་ལ་ཡང་ཡུལ་སྤོང་བྱེད་རྣམས་འཕྲལ་ལ་ཁྱད་དུ་བསད་ནས་མཐུས་འདོད་པ་ཀུན་དུ་མི་སྤྱོད་པ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཅི་ཀུན་དགའ་བོ་ཁྱོད་ཀྱིས་ཡུལ་སྤོང་བྱེད་པ་རྣམས་སྤོང་བྱེད་ཀྱི་རྒན་རིམས་རྣམས་དང་། ཡ་རབས་རྣམས་དང་། ཕ་མའི་རྒྱུད་གང་དག་ལ་ཡུལ་སྤོང་བྱེད་པ་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། དེ་དག་གིས་ཚིག་ལ་དད་པས་ཉན་པར་བྱེད། སེམས་པར་བྱེད་པ་ཐོས་སམ། བཙུན་པ་བདག་གིས་ཐོས་ལགས་ཏེ། ཡུལ་སྤོང་བྱེད་པ་རྣམས་ཡུལ་སྤོང་བྱེད་ཀྱི་རྒན་རབས་རྣམས་དང་། ཡ་རབས་རྣམས་དང་། ཕ་མའི་རྒྱུད་གང་དག་ལ་ཡུལ་སྤོང་བྱེད་པ་དེ་དག་བཀུར་སྟི་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་ཅིང་དེ་དག་གི་ཚིག་ལ་དད་པས་ཉན་པར་བགྱིད། སེམས་པར་བགྱིད་ལགས་སོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་ཡུལ་སྤོང་བྱེད་ཀྱི་རྒན་རབས་རྣམས་དང་། ཡ་རབས་རྣམས་དང་། ཕ་མའི་རྒྱུད་གང་དག་ལ་ཡུལ་སྤོང་བྱེད་པ་དེ་དག་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་དེ་དག་གི་ཚིག་ལ་དད་པས་ཉན་པར་བྱེད། སེམས་པར་བྱེད་པ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཅི་ཀུན་དགའ་བོ་ཁྱོད་ཀྱིས་ཡུལ་སྤོང་བྱེད་ཀྱི་ཕྱོགས་བཞི་པོ་ གང་དག་ན་ཡུལ་སྤོང་བྱེད་ཀྱི་མཆོད་རྟེན་དེ་དག་ལ་ཡུལ་སྤོང་བྱེད་པ་རྣམས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། དེ་དག་གིས་སྔོན་གྱི་མཚན་མར་བཟུང་བ་མི་འདོར་བར་ཐོས་སམ། བཙུན་པ་བདག་གིས་ཐོས་ལགས་ཏེ། ཡུལ་སྤོང་བྱེད་ཀྱི་ཕྱོགས་བཞི་པོ་གང་དག་ན་ཡུལ་སྤོང་


DKG011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་མཆོད་རྟེན་དེ་དག་ལ་ཡུལ་སྤོང་བྱེད་པ་རྣམས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་དེ་དག་གིས་སྔོན་གྱི་མཚན་མར་བཟུང་བ་མི་འདོར་ལགས་སོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་ཀྱི་ཕྱོགས་བཞི་པོ་གང་དག་ན་ཡུལ་སྤོང་བྱེད་ཀྱི་མཆོད་རྟེན་དེ་དག་ལ་ཡུལ་སྤོང་བྱེད་པ་རྣམས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་དེ་དག་གིས་སྔོན་གྱི་མཚན་མར་བཟུང་བར་མི་འདོར་བ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཅི་ཀུན་དགའ་བོ་ཁྱོད་ཀྱིས་སྤོང་བྱེད་པ་རྣམས་དགྲ་བཅོམ་པ་རྣམས་ལ་དད་པའི་སེམས་དྲག་པོས་ཀུན་དུ་བསྲུངས་པ་དྲན་པ་ཉེ་བར་གནས་ཏེ། དགྲ་བཅོམ་པ་མ་བྱོན་པ་དག་ནི་སྤྱན་འདྲེན་པར་བྱེད། བྱོན་པ་དག་ལ་ནི་མངོན་པར་དགའ་བར་བྱེད་ཅིང་། དེ་དག་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་མི་བྲེལ་བར་བྱེད་པ་ཐོས་སམ། བཙུན་པ་བདག་གིས་ཐོས་ལགས་ཏེ། ཡུལ་སྤོང་བྱེད་པ་རྣམས་དགྲ་བཅོམ་པ་རྣམས་ལ་དད་པའི་སེམས་དྲག་པོས་ཀུན་དུ་བསྲུངས་པ་དྲན་པ་ཉེ་བར་གནས་ཏེ། དགྲ་བཅོམ་པ་མ་བྱོན་པ་དག་ནི་སྤྱན་འདྲེན་པར་བགྱིད། བྱོན་པ་དག་ལ་ནི་མངོན་པར་དགའ་བར་བགྱིད་དེ། དེ་དག་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་མི་བྲེལ་བར་བགྱིད་ལགས་སོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་དགྲ་བཅོམ་པ་རྣམས་ལ་དད་པའི་སེམས་དྲག་པོས་ཀུན་དུ་བསྲུངས་པ་དྲན་པར་ཉེ་བར་གནས་པར་གྱུར་ཅིང་། གང་དགྲ་བཅོམ་པ་མ་འོངས་པ་དག་ནི་སྤྱན་འདྲེན་པར་བྱེད། འོངས་ པ་དག་ནི་མངོན་པར་དགའ་བར་བྱེད་ཅིང་དེ་དག་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་མི་བྲེལ་བ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དབྱར་བྱེད་ཇི་སྲིད་དུ་ཡུལ་སྤོང་བྱེད་པ་རྣམས་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད་ཅིང་། ཡུལ་སྤོང་བྱེད་པ་རྣམས་ལ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་བ་ལས་ཡུལ་སྤོང་བྱེད་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཀྱེ་གཽ་ཏ་མ་རེ་ཞིག་ཡུལ་སྤོང་


DKG011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་རྣམས་ཡན་ལག་འདི་གཅིག་དང་ལྡན་ན་ཡང་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཐུབ་པར་མི་འགྱུར་ན། ཐམས་ཅད་དང་ལྡན་པ་ལྟ་སྨོས་ཀྱང་ཅི་འཚལ་བས་ཀྱེ་གཽ་ཏ་མ་བདག་ལ་བགྱི་བ་མང་བ་དང་། བགྱི་བར་འགྱུར་བ་མང་བས་ད་མཆི་བར་འཚལ་ལོ། །དབྱར་བྱེད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ལངས་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་སོང་ནས་རིང་པོ་མ་ལོན་པར་མཁྱེན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་སོང་ལ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་འདིར་སྡུས་ཤིག །བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་བསྡུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ཤིང་མཐུན་པར་གྱུར་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་རིམ་གྲོའི་གནས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་ངས་ཉམས་པར་མི་འགྱུར་བའི་ཆོས་བདུན་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །


DKG011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་མི་འགྱུར་བའི་ཆོས་བདུན་གང་ཞེ་ན། དགེ་སློང་དག་ཇི་སྲིད་དུ་ཡང་དང་ཡང་དུ་འདུ་ཞིང་ཡང་དང་ཡང་དུ་འདུ་བ་ལས་རིང་དུ་གནས་ན། དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་ཇི་སྲིད་དུ་མཐུན་པར་འདུ་ཤིང་མཐུན་པར་འགྲོ་བ་དང་། དགེ་འདུན་གྱི་དོན་དང་དགེ་འདུན་གྱི་བྱ་བ་མཐུན་པར་བྱེད་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་སྨོན་པ་མ་ཡིན་པ་ལ་ནི་སྨོན་པར་མི་བྱེད། སྨོན་པ་ན་ཀུན་དུ་འདོར་བར་མི་བྱེད་ཅིང་ཇི་ལྟར་བསླབ་པ་བཅས་པ་གཞན་ཡང་དག་པར་བླངས་ཏེ་སྤྱོད་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཡང་འབྱུང་བའི་སྲིད་པ་དགའ་བའི་འདོད་ཆགས་ཀྱིས་མོད་ལས་སྐྱེས་ཤིང་འབྱུང་བར་འགྱུར་བ་དེ་དང་དེ་དག་ལ་མངོན་པར་དགའ་བའི་དབང་དུ་མ་གྱུར་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་གནས་བརྟན་རྒྱལ་པོ་ལྟ་བུ་རབ་ཏུ་བྱུང་ནས་ཡུན་རིང་དུ་ལོན་པ། ཚངས་པར་སྤྱོད་པ་གོམས་པར་བྱས་པ་སྟོན་པས་བསྔགས་པ་ཀུན་དུ་ བསྒོམས་པས་རྣམ་པར་རིག་པའི་ཚངས་པ་མཚུངས་པར་སྤྱོད་པ་དེ་ལྟ་བུ་དེ་དག་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། དེ་དག་གི་ཚིག་ལ་དད་པས་ཉན་པར་བྱེད། སེམས་པར་བྱེད་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་དགོན་པ་དང་། ནགས་ཁྲོད་དང་། བས་མཐར་གནས་མལ་འཆའ་བར་བྱེད་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དད་པའི་སེམས་དྲག་པོས་ཀུན་དུ་བསྲུངས་པ་དྲན་པ་ཉེ་བར་གནས་པར་གྱུར་ཅིང་གང་ཚངས་པ་མཚུངས་པར་སྤྱོད་པ་མ་འོངས་པ་དེ་དག་ནི་འབོད་པར་བྱེད་ཅིང་། འོངས་པ་དག་ལ་ནི་མངོན་པར་དགའ་


DKG011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དེ། དེ་དག་འདི་ལྟར་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་དེ་དག་གིས་མི་བྲེལ་བར་བྱེད་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ནས་སྤྱོད་ཅིང་། དགེ་སློང་དག་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་གཞན་ཡང་ངས་ཁྱེད་ཅག་ལ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་བསྟན་པར་བྱས། དེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་གང་ཞེ་ན། དགེ་སློང་དག་ཇི་སྲིད་དུ་སྟོན་པ་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། སྟོན་པ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཉེ་བར་རྟེན་ཅིང་གནས་པ་ལས། དགེ་སློང་དག་དགེ་བའི་ ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །བསླབ་པའི་ཆོས་ཀྱིས་རྗེས་སུ་བག་ཡོད་པར་སྟོན་ཅིང་རབ་ཏུ་རྣམ་པར་འབྱེད་པ་ལས་ཏིང་ངེ་འཛིན་དུ་བྱེད། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། ཏིང་ངེ་འཛིན་དུ་བྱས། བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཉེ་བར་རྟེན་ཅིང་གནས་པ་ལས་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད་ལ། དགེ་སློང་དག་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་གཞན་ཡང་ངས་ཁྱེད་ཅག་ལ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་བསྟན་པར་བྱས། དེ་རབ་ཏུ་


DKG011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་གང་ཞེ་ན། དགེ་སློང་དག་ཇི་སྲིད་དུ་ལས་ལ་མི་དགའ་བ་དང་། སྨྲ་བ་ལ་མི་དགའ་བ་དང་། གཉིད་ལ་མི་དགའ་བ་དང་། བྲེ་མོའི་གཏམ་ལ་མི་དགའ་བ་དང་། འདུ་བ་ལ་མི་དགའ་བ་དང་། འདུ་འཛི་ལ་མི་དགའ་བར་གྱུར་ཏེ། གནས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། འདུ་ཤེས་གཞན་རབ་ཏུ་སྤངས་ནས་སྦྱོར་བ་རྗེས་སུ་བརྩོན་པར་གནས་ཤིང་ཅུང་ཟད་ཙམ་དང་། ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་། དེས་གོང་ནས་གོང་དུ་བྱ་བ་སྒྲུབ་པ་ལས་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད་ལ། དགེ་སློང་དག་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་གཞན་ ཡང་ངས་ཁྱེད་ལ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་བསྟན་པར་བྱས། དེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་གང་ཞེ་ན། དགེ་སློང་དག་ཇི་སྲིད་དུ་དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གཞོག་པ་དང་། མཉམ་པར་གཞོག་པ་དང་། ཤེས་རབ་དང་ལྡན་པར་གྱུར་པ་ལས་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད་ལ། དགེ་སློང་དག་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་གཞན་ཡང་ངས་ཁྱེད་ཅག་ལ་ཡོངས་སུ་ཉམས་པར་མི་འགྱུར་


DKG011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་བདུན་བསྟན་པར་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་གང་ཞེ་ན། དགེ་སློང་དག་ཇི་སྲིད་དུ་ཆོས་ཤེས་པ་དང་། དོན་ཤེས་པ་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། བདག་ཉིད་ཤེས་པ་དང་། འཁོར་ཤེས་པ་དང་། གང་ཟག་མཆོག་དང་མཆོག་མ་ཡིན་པ་ཤེས་པར་གྱུར་པ་ལས་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད་ལ། དགེ་སློང་དག་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་གཞན་ཡང་ངས་ཁྱེད་ཅག་ལ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་བདུན་བཤད་པར་བྱས། དེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཡོངས་སུ་ཉམས་པར་ མི་འགྱུར་བའི་ཆོས་བདུན་གང་ཞེ་ན། དགེ་སློང་དག་ཇི་སྲིད་དུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ། རྣམ་པར་སྤོང་བས་རྣམ་པར་སྒྱུར་བ་སྒོམ་ཞིང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ། རྣམ་པར་སྤོང་བས་རྣམ་པར་སྒྱུར་བ་སྒོམ་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །དགེ་སློང་དག་ཇི་སྲིད་དུ་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཡང་དག་པར་བླངས་ཏེ་སྤྱོད་ལ། ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་འདི་བདུན་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བར་


DKG011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །དགེ་སློང་དག་ངས་ཁྱེད་ཅག་ལ་ཀུན་དུ་དགའ་བར་འགྱུར་བའི་ཆོས་དྲུག་བསྟན་པར་བྱས། དེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཀུན་དུ་དགའ་བར་འགྱུར་བའི་ཆོས་དྲུག་གང་ཞེ་ན། རང་གི་བྱམས་པའི་ལུས་ཀྱི་ལས་ཉེ་བར་གནས་པར་གྱུར་ཅིང་སྒོམ་ལ། སྟོན་པ་དང་། ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་དགའ་བར་བྱེད། བླ་མར་བྱེད། ཡིད་དགའ་བར་བྱེད་ཅིང་དགའ་བར་བྱས། བླ་མར་བྱས་ཞེ་ས་བྱས། བསྒོམས་ཏེ་ཀུན་དུ་བསྡུ་བ་དང་། ཡང་དག་པར་བསྡུས་ནས་འཐབ་རྩོད་མེད་ཅིང་གཅིག་ཏུ་བྱེད་ལ་ཀུན་དུ་སྤྱོད་པ་འདི་ནི་ཀུན་དུ་དགའ་བར་བྱེད་པའི་ཆོས་ཡིན་ནོ། །བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱང་ཡིན་ནོ། །གང་ཆོས་དང་ལྡན་པའི་ཆོས་ཀྱིས་ཐོབ་པ་ཆུང་ངུ་ན་ལྷུང་བཟེད་ཀྱི་ནང་དུ་འོངས་པ་དང་། ལྷུང་བཟེད་ཀྱི་ནང་དུ་ཐོབ་པ་དེ་ལྟ་བུའི་རྙེད་པ་དེ་རང་དབེན་པར་ཟ་བར་མི་བྱེད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་དགའ་བས་ཐུན་མོང་དུ་ཟ་བར་བྱེད་ལ། དགའ་བར་བྱེད། བླ་མར་བྱེད། ཡིད་དགའ་བར་བྱེད་དེ། དགའ་བར་བྱས། བླ་མར་བྱས། ཞེ་ས་བྱས། བསྒོམས་ ཏེ་ཀུན་དུ་བསྡུ་བ་དང་། ཡང་དག་པར་བསྡུས་ནས་འཐབ་རྩོད་མེད་ཅིང་གཅིག་ཏུ་བྱེད་ལ་ཀུན་དུ་སྤྱོད་པ་འདི་ནི་ཀུན་དུ་དགའ་བར་བྱེད་པའི་ཆོས་ཡིན་ནོ། །གང་ཚུལ་ཁྲིམས་མ་ཉམས་པ་སྐྱོན་མེད་པ། འདྲེན་མར་མ་གྱུར་པ། ཐུན་ཚགས་མ་ཡིན་པ། རང་དབང་ཅན། ནག་ནོག་མ་ཡིན་པ། རབ་ཏུ་བརྩམས་པ། ཤིན་ཏུ་མཐར་ཕྱིན་པ། མཁས་པ་རྣམས་ཀྱིས་བསྟོད་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པའི་ཚུལ་ཁྲིམས་དེ་ལྟ་བུ་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་བྱས་ཏེ། ཚུལ་ཁྲིམས་སྤྱོད་པར་གྱུར་ཅིང་གཅིག་ཏུ་བྱེད་ལ་ཀུན་དུ་སྤྱོད་པ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། འདི་ནི་ཀུན་དུ་དགའ་བར་བྱེད་པའི་ཆོས་ཡིན་ནོ། །གང་འཕགས་པའི་ལྟ་བ་འདི་ནི་ངེས་པར་འབྱིན་པ་དང་། ངེས་པར་འབྱེད་པ་དང་། ཡང་དག་པར་འབྱིན་པ་


DKG011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྒྱུ་དེས་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་ཅིང་། སྡུག་བསྔལ་མཐར་འབྱིན་པར་བྱེད་པའི་ལྟ་བ་དེ་ལྟ་བུ་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་བྱས་ཏེ་ལྟ་ཞིང་གཅིག་ཏུ་བྱེད་ལ་ཀུན་དུ་སྤྱོད་པ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། འདི་ནི་ཀུན་དུ་དགའ་བར་བྱེད་པའི་ཆོས་ཡིན་ནོ། །དགེ་སློང་དག་ཇི་སྲིད་དུ་ཀུན་དུ་དགའ་བར་བྱེད་པའི་ཆོས་འདི་དྲུག་ཡང་དག་པར་བླངས་ནས་ཀུན་དུ་སྤྱོད། དགེ་སློང་དག་ཀུན་དུ་དགའ་བར་བྱེད་པའི་ཆོས་འདི་ཀུན་དུ་སྣང་ན་དགེ་སློང་དག་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་ཞིང་། རྒྱས་པར་འགྱུར་བར་ཤེས་པར་བྱའོ།། །།བར་སྡོམ་ནི། སྟོན་པ་དང་ནི་འདུལ་བ་དང་། །ལས་དང་དད་དང་ཆོས་ཉིད་དང་། །བྱང་ཆུབ་ཡན་ལག་ཀུན་དུ་དགའ། །དབྱར་བྱེད་པ་དང་ཡང་དག་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ནོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷཱ་ནས་ ལྗོངས་རྒྱུ་ཞིང་གཤེགས་པ་ན་དམར་བུ་ཅན་གྱི་གྲོང་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན་རྒྱལ་པོའི་གནས་འོད་མའི་དབྱུག་པ་ཅན་ན་མཚན་མོ་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་པ་བཀའ་སྩལ་པ། དགེ་སློང་དག་ང་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དག་མི་ཤེས་ཤིང་མ་མཐོང་ལ་ཁོང་དུ་མ་ཆུད་ཅིང་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་ཀུན་དུ་འཁོར་བར་གྱུར་ཏོ། །བདེན་པ་བཞི་པོ་དེ་དག་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མི་ཤེས་ཤིང་མ་མཐོང་ལ་ཁོང་དུ་མ་ཆུད་ཅིང་སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་ཀུན་དུ་འཁོར་


DKG011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་དེ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་པས་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ་ད་ནི་སྲིད་པ་གཞན་མེད་དོ། །སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་པས་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ་ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་དང་ཁྱེད་ཅག་ཁོ་ན་ཡིས། །འཕགས་པའི་བདེན་པ་བཞི་པོ་དག །ཇི་ལྟ་བ་བཞིན་མ་མཐོང་བས། །ལམ་རིང་དུ་ནི་འཁོར་བར་གྱུར། །བདེན་པ་དེ་དག་མཐོང་ནས་ནི། །སྲིད་པའི་སྲེད་པ་བཅད་ནས་སུ། །འཁོར་བའི་སྐྱེ་བ་ཟད་པ་ཡིས། །ད་ནི་སྲིད་པ་གཞན་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ད་ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ནས་ལྗོངས་རྒྱུ་ཞིང་ གཤེགས་པ་ན་དམར་བུ་ཅན་གྱི་གྲོང་དུ་བྱོན་ཏེ། དམར་བུ་ཅན་གྱི་གྲོང་གི་དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་སོ། །དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་


DKG011_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་དམར་བུ་ཅན་གྱི་གྲོང་དུ་བྱོན་ནས་དམར་བུ་ཅན་གྱི་མཆོད་རྟེན་གྱི་དྲུང་དུ་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་། ཁྱུ་ནས་ཁྱུར་ཕྲད་ཅིང་འདུས་ནས་དམར་བུ་ཅན་གྱི་གྲོང་ནས་བྱུང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་དང་ཁྱིམ་བདག་དག་ལྔ་པོ་འདི་དག་ནི་བག་མེད་པའི་ཉེས་དམིགས་དག་ཡིན་ཏེ། ལྔ་གང་ཞེ་ན། བྲམ་ཟེ་དང་། ཁྱིམ་བདག་དག་འདི་ལ་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་མེད་པ་དང་ལྡན་ཞིང་། བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་གྱུར་པ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་དང་པོ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་དག་བག་མེད་པ་དང་ལྡན་ཞིང་། བག་མེད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུ་ཡང་རུང་། བྲམ་ཟེའི་འཁོར་དུ་ཡང་རུང་། ཁྱིམ་བདག་གི་འཁོར་དུ་ཡང་རུང་། དགེ་སྦྱོང་གི་འཁོར་དུ་ཡང་རུང་། འཁོར་གང་དང་གང་དུ་འགྲོ་བ་དེ་དང་དེ་དག་ཏུ་ཞུམ་ཞུམ་པོར་གྱུར་ནས་དགའ་བ་མེད་པ་དང་། བག་ཚ་བས་འགྲོ་བར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་དག་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་གང་དང་གང་དུ་ཞེས་བྱ་བ་ནས། བག་ཚ་བ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་བག་མེད་པའི་ཉེས་དམིགས་གཉིས་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་དག་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་ པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་། ཚིགས་སུ་བཅད་པ་གྲགས་པར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་། ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་འདི་ནི་བག་མེད་པའི་ཉེས་དམིགས་གསུམ་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་ཡིད་


DKG011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅགས་བཞིན་དུ་དུས་བྱེད་པར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་བཞིན་དུ་དུས་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་བཞི་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་མེད་པ་དང་ལྡན་ཞིང་བག་མེད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་ལྔ་པ་ཡིན་ནོ། །བྲམ་ཟེ་དང་། ཁྱིམ་བདག་དག་ལྔ་པོ་འདི་དག་ནི་བག་ཡོད་པའི་ཕན་ཡོན་ཡིན་ཏེ། ལྔ་གང་ཞེ་ན། བྲམ་ཟེ་དང་། ཁྱིམ་བདག་དག་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་དག་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་དག་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུ་ཡང་རུང་། བྲམ་ཟེའི་འཁོར་དུ་ཡང་རུང་། ཁྱིམ་བདག་གི་འཁོར་དུ་ཡང་རུང་། དགེ་སྦྱོང་གི་འཁོར་དུ་ཡང་རུང་། འཁོར་གང་དང་གང་དུ་འགྲོ་བའི་འཁོར་དེ་དང་དེར་ཞུམ་ཞུམ་པོར་མ་ཡིན་པ་དང་། དགའ་བ་དང་། བག་ཚ་བ་མེད་པས་འགྲོ་བར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་དག་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ཞེས་བྱ་བ་ནས་བག་ཚ་བ་མེད་པ་ཞེས་བྱའི་བར་གོང་མ་བཞིན་དུ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་གཉིས་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་


DKG011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དག་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་དག་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་གསུམ་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་དུས་བྱེད་པར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་དུས་བྱེད་པར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་བཞི་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། བྲམ་ཟེ་དང་། ཁྱིམ་བདག་རྣམས་བག་ཡོད་པ་དང་ལྡན་ཞིང་བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་ལྔ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་བཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ་ཅང་མི་གསུང་ངོ་། །དེ་ནས་དམར་བུ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་


DKG011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་གནས་འདིར་དོ་མོད་བཞུགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་དམར་བུ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་དོང་ནས་རིང་པོ་མ་ལོན་པར་མཁྱེན་ཏེ་གནས་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། འདུག་གནས་ཀྱི་ཕྱི་རོལ་ཏུ་ཞབས་གཉིས་བཀྲུས་ཏེ་ནང་དུ་ཡང་དག་འཇོག་གི་ཕྱིར་འདུག་གནས་ཀྱི་ནང་དུ་གཤེགས་སོ། །དེ་ནས་ཡང་དེའི་ཚེ་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཡུལ་སྤོང་བྱེད་པ་རྣམས་གཞོམ་པའི་ཕྱིར་དམར་བུ་ཅན་གྱི་གྲོང་གི་གྲོང་ཁྱེར་རྩིག་པར་བརྩོན་པར་གྱུར་པ་དང་། དེའི་ཚེ་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་འདི་ལྟ་སྟེ། གནས་ཀྱིས་འདྲེ་བར་གྱུར་ཏོ། །བཅོམ་ལྡན་འདས་འདུག་གནས་ན་ཉིན་མོའི་སྤྱོད་པས་བཞུགས་པ་ན་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་གནས་ཀྱིས་འདྲེ་བར་གཟིགས་སོ། ། གཟིགས་ནས་ཀྱང་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་འདུག་གནས་ནས་བྱུང་ནས་འདུག་གནས་ཀྱི་གྲིབ་མ་ལ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།


DKG011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་ཁྱེར་རྩིག་པར་བརྩོན་པ་དེ་སུ་ཡིན་ཅི་ཐོས། བཙུན་པ་བདག་གིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཡུལ་སྤོང་བྱེད་པ་རྣམས་གཞོམ་པའི་ཕྱིར་དམར་བུ་ཅན་གྱི་གྲོང་གི་གྲོང་ཁྱེར་རྩིག་པར་བརྩོན་པར་ཐོས་ལགས་སོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་མཁས་པ་ཡིན་ཏེ། འདི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་བགྲོས་པ་ལྟ་ཞིག །ཀུན་དགའ་བོ་ང་འདི་ན་ཉིན་མོའི་སྤྱོད་པས་བཞུགས་པ་ན་ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་གནས་ཀྱིས་འདྲེ་བར་གཟིགས་སོ། །ཀུན་དགའ་བོ་ཕྱོགས་གང་དུ་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་ཀྱིས་གནས་ཀྱིས་དྲེས་པའི་ཕྱོགས་དེར་འདི་ལྟ་སྟེ། གནས་ཀྱི་ཕྱིར་མཐུ་ཆེ་བ་མཐུ་ཆེ་བའི་མི་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། །ཕྱོགས་གང་དུ་ལྷ་བར་མ་དང་། ཕལ་པས་གནས་ཀྱིས་དྲེས་པའི་ཕྱོགས་དེར་ནི་འདི་ལྟ་སྟེ། གནས་ཀྱི་ཕྱིར་མི་བར་མ་དང་། ཕལ་པ་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། །ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་འདིར་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་ཀྱིས་གནས་ཀྱིས་དྲེས་པའི་ཕྱོགས་འདིར་འདི་ལྟ་སྟེ། གནས་ཀྱི་ཕྱིར་མཐུ་ཆེ་བའི་མི་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། །ཀུན་དགའ་བོ་ཡ་རབས་ཀྱི་གནས་དང་། ཡ་རབས་ཀྱི་ཐ་སྙད་ཇི་སྙེད་པ་དང་། ཚོང་པ་ཡ་རབས་རྣམས་ཀྱི་ལམ་དང་། ཟོང་དགྲམ་པར་ཡང་འགྱུར་ཏེ། འདི་ལྟ་སྟེ། དམར་བུ་ཅན་གྱི་གྲོང་ཁྱེར་འདི་མཆོག་ཏུ་འགྱུར་རོ། །འདི་ལ་བར་ཆད་གསུམ་འབྱུང་བར་རིག་པར་བྱ་སྟེ། མེ་དང་། ཆུ་དང་། ནང་འཁྲུག་གིས་སོ། །དེ་ནས་ཡུལ་མ་ག་དྷཱའི་སྣ་ ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དགེ་སྦྱོང་གཽ་ཏ་མ་ཡུལ་མ་ག་དྷཱ་ནས་ལྗོངས་རྒྱུ་ཞིང་གཤེགས་ནས་དམར་བུ་ཅན་གྱི་གྲོང་དུ་བྱོན་ཏེ། དམར་བུ་ཅན་གྱི་གྲོང་གི་དམར་བུ་ཅན་གྱི་མཆོད་རྟེན་གྱི་དྲུང་ན་བཞུགས་


DKG011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལ་དམར་བུ་ཅན་གྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་བསྙེན་བཀུར་བྱས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དམར་བུ་ཅན་གྱི་གྲོང་ནས་བྱུང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཅང་མི་གསུང་བས་གནང་ངོ་།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་པ། དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་ པར་བསྟོད་དེ་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དེ་ཉིད་ཀྱི་མཚན་མོ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་སྟ་གོན་བྱས་ནས་ནང་པར་སྔར་ལངས་


DKG011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གདན་བཤམས་ནས་ཆུ་སྣོད་ནོར་བུ་ཅན་གཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། གཽ་ཏ་མ་གདུགས་ཚོད་ལགས་ཏེ་ད་དེའི་དུས་ལ་བབ་ན་ཤེས་ལྡན་གཽ་ཏ་མས་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ན་བཟའ་ཤམ་ཐབས་མནབས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་དགེ་སློང་གི་དགེ་འདུན་གྱི་ཚོགས་ཀྱིས་མདུན་དུ་བྱས་ཏེ། ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གདུགས་ཚོད་གསོལ་ནས་ཕྱག་གཉིས་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་གསེར་གྱི་བྱ་མ་བུམ་ཐོགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །ཀྱེ་གཽ་ཏ་མ་སྦྱིན་པ་འདི་ལས་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་གང་ལགས་པ་དེ་དམར་བུ་ཅན་གྱི་གྲོང་ན་གནས་པའི་ལྷ་རྣམས་ཀྱི་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་གྱུར་ཅིག་ཅེས་དེ་ཉིད་ལ་ཡོན་བསྔོ་བ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་ངོ་། །སྐྱེས་བུ་གང་ཟག་དད་པ་ཅན། །གང་ཞིག་ལྷ་རྣམས་མཆོད་བྱེད་པ། །སངས་རྒྱས་བཀའ་བཞིན་བྱེད་ གྱུར་པས། །དེ་ནི་སངས་རྒྱས་རྣམས་ཀྱིས་བསྔགས། །མཁས་ཤིང་ཡིད་ནི་གཞུངས་པ་ཡིས། །གང་གི་ཕྱོགས་སུ་གནས་


DKG011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བ། །ཚུལ་ཁྲིམས་ལྡན་ལ་བཤོས་གསོལ་ནས། །དེ་ཡི་འོག་ཏུ་ཡོན་བསྔོ་བྱ། །དེ་རྣམས་རྗེད་པས་རྗེད་འགྱུར་ཞིང་། །མཆོད་པས་ཡང་ནི་མཆོད་པར་འགྱུར། །དེ་ནས་ལྟོ་ནས་བྱུང་བ་ཡི། །བུ་ལ་མ་བཞིན་འདི་ལ་བརྩེ། །ལྷ་རྣམས་བརྩེ་བའི་སྐྱེས་བུ་དེ། །བདེ་བ་བཟང་པོ་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་སྟན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དེར་རྒྱུ་ལྷག་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པར་བཏང་ནས་བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ་འབྲང་ཞིང་འདི་སྙམ་དུ་སེམས་ལ་མངོན་པར་འདུ་བྱེད་དོ། །དགེ་སྦྱོང་གཽ་ཏ་མ་དམར་བུ་ཅན་གྱི་གྲོང་གི་སྒོ་ནས་ཕྱིར་གཤེགས་པ་དེ་ནི་བདག་གིས་གཽ་ཏ་མའི་སྒོ་ཞེས་གདགས་སོ། །ཆུ་བོ་གང་གཱའི་འཇུག་ངོགས་གང་ནས་རྒལ་བ་དེ་ཡང་གཽ་ཏ་མའི་འཇུག་ངོགས་ཞེས་གདགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱི་བསམ་པ་མཁྱེན་ནས་དམར་བུ་ཅན་གྱི་གྲོང་གི་དབུས་ཐོག་ཐག་ཏུ་གཤེགས་ནས་ནུབ་ཕྱོགས་ཀྱི་སྒོར་བྱུང་སྟེ་བྱང་ཕྱོགས་སུ་རྒྱུས་ནས་ཆུ་བོ་གང་གཱ་གང་ན་བར་གཤེགས་སོ། །དེ་ནས་ཡང་དེའི་ཚེ་ཡུལ་མ་ག་དྷཱའི་མི་རྣམས་ཀྱིས་ཆུ་བོ་གང་གཱ་ལ་ཕན་ཚུན་རྒལ་བར་བྱེད་དེ། ཁ་ཅིག་ནི་ཤིང་ཤལ་མ་ལའི་སྤང་ལེབ། ཁ་ཅིག་ནི་ཀུ་བའི་གྲུ་ཟམ། ཁ་ཅིག་ནི་སྔས་ནང་ཚངས་ཅན། ཁ་ཅིག་ནི་ར་རྐྱལ་གྱིས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅི་ཆུ་བོ་གང་གཱའི་རྒྱུན་ལས་བཟློག་སྟེ་འགྲོའམ། འོན་ཏེ་ཚུ་རོལ་གྱི་འགྲམ་ནས་མི་སྣང་ཞིང་ཕ་རོལ་གྱི་འགྲམ་དུ་བཞུགས་པར་བྱ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ དགེ་འདུན་དང་ཐབས་ཅིག་


DKG011_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཚུ་རོལ་གྱི་འགྲམ་ནས་མི་སྣང་ཞིང་ཕ་རོལ་གྱི་འགྲམ་ན་བཞུགས་པར་བྱ་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་གཞག་པ་དང་། དེ་ནས་དགེ་སློང་གཞན་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཁ་ཅིག་ཟམ་པ་བཙུགས་ནས་ཆུ་བྲན་བོར་ཏེ་རྒྱ་མཚོ་རྒལ། །སྐྱེ་བོ་རྣམས་ནི་གཟིངས་འཆའ་མཁས་པའི་སྐྱེ་བོ་རྣམས་སུ་རྒལ། །སངས་རྒྱས་བཅོམ་ལྡན་བྲམ་ཟེ་རྒལ་བར་གྱུར་ནས་སྐོམ་ལ་བཞུགས། །དགེ་སློང་དག་འདིར་ཁྲུས་བྱེད་ཉན་ཐོས་རྣམས་ནི་གཟིངས་འཆའོ། །གལ་ཏེ་ཀུན་ན་ཆུ་ཡོད་ན། །ཁྲོན་པའི་ཆུས་ནི་ཅི་ཞིག་བྱ། །སྲེད་པའི་རྩ་བ་བཅད་ནས་ནི། །སུ་ཞིག་སྤྱོད་པ་ཚོལ་བར་བྱེད། །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་བཅོམ་ལྡན་འདས་དམར་བུ་ཅན་གྱི་གྲོང་གི་སྒོ་ཁང་ནས་བྱུང་བ་དེ་ལ་གཽ་ཏ་མའི་སྒོ་ཞེས་བཏགས་སོ། །ཆུ་བོ་གང་གཱའི་འཇུག་ངོགས་གང་ནས་རྒལ་བ་དེ་ཡང་གཽ་ཏ་མའི་འཇུག་ངོགས་ཞེས་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་སྤྱིལ་པོ་ཅན་དུ་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏེ། བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ནས་གྲོང་ཁྱེར་སྤྱིལ་པོ་ཅན་དུ་བྱོན་ཏེ། གྲོང་ཁྱེར་སྤྱིལ་པོ་ཅན་དུ་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཚུལ་ཁྲིམས་ནི་འདི་ལྟ་བུའོ། །ཏིང་ངེ་འཛིན་ནི་འདི་ལྟ་བུའོ། །ཤེས་རབ་ནི་འདི་ལྟ་བུ་སྟེ། ཚུལ་ཁྲིམས་གོམས་པར་བྱ་བ་ལས་ཏིང་ངེ་འཛིན་ལ་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གོམས་པར་བྱས་པས་ཤེས་རབ་ལ་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་པས་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་ཡང་དག་པ་


DKG011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་སེམས་རྣམ་པར་གྲོལ་བར་འགྱུར་རོ། །དགེ་སློང་དག་འཕགས་པའི་ཉན་ཐོས་རྣམས་འདི་ལྟར་སེམས་ཡང་དག་པར་རྣམ་པར་གྲོལ་ཏེ། བདག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་སྒྲ་ཅན་ག་ལ་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། བཅོམ་ལྡན་འདས་དང་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་སྒྲ་ཅན་དུ་བྱོན་ཏེ། སྒྲ་ཅན་གྱི་ཀུན་ཛི་ཀའི་གནས་ན་བཞུགས་སོ། །དེ་ནས་དེའི་ཚེ་སྒྲ་ཅན་གྱི་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་བྱུང་བར་གྱུར་ཏེ། འདི་ལྟར་དགེ་བསྙེན་ཨུད་ཀ་ཏ་ཡང་དུས་ལས་འདས་པར་གྱུར། དགེ་བསྙེན་ཉེ་བ་དང་། རབ་བརྩོན་དང་། ཀ་ཏྱའི་ཁྱུ་མཆོག་དང་། མཛེས་པ་དང་། ཉེ་མཛེས་དང་། འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། བཟང་པོ་དང་། ཤིན་ཏུ་བཟང་པོ་དང་། གྲགས་པ་དང་། གྲགས་བྱིན་དང་། གྲགས་མཆོག་ཀྱང་དུས་ལས་འདས་པར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་བླངས་ནས་སྒྲ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དགེ་སློང་རབ་ཏུ་མང་པོ་སྒྲ་ཅན་དུ་བསོད་སྙོམས་ལ་རྒྱུ་བ་དང་། སྒྲ་ཅན་འདིར་སྐྱེ་བོ་ཕལ་པོ་ཆེ་ཤི་བར་གྱུར་ཏེ། འདི་ལྟར་དགེ་བསྙེན་ཨུད་ཀ་ཏ་ཡང་དུས་ལས་འདས། དགེ་བསྙེན་ཉེ་བ་དང་། རབ་བརྩོན་དང་། ཀ་ཏྱའི་ཁྱུ་མཆོག་དང་། མཛེས་པ་དང་། ཉེ་མཛེས་དང་། འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། བཟང་པོ་དང་། ཤིན་ཏུ་བཟང་པོ་དང་། གྲགས་པ་དང་། གྲགས་བྱིན་དང་། གྲགས་མཆོག་དག་ཀྱང་དུས་ལས་འདས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྒྲ་ཅན་དུ་བསོད་སྙོམས་བརྒྱུས་ཏེ་ཟས་ཀྱི་བྱ་བ་བྱས་ནས་ཟས་ཕྱི་མའི་བསོད་


DKG011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་སྤངས་ཏེ་ལྷུང་བཟེད་དང་། ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་སྒྲ་ཅན་འདིར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་སྒྲ་ཅན་དུ་བསོད་སྙོམས་ལ་རྒྱུ་བ་ན་སྒྲ་ཅན་འདིར་སྐྱེ་བོ་ཕལ་པོ་ཆེ་གུམ་པར་གྱུར་ཏེ། འདི་ལྟར་དགེ་བསྙེན་ཨུད་ཀ་ཏ་དུས་ལས་འདས། དགེ་བསྙེན་ཉེ་བ་དང་། རབ་བརྩོན་དང་། ཀ་ཏྱའི་ཁྱུ་མཆོག་དང་། མཛེས་པ་དང་། ཉི་མཛེས་དང་། འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། བཟང་པོ་དང་། ཤིན་ཏུ་བཟང་པོ་དང་། གྲགས་པ་དང་། གྲགས་སྦྱིན་དང་། གྲགས་མཆོག་དག་ཀྱང་དུས་ལས་འདས་པར་ཐོས་ལགས་ན། བཙུན་པ་དེ་དག་གར་མཆིས་ལགས། འཇིག་རྟེན་ཕ་རོལ་གྱི་གནས་གང་དུ་སྐྱེས་ལགས། དགེ་སློང་དག་དགེ་བསྙེན་ཨུད་ཀ་ཏ་ནི་གོང་མའི་ཆ་དང་མཐུན་པ་མ་ཡིན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། དེ་ཉིད་དུ་རྫུས་ཏེ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ་འཇིག་རྟེན་འདིར་སླར་མི་འོང་ཞིང་མི་འབྱུང་བའི་ཆོས་ཉིད་དུ་འགྱུར་རོ། །དགེ་བསྙེན་ཉེ་བ་དང་། རབ་བརྩོན་དང་། ཀ་ཏྱའི་ཁྱུ་མཆོག་དང་། མཛེས་པ་དང་། ཉེ་མཛེས་དང་། འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། བཟང་པོ་དང་། ཤིན་ཏུ་བཟང་པོ་དང་། གྲགས་པ་དང་། གྲགས་སྦྱིན་དང་། གྲགས་མཆོག་རྣམས་ཀྱིས་ཀྱང་གོང་མའི་ཆ་དང་མཐུན་པ་མ་ཡིན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། དེ་ཉིད་དུ་རྫུས་ཏེ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ་འཇིག་རྟེན་འདིར་སླར་མི་འོང་ཞིང་མི་འབྱུང་བའི་ཆོས་ཉིད་དུ་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདིར་དགེ་བསྙེན་ཉིས་བརྒྱ་ལྔ་བཅུ་ལྷ་གཅིག་དུས་ལས་འདས་པ་གང་ཡིན་པ་དག་ཀྱང་གོང་མའི་ཆ་དང་མཐུན་པ་མ་ཡིན་པའི་ཀུན་དུ་


DKG011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལྔ་སྤངས་ཏེ། དེ་ཉིད་དུ་རྫུས་ཏེ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་ནས་འཇིག་རྟེན་འདིར་སླར་མི་འོང་ཞིང་མི་འབྱུང་བའི་ཆོས་ཉིད་དུ་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདིར་དགེ་བསྙེན་སུམ་བརྒྱ་ལྷག་ཅིག་གིས་ནི་ཀུན་དུ་སྦྱོར་བ་གསུམ་པོ་གང་ཡིན་པ་སྤངས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་ནས་ལན་གཅིག་ཕྱིར་འོང་སྟེ་འཇིག་རྟེན་འདིར་ ལན་གཅིག་ཕྱིར་འོངས་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །དགེ་སློང་དག་སྒྲ་ཅན་འདིར་དགེ་བསྙེན་ལྔ་བརྒྱ་ལྷག་ཅིག་དུས་ལས་འདས་པས་ཀྱང་ཀུན་དུ་སྦྱོར་བ་གསུམ་པོ་གང་ཡིན་པ་སྤངས་ཏེ་རྒྱུན་དུ་ཞུགས་པ་ལས་ཕྱིར་མི་ལྟུང་བའི་ཆོས་ཉིད་དུ་གྱུར་ཅིང་ངེས་པར་ཡང་དག་པའི་བྱང་ཆུབ་ཏུ་འགྱུར་ཏེ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་ལས་མི་འདའ་སྟེ་ལྷའམ་མི་རྣམས་ཀྱི་ནང་དུ་སྲིད་པ་ལན་བདུན་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་དུས་ལས་འདས། དུས་ལས་འདས་ཞེས་ཞུ་བ་དེ་བཞིན་གཤེགས་པ་ལ་མཐོ་བཙམ་པ་ཡིན་ཏེ། དེས་དེ་བཞིན་གཤེགས་པ་ལ་བདེ་བར་མི་འགྱུར་མོད་ཀྱི། སྐྱེ་བ་ཡོད་ན་ངེས་པར་འཆི་བའི་དུས་བྱེད་པར་འགྱུར་བ་ནི་དེ་ལ་ངོ་མཚར་མི་ཆེ་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཀྱི་ཚུལ་ནི་གནས་པ། ཆོས་ཀྱི་དབྱིངས་འདི་དག་ནི་ཆོས་ཉིད་ཀྱི་གནས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཅིང་ཡང་དག་པར་ཐུགས་སུ་ཆུད་དེ་འཆད་ཅིང་རབ་ཏུ་འདོགས་པར་མཛད། རབ་ཏུ་འཇོག་པར་མཛད། རྣམ་པར་འབྱེད་པར་མཛད། རྣམ་པར་གསལ་བར་མཛད། སྟོན་པར་མཛད། རབ་ཏུ་སྟོན་པར་མཛད་པ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་


DKG011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་ འགྱུར་ཏེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དགེ་སློང་དག་དེ་ལྟ་མོད་ཀྱི། ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་ངས་བཤད་པར་བྱས། དེ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། སངས་རྒྱས་ལ་ཤེས་ནས་དད་པ་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་སོ། །ཆོས་དང་། དགེ་འདུན་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །དགེ་སློང་དག་ངས་ཁྱེད་ལ་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་བཤད་དོ་ཞེས་གསུངས་པ་དེ་ནི་བཤད་པ་དེ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་དུ་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་


DKG011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ནས་ཡངས་པ་ཅན་དུ་བྱོན་ཏེ། ཡངས་པ་ཅན་གྱི་ཨ་མྲ་སྐྱོང་མའི་ཚལ་ན་བཞུགས་སོ། །ཨ་མྲ་སྐྱོང་མས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་བདག་ཉིད་ཀྱི་ཚལ་ན་བཞུགས་པར་ཐོས་སོ། །ཐོས་ནས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ནས་བཞོན་པ་བཟང་པོ་ལ་ཞོན་ཏེ་ཡངས་པ་ཅན་ནས་བྱུང་ནས་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་ བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེས་ཇི་ལྟར་བཞོན་པའི་སའི་བར་དུ་ཞོན་ཏེ་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ཀུན་དགའ་ར་བར་སོང་ངོ་། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱི་གུང་ལ་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་རྒྱང་རིང་པོ་ནས་འོངས་པ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཨ་མྲ་སྐྱོང་མ་འདིར་འོང་གིས་བརྩོན་པ་དང་། ཤེས་བཞིན་དང་། དྲན་པས་གནས་པར་གྱིས་ཤིག །དགེ་སློང་དག་ངས་དེ་སྐད་དུ་རྗེས་སུ་བསྟན་པ་བརྩོན་པ་ལ་གནས་པ་གང་ཞེ་ན། དགེ་སློང་དག་འདི་ལ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པ་དང་། འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ །དགེ་སློང་


DKG011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དག་འདི་ནི་བརྩོན་པ་ལ་གནས་པ་ཡིན་ནོ། །དགེ་སློང་དག་ཤེས་བཞིན་དུ་གྱུར་ཅིང་འགྲོ་བ་དང་འོང་བའི་ཚེ་ཤེས་བཞིན་དུ་གནས་པ་གང་ཞེ་ན། ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། ཆོས་གོས་སྣམ་སྦྱར་གྱོན་པ་དང་། ལྷུང་བཟེད་ཐོགས་པ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། ལངས་པ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་དང་། ངལ་བ་དང་། ངལ་བསོ་བའི་ཚེ་ཤེས་བཞིན་དུ་གྱུར་པ་སྟེ། དགེ་སློང་དག་འདི་ནི་ཤེས་བཞིན་དུ་གནས་པར་གྱུར་པ་ཡིན་ནོ། །དགེ་སློང་དག་ཇི་ལྟར་དྲན་པར་གྱུར་པ་ཡིན་ཞེ་ན། དགེ་སློང་དག་འདི་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་ འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་། ཡིད་མི་བདེ་བ་སྤངས་ནས་གནས་སོ། །ཕྱིའི་ལུས་དང་། ནང་གི་དང་། ཕྱི་དང་ནང་གི་ལུས་དང་། ཕྱིའི་ཚོར་བ་དང་། ནང་གི་དང་། ཕྱི་དང་ནང་གི་ཚོར་བ་དང་ཕྱིའི་སེམས་དང་། ནང་གི་སེམས་དང་། ཕྱི་དང་ནང་གི་སེམས་དང་། ཕྱིའི་ཆོས་དང་། ནང་གི་ཆོས་དང་། ཕྱི་དང་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ། བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་། ཡིད་མི་བདེ་བ་སྤངས་ནས་གནས་སོ། །དགེ་སློང་དག་འདི་ནི་དྲན་པ་ལ་གནས་པ་ཡིན་ནོ། །དགེ་སློང་དག་ཨ་མྲ་སྐྱོང་མ་འདིར་འོང་གིས་བརྩོན་པ་དང་། ཤེས་བཞིན་དང་། དྲན་པས་གནས་པར་གྱིས་ཤིག་ཅེས་ངས་གང་གསུངས་པ་ནི་དེ་ཡིན་ནོ། །དེ་ནས་ཨ་མྲ་སྐྱོང་མ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་


DKG011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཨ་མྲ་སྐྱོང་མ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཅང་མི་གསུང་བས་ཨ་མྲ་སྐྱོང་མ་ལ་གནང་བར་མཛད་དོ། །དེ་ནས་ཨ་མྲ་སྐྱོང་མ་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་བཅོམ་ལྡན་འདས་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་གྱི་ཨ་མྲ་སྐྱོང་མའི་ཚལ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རང་རང་གི་ཤིང་རྟ་ལ་ཞོན་ཏེ། ཁ་ཅིག་ནི་རྟ་སྔོན་པོ། ཤིང་རྟ་སྔོན་པོ། སྲབ་སྐྱོགས་དང་། ལྕག་སྔོན་པོ། ཐོར་ཚུགས་དང་། གདུགས་དང་། རལ་གྲི་ཤུབས་སྔོན་པོ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་སྔོན་པོ་དང་། འཁོར་སྔོན་པོ་དང་། ཁ་ཅིག་ནི་རྟ་སེར་པོ། ཤིང་རྟ་སེར་པོ། སྲབ་སྐྱོགས་དང་། ལྕག་སེར་པོ། ཐོར་ཚུགས་དང་། གདུགས་སེར་པོ། རལ་གྲི་ཤུབས་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་སེར་པོ། འཁོར་སེར་པོ་དང་། ཁ་ཅིག་ནི་རྟ་དམར་པོ། ཤིང་རྟ་དམར་པོ། སྲབ་སྐྱོགས་དང་ལྕག་དམར་པོ། ཐོར་ཚུགས་དང་གདུགས་དམར་པོ། རལ་གྲི་ཤུབས་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་དམར་པོ་དང་། འཁོར་དམར་པོའོ། །ཁ་ཅིག་ནི་རྟ་དཀར་པོ་དང་། ཤིང་རྟ་དཀར་པོ་དང་། སྲབ་སྐྱོགས་དང་ལྕག་དཀར་པོ་དང་། ཐོར་ཚུགས་དང་། གདུགས་དཀར་


DKG011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། རལ་གྲི་ཤུབས་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། གོས་དང་། རྒྱན་དང་། བྱུག་པ་དཀར་པོ། འཁོར་དཀར་པོར་ཆས་ཏེ། སྐད་མཐོན་པོ་དང་སྐད་ཆེན་པོར་སླར་ཁྱེར་སླར་ཁྱེར་ཅེས་ཟེར་ཞིང་ཡངས་པ་ཅན་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་རྒྱང་རིང་པོ་ཁོ་ན་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ལས་གང་གིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་དུ་འགྲོ་བ་མ་མཐོང་བ་དེ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་ལྟོས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཇི་ལྟར་ད་ལྟར་ཡངས་པ་ཅན་གྱི་ལིཙྪ་བཱི་དག་བཞིན་དུ་རྫུ་འཕྲུལ་འདི་དང་། འབྱོར་པ་འདི་དང་། ཆ་ལུགས་འདིས་སྐྱེད་མོས་ཚལ་གྱི་གནས་སུ་འགྲོའོ། །ཇི་ཙམ་བཞོན་པའི་སའི་བར་ དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ། རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །དེ་ནས་ཡང་དེའི་ཚེ་བྲམ་ཟེའི་ཁྱེའུ་སེར་སྐྱ་འཁོར་འདུས་པ་དེ་ཉིད་དུ་འདུག་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་


DKG011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སྤོབས་ལགས་སོ། །བདེ་བར་གཤེགས་པ་བདག་ནི་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་སེར་སྐྱའི་བུ་སྤོབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱས་ཚིགས་སུ་བཅད་དེ་གསོལ་པ། ཨངྒའི་རྒྱལ་པོ་ནོར་བུ་གོ་འཆང་བ། །མ་གའི་དབང་པོས་རྙེད་པ་ལེགས་རྙེད་དེ། །དེ་ཡི་ཡུལ་དུ་བྱུང་བའི་སངས་རྒྱས་ནི། །གྲགས་པའི་སྒྲ་དག་གངས་ཀྱི་རི་བོ་བཞིན། །ཇི་ལྟར་པད་མ་བཟང་པོ་ལེགས་འཁྲུངས་པ། །དགོངས་ཀ་ཁ་འབྱེ་དྲི་ཞིམ་ལྡན་པ་བཞིན། །བར་སྣང་ལ་ནི་ཉི་མ་ལྷག་གི་བར། །སྣང་བ་ལྟ་བུའི་ཉི་མའི་རྒྱུད་ལ་ལྟོས། །དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་སྟོབས། །ཇི་ལྟར་མཚན་མོ་མེ་འབར་ལྟ་བུ་ལྟོས། །དེ་ནི་མིག་བྱེད་སྣང་བར་བྱེད་པ་སྟེ། །ལྷགས་པ་རྣམས་ཀྱི་ཐེ་ཚོམ་རྣམ་པར་འདུལ། །ལིཙྪ་བཱི་ལྔ་བརྒྱས་བྲམ་ཟེའི་ཁྱེའུ་སེར་སྐྱས་ལེགས་པར་སྨྲས་སོ། །བྲམ་ཟེའི་ཁྱེའུ་སེར་སྐྱས་ལེགས་པར་སྨྲས་སོ། །ཞེས་བླ་གོས་ལྔ་བརྒྱ་ལེགས་པར་སྨྲས་པའི་ཕྱིར་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། གནས་འཇོག་དག་ང་སྔར་ཨ་མྲ་སྐྱོང་མས་སྤྱན་དྲངས་སོ། །བཙུན་པ་ཨ་མྲ་སྐྱོང་མ་དམན་པ་ཤེས་རབ་དམན་པ་དེས་བདག་ཅག་བསླུས་ལགས་ཏེ་ཐོག་མར་བཅོམ་ལྡན་འདས་ལ་ལྟ་བ་དང་། བསྙེན་བཀུར་བགྱི་བར་མཆིས་པའི་རྔོ་མ་ཐོག་མོད་ཀྱི་ད་དུང་བདག་ཅག་བཅོམ་ལྡན་འདས་དང་དགེ་


DKG011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གི་དགེ་འདུན་ལ་བསྙེན་བཀུར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་གནས་འཇོག་དག་ལེགས་པར་སྨྲས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །བྲམ་ཟེའི་ཁྱེའུ་སེར་སྐྱ་ནི་དེ་ཉིད་དུ་འདུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་དོང་ནས་རིང་པོར་མ་ལོན་པར་ཤེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་ལ་ལིཙྪ་བཱི་ལྔ་བརྒྱས་བླ་གོས་ལྔ་བརྒྱ་ལེགས་པར་སྨྲས་པའི་ཕྱིར་སྩལ་བ་འདི་དག་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་སེར་སྐྱ་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བླ་གོས་ལྔ་བརྒྱ་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ བྲམ་ཟེའི་ཁྱེའུ་སེར་སྐྱ་ལ་བཀའ་སྩལ་པ། སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། སེར་སྐྱའི་བུ་འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། དེའི་ཆོས་བསྟན་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏེ། སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་


DKG011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་བྱུང་བ་དང་པོ་ཡིན་ནོ། །སེར་སྐྱའི་བུ་གཞན་ཡང་གང་ཆོས་དེ་གུས་པ་དང་བཅས་པས་ཉན་ཅིང་བླ་མར་བྱེད། དམ་པར་བྱེད། ཡིད་ལ་བྱེད་ཅིང་སེམས་རྩེ་གཅིག་ཏུ་བྱས་ཏེ་རྣ་བ་བླགས་ནས་སེམས་ཐམས་ཅད་བསྡུས་ཏེ་ཉན་པར་བྱེད་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་བྱུང་བ་གཉིས་པ་ཡིན་ནོ། །སེར་སྐྱའི་བུ་གཞན་ཡང་ཆོས་དེ་གང་དག་གིས་ཐོས་ནས་དགའ་བ་དང་། མགུ་བ་དང་། ངེས་པར་འབྱུང་བ་དང་ལྡན་པའི་དགེ་བ་རྒྱ་ཆེན་པོ་ཐོས་པ་འདི་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་བྱུང་བ་གསུམ་པ་ཡིན་ནོ། །སེར་སྐྱའི་བུ་གཞན་ཡང་གང་དག་གིས་ཆོས་དེ་ཐོས་ནས་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་བྱུང་བ་བཞི་པ་ཡིན་ནོ། །སེར་སྐྱའི་བུ་གཞན་ ཡང་གང་དག་གིས་ཆོས་དེ་ཐོས་ནས་དོན་ཟབ་མོའི་གཞི་སོ་སོར་རྟོགས་པར་བྱེད་པ་ནི་སེར་སྐྱའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་བྱུང་བ་ལྔ་པ་ཡིན་ནོ། །སེར་སྐྱའི་བུ་སྐྱེས་བུ་དམ་པ་དག་ནི་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ཅན་ཡིན་ཏེ། གང་གིས་ཅུང་ཟད་ཙམ་བྱས་པ་ཡང་ཆུད་གཟོན་པར་མི་བྱེད་ན་མང་པོ་ལྟ་སྨོས་ཀྱང་ཅི་དགོས། སེར་སྐྱའི་བུ་དེ་ལྟ་བས་ན་འདི་ལྟར་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ཅན་དུ་བསླབ་པར་བྱ་སྟེ། ཅུང་ཟད་ཙམ་བྱས་པ་ཡང་ཆུད་གཟོན་པར་མི་བྱ་ན་མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེར་སྐྱའི་བུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་


DKG011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཨ་མྲ་སྐྱོང་མས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ཏེ། ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ནོར་བུའི་ཆུ་སྣོད་དག་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱི་གདུགས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་བཤམས་ལགས་ན་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མནབས། ན་བཟའ་ཆོས་གོས་དང་། ལྷུང་བཟེད་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱི་མདུན་གྱིས་བལྟས་ཏེ། ཨ་མྲ་སྐྱོང་མའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཨ་མྲ་སྐྱོང་མས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ། ལྷུང་བཟེད་གྱུ་བར་རིག་ནས་སྟན་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མའི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་མཛད་དེ། སྦྱིན་ལ་དགའ་འགྱུར་དེ་ལ་སྐྱེ་བོ་སྟེན། །སྙན་པ་ཐོབ་ཅིང་དེ་ཡི་གྲགས་པ་འཕེལ། །སེར་སྣ་མེད་ཅིང་ཚོགས་པར་འགྲོ་བ་ན། །ཞུམ་པར་མི་འགྱུར་འཇིགས་པ་མེད་པར་འགྱུར། །དེ་ལྟ་བས་ན་མཁས་པ་བདེ་འདོད་པས། །སེར་སྣའི་དྲི་མ་སྤངས་ཏེ་སྦྱིན་པ་གཏོང་། །དེ་དག་ཡུན་རིང་སུམ་བཅུ་རྩ་གསུམ་གནས། །ལྷ་དག་དང་ཡང་སྐལ་བ་མཉམ་པར་དགའ། །སྦྱིན་གཏོང་དགེ་བྱེད་དེ་ནི་ཤི་འཕོས་ནས། །རང་གི་འོད་ཀྱིས་དགའ་བའི་ཚལ་ན་རྒྱུ། །དེ་ན་དེ་དག་རྩེན་ཅིང་དགའ་བྱེད་པ། །འདོད་པའི་ཡོན་ཏན་མང་པོ་དག་དང་ལྡན། །མ་བཅིངས་སྐྱོབ་པ་


DKG011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་གསུང་ཐོས་ནས། །བདེ་བར་གཤེགས་པའི་ཉན་ཐོས་མཐོ་རིས་དགའ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཨ་མྲ་སྐྱོང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འོད་མ་ཅན་གྱི་གྲོང་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་འོད་མ་ཅན་གྱི་གྲོང་དུ་བྱོན་ནས་འོད་མ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་གྲོང་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེ་ནས་དེའི་ཚེ་མུ་གེའི་དགོན་པ་ཉམ་ང་བ་སློང་མོ་པ་རྣམས་ཀྱིས་ཟས་རྙེད་དཀའ་བ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འདིར་མུ་གེའི་དགོན་པ་ཉམ་ང་བ་སློང་མོ་པ་རྣམས་ཀྱིས་ཟས་རྙེད་དཀའ་བ་བྱུང་གིས། དགེ་སློང་དག་ཚུར་ཁྱེད་ལས་སྨོས་འདྲིན་ཇི་ལྟ་བུ་ཡོད་པ་དང་། གཏམ་འདྲེས་པ་ཇི་ལྟ་བུ་ཡོད་པ་དང་། འགྲོགས་བཤེས་ཇི་ལྟ་བུ་ཡོད་པ་དེ་དག་ནི་ཡངས་པ་ཅན་གྱི་ཉེ་ འཁོར་སྤོང་བྱེད་དུ་དབྱར་གནས་པར་དམ་ཆོས་ཤིག །ང་ཡང་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་འོད་མ་ཅན་གྱི་གྲོང་འདི་ཉིད་དུ་དབྱར་བཞུགས་པར་དམ་བཅས་ན་ཐམས་ཅད་བསོད་སྙོམས་ཀྱིས་ཕོངས་པར་མི་འགྱུར་གྲང་། བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་སྨོས་འདྲིན་ཇི་ལྟ་བུ་ཡོད་པ་དང་། འགྲོགས་བཤེས་ཇི་ལྟ་བུ་ཡོད་པ་དང་། གཏམ་འདྲེས་པ་ཇི་ལྟ་བུ་ཡོད་པ་དག་ནི་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་དུ་དབྱར་གནས་པར་དམ་བཅས་སོ། །བཅོམ་ལྡན་འདས་ཀྱང་བསྙེན་བཀུར་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་འོད་མ་ཅན་གྱི་གྲོང་དེ་ཉིད་དུ་དབྱར་བཞུགས་པར་དམ་བཅས་སོ། །དབྱར་གནས་དེར་བཅོམ་ལྡན་


DKG011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པོ་གྲོངས་ལ་ཐུག་པ་ཞིག་གིས་ཐེབས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་ནད་ཚབས་ཆེན་པོ་མི་བཟད་པ་དྲག་པ་ཤི་ལ་ཐུག་པས་ཐེབས་ལ། དགེ་སློང་གི་དགེ་འདུན་ཡང་འཐོར་བར་གྱུར་ན་དགེ་སློང་གི་དགེ་འདུན་འཐོར་བ་དང་། བདག་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བདག་གི་ཆ་མ་ཡིན་གྱི། མ་ལ་བདག་གིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་བཅིལ་ལ་མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་ལུས་ཀྱི་མངོན་སུམ་དུ་བསྒྲུབས་ཏེ་གནས་པར་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་སླར་བཅིལ་ནས་མཚན་མ་ཐམས་ཅད་ཡིད་ལ་མི་མཛད་པས་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་སྐུས་མངོན་སུམ་དུ་མཛད་དེ་བསྒྲུབས་ནས་བཞུགས་ཏེ། དེས་ན་བཅོམ་ལྡན་འདས་ལྷག་པར་སྤྱོད་པ་དང་། ལྷག་པར་འཚོ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པོ་གྲོངས་ལ་ཐུག་པས་ཐེབས་པ་གློ་བར་ཆུད་ནས་བདག་ནི་དུག་འཚལ་བ་བཞིན་ལུས་ཀྱང་གཡོ་བ་མ་མཆིས། ཕྱོགས་ཀྱང་བསླད། ཆོས་ཐོས་པ་རྣམས་ཀྱང་བསྐྱུད་པར་གྱུར་ལགས་ཏེ། དེ་ལ་བདག་གློ་བ་རེ་བ་ནི་རེ་ཞིག་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་གྱི་སླད་དུ་ཞལ་ཆེམས་ཅུང་ཟད་བཀའ་མ་སྩལ་གྱི་བར་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་མི་འདའོ་སྙམ་བགྱིད་དོ། །ཀུན་དགའ་བོ་གང་ཞིག་འདི་སྙམ་དུ་དགེ་སློང་གི་དགེ་འདུན་ནི་བདག་གི་ཡིན་ཏེ། བདག་གིས་དགེ་སློང་གི་དགེ་འདུན་ལ་བསྟན་པར་བྱའོ། །བདག་གིས་དགེ་སློང་གི་དགེ་འདུན་དྲང་ངོ་སྙམ་དུ་སེམས་པ་དེ་ནི་དགེ་འདུན་གྱི་ཕྱིར་ཁ་ཆེམས་


DKG011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་སྨྲ་བར་འགྱུར་བ་ཉིད་ན། ཀུན་དགའ་བོ་ང་ལ་ནི་འདི་སྙམ་དུ་དགེ་སློང་གི་དགེ་འདུན་ངའི་ཡིན་ཏེ། ངས་དགེ་སློང་གི་དགེ་འདུན་ལ་བསྟན་པར་བྱའོ། །ངས་དགེ་སློང་གི་དགེ་འདུན་དྲང་ངོ་སྙམ་དུ་དགོངས་པ་མི་མངའ་ན། ངས་དགེ་སློང་གི་དགེ་འདུན་གྱི་ཕྱིར་ཞལ་ཆེམས་ཁོ་ན་ཅུང་ཟད་བསྟན་དུ་ཅི་ཡོད། གཞན་ཡང་ཀུན་དགའ་བོ་ང་ལ་དགེ་སློང་གི་དགེ་འདུན་གྱི་རག་ལུས་པ་ཅི་ཞིག་ཡོད། ཀུན་དགའ་བོ་ངས་རྟག་ཏུ་གོམས་པར་བྱ་བའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ནི་བཤད་ཟིན་ཏོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ནི་གང་ཞིག་གཞན་དག་གིས་ཤེས་ན་མི་རུང་བས་དེ་བཞིན་གཤེགས་པས་བཅབ་བོ་སྙམ་དུ་དགོངས་པའི་སློབ་དཔོན་གྱི་དཔེ་མཁྱུད་མི་མངའོ། །ཀུན་དགའ་བོ་འོན་ཀྱང་གང་གི་ཚེ་དེ་བཞིན་གཤེགས་པ་སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པོ་གྲོངས་ལ་ཐུག་པས་ཐེབས་པ་དེ་ལ་ང་འདི་སྙམ་དུ་དགོངས་ཏེ། བདག་ནད་ཚབས་ཆེན་པོ་མི་བཟད་པ་དྲག་པོ་ཤི་ལ་ཐུག་པས་ཐེབས་ལ། དགེ་སློང་གི་དགེ་འདུན་ཀྱང་འཐོར་བར་གྱུར་ཏེ། དགེ་སློང་གི་དགེ་འདུན་ཀྱང་འཐོར་བ་ན་བདག་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་བཅིལ་ལ་ མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་ལུས་ཀྱིས་མངོན་སུམ་དུ་བསྒྲུབས་ཏེ་གནས་པར་བྱའོ་སྙམ་དུ་ངས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་སླར་བཅིལ་ནས་མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་ལུས་ཀྱིས་མངོན་སུམ་དུ་བསྒྲུབས་ནས་བཞག་སྟེ། དེས་ན་དེ་བཞིན་གཤེགས་པ་ལྷག་པར་སྤྱོད་པ་དང་། ལྷག་པར་འཚོ་བར་གྱུར་ཏོ། །གཞན་ཡང་ཀུན་དགའ་བོ་དེ་བཞིན་གཤེགས་པ་ན་ཚོད་ལོ་བརྒྱད་བཅུ་ལོན་པས་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ་རྣམ་པ་གཉིས་ལ་བརྟེན་ནས་འཚོའོ། །དཔེར་ན་ཤིང་རྟ་རྙིང་པ་རྣམ་པ་གཉིས་ལ་


DKG011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་འཚོ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ན་ཚོད་ལོ་བརྒྱད་བཅུ་ལོན་པས་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ་རྣམ་པ་གཉིས་ལ་བརྟེན་ནས་འཚོའོ། །དེ་ལྟ་བས་ན་ཀུན་དགའ་བོ་ཁྱེད་མྱ་ངན་མ་བྱེད་ཅིག །ཉོན་མོངས་པར་མ་བྱེད་ཅིག །སྨྲེ་སྔགས་མ་འདོན་ཅིག །གང་སྐྱེ་བ་དང་། བྱུང་བ་དང་། བྱས་པ་དང་། འདུས་བྱས་དང་། བསགས་པ་གང་ཡིན་པ་རྟེན་ཅིང་འབྲེལ་པར་བྱུང་བ་རྣམ་པར་འགྱེས་པའི་ཆོས་ཅན་དེ་ལ་མི་འཇིག་པ་དེ་ལྟ་བུ་ག་ལ་ཡོད་དེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་གང་ཡང་ངས་ཁྱོད་ལ་སྡུག་པ་དང་། ཕངས་པ་དང་། དགའ་བ་དང་། ཡིད་དུ་འོང་བ་ཐམས་ཅད་ནི་འབྲལ་བ་དང་། འཇིག་པ་དང་། འགྱེས་པ་དང་། མི་ལྡན་པར་འགྱུར་བར་སྔ་ནས་བཤད་ཟིན་ཏོ། །ཀུན་དགའ་བོ་དེ་ལྟ་བས་ན་ད་ལྟའམ་འདས་ཀྱང་རུང་གང་སུ་དག་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའི་གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ད་ལྟའམ་འདས་ཀྱང་རུང་གང་སུ་དག་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱེད་ཀྱི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ངའི་ཉན་ཐོས་བསླབ་པ་འདོད་པ་རྣམས་ཀྱི་མཆོག་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་གིས་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་ བྱའི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་ཞེ་ན། ཀུན་དགའ་བོ་འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་། ཡིད་མི་བདེ་བ་སྤངས་ནས་གནས་སོ། །ཕྱིའི་ལུས་དང་། ནང་གི་ལུས་དང་། ནང་དང་ཕྱིའི་ལུས་དང་། ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ཕྱི་དང་ནང་གི་ཚོར་བ་རྣམས་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་དང་།


DKG011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་པས་འཇིག་རྟེན་ལ་གནོད་སེམས་དང་། ཡིད་མི་བདེ་བ་སྤངས་ནས་གནས་པ་སྟེ། ཀུན་དགའ་བོ་དགེ་སློང་འདི་ལྟ་བུ་ནི་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་ནོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་གཅིག་པ། སྡོམ་བར་མ་ནི། དབྱར་བྱེད་གྲོང་ཁྱེར་པ་ཏ་ལི། །བྱས་པ་བསྒོ་དང་གང་གཱ་ལ། །ཀུ་ཏི་ཀ་དང་ན་ཏི་ཀ ། ཡངས་པ་ཅན་དང་འོད་མའི་ཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་གྲོང་ཁྱེར་ཡངས་པ་ཅན་གང་ན་བར་འདོང་ངོ་ཞེས་བཀའ་སྩལ་པ་དང་། བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། དེ་ནས་བཅོམ་ལྡན་འདས་ཡུལ་བྲཱི་ཛི་ནས་ལྗོངས་རྒྱུ་ཞིང་གྲོང་ཁྱེར་ཡངས་པ་ཅན་དུ་བྱོན་ཏེ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ཁང་བཟངས་བརྩེགས་པའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་མནབས་ལྷུང་བཟེད་བསྣམས་ཏེ། ཡངས་པ་ཅན་དུ་ཞབས་འབྲིང་བའི་དགེ་སྦྱོང་ཀུན་དགའ་བོ་དང་བསོད་སྙོམས་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་བསོད་སྙོམས་ལ་གཤེགས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཟས་ཀྱི་བསོད་སྙོམས་ཕྱི་མ་སྤངས་ནས་ལྷུང་བཟེད་དང་ཆོས་གོས་བཞག་སྟེ་ཞབས་བཀྲུས་ནས་ཙ་པ་ལའི་མཆོད་རྟེན་གང་ན་བ་དེར་གཤེགས་ཏེ་ཕྱིན་ནས། ཤིང་གཞན་ཞིག་གི་དྲུང་དུ་ཉིན་པར་སྤྱོད་པའི་ཕྱིར་གནས་ཏེ་ བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་དང་། བྲཱི་ཛིའི་ཕྱོགས་དང་། ཙ་པ་ལའི་མཆོད་རྟེན་དང་། ཤིང་ཨ་མྲ་བདུན་པོ་དང་། བུ་མང་པོ་དང་། གཽ་ཏ་མའི་ཤིང་ནྱ་གྲོ་དྷ་དང་། ཤིང་སཱ་ལ་གཉིས་པོ་དང་། བརྩོན་པ་གཏོང་བ་དང་། གྱད་རྣམས་ཀྱིས་ཅོད་པན་འཆིང་བའི་མཆོད་རྟེན་དང་། འཛམ་


DKG011_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་སྣ་ཚོགས་ལ་དགའ་བར་འགྱུར་བ་ཡིན་ཏེ། མི་རྣམས་ལ་ནི་ཚེ་གཅེས་ཏེ། ཀུན་དགའ་བོ་གང་སུ་ལ་ཡང་རུང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྙེན་བསྒོམས་མང་དུ་བྱས་དེ་འདོད་ན་བསྐལ་པའམ། བསྐལ་པ་ལས་ལྷག་གི་བར་དུ་ཡང་འདུག་གོ །ཀུན་དགའ་བོ་དེ་བཞིན་གཤེགས་པས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྙེན་བསྒོམས་མང་དུ་བྱས་པ་ན་དེ་བཞིན་གཤེགས་པ་ཡང་བཞེད་ན་བསྐལ་པའམ། བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །དེ་སྐད་ཅེས་གསུངས་ན། ཚེ་དང་ལྡན་པ་ཀུན་དགའ་བོ་ཅང་མི་ཟེར་ནས་ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡངས་པ་ཅན་དང་། བྲཱི་ཛིའི་ཕྱོགས་དང་། ཙ་པ་ལའི་མཆོད་རྟེན་དང་། ཤིང་ཨ་མྲ་བདུན་པོ་དང་། བུ་མང་པོ་དང་། གཽ་ཏ་མའི་ཤིང་ནྱ་གྲོ་དྷ་དང་། ཤིང་སཱ་ལ་གཉིས་པོ་དང་། བརྩོན་པ་གཏོང་བ་དང་། མལ་ལྱ་རྣམས་ཀྱིས་ཅོད་པན་འཆིང་བའི་མཆོད་རྟེན་དང་། འཛམ་བུའི་གླིང་སྣ་ཚོགས་ལ་དགའ་བར་འགྱུར་བ་ཡིན་ཏེ། མི་རྣམས་ལ་ནི་ཚེ་གཅེས་པ་ཡིན་ཏེ། ཀུན་དགའ་བོ་གང་སུ་ཡང་རུང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྙེན་ཅིང་བསྒོམས་མང་དུ་བྱས་པས་ན་དེ་འདོད་ན་བསྐལ་པའམ། བསྐལ་པ་ལས་ལྷག་པའི་བར་དུ་ཡང་འདུག་གོ །ཀུན་དགའ་བོ་དེ་བཞིན་གཤེགས་པས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྙེན་བསྒོམས་མང་དུ་བྱས་པས་ན་དེ་བཞིན་གཤེགས་པ་ཡང་བཞེད་ན་བསྐལ་པའམ། བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ་ཞེས་ལན་གཉིས་ལན་གསུམ་དུ་གསུངས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ཅང་མི་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་ སྙམ་དུ་དགོངས་སོ། །ཨེ་མའོ་དགེ་སློང་དགའ་བོ་ནི་འདི་ལྟ་སྟེ། བདུད་སྡིག་ཅན་གྱིས་ཁེབས་པར་ངེས་སོ། །དེ་བས་ན་འདི་ལན་གསུམ་གྱི་བར་དུ་རྒྱ་ཆེར་སྣང་བའི་མཚན་མ་སྨྲས་ཀྱང་དེའི་མཚན་མ་ཁོང་དུ་ཆུད་པར་མ་ནུས་སོ་སྙམ་ནས་དེ་བདུད་སྡིག་ཅན་གྱིས་ཁེབས་པར་མཁྱེན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བདག་ཅག་གཉིས་ཀ་འཁྲུག་པར་མི་འགྱུར་བའི་ཕྱིར་ཤིང་གཞན་ཞིག་གི་དྲུང་དུ་


DKG011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ལ་འདུག་ཤིག་ཅེས་བཀའ་སྩལ་པ་དང་། བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་ཤིང་གཞན་ཞིག་གི་དྲུང་ན་ཉིན་པར་སྤྱོད་པའི་ཕྱིར་འདུག་གོ །དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འགྲེང་ངོ་། །ཕྱོགས་གཅིག་ཏུ་འགྲེང་ནས་བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་མཛོད་ཅིག །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་སོ། །འདི་ནི་བདུད་སྡིག་ཅན་དུ་ངེས་ཏེ། འདི་ལྟར་སྤྲུལ་པའི་ལུས་སུ་འོངས་སོ་སྙམ་དུ་མཁྱེན་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདུད་སྡིག་ཅན་ཁྱོད་ཅིའི་ཕྱིར་ན་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་མཛོད་ཅིག །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་ཞེས་ཟེར། བཙུན་པ་དུས་གཅིག་ན་བཅོམ་ལྡན་འདས་ཨུ་རུ་བིལ་བའི་འབབ་ཆུ་ནེ་རཉྫ་ནའི་ངོགས་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་བཅོམ་ལྡན་འདས་ག་ལ་བ་དེར་བདག་མཆིས་ཏེ་ཕྱིན་པ་དང་། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་མཛོད་ཅིག །བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་ཞེས་བདག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་སྡིག་ཅན་ནམ་ངའི་ཉན་ཐོས་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་མཁས་ པ། གསལ་བ། ཤེས་རབ་ཏུ་ལྡན་པ། ཕས་ཀྱི་རྒོལ་བ་བྱུང་ཞིང་བྱུང་བ་རྣམས་ལ་ཆོས་དང་བཅས། འདུལ་བ་དང་བཅས་པས་ཚར་གཅོད་པ་དང་། རང་གིས་བརྒལ་བ་ཡོངས་སུ་དག་པར་བྱེད་པར་འགྱུར་བའི་ཚངས་པར་སྤྱད་པ་ལྷ་དང་མིའི་སྐྱེ་བོ་མང་པོ་ལ་ཕན་པར་ཁྱབ་ཅིང་རྒྱས་པར་ཡང་དག་པར་རབ་ཏུ་བསྒྲགས་པར་མ་གྱུར་གྱི་བར་དུ་མྱ་ངན་ལས་ཡོངས་སུ་མི་འདའོ་ཞེས་ན། ད་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ཕ་


DKG011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་རྣམས་མཁས་པ། གསལ་བ། ཤེས་རབ་དང་ལྡན་པ་བྱུང་ཞིང་བྱུང་བ། ཕ་རོལ་པོའི་རྒོལ་བ་ལ་ཆོས་དང་བཅས། འདུལ་བ་དང་བཅས་པས་ཚར་གཅོད་པ་རང་གིས་བརྒལ་བ་ཡོངས་སུ་དག་པར་བྱེད་པ་ཁྱོད་ཀྱིས་ཚངས་པར་སྤྱད་པ་ལྷ་དང་མིའི་སྐྱེ་བོ་མང་པོ་ལ་ཕན་པར་ཁྱབ་ཅིང་རྒྱས་པར་ཡང་དག་པར་རབ་ཏུ་བསྒྲགས་པར་གྱུར་ཏོ། །དེ་བས་ན་བདག་གིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་གསོལ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་ཞེས་གསོལ་ཏོ། །སྡིག་ཅན་ཁྱོད་བརྩོན་པ་མ་ཆེ་ཤིག །དེ་བཞིན་གཤེགས་པ་ནི་རིང་པོ་མི་ཐོགས་ཏེ་ཟླ་བ་གསུམ་འདས་པ་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་བསམས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་བར་ཤེས་ནས་དགའ་མགུ་རབ་ཏུ་དགའ་ཞིང་མགུ་སྟེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་སོ། །ཇི་ནས་བདག་གིས་ཇི་ལྟར་མ་གཡེངས་པའི་སེམས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ཚེའི་འདུ་བྱེད་སྤངས་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་མངོན་པར་བྱ་བ་མངོན་པར་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། ཅི་ནས་མཉམ་པར་བཞག་པའི་སེམས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ཚེའི་འདུ་བྱེད་ནི་སྤངས་སོ། །ཚེའི་འདུ་བྱེད་སྤངས་མ་ཐག་ཏུ་དེའི་ཚེ་ས་ཆེན་པོ་གཡོས་པར་གྱུར་ཏེ། སྐར་མདའ་ལྷུང་། ཕྱོགས་ཚིག །བར་སྣང་ནས་ལྷ་རྣམས་རྔ་རྡུང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་དེའི་ཚེ་ཚིགས་སུ་བཅད་དེ་གསུངས་པ། མཉམ་དང་མི་མཉམ་སྲིད་པ་ནི། །སྲིད་པའི་འདུ་བྱེད་ཐུབ་པས་སྤངས། །ནང་དུ་དགའ་ཞིང་མཉམ་བཞག་པས། སྒོ་ང་མཛོད་ལས་བྱུང་བ་བཞིན། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་


DKG011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་ས་ཆེན་པོ་གཡོས། ཀུན་དགའ་བོ་འདི་ནི་རྒྱུ་བརྒྱད་དང་། རྐྱེན་བརྒྱད་ཀྱི་ཕྱིར་ས་ཆེན་པོ་གཡོས་པར་གྱུར་ཏེ། བརྒྱད་གང་ཞེ་ན། ཀུན་དགའ་བོ་ས་ཆེན་པོ་འདི་ནི་ཆུ་ལ་རྟེན། ཆུ་ནི་རླུང་ལ་རྟེན། རླུང་ནི་ནམ་མཁའ་ལ་རྟེན་པར་གྱུར་ཏེ། ཀུན་དགའ་བོ་ནམ་གྱི་དུས་ན་ནམ་མཁའ་ལ་རླུང་མོ་ཆེ་ལྡང་ངོ་། །ནམ་མཁའ་ལས་རླུང་མོ་ཆེ་ལངས་པས་ཆུ་བསྐྱོད་དོ། །ཆུ་བསྐྱོད་པས་ས་གཡོ་བར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་དང་པོ་དང་རྐྱེན་དང་པོའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་རྫུ་འཕྲུལ་ཆེན་པོ་དང་མཐུ་ཆེན་པོ་ཡོད་དེ། དེས་ས་ཆུང་བར་འདུ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ཆུ་ནི་ཚད་མེད་པར་འདུ་ཤེས་སྦྱར་ཏེ་འདོད་ན་ཡང་ས་གཡོ་བར་འགྱུར་རོ། །དགེ་སློང་མའམ། ལྷ་ཡང་རུང་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བར་གྱུར་པ་དེས་ཀྱང་ས་ཆུང་བར་འདུ་ཤེས་ཀྱིས་བྱིན་གྱིས་བརླབས་ནས་ཆུ་ནི་ཚད་མེད་པར་འདུ་ཤེས་སྦྱར་ཏེ་འདོད་ན་ཡང་ས་གཡོ་བར་འགྱུར་རོ། །ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་གཉིས་པ་དང་རྐྱེན་གཉིས་པའོ། །གཞན་ཡང་ཀུན་དགའ་བོ་ནམ་གྱི་དུས་ན་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ལས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེ་ན་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་ཏེ། འཇིག་རྟེན་འདི་ཐམས་ཅད་དུ་སྣང་བ་ཆེན་པོས་ཁྱབ་པར་འགྱུར་བ་ནི་ལྷའི་ཁ་དོག་དང་མཐུ་ཟིལ་གྱིས་ནོན་ནས་གང་ཡང་འཇིག་རྟེན་དང་འཇིག་རྟེན་གྱི་བར་མི་སྣང་བ་གནས་པ་མུན་པས་གནག་པ་གང་དུ་ཉི་མ་དང་ཟླ་བ་གཉིས་ འདི་བཞིན་དུ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བའི་འོད་ཀྱིས་སོ་སོར་སྣང་བར་མ་གྱུར་པ་དེར་ཡང་དེའི་དུས་ན་སྣང་བ་ཆེན་པོས་སྣང་བར་གྱུར་ཏེ། དེར་སེམས་ཅན་གང་སྐྱེས་པ་དེ་དག་བདག་གི་ལག་པ་ནས་གཟུང་ཡང་མི་མཐོང་བའི་སེམས་ཅན་དེ་དག་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ། །ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་སྙམ་དུ་ཤེས་ཏེ། ཀུན་དགའ་བོ་འདི་ནི་ས་ཆེན་


DKG011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཡོ་བའི་རྒྱུ་གསུམ་པ་དང་རྐྱེན་གསུམ་པའོ། །གཞན་ཡང་ཀུན་དགའ་བོ་ནམ་གྱི་དུས་ན་བྱང་ཆུབ་སེམས་དཔའ་དེ་དག་ཡུམ་གྱི་ལྷུམས་ནས་འབྱུང་བ་དེའི་དུས་ན་ཡང་ས་ཆེན་པོ་ཤིན་ཏུ་གཡོ་བར་གྱུར་ཏེ་ཞེས་པ་ནས་སྔ་མ་བཞིན་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ། །ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་ཞེས་ཤེས་པའི་བར་དུ་སྟེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་བཞི་པ་དང་རྐྱེན་བཞི་པའོ། །གཞན་ཡང་ཀུན་དགའ་བོ་ནམ་གྱི་དུས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེའི་དུས་ན་ས་ཆེན་པོ་ཤིན་ཏུ་གཡོ་བ་ནས་སྔ་མ་བཞིན་ཏེ། ཀྱེ་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཀྱེ་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་སྟེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་ལྔ་པ་དང་རྐྱེན་ལྔ་པའོ། །གཞན་ཡང་ཀུན་དགའ་བོ་ནམ་གྱི་དུས་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་དེའི་དུས་ན་ཡང་ས་ཆེན་པོ་ཤིན་ཏུ་གཡོ་བ་ནས་སྔ་མ་བཞིན་ཏེ། ཀྱེ་སེམས་ཅན་གཞན་ཀྱང་འདིར་སྐྱེས་སོ། །ཀྱེ་སེམས་ཅན་གཞན་ཀྱང་འདིར་སྐྱེས་སོ་ཞེས་པའི་བར་དུ་སྟེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་དྲུག་པ་དང་རྐྱེན་དྲུག་པའོ། །གཞན་ཡང་ཀུན་དགའ་བོ་ནམ་གྱི་དུས་ན་དེ་བཞིན་གཤེགས་པས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་སྤངས་པ་དེའི་དུས་ན་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་ཏེ། སྐར་མདའ་ལྷུང་། ཕྱོགས་ཚིག་སྟེ། བར་སྣང་ན་ལྷ་རྣམས་རྔ་རྡུང་བར་གྱུར་ཏེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་བདུན་པ་དང་རྐྱེན་བདུན་པའོ། །གཞན་ཡང་ཀུན་དགའ་བོ་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཟླ་བ་གསུམ་འདས་པ་དང་ཕུང་པོ་མ་ལུས་ པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་མྱ་ངན་ལས་འདའ་བར་གྱུར་པ་དེའི་དུས་ན་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་ཏེ། སྐར་མདའ་ལྷུང་། ཕྱོགས་ཀུན་ཚིག །བར་སྣང་ན་ལྷ་རྣམས་རྔ་རྡུང་བར་གྱུར་ཏེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་བརྒྱད་པ་དང་རྐྱེན་བརྒྱད་པའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་


DKG011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟ་ན་ད་ལྟར་བཅོམ་ལྡན་འདས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་ནི་སྤངས་པར་མ་གྱུར་ཏམ། ཀུན་དགའ་བོ་དེ་དེ་བཞིན་ནོ། །ཀུན་དགའ་བོ་དེ་བཞིན་ཏེ། ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་ནི་སྤངས་སོ། །བཙུན་པ་མངོན་སུམ་དུ་བཅོམ་ལྡན་འདས་ཀྱིས་བཤད་པ་ལས་ཐོས་ཏེ་མངོན་སུམ་དུ་བཟུང་བ་གང་སུ་ཞིག་གི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྙེན་བསྒོམས་མང་དུ་བྱས་པས་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་འདུག་གོ་ཞེས་འབྱུང་ན། བཙུན་པ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྙེན་བསྒོམས་མང་དུ་བགྱིས་པས་བཅོམ་ལྡན་འདས་བཞེད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པ་ལགས་ན། བཅོམ་ལྡན་འདས་བསྐལ་པར་བཞུགས་ཤིག །བདེ་བར་གཤེགས་པ་བསྐལ་པར་བཞུགས་ཤིག་ཅེས་གསོལ་པ་དང་། ཀུན་དགའ་བོ་ཁྱོད་ཉིད་ཀྱིས་ཉེས་སོ། །ཀུན་དགའ་བོ་ཁྱོད་ཀྱིས་ཉེས་པ་བྱས་ཏེ། འདི་ལྟར་ངས་ཁྱོད་ལ་ལན་གསུམ་གྱི་བར་དུ་རྒྱ་ཆེར་སྣང་བའི་མཚན་མ་སྨྲས་ན། དེའི་མཚན་མ་ཁོང་དུ་ཆུད་པར་མ་ནུས་ཏེ། ཇི་ལྟར་ཁྱོད་བདུད་སྡིག་ཅན་གྱིས་ནོན་ཏོ། །ཀུན་དགའ་བོ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཚིག་རྣམ་པར་སྨིན་པ་གཉིས་སུ་འགྱུར་བ་གསུང་ངམ། བཙུན་པ་མ་ལགས་སོ། །ལེགས་སོ་ལེགས་སོ། །ཀུན་དགའ་བོ་གནས་མེད་སྐབས་མེད་པ་ནི་དེ་བཞིན་གཤེགས་པས་ཚིག་རྣམ་པར་སྨིན་པ་གཉིས་སུ་འགྱུར་བ་གསུངས་པའི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་ཇི་སྙེད་ཙ་པ་ལའི་མཆོད་ རྟེན་ན་གནས་ཤིང་འཁོད་པ་དེ་ཐམས་ཅད་བཀད་སར་སྡུས་ཤིག །བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། དགེ་སློང་ཙ་པ་ལའི་མཆོད་རྟེན་ན་ཇི་སྙེད་གནས་ཤིང་འཁོད་པ་དེ་ཐམས་ཅད་བཀད་སར་བསྡུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་


DKG011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་བཙུན་པ་བཅོམ་ལྡན་འདས་ཀྱིས་ད་ལྟར་དུས་ལ་བབ་པར་དགོངས་ན། དགེ་སློང་ཙ་པ་ལའི་མཆོད་རྟེན་ན་ཇི་སྙེད་གནས་ཤིང་འཁོད་པ་དེཐམས་ཅད་བཀད་སར་འདུས་ཤིང་མཆིས་སོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་བཀད་ས་ག་ལ་བ་དེར་གཤེགས་ཏེ་དགེ་སློང་གི་དགེ་འདུན་གྱི་མདུན་ན་གདན་བཏིང་བ་དེ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཡིད་མི་བརྟན་པའོ། །འགྱུར་བའི་ཆོས་ཅན་ཏེ། དགེ་སློང་དག་འདུས་བྱས་ཐམས་ཅད་ལ་སྐྱོ་བར་བྱ་བའི་རིགས། ཡིད་འབྱུང་བར་བྱ། རྣམ་པར་ཐར་པའི་རིགས་སོ། །དེ་ལྟ་བས་ན་དགེ་སློང་དག་ཆོས་གང་ད་ལྟར་གྱི་ཚེ་ལ་ཕན་པ་དང་། ད་ལྟར་གྱི་ཚེ་ལ་བདེ་བ་དང་། ཚེ་ཕྱི་མ་ལ་ཡང་ཕན་པ་དང་། ཚེ་ཕྱི་མ་ལ་ཡང་བདེ་བར་འགྱུར་བ་དེ་ལྟ་བུ་དགེ་སློང་དག་གིས་བཟུང་བ་དང་། ཡོངས་སུ་རྫོགས་པ་དང་། དེ་ལྟ་དེ་ལྟ་བུར་གཟུང་བར་བྱ། ལེན་དུ་གཞུག་པར་བྱ། བཀླག་པར་བྱའོ། །ཇི་ལྟར་ཚངས་པར་སྤྱོད་པ་དེ་འདིར་ཡུན་རིང་དུ་གནས་ཤིང་ལྷ་དང་མིའི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་བརྩེ་བ་དང་། དོན་དུ་འགྱུར་བ་དང་། ཕན་པ་དང་། བདེ་བའི་ཕྱིར་བྱའོ། །དགེ་སློང་དག་ད་ལྟར་གྱི་ཚེ་ལ་ཕན་པ་དང་། ད་ལྟར་གྱི་ཚེ་ལ་བདེ་བ་དང་། ཚེ་ཕྱི་མ་ལ་ཕན་པ་དང་། ཚེ་ཕྱི་མ་ལ་བདེ་བར་འགྱུར་བའི་ཆོས་དེ་གང་ཞེ་ན། གང་དགེ་སློང་དག་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་དེ་ལྟ་དེ་ལྟར་གཟུང་བར་བྱ། ལེན་དུ་འཇུག །ཀློག་པར་བྱེད་ཅིང་གང་ཚངས་པར་སྤྱོད་པ་འདི་ཡུན་རིང་ པོར་གནས་པར་འགྱུར་ཞིང་ལྷ་དང་མིའི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་བརྩེ་བར་འགྱུར་བར་བྱའོ། །འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་


DKG011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དེ། དགེ་སློང་དག་ཆོས་འདི་དག་ནི་ད་ལྟར་གྱི་ཚེ་ལ་ཕན་པ་དང་། ད་ལྟར་གྱི་ཚེ་ལ་བདེ་བ་དང་། ཚེ་ཕྱི་མ་ལ་ཡང་ཕན་པ་དང་། ཚེ་ཕྱི་མ་ལ་ཡང་བདེ་བར་འགྱུར་རོ། །དེ་དག་དགེ་སློང་དག་གིས་གཟུང་བར་བྱ། ཀུན་ཆུབ་པར་བྱ། དེ་ལྟ་དེ་ལྟ་བུར་གཟུང་བར་བྱ། ལེན་དུ་གཞུག །བཀླག་པར་བྱའོ། །ཚངས་པར་སྤྱོད་པ་དེ་འདིར་ཡུན་རིང་དུ་གནས་པར་བྱ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་བརྩེ་བའི་ཕྱིར་ལྷ་དང་མི་རྣམས་ཀྱི་དོན་གྱི་ཕྱིར་ཕན་པའི་ཕྱིར་བདེ་བར་འགྱུར་བའི་ཕྱིར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཀུས་ཏའི་གྲོང་ག་ལ་བ་དེར་འདོང་ངོ་། །བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་གྱི་ཚལ་ནས་གཡས་ཕྱོགས་སུ་སྐུ་ཐམས་ཅད་ཀྱིས་ཕྱོགས་ཏེ་བལ་གླང་ལྟ་བ་ལྟར་གཟིགས་པ་དང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་གཡས་ཕྱོགས་སུ་སྐུ་ཐམས་ཅད་ཀྱིས་ཕྱོགས་ཏེ། བལ་གླང་ལྟ་བ་བཞིན་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡས་ཕྱོགས་སུ་སྐུ་ཐམས་ཅད་ཀྱིས་ཕྱོགས་ཤིང་བལ་གླང་ལྟ་བ་ལྟར་མི་གཟིགས་ན། བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་བལ་གླང་བཞིན་དུ་གཟིགས། ཀུན་དགའ་བོ་དེ་བཞིན་ནོ། །ཀུན་དགའ་བོ་དེ་བཞིན་ཏེ། རྒྱུ་མེད་རྐྱེན་མེད་པར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡས་ཕྱོགས་སུ་སྐུ་ཐམས་ཅད་ཕྱོགས་ཤིང་བལ་གླང་ལྟ་བ་ལྟར་མི་གཟིགས་སོ། །ཀུན་དགའ་བོ་འདི་ནི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པ འི་སངས་རྒྱས་གྲོང་ཁྱེར་ཡངས་པ་ཅན་འདི་ལ་གཟིགས་པའི་ཐ་མ་སྟེ། ཡངས་པ་ཅན་འདིར་ཕྱིན་ཅད་མི་གཤེགས་ཀྱི་མལ་ལྱ་རྣམས་ཀྱི་ཉེན་འཁོར་ན་ཤིང་སཱ་ལ་ཟུང་


DKG011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ཚལ་དུ་མྱ་ངན་ལས་འདའ་བའི་ཕྱིར་གཤེགས་སོ། །དེ་ནས་དགེ་སློང་གཞན་ཞིག་གིས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཐུབ་པ་ཁྱོད་ཀྱིས་ཡངས་པ་ཅན། །གཟིགས་པའི་ཐ་མ་དེང་འདིར་ཏེ། །ཡང་དག་རྫོགས་པའི་སངས་རྒྱས་ནི། །ཡངས་པ་ཅན་དུ་སླར་མི་གཤེགས། །མལ་ལྱ་རྣམས་ཀྱི་ཉེན་འཁོར་ན། །སཱ་ལ་ཟུང་གཅིག་འཚལ་དྲུང་དུ། །མྱ་ངན་འདའ་ཕྱིར་དེར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཡུལ་བྲཱི་ཛི་ནས་ལྗོངས་རྒྱུ་ཞིང་གྲོང་རུ་རྟར་བྱོན་ཏེ། གྲོང་རུ་རྟ་ན་གྲོང་གི་བྱང་གི་ཕྱོགས་ན་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། འདི་ནི་ཚུལ་ཁྲིམས་སོ། །འདི་ནི་ཏིང་ངེ་འཛིན་ཏོ། །འདི་ནི་ཤེས་རབ་སྟེ། ཚུལ་ཁྲིམས་ཀུན་དུ་བསྒོམས་པས་ན་ཏིང་ངེ་འཛིན་རིང་དུ་གནས་པར་འགྱུར། ཏིང་ངེ་འཛིན་རིང་དུ་གནས་པས་ན། ཤེས་རབ་ཀུན་དུ་བསྒོམས་པར་འགྱུར། ཤེས་རབ་ཀུན་དུ་བསྒོམས་ན་འདི་ལྟ་སྟེ། སེམས་ཡང་དག་པར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་ཡོངས་སུ་འགྲོལ་ལོ། །དགེ་སློང་དག་དེ་བཞིན་དུ་ཡང་དག་པར་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་དང་ལྡན་པའི་འཕགས་པའི་ཉན་ཐོས་རྣམས་ནི་ངའི་སྐྱེ་བ་ནི་ཟད། ངའི་ཚངས་པར་སྤྱོད་པ་ནི་སྤྱད་ཟིན། བྱ་བ་ནི་བྱས་ཟིན། འདི་ལས་སྲིད་པ་གཞན་མེད་པར་ནི་ཡང་དག་པར་རབ་ཏུ་ཤེས་སོ།། །།སྡོམ་བར་མ་སྟེ། རུ་རྟ་དུམ་པ་ཨ་མྲ་དང་། །འཛམ་བུ་ཤུར་བ་བལ་གླང་དང་། །གྲོང་གཉིས་བྲཱི་ཛི་མལ་ལྱ་རྣམས། །ལོངས་སྤྱོད་གྲོང་ཁྱེར་དེ་བཞིན་ནོ། །ཇི་ལྟར་རུ་རྟའི་གྲོང་ཅི་འདྲ་བ་དེ་བཞིན་དུམ་པའི་གྲོང་དང་། ཨ་མྲའི་གྲོང་དང་། འཛམ་བུའི་གྲོང་དང་། ཛི་གྲོང་དང་། ཤུར་བའི་གྲོང་དང་། བལ་གླང་གི་གྲོང་དང་། བྲཱི་ཛིའི་གྲོང་དང་། མལ་ལྱའི་གྲོང་ནས་ལོངས་སྤྱོད་གྲོང་དུ་གཤེགས་ཏེ། ལོངས་སྤྱོད་གྲོང་ནས་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེའི་དུས་ན་ས་ཆེན་པོ་གཡོས་པར་གྱུར། སྐར་མདའ་ལྷུང་། ཕྱོགས་ཚིག །བར་སྣང་ན་ལྷ་རྣམས་རྔ་རྡུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་


DKG011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་ས་ཆེན་པོ་གཡོས། ཀུན་དགའ་བོ་ས་ཆེན་པོ་གཡོས་པའི་རྒྱུ་དང་རྐྱེན་གསུམ་སྟེ། གསུམ་གང་ཞེ་ན། ཀུན་དགའ་བོ་ས་ཆེན་པོ་ཆུ་ལ་རྟེན། ཆུ་ནི་རླུང་ལ་རྟེན། རླུང་ནི་ནམ་མཁའ་ལ་རྟེན་པ་ཡིན་ཏེ། ཀུན་དགའ་བོ་ནམ་དུས་ན་ནམ་མཁའ་ལས་རླུང་ཆེན་པོ་ལྡང་ངོ་། །ནམ་མཁའ་ལས་རླུང་པོ་ཆེ་ལངས་པས་ཆུ་བསྐྱོད་དོ། །ཆུ་བསྐྱོད་པས་ན་ས་གཡོས་ཏེ། ཀུན་དགའ་བོ་འདི་ནི་ས་གཡོ་བའི་རྒྱུ་དང་། རྐྱེན་དང་པོའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་མཐུ་ཆེ་འཕྲུལ་ཆེ་བར་གྱུར་པ་དེས་སའི་འདུ་ཤེས་ནི་ཆུང་ངུ་བྱས། ཆུའི་འདུ་ཤེས་ནི་ཚད་མེད་པར་བྱིན་གྱིས་བརླབས་ནས། དེ་འདོད་ན་ས་གཡོ་བར་བྱེད། དགེ་སློང་མའམ་ལྷ་ཡང་རུང་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བར་གྱུར་པ་དེས་ཀྱང་སའི་འདུ་ཤེས་ཆུང་ངུ་བྱས། ཆུའི་འདུ་ཤེས་ཚད་མེད་པར་བྱིན་གྱིས་བརླབས་ཏེ། དེ་ཡང་འདོད་ན་ས་གཡོ་བར་བྱེད་དེ། ཀུན་དགའ་བོ་འདི་ས་གཡོ་བའི་རྒྱུ་གཉིས་པ་དང་རྐྱེན་གཉིས་པའོ། །གཞན་ཡང་ཀུན་དགའ་བོ་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མ་ལུས་པར་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། དེའི་ཚེ་ས་ཆེན་པོ་ཤིན་ཏུ་གཡོ་བར་འགྱུར་ཏེ། སྐར་མདའ་ལྷུང་། ཕྱོགས་ཚིག །བར་སྣང་ནས་ལྷ་རྣམས་རྔ་རྡུང་བར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་ས་ཆེན་པོ་གཡོ་བའི་རྒྱུ་གསུམ་པ་དང་རྐྱེན་གསུམ་པའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ངོ་མཚར་ཆེའོ། །འདི་ལྟར་ངོ་མཚར་རྨད་ཀྱི་ཆོས་དང་ལྡན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། དེ་འདི་ལྟར་རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མ་ལུས་པར་མྱ་ངན་ལས་འདའ་བའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་དུས་ན་ཤིན་ཏུ་


DKG011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆེན་པོ་གཡོ། སྐར་མདའ་ལྷུང་། ཕྱོགས་ཚིག །བར་སྣང་ནས་ལྷ་དག་རྔ་རྡུང་བར་འགྱུར་རོ། །དེ་བཞིན་ནོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་ལྟར་ངོ་མཚར་ཆེན་པོ་རྨད་ཀྱི་ཆོས་དང་ལྡན་པ་ནི་ཀུན་དགའ་བོ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །ཀུན་དགའ་བོ་ང་རྒྱལ་རིགས་ཀྱི་འཁོར་བརྒྱ་ཕྲག་དུ་མ་ལ་བལྟ་བའི་ཕྱིར་འགྲོའོ། །སོང་ནས་ཀྱང་ཇི་ལྟར་དེ་དག་གི་སྲིད་དང་ཞེང་དུ་གྱུར་པ་ངའི་ཡང་སྲིད་དང་ཞེང་ཡང་དེ་འདྲ་བར་འགྱུར་རོ། །ཇི་ལྟར་དེ་དག་གི་ཁ་དོག་མཛེས་པ་ངའི་ཁ་དོག་མཛེས་པ་ཡང་དེ་དང་འདྲ་བར་འགྱུར། ཇི་ལྟར་དེ་དག་གི་དབྱངས་ཀྱི་ང་རོར་གྱུར་པ་ངའི་དབྱངས་ཀྱི་ང་རོ་ཡང་དེ་འདྲ་བར་འགྱུར། དེ་དག་གིས་དོན་གང་ལ་སྨྲ་བ་ང་ཡང་དོན་དེ་སྨྲའོ། །དེ་དག་གིས་གང་དོན་དུ་མ་སྨྲས་པ་ང་ཡང་དེ་ལ་དོན་དུ་མི་སྨྲའོ། །ལྷག་པར་ཡང་དེ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེ་ཉིད་དུ་མི་སྣང་བར་འགྱུར་རོ། །ང་མི་སྣང་བར་གྱུར་པ་དང་། མི་སྣང་བར་གྱུར་པ་དེ་ལྷའམ་མི་གང་ཡིན་པར་གཏོལ་མེད་པར་གྱུར་པ་ཡང་མངོན་པར་ཤེས་སོ། །ཇི་ལྟར་རྒྱལ་རིགས་ཀྱི་འཁོར་དུ་བྱས་པ་དེ་བཞིན་དུ་བྲམ་ཟེའི་འཁོར་དང་ཁྱིམ་བདག་གི་འཁོར་དང་། དགེ་སློང་གི་འཁོར་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་རིས་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་སྣང་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་བ་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་དང་། ཤིན་ཏུ་སྣང་དང་། གྱ་ནོམ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ལ་ལྟ་བའི་ཕྱིར་འགྲོའོ། །སོང་ནས་ཀྱང་ཇི་ལྟར་དེ་དག་གི་སྲིད་དང་ཞེང་དུ་གྱུར་པ་ངའི་ཡང་སྲིད་དང་ཞེང་ཡང་དེ་འདྲ་བར་འགྱུར་རོ། །ཇི་ལྟར་དེ་དག་གི་ཁ་དོག་མཛེས་པར་གྱུར་པ་དེ་ལྟར་ངའི་


DKG011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་མཛེས་པ་ཡང་དེ་འདྲ་བར་འགྱུར། ཇི་ལྟར་དེ་དག་གི་དབྱངས་ཀྱི་ང་རོར་གྱུར་པ་ངའི་དབྱངས་ཀྱི་ང་རོ་ ཡང་དེ་འདྲ་བར་འགྱུར། དེ་དག་དོན་གང་ལ་སྨྲ་བ་ང་ཡང་དོན་དེ་སྨྲའོ། །དེ་དག་གིས་གང་དོན་དུ་མི་སྨྲ་བ་ང་ཡང་དེ་ལ་དོན་དུ་མི་སྨྲའོ། །ལྷག་པར་ཡང་དེ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེ་ཉིད་དུ་མི་སྣང་བར་བྱས་སོ། །ང་མི་སྣང་བར་གྱུར་པ་དང་། མི་སྣང་བར་གྱུར་པ་དེ་ལྷའམ། མི་གང་ཡིན་པར་གཏོལ་མེད་པར་གྱུར་པ་ཡང་མངོན་པར་ཤེས་སོ། །ཇི་ལྟར་ངོ་མཚར་རྨད་ཀྱི་ཆོས་དང་ལྡན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་ལྟ་བས་ན་ཀུན་དགའ་བོ་དེ་ཕན་ཆད་མདོ་སྡེ་མཐའ་ལ་འཇུག་པར་བྱའི་གང་ཟག་ལ་འཇུག་པར་མ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་དག་མདོ་སྡེ་མཐའ་ལ་འཇུག་གི་གང་ཟག་ལ་འཇུག་པར་མ་ཡིན་ཞེ་ན། ཀུན་དགའ་བོ་འདིར་དགེ་སློང་ཞིག་འོངས་ཏེ་དེ་འདི་སྐད་དུ་སྨྲའོ། །ངས་བཅོམ་ལྡན་འདས་ལས་མངོན་དུ་ཐོས་ཏེ། མངོན་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་སློང་དེས་སྨྲས་པ། དེ་ལ་བསྟོད་པར་མི་བྱ། སྨད་པར་མི་བྱ། མི་བསྟོད། མི་སྨད་པར་རྣ་བ་བྱོ་སྟེ། ཆོས་ཀྱི་ཚིག་དང་འབྲུ་བཟུང་ལ་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་ཡང་དག་པར་བལྟ་བར་བྱ། མདོ་སྡེ་དང་བསྟུན། འདུལ་བ་དང་བསྟུན་ཀྱང་མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་ན། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་ཆོས་འདི་ནི་བཅོམ་ལྡན་འདས་ཀྱིས་དེ་ལྟར་མ་གསུངས་ཏེ་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་གཟུང་བར་བྱ་བ་ཉེས་སོ། །དེ་ལྟ་བས་ན་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟ་བར་བྱ། མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་བས་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་


DKG011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱས་ལ་དོར་བར་བྱའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་ཞིག་འོངས་ནས་དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་གནས་ཆེ་གེ་མོ་ཞིག་ན་གནས་བརྟན་དུ་བཅས། སོ་སོར་ཐར་པར་བཅས་པའི་དགེ་སློང་གི་དགེ་འདུན་མང་པོ་གནས་ཏེ། ཚེ་དང་ ལྡན་པ་བདག་གིས་དགེ་སློང་གི་དགེ་འདུན་མང་པོ་དེ་དག་ལས་བདག་གི་མངོན་དུ་ཐོས་ཏེ། མངོན་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེ་ན། དགེ་སློང་དེས་སྨྲས་པ། དེ་ལ་བསྟོད་པར་མི་བྱ། སྨད་པར་མི་བྱ་སྟེ། མི་བསྟོད། མི་སྨད་པར་རྣ་བ་བྱོས་ནས། ཆོས་ཀྱི་ཚིག་དང་འབྲུ་བཟུང་ལ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་ཀྱང་མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་། ཆོས་ཉིད་དང་ཡང་འགལ་ན་དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་མང་པོ་དེ་དག་གིས་འདི་ལྟར་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཀྱིས་ཆོས་མ་ཡིན། འདུལ་བ་མ་ཡིན་པར་སྨྲས་ན། ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་གཟུང་བར་བྱ་བ་ཉེས་སོ། །དེ་འདི་ལྟར་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་བས་ན་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱས་ལ་དོར་བར་བྱའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་ཞིག་འོངས་ཏེ་དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་གནས་ཆེ་གེ་མོ་ཞིག་ན་དགེ་སློང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ་མང་ཞིག་གནས་ཏེ། ཚེ་དང་ལྡན་པ་བདག་གིས་དགེ་སློང་མང་པོ་དེ་དག་ལས་མངོན་སུམ་དུ་ཐོས་ནས་མངོན་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེ་ན། དགེ་སློང་དེས་སྨྲས་པ་དེ་ལ་བསྟོད་པར་ཡང་མི་བྱ། སྨད་པར་ཡང་མི་བྱ་སྟེ། མི་བསྟོད། མི་སྨད་པར་རྣ་བ་བྱོ་ནས་ཆོས་ཀྱི་ཚིག་དང་འབྲུ་བཟུང་ལ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་བསྟུན། འདུལ་བ་དང་བསྟུན་


DKG011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་ན། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་དགེ་སློང་མང་པོ་དེ་དག་གིས་འདི་ལྟར་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཀྱིས་ཆོས་མ་ཡིན། འདུལ་བ་མ་ཡིན་པར་སྨྲས་ན། ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་གཟུང་བར་བྱ་བ་ཉེས་སོ། །དེ་འདི་ལྟར་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་བས་ན་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱས་ལ་དོར་བར་བྱའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་ཞིག་འོངས་ཏེ། དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་གནས་ཆེ་གེ་མོ་ཞིག་ན་དགེ་སློང་གནས་བརྟན་དང་། གནས་བརྟན་ལས་གཞན་ཤེས་པ་དང་། ཤེས་པ་ལས་གཞན་དང་། གཙོ་བོ་ལས་གཞན་དག་ཅིག་གནས་ཏེ། ཚེ་དང་ལྡན་པ་བདག་གིས་དགེ་སློང་གནས་བརྟན་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་སློང་དེས་སྨྲས་པ་དེ་ལ་བསྟོད་པར་མི་བྱ། སྨད་པར་ཡང་མི་བྱ་སྟེ། མི་བསྟོད། མི་སྨད་པར་རྣ་བ་བྱོ་ནས་ཆོས་ཀྱི་ཚིག་དང་འབྲུ་བཟུང་ལ། མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ཀྱང་མདོ་སྡེ་དང་མི་མཐུན། འདུལ་བ་ལ་ཡང་དག་པར་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་ན། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་དགེ་སློང་གནས་བརྟན་དེས་ནི་འདི་ལྟར་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཀྱིས་ཆོས་མ་ཡིན། འདུལ་བ་མ་ཡིན་པར་སྨྲ་ན། ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་གཟུང་བར་བྱ་བ་ཉེས་སོ། །དེ་འདི་ལྟར་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མི་མཐུན། འདུལ་བ་ལ་ཡང་མི་སྣང་སྟེ། ཆོས་ཉིད་དང་ཡང་འགལ་བས་ན་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ལ་དོར་བར་བྱའོ། །ཀུན་


DKG011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་འདིར་དགེ་སློང་ཞིག་འོངས་ནས་དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་སློང་དེས་སྨྲས་པ་དེ་ལ་བསྟོད་པར་མི་བྱ། སྨད་པར་མི་བྱ། མི་བསྟོད་མི་སྨད་པར་རྣ་བ་བྱོ་སྟེ། ཆོས་ཀྱི་ཚིག་དང་འབྲུ་བཟུང་ལ། མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་ དག་པར་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་ཡང་དག་པར་སྣང་སྟེ། ཆོས་ཉིད་དང་ཡང་མི་འགལ་ན་དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་ཆོས་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཚེ་དང་ལྡན་པ་ཉིད་ཀྱིས་ཀྱང་ཆོས་འདི་ལེགས་པར་བཟུང་ངོ་། །དེ་ལྟ་བས་ན་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན་མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་སྟེ། ཆོས་ཉིད་དང་མི་འགལ་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པ་ཡིན་པར་ཤེས་པར་བྱོས་ལ་གཟུང་བར་བྱའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་ཞིག་འོངས་ཏེ་དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་གནས་ཆེ་གེ་མོ་ཞིག་ན་གནས་བརྟན་དུ་བཅས། སོ་སོར་ཐར་པར་བཅས་པའི་དགེ་སློང་གི་དགེ་འདུན་མང་པོ་གནས་ཏེ། ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་མང་པོ་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ཏེ། མངོན་སུམ་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དེ་དགེ་སློང་དེས་སྨྲས་པ་དེ་ལ་བསྟོད་པར་མི་བྱ། སྨད་པར་མི་བྱ། མི་བསྟོད། མི་སྨད་པར་རྣ་བ་བྱོ་ནས་ཆོས་ཀྱི་ཚིག་དང་འབྲུ་བཟུང་ལ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་ཡང་དག་པར་སྣང་སྟེ། ཆོས་ཉིད་དང་ཡང་མི་འགལ་ན། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་མང་པོ་དེ་དག་གིས་


DKG011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཆོས་དང་འདུལ་བར་སྨྲས་ཏེ། ཚེ་དང་ལྡན་པས་ཀྱང་ཆོས་འདི་ལེགས་པར་བཟུང་སྟེ། དེ་ལྟ་བས་ན་ཆོས་འདི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་སྟེ། ཆོས་ཉིད་དང་ཡང་མི་འགལ་བས་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པར་ཤེས་པར་བྱས་ནས་གཟུང་བར་བྱའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་ཞིག་འོངས་ཏེ་དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་གནས་ཆེ་གེ་མོ་ཞིག་ན་དགེ་སློང་མང་པོ་དག་གནས་ཏེ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པའི་དགེ་སློང་མང་པོ་དེ་དག་ལས་ཚེ་དང་ལྡན་པ་མངོན་སུམ་དུ་བཟུང་བ་ནི་ འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་སློང་དེས་སྨྲས་པ་དེ་ལ་བསྟོད་པར་ཡང་མི་བྱ། སྨད་པར་ཡང་མི་བྱ། མི་བསྟོད། མི་སྨད་པར་རྣ་བ་བྱོས་ལ། ཆོས་ཀྱི་ཚིག་དང་འབྲུ་བཟུང་སྟེ། མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་ལ། ཆོས་ཉིད་དང་ཡང་མི་འགལ་ན་དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག །ཚེ་དང་ལྡན་པ་དེ་ལྟར་དགེ་སློང་མང་པོ་དེ་དག་གིས་ཆོས་དང་འདུལ་བ་བཤད་དེ། ཚེ་དང་ལྡན་པས་ཆོས་འདི་དག་ལེགས་པར་བཟུང་བའོ། །དེ་ལྟ་བས་ན་ཆོས་འདི་དག་མདོ་སྡེ་དང་ཡང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་ཡང་མི་འགལ་བས་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པས་བསྟན་པའོ་ཞེས་ཤེས་པར་བྱ་སྟེ་གཟུང་བར་བྱའོ། །གཞན་ཡང་ཀུན་དགའ་བོ་དགེ་སློང་ཞིག་འོངས་ཏེ་དེ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་ཆེ་གེ་མོ་ཞིག་གི་གནས་ན་དགེ་སློང་དག་གནས་ཏེ། གནས་བརྟན་དང་། གནས་བརྟན་གཞན་དག་དང་། གཙོ་བོ་དང་། གཙོ་བོ་གཞན་དག་དང་ངོ་། །ཚེ་དང་ལྡན་པ་དགེ་སློང་གི་གནས་བརྟན་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བཟུང་བ་ནི་འདི་ལྟ་སྟེ། འདི་ནི་ཆོས་


DKG011_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ན་དགེ་སློང་དེས་སྨྲས་པ་དེ་ལ་བསྟོད་པར་མི་བྱ། སྨད་པར་མི་བྱ་སྟེ། མི་བསྟོད། མི་སྨད་པར་རྣ་བ་བྱོ་ལ་ཆོས་དང་ཚིག་གི་འབྲུ་བཟུང་སྟེ། མདོ་སྡེ་དང་བསྟུན་པར་བྱའོ། །འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་ཡང་དག་པར་སྣང་། ཆོས་ཉིད་དང་ཡང་མི་འགལ་ན་དགེ་སློང་དེ་ལ་སྨྲོས་ཤིག །ཚེ་དང་ལྡན་པ་དེ་ལྟར་དགེ་སློང་གི་གནས་བརྟན་དེ་དག་གིས་ཆོས་དང་འདུལ་བ་བཤད་དེ། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་ངོ་། །དེ་ལྟ་བས་ན་ཆོས་འདི་ནི་མདོ་སྡེ་དང་བསྟུན། འདུལ་བ་ལ་ཡང་དག་པར་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་ཡང་མི་འགལ་བས་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པར་ཤེས་པར་བྱ་སྟེ་གཟུང་བར་བྱའོ། །དེ་ལ་ ཀུན་དགའ་བོ་དེ་ལ་གང་ཐོག་མའི་བཞི་པོ་ནག་པོའི་ཕྱོགས་སུ་སྨྲས་པ། དེ་ནི་དགེ་སློང་དག་གིས་དགེ་བ་ཤིན་ཏུ་ཡང་དག་པར་སྦྱར་ཏེ། ཡང་དག་པར་བརྟགས་ལ་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་ནོ་ཞེས་ཤེས་པར་བྱས་ཏེ་དོར་བར་བྱའོ། །གང་ཕྱི་མའི་བཞི་པོ་ཆེར་བཤད་པ་དེ་ན་དགེ་སློང་དག་གིས་ཡང་དག་པར་སྦྱར་ཏེ། ཡང་དག་པར་བརྟགས་པ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པར་ཤེས་ནས་གཟུང་བར་བྱའོ། །འདི་བཞིན་དུ་ཀུན་དགའ་བོ་དགེ་སློང་དག་གིས་མདོ་སྡེ་ལ་བརྟེན་གྱི་གང་ཟག་ལ་བརྟེན་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ས་པའི་གྲོང་ག་ལ་བར་འདོང་ངོ་། །བཙུན་པ་དེ་བཞིན་ནོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་ཐོས་པ་དང་། དེ་ནས་བཅོམ་ལྡན་འདས་མལ་ལྱ་ནས་ལྗོངས་རྒྱུ་ཞིང་ས་པའི་གྲོང་དུ་ཕྱིན་ཏེ། ས་པའི་གྲོང་ཛ་ལུ་ཀའི་ཚལ་མང་པོ་ན་བཞུགས་སོ། །གྲོང་ས་པའི་མལ་ལྱ་རྣམས་ཀྱིས། བཅོམ་ལྡན་འདས་མལ་ལྱར་ལྗོངས་རྒྱུ་ཞིང་ས་པའི་གྲོང་དུ་ཕྱིན་ཏེ་ས་པའི་གྲོང་གི་ཛ་ལུ་


DKG011_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཚལ་མང་པོ་ན་བཞུགས་སོ་ཞེས་ཐོས་ནས་ཡང་འདུ་བ་ལས་འདུས། ཚོགས་པ་ལས་ཚོགས་ཏེ་འདུས་ཤིང་ཚོགས་ནས་ས་པའི་གྲོང་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་དེ་དེའི་དུས་ན་མགར་བའི་བུ་ཙུན་ད་ཡང་དེ་ཉིད་ཀྱི་འཁོར་དུ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ས་པའི་མལ་ལྱ་རྣམས་ལ་ཆོས་ཀྱི་རྣམ་གྲངས་དུ་མའི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་ནས་ཅང་མི་གསུང་ངོ་། །དེ་ནས་ས་པའི་གྲོང་གི་མལ་ལྱ་རྣམས་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་ དོང་ངོ་། །མགར་བའི་བུ་ཙུན་ད་ཡང་དེ་ཉིད་ན་འདུག་སྟེ། དེ་ནས་མགར་བའི་བུ་ཙུན་དས་ས་པའི་གྲོང་གི་མལ་ལྱ་རྣམས་དོང་ནས་རིང་པོ་མ་ལོན་པར་ཤེས་ཏེ་སྟན་ལས་ལངས་ནས་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་མཆིས་འབྲང་དུ་བཤོས་ལ་གཤེགས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་ད་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མགར་བའི་བུ་ཙུན་ད་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དྲུང་ནས་སོང་ངོ་། །དེ་ནས་མགར་བའི་བུ་ཙུན་དས་དེ་ཉིད་ཀྱི་ནུབ་མོ་བཅོམ་ལྡན་འདས་ལ་འབྲས་བཟང་པོའི་བཟའ་བ་སྦྱར་ཏེ། ལེགས་པར་བྱས་པའི་བཟའ་བ་སྟ་གོན་བྱས་ནས་དགེ་སློང་གི་དགེ་འདུན་ལ་གཙང་ཞིང་


DKG011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་པའི་བཟའ་བ་དང་བཅའ་བ་བསོགས་ཏེ་ནང་པར་སྔར་ལངས་ནས་གདན་བཏིང་སྟེ་ཆུ་རྫ་བཞག་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ལ་བཙུན་པ་བཅོམ་ལྡན་འདས་བཤོས་ཀྱི་སྟ་གོན་བགྱིས་ནས་ད་ལྟར་གདུགས་ཚོད་ལ་བབ་ན་གདུགས་ཚོད་མཁྱེན་པར་མཛད་དུ་གསོལ་ཞེས་སྤྱན་དྲངས་པ་དང་། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་སྨད་གཡོགས་མནབས། ལྷུང་བཟེད་བསྣམས་ཏེ། དགེ་སློང་མང་པོས་བསྐོར་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བྱས་ཏེ། མགར་བའི་བུ་ཙུན་དའི་བཀད་སར་གཤེགས་ཏེ་ཕྱིན་པ་དང་། དགེ་སློང་གི་དགེ་འདུན་གྱི་མདུན་ན་གདན་བཏིང་བ་ལ་བཞུགས་སོ། །དེ་ནས་མགར་བའི་བུ་ཙུན་དས་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་ཤེས་ནས་བཅོམ་ལྡན་འདས་ལ་འབྲས་བཟང་པོ་ལྕགས་གཞོང་དུ་བཟའ་བ་ལེགས་པར་བྱས་ཏེ་སྦྱར་བ་བདག་གི་ལག་གིས་བྲིམས་ཏེ་བདར་རོ། །དགེ་སློང་གི་དགེ་འདུན་ལ་ཡང་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་བདག་གི་ལག་གིས་བདར་ཅིང་བསྟབས་སོ། ། དེའི་དུས་ན་དགེ་སློང་སྡིག་ཅན་གཞན་ཞིག་ལྕགས་གཞོང་དྲངས་ཏེ་མཆན་དུ་བཅུག་གོ །དེ་ནས་དགེ་སློང་སྡིག་ཅན་དེ་བཅོམ་ལྡན་འདས་ཀྱིས་གཟིགས། སངས་རྒྱས་ཀྱི་མཐུས་མགར་བའི་བུ་ཙུན་དས་ཀྱང་མཐོང་ངོ་། །དེ་ནས་མགར་བའི་བུ་ཙུན་དས་གཞོང་བུ་དུ་མའི་འབྲས་བཟང་པོ་བཟའ་བ་ལེགས་པར་སྦྱར་ཏེ་བདག་གི་ལག་པས་བྲིམས་ཤིང་བསྟབས་སོ། །དགེ་སློང་གི་དགེ་འདུན་དག་ལ་ཡང་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་བདག་གི་ལག་པས་བྲིམས་ཤིང་བསྟབས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་པར་ཤེས་ནས་ཕྱག་ཆབ་གསོལ་ལོ། །ལྷུང་བཟེད་བླངས་ནས་སྟན་ངན་པ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཤིན་ཏུ་མང་བ་ཐུབ་པའི་བློ་ལ་ཞུ། །རྒལ་ཏེ་ཕ་རོལ་གཤེགས་པ་ཐེ་ཚོམ་རྒལ། །ཁ་ལོ་སྒྱུར་བའི་མཆོག་སྟེ་འདྲེན་པའི་མཆོག །འཇིག་རྟེན་དགེ་སྦྱོང་དུ་མཆིས་གསུང་བར་མཛོད། །དགེ་སྦྱོང་བཞི་སྟེ་ལྔ་པ་མེད། །


DKG011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མངོན་ཤེས་ནས་ཁྱོད་ལ་སྨྲ། །ལམ་རྒྱལ་བ་དང་ལམ་འཆད་པ། །ལམ་འཚོ་དང་ནི་གང་ཞིག་ལམ་སུན་འབྱིན། །ལམ་རྒྱལ་བ་ལ་སངས་རྒྱས་ཅི་ཞིག་གསུངས། །ལམ་བཤད་ཇི་ལྟར་མཉམ་པ་མེད་ཅེས་བགྱི། །ཁྱོད་ལ་ཞུས་པ་ལམ་འཚོ་གསུངས། །འོན་ཏམ་ལམ་སུན་འབྱིན་པ་བདག་ལ་གསུངས། །གང་གིས་ཐེ་ཚོམ་སྨྲ་བ་ཆད་ནས་ཉོན་མོངས་བྲལ། །གཞན་གྱིས་མི་བཀྲི་མྱ་ངན་འདའ་ལ་དགའ། །འཇིག་རྟེན་ལྷ་རུ་བཅས་པའི་སྟོན་པ་སྟེ། །དེ་ནི་ལམ་རྒྱལ་སངས་རྒྱས་ཀྱིས་སུ་གསུངས། །གང་གིས་རབ་དང་མཆོག་ཤེས་པའི། །གསུངས་པའི་ཆོས་ལ་དེ་བཞིན་ཕྱེ། །དེ་ནི་ཐེ་ཙོམ་གཅོད་པའི་ཐུབ་པ་སྟེ། །གཞན་གྱིས་མི་བཀྲི་གཉིས་སུ་མེད། །དཀའ་ཐུབ་ཀྱིས་སུ་ལམ་བཤད་པ་རུ་གསུངས། །གང་གིས་ཆོས་ཚིག་ལེགས་བཤད་པ། །ལམ་འཚོ་དཀའ་ཐུབ་དྲན་པའི་བདག །ཁ་ན་མ་ཐོའི་ཚིག་ལ་སློབ་པ་ནི། །གསུམ་སྟེ་དཀའ་ཐུབ་ཀྱིས་ནི་ལམ་འཚོར་གསུངས། །ལེགས་དགའ་ནང་ན་གཡོགས་བྱས་ན། །རབ་སྐེམས་རིགས་སུན་བྱུང་རྒྱལ་སྨྲ། །སྒྱུ་ཅན་སྡོམ་མེད་རབ་སྨྲ་བ། །མི་རིགས་ སྤྱོད་པ་དེ་ནི་ལམ་སུན་འབྱིན། །ཁྱིམ་བདག་གང་ཞིག་རབ་བསམས་པ། །ཐོས་དང་ལྡན་ཏེ་འཕགས་པའི་ཉན་ཐོས་ཀྱིས། །རབ་ཤེས་ཐམས་ཅད་འདི་འདྲར་མི་འགྱུར་རོ། །ཤེས་ནས་དེ་ཡི་དད་པ་འབྲི་མི་འགྱུར། །མི་སྲུན་འདི་དང་སྲུན་པ་དང་། །དག་པ་དང་ནི་མ་དག་པ། །མཉམ་པ་རུ་ནི་ཇི་ལྟར་བྱ། །གཅིག་གིས་སྡིག་པའི་ལས་བྱས་ནས། །སྡིག་མི་བྱེད་པའང་འགྲོ་རྣམས་དོགས། །ཁ་དོག་གཟུགས་ལྡན་མིར་མི་བརྟག །མ་རབས་མཐོང་མ་ཐག་ཏུ་ཡིད་མི་བརྟན། །རབ་ཏུ་མི་སྡོམ་མང་དུ་མཚན་མ་ཅན། །མི་ཐུབ་པ་ནི་འཇིག་རྟེན་འདི་ན་སྤྱོད། །གསེར་གྱིས་གཡོགས་པའི་རྣ་ཆ་འདྲ། །ལྕགས་ཀྱི་དོང་ཙེ་གསེར་གྱིས་གཡོགས་པ་བཞིན། །ནང་ནི་ཞེ་སྡང་ཕྱི་ནི་འཕགས་པའི་གཟུགས། །གཡོ་དང་ལྡན་པ་ཁ་ཅིག་འདི་ན་སྤྱོད། །དེ་ནས་བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་དའི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་མཛད་དོ། །བྱིན་ན་བསོད་ནམས་རབ་ཏུ་འཕེལ། །ཡང་དག་སྡོམ་ལས་ཁོན་མི་འཕེལ། །


DKG011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་ཅན་གྱིས་སྡིག་པ་སྤོངས། །ཉོན་མོངས་ཟད་ནས་མྱ་ངན་འདའ། །དེ་ནས་བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་ད་ལ་ཆོས་ཀྱི་གཏམ་བསྟན་ཏེ། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་དེ། རྣམ་གྲངས་དུ་མའི་ཆོས་ཀྱིས་ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་དེ་སྟན་ལས་ལངས་ཏེ་སོང་ངོ་། །བཞེངས་ཏེ་གཤེགས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་གཉིས་པ། བར་སྡོམ་ནི། ཙ་པ་ལ་དང་ཚེ་ཡི་འདུ་བྱེད་མཛད། །གླང་པོ་ཆེན་པོ་གཟིགས་པར་མཛད་པ་དང་། །རུ་རྟ་ལ་སོགས་གྲོང་ཁྱེར་བཅུ་རྣམས་དང་། །གཡོས་པ་མདོ་སྡེ་དག་དང་སྡིག་པ་ཅན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་ག་ལ་བར་འདོང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་གྱད་ཀྱི་ལྗོངས་རྒྱུ་ཞིང་གཤེགས་པ་ནས། སྡིག་པ་ཅན་གྱི་བར་དང་། ཆུ་བོ་དབྱིག་ལྡན་གྱི་བར་དུ་བཅོམ་ལྡན་འདས་ཤུལ་དུ་ཞུགས་ཏེ་གཤེགས་པ་ལས་ ཤུལ་ནས་གྱུ་སྟེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ང་རྒྱབ་མི་བདེ་སྟེ་ངལ་བསོས། དེ་བཞིན་གཤེགས་པའི་བླ་གོས་བཞི་ལྟབ་ཏུ་ལྟོབ་ལ་ཐིང་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། རིངས་པ་རིངས་པར་བླ་གོས་བཞི་ལྟབ་ཏུ་བལྟབ་སྟེ་བཏིང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བླ་གོས་བཞི་ལྟབ་ཏུ་བལྟབ་སྟེ་བཏིང་ལགས་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ན་བཟའ་སྣམ་སྦྱར་ལྟབ་མ་མང་དུ་མཛད་ནས་ཕངས་སུ་བཅུག་སྟེ། གློ་གཡས་པས་ཕབ་ནས་ཞབས་ཀྱི་སྟེང་དུ་ཞབས་གཞག་སྟེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། བཞེངས་པའི་འདུ་


DKG011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཐུགས་ལ་མཛད་ནས་གཟིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཆུ་བོ་ཀ་ཀུ་སྟ་ནས་ཆུ་ལྷུང་བཟེད་གང་ལོང་ཤིག །ཆུ་དེ་ངས་བཏུང་བར་བྱ། ལུས་ལ་གཏོར་བར་ཡང་བྱའོ། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ལྷུང་བཟེད་ཐོགས་ཏེ་ཆུ་བོ་ཀ་ཀུ་སྟ་ག་ལ་བར་སོང་བ་དང་། དེའི་ཚེ་ཆུ་བོ་ཀ་ཀུ་སྟ་ལ་ཤིང་རྟ་ལྔ་བརྒྱ་ཙམ་གྱི་ཚད་ཅིག་གིས་བརྒལ་ནས་རིང་པོ་མ་ལོན་ཏེ། དེ་དག་གིས་ཆུ་བོ་དཀྲུགས་ཤིང་གློངས་ཏེ་རྙོགས་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆུ་བོ་ཀ་ཀུ་སྟ་ལས་ཆུ་ལྷུང་བཟེད་གང་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་ཆུ་བོ་ཀ་ཀུ་སྟ་ལ་ཤིང་རྟ་ལྔ་བརྒྱ་ཙམ་གྱི་ཚད་ཀྱིས་བརྒལ་ནས་རིང་པོར་མ་ལགས་ཏེ། དེ་དག་གིས་ཆུ་བོ་ཀ་ཀུ་སྟ་དཀྲུགས་ཤིང་གློངས་ཏེ་རྙོགས་པར་བགྱིས་པས་བཙུན་པ་བཅོམ་ལྡན་འདས་ཆབ་འདིས་ཞལ་ཙམ་བཤལ་ཞིང་ཞབས་བཀྲུར་གསོལ། བཙུན་པ་འདི་ནས་མི་རིང་བ་ཞིག་ན་ཆུ་བོ་དབྱིག་ལྡན་མཆིས་ཏེ། བཅོམ་ལྡན་འདས་དེ་ལ་གསོལ་ཞིང་སྐུ་ལ་ཡང་གདབ་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཀྱི་ཆུ་དེས་ཞབས་བསིལ། ཞལ་བཤལ་བ་དང་། དེས་ན་བཅོམ་ལྡན་འདས་བཟོད་ཅིང་བདེ་བར་གྱུར་ནས། དེ་ནས་བཅོམ་ལྡན་འདས་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ་དྲན་པ་མངོན་དུ་གཞག་ནས་བཞུགས་སོ། །དེ་ནས་ཡང་དེའི་ཚེ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་ལམ་དེ་ཉིད་དུ་ཞུགས་པར་གྱུར་པ་དང་། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོས་བཅོམ་ལྡན་འདས་མཛེས་པ། དད་པར་མཛད་པ། དབང་པོ་ཞི་བ་ཐུགས་ཞི་བ་ཕ་རོལ་གྱི་སེམས་འདུལ་ཞིང་ཉེ་བར་ཞི་བར་མཛད་པ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བ་དེ་ཤིང་དྲུང་གཞན་ཞིག་གི་དྲུང་ན་རྟེན་ཅིང་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་


DKG011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་པ་དང་། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཡུང་པོ་ཁྱོད་དགེ་སྦྱོང་ངམ། བྲམ་ཟེའི་ཆོས་ཀྱི་གཙང་སྦྲ་གང་ལ་དགའ། བཙུན་པ་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གྱི་ཆོས་ཀྱི་གཙང་སྦྲ་ལ་དགའོ། །གཡུང་པོ་ཁྱོད་ཅིའི་ཕྱིར་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གྱི་ཆོས་ཀྱི་གཙང་སྦྲ་ལ་དགའ། བཙུན་པ་དུས་གཅིག་ཅིག་ན་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལམ་དུ་ཞུགས་པ་ལས་ལམ་ནས་གྱུ་སྟེ། ཤིང་གཞན་ཞིག་གི་དྲུང་དུ་རྟེན་ཅིང་ཉིན་པར་གྱི་སྤྱོད་པས་གནས་ཤིང་མཆིས་པ་དང་། དེ་ནས་ཡང་དེའི་ཚེ་ལམ་དེ་ཉིད་དུ་ཤིང་རྟ་ལྔ་བརྒྱ་ཙམ་གྱི་ཚད་ཅིག་ཀྱང་མཆིས་ནས་རིང་པོ་མ་ལགས་ཏེ། དེ་ནས་མི་གཞན་ཞིག་ཤིང་རྟ་དེའི་ཕྱིར་ལུས་པ་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཤིང་རྟ་ལྔ་བརྒྱ་ཙམ་གྱི་ཚད་ཅིག་སོང་བ་མཐོང་བར་མ་གྱུར་ཏམ། ཀྱེ་སྐྱེས་བུ་མ་མཐོང་ངོ་། །གང་ཤིང་རྟ་ལྔ་བརྒྱ་ཙམ་དོང་བའི་སྒྲ་ཡང་ཐོས་པར་མ་གྱུར་ཏམ། ཀྱེ་སྐྱེས་ བུ་མ་ཐོས་སོ། །ཅི་ཉལ་བར་གྱུར་ཏམ། ཀྱེ་སྐྱེས་བུ་ང་ཉལ་བར་ཡང་མ་གྱུར་ཏོ། །ཅི་མི་ཉལ་བའི་འདུ་ཤེས་ཀྱིས་ཤིང་རྟ་ལྔ་བརྒྱ་ཙམ་དོང་བའི་སྒྲ་མ་ཐོས་པར་གྱུར་ཏམ། ཀྱེ་སྐྱེས་བུ་ངས་མི་ཉལ་བའི་འདུ་ཤེས་ཀྱིས་ཤིང་རྟ་ལྔ་བརྒྱ་ཙམ་དོང་བའི་སྒྲ་ཡང་མ་ཐོས་པར་གྱུར་ཏོ། །དེ་ནས་མི་དེ་འདི་སྙམ་དུ་བསམས་ཏེ། ཇི་སྲིད་ཅིག་ནས་རབ་ཏུ་བྱུང་བ་ཞི་བར་གནས་པ་ཞིག །གང་འདི་ལྟར་མི་ཉལ་བའི་འདུ་ཤེས་ཀྱིས་ཤིང་རྟ་ལྔ་བརྒྱ་ཙམ་གྱི་ཚད་དོང་བའི་སྒྲ་ཡང་མ་ཐོས་སོ། །འདི་ལྟར་ཆོས་གོས་ཀྱང་རྡུལ་གྱི་ཕྱེ་མས་ཡོག་པར་ཤེས་ནས་མི་དེ་ངོ་མཚར་སྐྱེས་ནས། སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་དད་ཅིང་དད་པའི་དབང་དུ་བྱས་སོ། །བཙུན་པ་དེ་ལྟ་བས་ན་བདག་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གྱི་གཙང་སྦྲའི་ཆོས་ལ་དགའ་བ་ལགས་སོ། །གཡུང་པོ་ཇི་སྙམ་དུ་སེམས། གང་ཤིང་རྟ་ལྔ་བརྒྱ་ཙམ་གྱི་ཚད་དོང་བའི་སྒྲ་དང་། གང་


DKG011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ཆེམས་ཞེས་ཟེར་བ་དང་། ཐོག་བབས་པ་འདི་གཉིས་ཀྱི་སྒྲ་གང་རྒྱ་ཆེ་བ་ཡིན། བཙུན་པ་ཅི་ལགས། ཤིང་རྟ་ལྔ་བརྒྱ་ཙམ་ལྟ་ཞོག་གི་ཅི་ལགས་ཤིང་རྟ་སྟོང་དང་། ཅི་ལགས་ཤིང་རྟ་བརྒྱ་སྟོང་འདི་དག་གང་བས་ཀྱང་གང་འབྲུག་ཆེམས་ཞེས་མཆི་བ་དང་། ཐོག་བབས་པའི་སྒྲ་རྒྱ་ཆེ་བ་ལགས་སོ། །གཡུང་པོ་དུས་གཅིག་ཅིག་ན། ཡུལ་ཨ་དུ་མ་ཡ་འབྱུང་པོའི་ཁང་པའི་ཁྱམས་ན་བཞུགས་ཏེ། ང་སྔ་དྲོ་ན་བཟའ་སྨད་གཡོགས་བགོས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་ཡུལ་ཨ་དུ་མན་དུར་བསོད་སྙོམས་ཀྱི་ཕྱིར་གཤེགས་ཏེ། ཡུལ་ཨ་དུ་མན་དུར་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་མཛད་དེ། ཟས་ཕྱི་མའི་བསོད་སྙོམས་སྤངས་ནས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། ཞབས་བཀྲུས་ནས་འབྱུང་པོའི་ཁང་པའི་ཁྱམས་སུ་ནང་དུ་ཡང་དག་འཇོག་ལ་བཞུགས་སོ། །དེ་ནས་ཡང་དེའི་ཚེ་ཡུལ་ཨ་དུ་མ་ཡ་ན་འབྲུག་ཆེམས་ཞེས་ཟེར་བ་དང་། ཐོག་བབས་པ་དང་། གླང་བཞི་དང་། ཁྱིམ་བདག་ཞིང་པ་སྤུན་གཉིས་ཤི་ནས་དེ་ནས་ཡུལ་ཨ་དུ་མ་ཡར་སྐྱེ་བོ་མང་པོས་སྒྲ་ཆེན་པོ་དང་། སྒྲ་མང་པོ་སྒྲོགས་པར་གྱུར་ཏོ། །ང་ཡང་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་འབྱུང་པོའི་ཁང་པའི་ཁྱམས་ནས་བྱུང་སྟེ། འབྱུང་པོའི་ཁང་པའི་གྲིབ་མ་བླ་གབ་མེད་པར་འཆག་ས་ན་འཆག་པ་དང་། དེ་ནས་མི་གཞན་ཞིག་སྐྱེ་བོ་མང་པོ་དེ་དག་གི་དྲུང་ནས་ང་ག་ལ་བར་འོངས་ཏེ་ཕྱིན་ནས་ངའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ང་འཆག་པའི་རྗེས་སུ་འཆག་གོ །ངས་དེ་ལ་འདི་སྐད་ཅེས་ཀྱེ་སྐྱེས་བུ་ཡུལ་ཨ་དུ་མ་ཡ་ན་སྐྱེ་བོ་མང་པོའི་སྒྲ་ཆེན་པོ་དང་། སྒྲ་མང་པོ་སྒྲོགས་པ་འདི་ཅི་ཞིག་ཡིན་ཞེས་བཀའ་སྩལ་པ་དང་། དེས་སྨྲས་པ། བཙུན་པ་འདི་ལྟར་ཡུལ་ཨ་དུ་མ་ཡར་འབྲུག་ཆེམས་ཞེས་མཆི་བ་དང་། ཐོག་བབས་པར་གྱུར་ཏེ། གླང་བཞི་དང་། ཁྱིམ་བདག་ཞིང་པ་སྤུན་གཉིས་གུམ་སྟེ། དེས་ན་འདི་ལྟར་ཡུལ་ཨ་དུ་མ་ཡའི་སྐྱེ་བོ་མང་པོ་དག་སྒྲ་ཆེན་པོ་དང་། སྒྲ་མང་པོ་དག་སྒྲོགས་པར་གྱུར་ཏོ། །དེས་འདི་སྐད་ཅེས་བཅོམ་ལྡན་འདས་ཅི་ལགས། འབྲུག་ཆེམས་ཞེས་མཆི་བ་དང་།


DKG011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་བབས་པ་མ་གསན་ཏམ་ཞེས་སྨྲའོ། །དེ་ལ་ངས་འདི་སྐད་ཅེས་ཀྱེ་སྐྱེས་བུ་ངས་མ་ཐོས་སོ་ཞེས་བཀའ་སྩལ་པ་དང་། དེས་འདི་སྐད་ཅེས་ཅི་ལགས། བཅོམ་ལྡན་འདས་གཟིམས་པར་གྱུར་ཏམ་ཞེས་སྨྲའོ། །དེ་ལ་ངས་འདི་སྐད་ཅེས་ཀྱེ་སྐྱེས་བུ་ཉལ་བར་མ་གྱུར་ཏོ་ཞེས་བཀའ་སྩལ་པ་དང་། དེས་འདི་སྐད་ཅེས་ཅི་ལགས། བཅོམ་ལྡན་འདས་མ་གཟིམས་པའི་འདུ་ཤེས་ཀྱིས་འབྲུག་ཆེམས་ཞེས་མཆི་བ་དང་། ཐོག་བབས་པ་མ་གསན་པར་གྱུར་ཏམ་ཞེས་སྨྲའོ། །དེ་ལ་འདི་སྐད་ཅེས་ཀྱེ་སྐྱེས་བུ་ང་ནི་མི་ཉལ་བའི་འདུ་ཤེས་ཀྱིས་འབྲུག་ཆེམས་ཞེས་ཟེར་བ་དང་། ཐོག་བབས་པ་མ་ཐོས་སོ་ཞེས་བཀའ་སྩལ་པ་དང་། དེ་ནས་མི་དེས་འདི་སྙམ་དུ་ཇི་སྲིད་ཅིག་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞི་བར་བཞུགས་ནས། གང་གི་ཕྱིར་བཅོམ་ལྡན་འདས་མ་གཟིམས་པའི་འདུ་ཤེས་ཀྱིས་འབྲུག་ཆེམས་ཞེས་ཟེར་བ་དང་། ཐོག་བབས་པའི་སྒྲ་མ་གསན་པར་གྱུར་པ་ནི་ངོ་མཚར་ཆེའོ་ཞེས་བསམས་ནས་སྐྱེས་བུ་དེ་ང་ལ་དད་པར་གྱུར་ཅིང་དད་པའི་དབང་དུ་བྱས་ཏེ། འདི་སྐད་ཅེས་བཙུན་པ་བཅོམ་ལྡན་འདས་ལ་སུ་ཞིག་མངོན་པར་མི་དད་ལགས། བདག་ནི་འདི་ལྟར་བཙུན་པ་ བཅོམ་ལྡན་འདས་ལ་རྒྱ་ཆེར་མངོན་པར་དད་ལགས་སོ་ཞེས་སྨྲས་སོ། །དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོས་གཡོག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་རས་བཅོས་བུ་སར་པ་གསེར་གྱི་ཁ་དོག་ལྟར་སེར་བ་ཟུང་གཅིག་ང་ལ་བྱིན་ཅིག་དང་། དེ་ངས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ་ཞེས་སྨྲས་ནས་སྐྱེས་བུ་དེས་ཀྱང་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་ལ་རས་བཅོས་བུ་སར་པ་གསེར་གྱི་མདོག་ལྟར་སེར་བ་ཟུང་གཅིག་བྱིན་ནོ། །དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོས་རས་བཅོས་བུ་སར་པ་གསེར་གྱི་མདོག་ལྟར་སེར་བ་ཟུང་གཅིག་ཁྱེར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རས་བཅོས་བུ་སར་པ་གསེར་གྱི་མདོག་ལྟར་སེར་བ་ཟུང་གཅིག་པོ་འདི་བདག་ཅག་གི་ཡིད་དུ་མཆི་བ་དགའ་བ་བཅང་བར་


DKG011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འོས་པ་དེ་ཐུགས་བརྩེ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་ལ་ཐུགས་བརྩེ་བར་དགོངས་ནས་རས་བཅོས་བུ་སར་པ་གསེར་གྱི་མདོག་ལྟར་སེར་བ་ཟུང་གཅིག་བཞེས་པ་དང་། དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བདག་གིས་གཞན་ཡང་བཙུན་པ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་རིམ་གྲོ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གཡུང་པོ་དགེ་བར་སྨྲས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་སོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་རས་བཅོས་བུ་སར་པ་གསེར་གྱི་མདོག་ལྟར་སེར་བ་ཟུང་གཅིག་ཁ་ཚར་གྲིས་ཆོད་ལ་ང་ལ་བྱིན་ཅིག་ངས་བགོ་བར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་རས་བཅོས་བུ་སར་པ་གསེར་གྱི་མདོག་ ལྟར་སེར་བ་ཁ་ཚར་དྲ་གྲིས་བཅད་ནས་བཅོམ་ལྡན་འདས་ལ་ཕུལ་བ་དང་། དེ་བཅོམ་ལྡན་འདས་ཀྱིས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་གསལ་བ་མཉམ་པར་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་དགུང་ལོ་ཉི་ཤུ་ལྷག་གཅིག་གི་བར་དུ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ན་མཆིས་ན་བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་གསལ་བ་འདི་ལྟ་བུ་བྱུང་བ་བདག་གིས་མངོན་པར་མ་འཚལ་ན། བཙུན་པ་རྒྱུ་གང་རྐྱེན་གང་གིས་འདི་ལྟ་བུའི་སྐུ་ཁ་དོག་གསལ་བ་བྱུང་བར་གྱུར། ཀུན་དགའ་བོ་སྐུའི་ཁ་དོག་གསལ་བ་འདི་ལྟ་བུ་བྱུང་བ་འདི་ནི་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་


DKG011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ཏེ། འདི་ནི་སྐུའི་ཁ་དོག་གསལ་བ་འདི་ལྟ་བུ་འབྱུང་བའི་རྒྱུ་གཉིས་པ་དང་རྐྱེན་གཉིས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆུ་བོ་དབྱིག་ལྡན་ག་ལ་བར་དོང་ངོ་། །བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཆུ་བོ་དབྱིག་ལྡན་ག་ལ་བར་གཤེགས་ཏེ་བྱོན་ནས་ཆུ་བོ་དབྱིག་ལྡན་གྱི་འགྲམ་མཐའ་གཅིག་ཏུ་ན་བཟའ་ཆོས་གོས་བཞག་སྟེ་བཞུགས་ནས་ཆུ་བོ་དབྱིག་ལྡན་གྱི་ནང་དུ་བཞུགས་ཏེ་སྐུ་ཁྲུས་ལེགས་པར་མཛད་ནས་ཆུ་བོ་དབྱིག་ལྡན་བརྒལ་ཏེ། ན་བཟའ་ཆོས་གོས་གཅིག་པུ་དང་སྐུ་སྐེམས་ཤིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་མགར་བའི་བུ་ཙུན་ད་འགྱོད་པ་སྐྱེས་ཏེ། གང་གི་ཕྱིར་སྟོན་པའི་བསོད་སྙོམས་ཕྱི་མ་གསོལ་བས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཤེགས་ཏེ། སྐུལ་བྱེད་དེ་ནི་མ་རྙེད་པའོ། །རྙེད་པ་མ་ཡིན་པའོ་ཉེས་པ་རྙེད་པའོ། །བདེ་བ་རྙེད་པ་མ་ཡིན་པའོ་ཞེས་གཞན་དག་གིས་འགྱོད་པ་བསྐྱེད་ཀྱིས། ཀུན་དགའ་བོ་མགར་ བའི་བུ་སྐུལ་བྱེད་འགྱོད་པ་སྐྱེས་པ་ལ་གནས་གཉིས་ཀྱིས་འགྱོད་པ་བསལ་བར་བྱ་སྟེ། ཙུན་ད་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་ཐོས་ཏེ། མངོན་སུམ་དུ་བཟུང་བ་ནི་བསོད་སྙོམས་ཀྱི་རྣམ་པར་སྨིན་པ་མཉམ་པ་དང་། མི་མཉམ་པ་རྣམ་པ་གཉིས་ཡོད་དེ། གང་དུ་བསོད་སྙོམས་གསོལ་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དང་། གང་དུ་བསོད་སྙོམས་གསོལ་ནས་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཤེགས་པ་སྟེ། འདི་ནི་བསོད་སྙོམས་ཀྱི་རྣམ་པར་སྨིན་པ་མཉམ་པ་དང་། མི་མཉམ་པ་གཉིས་ཡོད་པ་ཡིན་ནོ། །


DKG011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་དེ་ལྟ་བས་ན་འདི་ནི་མགར་བའི་བུ་སྐུལ་བྱེད་ཀྱིས་ལས་བྱས་ཤིང་བསགས་པ་ཡིན་ཏེ། ཚེར་འགྱུར་བ་དང་། ཁ་དོག་ཏུ་འགྱུར་བ་དང་། སྟོབས་སུ་འགྱུར་བ་དང་། ལོངས་སྤྱོད་དུ་འགྱུར་བ་དང་། བདེ་འགྲོར་འགྱུར་བ་དང་། ཕྱུག་པོ་འཁོར་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ།། །།བར་སྡོམ་ནི། ཚེ་དང་ཁ་དོག་སྟོབས་དག་དང་། །ལོངས་སྤྱོད་བདེ་འགྲོ་ཕྱུག་པོ་རྣམས། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཚེ་དང་ལྡན་པ་འདུན་པ་འདི་ནི་གཏུམ་པོ་གཟུ་ལུམས་ཅན། བརླང་བ། གཤེ་བ། ཁྲོ་བ། བདག་ཅག་དགེ་སློང་རྣམས་ལ་ཀུན་དུ་གཤེ་བ་ལགས་ན། བཅོམ་ལྡན་འདས་འདས་པའི་འོག་ཏུ་འདི་ཇི་ལྟར་བསྒྲུབ་པར་བགྱི། ཀུན་དགའ་བོ་དགེ་སློང་འདུན་པ་འདིར་འདས་པའི་འོག་ཏུ་ཚངས་པའི་ཆད་པས་བསྡིགས་པར་བྱའོ། །ཚངས་པའི་ཆད་པས་བསྡིགས་ནས་ཀྱང་སྐྱོ་བར་བྱའོ། །དེ་ལྟར་ཀུན་དུ་སྐྱོ་བ་སྐྱེས་ནས་ཀྱང་ཀ་ཏྱ་ཡ་ན་ལ་ལུང་ནོད་དུ་གཞུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་ག་ལ་བར་འདོང་ངོ་། །བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་གྱད་ཀྱི་ལྗོངས་རྒྱུ་ཞིང་གཤེགས་པ་ན་གྲོང་ཁྱེར་རྩྭ་ཅན་གྱི་བར་དང་། ཆུ་བོ་དབྱིག་ལྡན་གྱི་བར་དུ་ཤུལ་དུ་ཞུགས་ཏེ་གཤེགས་པ་ལས་ཤུལ་ལས་གྱུ་སྟེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ང་རྒྱབ་མི་བདེ་སྟེ་ངལ་བསོས། དེ་བཞིན་གཤེགས་པའི་བླ་གོས་བཞི་ལྟབ་ཏུ་ལྟོབ་ལ་ཐིང་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་རིངས་པ་རིངས་པར་བླ་གོས་བཞི་ལྟབ་ཏུ་བལྟབ་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་བཞིན་གཤེགས་པའི་བླ་གོས་བཞི་ལྟབ་ཏུ་བལྟབ་སྟེ་བཏིང་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ན་བཟའ་སྣམ་སྦྱར་ལྟབ་མ་མང་དུ་མཛད་དེ་འཕངས་སུ་


DKG011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ནས་གློ་གཡས་པ་ཕབ་སྟེ་ཞབས་ཀྱི་སྟེང་དུ་ཞབས་བཞག་ནས། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། བཞེངས་པའི་འདུ་ཤེས་ཐུགས་ལ་མཛད་ནས་གཟིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱང་ཆུབ་ཀྱི་ཡན་ལག་སྨྲོས་ཤིག །བཅོམ་ལྡན་འདས་ཉིད་ཀྱིས་དྲན་པ་བྱང་ཆུབ་ཀྱི་ཡན་ལག་མངོན་པར་མཁྱེན་ཅིང་ཡང་དག་པར་ཐུགས་སུ་ཆུད་དེ་གསུངས་པ། དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། བཙུན་པ་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་མཁྱེན་ཅིང་ཡང་དག་པར་ཐུགས་སུ་ཆུད་དེ་གསུངས་པ། དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ལགས་སོ། །ཀུན་དགའ་བོ་བརྩོན་འགྲུས་སྨྲས་སམ། བཅོམ་ལྡན་འདས་བརྩོན་འགྲུས་སྨྲས་ལགས་སོ། །ཀུན་དགའ་བོ་བརྩོན་འགྲུས་བསྟེན་ཅིང་བསྒོམས་ཏེ་ལན་གྲངས་མང་དུ་བྱས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་གསུངས་ནས་བཅོམ་ལྡན་འདས་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲངས་ཏེ་དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །དེ་ནས་དགེ་སློང་གཞན་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སྟོན་པས་ ཆོས་ནི་མང་རབ་གསན་སླད་དུ། །བདག་ཉིད་བསྙུང་བར་གྱུར་ཀྱང་གསོལ་བཏབ་ནས། །དགེ་སློང་རང་ཉིད་ཀྱིས་ནི་ཆོས་སྨྲས་པ། །བྱང་ཆུབ་ཡན་ལག་དེ་ཡིས་སྟོན་པར་གྱུར། །མཁས་ཤིང་བློ་དང་ལྡན་པ་རྟོགས་པ་སྟེ། །གནས་བརྟན་ཀུན་དགའ་བོ་ཡིས་ལེགས་སྨྲས་པ། །ཐུབ་པའི་གསུང་ནི་རབ་ཏུ་དཀར་བ་ལས། །ཆོས་དེ་དེ་དག་ཁོ་ན་འཐོབ་པར་འགྱུར། །ཡང་དག་དྲན་དང་རྣམ་པར་འབྱེད་པ་དང་། །བརྩོན་འགྲུས་དགའ་བ་ཤིན་ཏུ་སྦྱངས་པའི་ལུས། །སེམས་དང་ཏིང་ངེ་འཛིན་དང་བཏང་སྙོམས་དང་། །


DKG011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་འདི་དག་བྱང་ཆུབ་ཡན་ལག་ལགས། །བྱང་ཆུབ་ཡན་ལག་རྣམས་ཀྱི་གཏམ་གསན་ཅིང་། །བྱང་ཆུབ་ཡན་ལག་རོ་ནི་རྣམ་མཁྱེན་པས། །བཅོམ་ལྡན་ཐུགས་ནི་ཤིན་ཏུ་མི་བདེ་བའི། །སྙུན་ཚབས་ཆེན་པོ་དག་ལས་བཞེངས་པར་གྱུར། །དེ་ལྟ་བས་ན་ཆོས་རྗེ་དེ་ཡིས་ཀྱང་། །རིན་པོ་ཆེ་ཡི་ཆོས་འདི་འཆད་པ་ལ། །ཆོས་ནི་གསན་པར་བཞེད་གྱུར་གཞན་དག་ལྟ། །ཅི་ཕྱིར་དེས་ནི་འདི་ལ་མཉན་མི་བྱ། །དགེ་སློང་གང་ཞིག་ཤེས་རབ་མཆོག་ཡིན་པར། །ཤེས་རབ་སྟོབས་བཅུ་ལྡན་པས་བསྟན་པ་སྟེ། །ཉེ་རྒྱལ་དེ་ཡང་ན་བར་གྱུར་མོད་ཀྱི། །དམ་ཆོས་མཉན་པའི་དོན་དུ་འགྲོ་བར་བྱེད། །མདོ་སྡེ་འཛིན་དང་འདུལ་འཛིན་མ་མོ་འཛིན། །མཁས་པ་ཆོས་ལུགས་མཁྱེན་པ་དེ་དག་ཀྱང་། །ཆོས་རྣམས་ཉན་པར་བྱེད་ན་གཞན་དག་ལྟ། །ཅི་ཕྱིར་དེས་ནི་འདི་ལ་མཉན་མི་བྱ། །ཐོས་ནས་ཇི་ལྟར་ཆོས་ཀྱི་བཀའ་ལ་ནི། །སེམས་ཀྱིས་རྟོགས་ཤིང་ཉེ་བར་བཞག་གྱུར་ན། །ཟང་ཟིང་མེད་པའི་སངས་རྒྱས་གསུང་འདི་ནི། །དགའ་བས་དེ་བཞིན་ཉིད་ནི་འཐོབ་པར་འགྱུར། །དགའ་བའི་ཡིད་ཀྱིས་ཤིན་ཏུ་སྦྱངས་པའི་ལུས། །བདེ་བ་དག་ཀྱང་དེ་བཞིན་སྐྱེ་བར་འགྱུར། །བདེ་བར་གྱུར་པའི་སེམས་ནི་རྩེ་གཅིག་སྟེ། །དེ་ཡི་ལོག་ཏུ་ཏིང་འཛིན་རེག་པར་འགྱུར། །མཉམ་པར་གྱུར་པའི་སེམས་ནི་འདི་དག་ཏུ། །འདུ་བྱེད་རྣམས་ལ་སྐྱབས་སུ་མི་བྱེད་ཅིང་། །སྐྱོ་བར་གྱུར་པས་འདོད་ཆགས་རྣམས་བྲལ་ཏེ། །སེམས་ནི་རྣམ་པར་གྲོལ་བ་དག་ཏུ་འགྱུར། །སྲིད་པར་འགྲོ་བ་དག་ལ་སྐྱོ་གྱུར་ཏེ། །ལྷ་དང་མི་རྣམས་ལ་ཡང་མི་ཆགས་པ། །ཇི་ལྟར་མེ་ནི་བུད་ཤིང་མེད་གྱུར་བཞིན། །དགྲ་བཅོམ་གྱུར་ནས་ཡོངས་སུ་མྱ་ངན་འདས། །ཆོས་ཐོས་པ་ཡི་ཕན་ཡོན་མང་བར་ནི། །རྒྱལ་བ་ རྣམས་ཀྱིས་དེ་དག་ཀུན་དུ་བཤད། །དེ་ལྟ་བས་ན་སྟོན་པའི་གསུང་འདི་ལ། །ནན་ཏན་འབད་དེ་རབ་ཏུ་མཉན་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་ག་ལ་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་


DKG011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་གྱད་ཀྱི་ལྗོངས་རྒྱུ་ཞིང་གཤེགས་ཏེ་གྲོང་ཁྱེར་རྩྭ་ཅན་དུ་བྱོན་ནས་གྱད་ཀྱི་ཡུལ་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་ཤིང་སཱ་ལ་ཟུང་གཉིས་ཀྱི་བར་དུ་དེ་བཞིན་གཤེགས་པའི་ཁྲི་ཆོས་ལ་ཕངས་བྱང་ཕྱོགས་སུ་སྟོན་ཅིག །དེ་བཞིན་གཤེགས་པ་ནི་དེང་གི་མཚན་མོའི་གུང་ཐུན་འདི་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བཀའ་སྩལ་པ་དང་། བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཤིང་སཱ་ལ་ཟུང་གི་བར་དུ་ཁྲི་བཅས་ནས་ཕངས་བྱང་ཕྱོགས་སུ་བསྟན་ཏེ། བཅོམ་ལྡན་འདས་ག་ལ་བར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་ཁྲི་བཅས་ཏེ་ཕངས་བྱང་ཕྱོགས་སུ་བསྟན་ཏོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཁྲི་ག་ལ་བར་གཤེགས་ཏེ་བྱོན་ནས་གློ་གཡས་པས་ཕབ་སྟེ་ཞབས་ཀྱི་སྟེང་དུ་ཞབས་བཞག་ནས་གཟིམས་ཏེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། མྱ་ངན་ལས་འདའ་བའི་འདུ་ཤེས་ཐུགས་ལ་མཛད་དོ། །དེ་ནས་ཡང་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་འདུག་ནས་ཁྲི་ལ་འཇུས་ཏེ་ངུ་ཞིང་མཆི་མ་བྱུང་ནས་འདི་སྐད་ཅེས་སྨྲའོ། །བཅོམ་ལྡན་འདས་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ། །བདེ་བར་གཤེགས་པ་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ། །ཤིན་ཏུ་མྱུར་བར་འཇིག་རྟེན་གྱི་མིག་ལྡོངས་ཏེ། དགེ་སློང་དག་སྔོན་ ནི་ཕྱོགས་དེ་དང་དེ་དག་དང་། ལྗོངས་དེ་དང་དེ་དག་ནས་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ། འོངས་པ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་


DKG011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱད་པ་རབ་ཏུ་སྟོན་ཏེ། གང་གི་ཕྱིར་དུས་དུས་སུ་ཟབ་པ་ཟབ་མོའི་ཆོས་ཀྱི་གཏམ་ཡང་ཐོས་ཤིང་རྙེད་པ་ན་དེ་དག་གིས་ཀྱང་ད་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་ཐོས་ཏེ། ཐོས་ནས་ཀྱང་འོང་བར་མི་འགྱུར་ཞིང་འདི་ལྟར་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་འབའ་ཞིག་པོ་འདི་འཇིག་རྟེན་དུ་ནུབ་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀུན་དགའ་བོ་གང་ན་འདུག །བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་འདི་ན་མཆིས་ཏེ་ཁྲི་ལ་འཇུས་ནས་ངུ་ཞིང་མཆི་མ་བྱུང་ནས་འདི་སྐད་ཅེས་མཆིའོ། །བཅོམ་ལྡན་འདས་ནི་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ། །བདེ་བར་གཤེགས་པ་ནི་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ། །ཤིན་ཏུ་མྱུར་བར་འཇིག་རྟེན་གྱི་མིག་ལྡོངས་ཏེ། དགེ་སློང་དག་སྔོན་ནི་ཞེས་བྱ་བ་ནས། འདི་ལྟར་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་འཇིག་རྟེན་དུ་ནུབ་བོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མྱ་ངན་དང་། མི་བཟོད་པ་དང་། སྨྲེ་སྔགས་འདོན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཉེ་གནས་བྱས་པ་ནི་བྱམས་པའི་ལུས་ཀྱི་ལས་ཀྱིས་ཕན་པ་དང་། བདེ་བ་དང་། གཉིས་སུ་མེད་པ་དང་། ཚད་མེད་པར་བྱས་པ་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་ཕན་པ་དང་། བདེ་བ་དང་། གཉིས་སུ་མེད་པ་དང་། ཚད་མེད་པར་བྱས་སོ། །ཀུན་དགའ་བོ་གང་དག་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉེ་གནས་ཀྱིས་ཚུལ་འདི་འདྲ་བར་བྱས་པར་གྱུར་ཏེ། དཔེར་ན་ད་ལྟར་ཁྱོད་ཀྱིས་ང་ལ་བྱ་བ་བཞིན་དུ་བྱས་པར་གྱུར་ཏེ། མ་ འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་


DKG011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉེ་གནས་ཀྱིས་ཚུལ་འདི་འདྲ་བར་བྱེད་པར་འགྱུར་ཏེ། དཔེར་ན་ད་ལྟར་ཁྱོད་ཀྱིས་ང་ལ་བྱ་བ་བཞིན་ནོ། །ཀུན་དགའ་བོ་དེ་ལྟར་ན་ཁྱོད་མྱ་ངན་མ་བྱེད་ཅིག །མི་བཟོད་པར་མ་བྱེད་ཅིག །སྨྲེ་སྔགས་མ་འདོན་ཅིག །གང་སྐྱེ་བ་དང་། འབྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་འཇིག་པའི་ཆོས་ཅན་དེ་དག་ནི་འདི་ལྟར་མི་འཇིག་པ་འཐོབ་པར་ག་ལ་འགྱུར་ཏེ། འདི་ནི་གནས་མེད་དེ། རིག་པར་མི་ནུས་སོ། །ཀུན་དགའ་བོ་སྔོན་ཡང་ངས་བཤད་དེ། མཛའ་བོ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དེ་དག་ཐམས་ཅད་ནི་འབྲལ་བ་དང་། འགྱེས་པ་དང་། འཇིག་པ་དང་། མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་དག་པར་དགའ་བར་བྱ་བར་བཞེད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཡོད་དེ། བཞི་གང་ཞེ་ན། གལ་ཏེ་རྒྱལ་རིགས་ཀྱི་འཁོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བལྟ་བའི་ཕྱིར་འོངས་པ་མཐོང་བས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་ཉེ་བར་འོངས་པ་རྣམས་ལ་ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་བྲམ་ཟེའི་འཁོར་དང་། ཁྱིམ་བདག་གི་འཁོར་དང་། དགེ་སྦྱོང་གི་འཁོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བལྟ་བའི་ཕྱིར་འོངས་པ་དེ་མཐོང་བས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་ཉེ་བར་འོངས་པ་རྣམས་ལ་ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་དགེ་སློང་ཀུན་དགའ་བོ་ལ་ཡང་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཡོད་དེ། བཞི་གང་ཞེ་ན། གལ་ཏེ་དགེ་སློང་གི་འཁོར་དགེ་སློང་ཀུན་དགའ་བོ་བལྟ་བའི་ཕྱིར་འོངས་པ་མཐོང་བས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་འོངས་པ་རྣམས་ལ་ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་དགེ་སློང་མའི་འཁོར་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་དགེ་སློང་ཀུན་དགའ་བོ་བལྟ་བའི་ཕྱིར་ འོངས་པ་མཐོང་བས་ཡིད་དགའ་བར་འགྱུར་རོ། །གལ་ཏེ་འོངས་པ་རྣམས་ལ་


DKG011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། །དགེ་སློང་དག་གཞན་ཡང་དགེ་སློང་ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཡོད་དེ། བཞི་གང་ཞེ་ན། གལ་ཏེ་དགེ་སློང་ཀུན་དགའ་བོ་དགེ་སློང་གི་འཁོར་རྣམས་ལ་ཆོས་སྟོན་ན་གུས་པར་བྱས་ཏེ་སྟོན་གྱི་མ་གུས་པས་མ་ཡིན་ནོ། །དེ་ནས་དགེ་སློང་གི་འཁོར་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཚེ་དང་ལྡན་པ་ཀུན་དགའ་བོ་མི་སྨྲ་བར་མི་འདུག་ཅིང་ཆོས་ཁོ་ན་འཆད་ཀྱང་ཅི་མ་རུང་སྙམ་ནས་དགེ་སློང་གི་འཁོར་རྣམས་དགེ་སློང་ཀུན་དགའ་བོ་ལ་ཆོས་ཉན་པས་མི་ངོམས་མོད་ཀྱི། འོན་ཀྱང་དགེ་སློང་ཀུན་དགའ་བོ་ཅང་མི་སྨྲའོ། །གལ་ཏེ་དགེ་སློང་མའི་འཁོར་རྣམས་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་རྣམས་ལ་དགེ་སློང་ཀུན་དགའ་བོ་ཆོས་སྟོན་ན་གུས་པར་བྱས་ཏེ་སྟོན་གྱི་མ་གུས་པས་ནི་མ་ཡིན་ནོ། །དེ་ནས་དགེ་བསྙེན་གྱི་འཁོར་ལ་སོགས་པ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཚེ་དང་ལྡན་པ་ཀུན་དགའ་བོ་མ་སྨྲེ་བར་མི་འདུག་ཅིང་ཆོས་ཁོ་ན་འཆད་ཀྱང་ཅི་མ་རུང་སྙམ་ནས་དགེ་བསྙེན་གྱི་འཁོར་ལ་སོགས་པ་དགེ་སློང་ཀུན་དགའ་བོ་ལ་ཆོས་ཉན་པས་མི་ངོམས་མོད་ཀྱི། འོན་ཀྱང་དགེ་སློང་ཀུན་དགའ་བོ་ནི་ཅང་མི་སྨྲ་བར་འདུག་གོ །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་དགའ་བར་མཛད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅིའི་སླད་དུ་འཇིག་རྟེན་ཐ་དད་པ་གྲོང་ཁྱེར་ཆེན་པོ་དྲུག་པོ་གང་དག་མཉན་ཡོད་དང་། གནས་བཅས་དང་། ཙམ་པ་དང་། བཱ་རཱ་ཎ་སཱི་དང་། ཡངས་པ་ཅན་དང་། རྒྱལ་པོའི་ཁབ་ལ་སོགས་པ་གྲོང་ཁྱེར་ཆེན་པོ་དྲུག་པོ་འདི་ལྟ་བུ་སྤངས་ནས་གང་གྲོང་ཁྱེར་ངན་པ་དང་། དགོན་དུང་དང་། མཁར་ངན་པ་དང་། གྲོང་ཁྱེར་གྱི་ཡལ་ག་དང་། གྲོང་ཁྱེར་གྱི་ཐོ་ཤུལ་ཙམ་འདིར་མྱ་ངན་ལས་འདའ་བར་དགོངས། ཀུན་དགའ་བོ་ཁྱོད་གྲོང་ཁྱེར་རྩྭ་ཅན་འདི་ལ་གྲོང་ཁྱེར་ངན་པ་ཞེའམ། དགོན་དུང་ཞེའམ། མཁར་ངན་པ་ཞེའམ། གྲོང་གི་ཡན་ལག་ཅེའམ། གྲོང་ཁྱེར་གྱི་ཐོ་ཤུལ་ཙམ་ཞེས་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྔོན་བྱུང་བ་གྲོང་ཁྱེར་རྩྭ་ཅན་འདི་རྒྱལ་པོ་ཀུ་ཤ་ཅན་ཞེས་བྱ་བའི་


DKG011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་དུ་གྱུར་ཏེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ། ཆུར་དཔག་ཚད་བཅུ་གཉིས། རྒྱར་དཔག་ཚད་བདུན་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་ཀུ་ཤ་ཅན་གྱི་ར་བ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་སྟེ། ར་བ་བདུན་གྱིས་ཀུན་དུ་བསྐོར་བར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་རྩྭ་ཅན་གྱི་ཕོ་བྲང་གི་སྒོ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པར་གྱུར་ཏོ། །ཀུན་དགའ་བོ་དེ་དག་གི་རྩང་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་སྟེ། འཕང་དུ་ནི་སྐྱེས་བུ་བདུན་སྲིད་ཙམ་ལ་སྐྱེས་བུ་ཕྱེད་དང་བཞིའི་སྲིད་ཙམ་ནི་ཟབས་སུ་བརྐོས་ནས་ཁྱེའུ་གསུམ་གྱིས་བཙུགས་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་ཀུ་ཤ་ཅན་གྱི་ཕོ་བྲང་གི་འོབས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུའི་འོབས་རྣམ་པ་བདུན་གྱིས་ཀུན་དུ་བསྐོར་ཏོ། །ཀུན་དགའ་བོ་རྒྱལ་པོ་ཀུ་ཤ་ཅན་གྱི་ཕོ་བྲང་ཏ་ལ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཏ་ལའི་ཕྲེང་བདུན་གྱིས་ཀུན་དུ་བསྐོར་བར་གྱུར་ཏེ། ཀུན་དགའ་བོ་གསེར་གྱི་ཏ་ལ་ལ་ནི་དངུལ་ལས་བྱས་པའི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་བྱས་པར་གྱུར་ཏོ། །ཀུན་དགའ་བོ་དངུལ་གྱི་ཏ་ལ་ལ་ནི་གསེར་དང་། བཻ་ཌཱུརྱ་དང་། ཤེལ་གྱིའོ། །ཀུན་དགའ་བོ་ཤེལ་གྱི་ཏ་ལ་ལ་ནི་བཻ་ཌཱུརྱ་ལས་བྱས་པའི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་བྱས་པར་གྱུར་ཏོ། །ཀུན་དགའ་བོ་ཏ་ལ་དེ་རྣམས་རླུང་གིས་བསྐྱོད་པ་ན་འདི་ལྟ་བུའི་སྒྲ་ཡིད་དུ་འོང་བ་འབྱུང་སྟེ། དཔེར་ན་སྐྱེས་བུ་མཁས་པས་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་ཡང་དག་པར་བསྒྲགས་པ་བཞིན་ནོ། །ཀུན་དགའ་བོ་ཏ་ལ་དེ་དག་གི་བར་དུ་རྫིང་བཟང་པོ་


DKG011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་གྱུར་ཏེ། རྫིང་དེ་དག་ཀྱང་རྣམ་པ་བཞི་པོ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་ཕ་གུས་བྱས་པར་གྱུར་ཏོ། །ཀུན་དགའ་བོ་རྫིང་བུ་བཟང་པོ་དེ་དག་གི་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པར་གྱུར་ཏོ། །རྫིང་བུ་དེ་དག་གི་ཁ་ཁྱེར་ཡང་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཁ་ཁྱེར་གྱིས་ཀུན་དུ་བསྐོར་བར་གྱུར་ཏོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ཁ་ཁྱེར་གྱི་གཟུངས་གཟེར་དང་། གདུང་བུ་དང་། རྟེན་མ་ནི་དངུལ་ལས་བྱས་པར་གྱུར་ཏོ། །དངུལ་ལས་བྱས་པའི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱ་ལས་བྱས་པའི་ནི་ཤེལ་ལས་བྱས་སོ། །ཤེལ་ལས་བྱས་པའི་ནི་གཟུངས་གཟེར་དང་། གདུང་བུ་དང་། རྟེན་མ་བཻ་ཌཱུརྱ་ལས་བྱས་པར་གྱུར་ཏོ། །ཀུན་དགའ་བོ་རྫིང་བཟང་པོ་དེ་དག་གི་ནང་ན་མེ་ཏོག་ཆུ་ལས་སྐྱེ་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་དང་། དྲི་ངད་འཇམ་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བའི་རྒྱུ་སྐྱེ་བོ་ཐམས་ཅད་ལ་དགག་པ་མེད་པ་བསྐྱེད་དོ། །ཀུན་དགའ་བོ་རྫིང་བཟང་པོ་དེ་དག་གི་འགྲམ་གཉིས་ན་མེ་ཏོག་སྐམ་ལ་སྐྱེ་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། པ་རི་ཤ་ཀ་དང་། མ་ལི་ཀ་དང་། ན་བ་མ་ལི་ཀ་དང་། ཡིད་དུ་འོང་བ་དང་། ཡུ་ཏི་ཀ་དང་། དྷ་ནུསྐ་རི་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བའི་རྒྱུ་སྐྱེ་བོ་ཐམས་ཅད་ལ་དགག་པ་མེད་པ་བསྐྱེད་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་པོས་ཀྱང་ཏ་ལ་བཟང་པོ་དེ་དག་གི་བར་བར་དུ་ན་ཆུང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞག་སྟེ། གང་དག་ཟས་འདོད་པ་ལ་ནི་ཟས་སྦྱིན་པར་བྱེད། སྐོམ་འདོད་པ་ལ་ནི་སྐོམ། གོས་འདོད་པ་ལ་ནི་གོས། ཕྲེང་བ་དང་། དྲི་དང་། བྱུག་པ་འདོད་པ་ལ་ནི་ཕྲེང་བ་དང་། དྲི་དང་།


DKG011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པ་སྦྱིན་པར་བྱེད་དོ། །ཀུན་དགའ་བོ་རྒྱལ་པོ་ཀུ་ཤ་ཅན་གྱི་ཕོ་བྲང་ན་གང་དག་ར་རོ་བ་དང་། གཡོན་ཅན་དང་། ཆང་འཚོང་རྣམས་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་འདོད་པ་དེ་དག་ཏ་ལ་དེ་དག་ གི་བར་བར་དུ་ཤིན་ཏུ་རྩེ་ཞིང་། དགའ་བ་དང་། དགའ་མགུར་སྤྱོད་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་རྩྭ་ཅན་གྱི་ཕོ་བྲང་ན་ཏ་ལ་དེ་དག་ལས་སྒྲ་ཡིད་དུ་འོང་བ་འདི་ལྟ་སྟེ། གླང་པོ་ཆེའི་སྒྲ་དང་། རྟའི་སྒྲ་དང་། ཤིང་རྟའི་སྒྲ་དང་། དཔུང་བུ་ཆུང་གི་སྒྲ་དང་། དུང་གི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། ཚོགས་པའི་སྒྲ་དང་། རྔ་པ་ཊ་ཧའི་སྒྲ་དང་། རོལ་མོའི་སྒྲ་དང་། གླུའི་སྒྲ་དང་། གླིང་བུའི་སྒྲ་དང་། སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས། ཟ་གཅིག་པ་ནི་སྨྱུང་བ་བྱས་ཏེ་ཚུལ་ཁྲིམས་ཡང་དག་པར་བླངས་པའི་སྒྲ་སྟེ་སྒྲ་བཅུ་གཉིས་དང་ལྡན་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་རྩྭ་ཅན་གྱི་ཕོ་བྲང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་མི་རྣམས་ཀྱི་འབྱོར་པ་བཞི་དང་ལྡན་ཏེ། རིན་པོ་ཆེ་སྣ་བདུན་གང་དང་ལྡན་ཞེ་ན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེའོ། །ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་པོ་མི་རྣམས་ཀྱི་འབྱོར་པ་བཞི་གང་དང་ལྡན་ཞེ་ན། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཡིན་ཏེ། གཞོན་ནུ་རྩེད་མོ་རྩེ་བ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་ཚབ་བྱེད་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་པོ་ཆེན་པོ་བྱེད་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་པོ་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཡིན་ཏེ། དེས་ལོ་བརྒྱད་ཁྲི་བཞི་སྟོང་ནི་གཞོན་ནུ་དགའ་བས་རྩེད་མོ་རྩེས། ལོ་བརྒྱད་ཁྲི་བཞི་སྟོང་ནི་རྒྱལ་ཚབ་བྱས། ལོ་བརྒྱད་ཁྲི་བཞི་སྟོང་ནི་རྒྱལ་པོ་ཆེན་པོ་བྱས། ལོ་བརྒྱད་ཁྲི་བཞི་སྟོང་ནི་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་བྱས་པ་གང་ཡིན་པ་འདི་ནི་ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་


DKG011_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འབྱོར་པ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་སྟེ། ཀུན་དགའ་བོ་རྒྱལ་པོ་ ལེགས་མཐོང་ཆེན་པོའི་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ཏེ། ཀུན་དགའ་བོ་འདི་ནི་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཡིན་ཏེ། ཕོ་བ་ཧ་ཅང་བསིལ་བ་མ་ཡིན་ཞིང་། ཧ་ཅང་དྲོ་བ་མ་ཡིན་པ། དྲོད་སྙོམས་པ་དང་། དུས་ཀུན་དུ་བདེ་བ་དང་། གནོད་པ་མེད་པ་དང་ལྡན་པས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་གྱུར་ཏེ། ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་པོ་གནོད་པ་ཉུང་ཞིང་ནད་མེད་པའི་རང་བཞིན་ཅན། ཕོ་བ་ཧ་ཅང་བསིལ་བ་མ་ཡིན་ཞིང་། ཧ་ཅང་དྲོ་བ་མ་ཡིན་པ། དྲོད་སྙོམས་པ་དང། དུས་ཀུན་དུ་བདེ་བ་དང་། གནོད་པ་མེད་པ་དང་ལྡན་པས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་གང་ཡིན་པ་འདི་ནི་ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་གྲོང་མི་དང་ཡུལ་མི་རྣམས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་ཡིན་ཏེ། དཔེར་ན་བུ་རྣམས་ལ་ཕ་བཞིན་ནོ། །རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་གྲོང་མི་དང་ཡུལ་མི་རྣམས་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་དཔེར་ན་ཕ་ལ་བུ་རྣམས་བཞིན་ཏེ། ཀུན་དགའ་བོ་དུས་གཅིག་ཅིག་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་སྐྱེད་མོས་ཚལ་གྱི་གནས་སུ་འགྲོ་བ་ན་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཤིང་རྟ་རིམ་གྱིས་དལ་བུ་དལ་བུས་སྒྱུར་ཅིག་ངས་གྲོང་མི་དང་ཡུལ་མི་རྣམས་ལ་ཡུན་རིང་དུ་བལྟ་བར་བྱའོ། །གྲོང་མི་དང་ཡུལ་མི་རྣམས་ཀྱིས་ཀྱང་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཤིང་རྟ་རིམ་གྱིས་དལ་བུ་དལ་བུས་སྒྱུར་ཅིག །ངེད་ཀྱང་ལྷ་


DKG011_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་རིང་དུ་བལྟ་བར་བྱའོ། །ཀུན་དགའ་བོ་གང་གི་ཚེ་རྒྱལ་པོ་ལེགས་ མཐོང་ཆེན་པོ་གྲོང་མི་དང་ཡུལ་མི་རྣམས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་ནི་དཔེར་ན་བུ་རྣམས་ལ་ཕ་བཞིན་ནོ། །རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་གྲོང་མི་དང་ཡུལ་མི་རྣམས་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་ནི་དཔེར་ན་ཕ་ལ་བུ་རྣམས་བཞིན་ཏེ། ཀུན་དགའ་བོ་འདི་ནི་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་ཞེས་བྱའོ། །དེ་ནས་གྲོང་མི་དང་ཡུལ་མི་རྣམས་ཀྱིས་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་མང་པོ་དག་ཁྱེར་ཏེ་རྒྱལ་པོ་ལེགས་མཐོང་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་སླད་དུ་བདག་ཅག་གིས་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་མང་པོ་དག་འཚལ་ཏེ་མཆིས་ལགས་ན། ལྷས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་སུ་གསོལ། སྣ་བོ་དག་ངའི་ཡུལ་ན་འདི་འདྲ་བའི་ནོར་གྱི་རིགས་ཡོད་པས་མི་འདོད་དོ་ཞེས་སྨྲས་ནས། ལེན་དུ་མ་བཏུབ་པ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་སླད་དུ་བདག་ཅག་གིས་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་མང་པོ་འཚལ་ཏེ་མཆིས་པ་འདི་དག་ལྷས་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། རྒྱལ་པོ་ལེགས་མཐོང་ཆེན་པོས་ཀྱང་གྲོང་མི་དང་ཡུལ་མི་རྣམས་ལ་ལན་གཉིས་ལན་གསུམ་གྱི་བར་དུ་འདི་སྐད་ཅེས་སྨྲས་སོ། །སྣ་བོ་དག་ངའི་ཡུལ་ན་འདི་འདྲ་བའི་ནོར་གྱི་རིགས་ཡོད་པས་མི་འདོད་དོ་ཞེས་སྨྲས་ནས། ལེན་དུ་མ་བཏུབ་བོ། །དེ་ནས་གྲོང་མི་དང་ཡུལ་མི་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ལྷའི་ཕྱིར་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་མང་པོ་ཁྱེར་ཏེ་འོངས་པ་འདི་དག་བདག་ཅག་གིས་འདི་དག་བླངས་ཏེ་རང་རང་གི་གནས་སུ་འདོང་བ་ནི་བདག་ཅག་གི་ཚུལ་མ་ཡིན་པས་མ་ལ་བདག་ཅག་གིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་མདུན་དུ་གསེར་དང་། དངུལ་གྱི་ཕུང་པོ་ཆེར་སྤུངས་ལ་མཐའ་གཅིག་ཏུ་ནོར་བུ་


DKG011_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་དག་བཞག་སྟེ། འདི་ནི་ལྷའི་དཀོར་གྱི་རིགས་ཡིན་ནོ་ཞེས་སྨྲས་ཏེ། བཏང་སྙོམས་སུ་བོར་ལ་འདོང་ངོ་སྙམ་ནས། གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་དག་རྒྱལ་པོ་ལེགས་མཐོང་ཆེན་པོའི་མདུན་དུ་ཉེ་བར་བཞག་ནས་བཏང་སྙོམས་སུ་བོར་ཏེ་དོང་ངོ་། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། བདག་གི་ནོར་གྱི་རིགས་ནི་ཆོས་བཞིན་གྱིས་རྙེད་པ་ཡིན་གྱིས་ཆོས་མ་ཡིན་པས་ནི་མ་ཡིན་པས་མ་ལ་བདག་གིས་ཆོས་དང་མཐུན་པའི་ཁང་བཟངས་བརྩིག་གོ་སྙམ་པ་དང་། མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཆོས་དང་མཐུན་པའི་ཁང་བཟངས་རྩིག་པར་སྤྲོའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཆོས་དང་མཐུན་པའི་ཁང་བཟངས་རྩིག་པ་ལ་ཐུགས་ཀྱི་ཕྲིན་ལས་བསྐྱུང་དུ་གསོལ། ལྷའི་ཆོས་དང་མཐུན་པའི་ཁང་བཟངས་བདག་ཅག་གིས་བརྩིག་པར་བགྱིའོ། །སྣ་བོ་དག་ངའི་ཡུལ་ན་འདི་འདྲ་བའི་ནོར་གྱི་རིགས་ཡོད་པས་མི་དགོས་སོ་ཞེས་སྨྲས་ནས་མ་གནང་ངོ་། །མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་ལན་གཉིས་ལན་གསུམ་གྱི་བར་དུ་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཆོས་དང་མཐུན་པའི་ཁང་བཟངས་རྩིག་པ་ལ་ཐུགས་ཀྱི་ཕྲིན་ལས་བསྐྱུང་དུ་གསོལ། ལྷ་ཆོས་དང་མཐུན་པའི་ཁང་བཟངས་བདག་ཅག་གིས་བརྩིག་པར་བགྱིའོ། །རྒྱལ་པོ་ལེགས་མཐོང་ཆེན་པོས་ཀྱང་ལན་གཉིས་ལན་གསུམ་གྱི་བར་དུ་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་འདི་སྐད་ཅེས་སྨྲས་སོ། །སྣ་བོ་དག་ངའི་ཡུལ་ན་འདི་འདྲ་བའི་ནོར་གྱི་རིགས་ཡོད་པས་མི་དགོས་སོ་ཞེས་སྨྲས་ནས་མ་གནང་ངོ་། །དེ་ནས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་རྐང་པ་ལ་གཏུགས་ནས་ཁ་ཅིག་གིས་ནི་ལག་པ་ནས་བཟུང་། ཁ་ཅིག་གིས་ནི་གོས་ཀྱི་མཐའ་མ་ནས་བཟུང་། ཁ་ཅིག་གིས་ནི་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། རྒྱལ་


DKG011_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཆོས་དང་མཐུན་པའི་ཁང་བཟངས་རྩིག་པ་ལ་ཐུགས་ཀྱི་ཕྲིན་ལས་བསྐྱུང་ དུ་གསོལ། ལྷའི་ཆོས་ཀྱི་ཁང་བཟངས་བདག་ཅག་གིས་བརྩིག་པར་བགྱིའོ། །རྒྱལ་པོ་ལེགས་མཐོང་ཆེན་པོས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཅང་མི་སྨྲ་བས་གནང་བར་རིག་ནས་རང་རང་གི་གནས་སུ་དོང་སྟེ། གསེར་དང་། དབྱིག་མང་པོ་དང་། རིན་པོ་ཆེའི་ཀ་བ་རེ་རེ་ཁྱེར་ཏེ། རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེ་ལོགས་སུ་སོང་ནས་ཕྱིན་པ་དང་། རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་ཆོས་དང་མཐུན་པའི་ཁང་བཟངས་གང་དུ་ཅི་ཙམ་ཞིག་བརྩིག་པར་བགྱི་ལགས། སྣ་བོ་དག་ཁྱེད་ཀྱིས་དེའི་ཕྱིར་ཀུ་ཤ་ཅན་གྱི་ཤར་ཕྱོགས་སུ་ཆོས་དང་མཐུན་པའི་ཁང་བཟངས་ཆུར་དཔག་ཚད་གཅིག །རྒྱར་དཔག་ཚད་གཅིག་པ་ཅིག་རྩིགས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་ལྟར་མཉན་ནས། ཀུ་ཤ་ཅན་གྱི་ཤར་ཕྱོགས་སུ་ཆོས་དང་མཐུན་པའི་ཁང་བཟངས་ཆུར་དཔག་ཚད་གཅིག །རྒྱར་དཔག་ཚད་གཅིག་པ་ཞིག་བརྩིགས་ཏེ། ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་རྨང་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པར་གྱུར་ཏོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་ཀ་རྟེན་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བྲེས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་ཀ་བ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཙུགས་སོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ཀ་བ་ལ་ནི་ཀ་རྟེན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། གདུང་དངུལ་ལས་བྱས་སོ། །དངུལ་


DKG011_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པ་ལ་ནི་གསེར་གྱིའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་གྱིའོ། །ཤེལ་ལས་བྱས་པ་ལ་ནི་ཀ་རྟེན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། གདུང་བཻ་ཌཱུརྱ་ལས་བྱས་སོ། ། ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་གདུང་ཕྲན་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བྲེས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་མདུན་གདུང་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བྲེས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་གདུང་པོ་ཆེ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བྲེས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་རྩ་གསུམ་པ། ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་བ་གམ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཏགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ལ་སྤང་ལེབ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་གཡོགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ལ་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བརྩིགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ལ་ལན་ཀན་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཏོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། རྟེན་མ་དང་། གདུང་བུ་དངུལ་ལས་བྱས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་གྱིའོ། །བཻ་ཌཱུརྱ་ལ་ནི་ཤེལ་གྱིའོ། །ཀུན་དགའ་བོ་ཤེལ་ལས་བྱས་པའི་ལན་ཀན་ལ་ནི་གཟུངས་གཟེར་དང་། གདུང་བུ་དང་། ལན་ཀན་གྱི་


DKG011_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མ་བཻ་ཌཱུརྱ་ལས་བྱས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ལ་ཁང་པ་རྩེག་མ་རྣམ་པ་བཞི་པོ་གསེར་ ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཁང་པ་བརྩིགས་སོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ཁང་པ་རྩེག་མ་ལ་ནི་དངུལ་ལས་བྱས་པའི་ཁྲི་ལྷས་མ་ཅན་དང་། གོ་ལི་ཀའི་རས་གདིང་བ་ཅན་དང་། སྟན་ནང་ཚངས་ཅན་གྱི་གདིང་བ་ཅན་དང་། ཟ་འུག་གི་སྟན་དང་། མེན་ཏྲིའི་སྟན་དང་། ཨར་མོ་ནིག་གི་སྟན་དང་། ཀ་ལིང་ཀའི་རས་ཕྲན་གྱི་སྟན་སྟེང་གཡོགས་དང་བཅས་པ་ཕྱོགས་གཉིས་སུ་སྔས་དམར་པོ་ཅན་དག་བཞག་གོ །དངུལ་ལས་བྱས་པ་ལ་ནི་གསེར་ལས་བྱས་པའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་ལས་བྱས་པའོ། །ཤེལ་ལས་བྱས་པ་ལ་ནི་བཻ་ཌཱུརྱ་ལས་བྱས་པའི་ཁྲི་ལྷས་མ་ཅན་གྱི་ཞེས་བྱ་བ་ནས། ཕྱོགས་གཉིས་སུ་སྔས་དམར་པོ་ཅན་དག་བཞག་གོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ཁང་པ་རྩེག་མའི་མདུན་དུ་ནི་དངུལ་ལས་བྱས་པའི་ཏ་ལ་འདབ་མ་དང་། མེ་ཏོག་དང་། འབྲས་བུ་གསེར་ལས་བྱས་པ་སྦྲེངས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་ལས་བྱས་པའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་ལས་བྱས་པའོ། །ཤེལ་ལས་བྱས་པའི་ཁང་པ་རྩེག་པའི་མདུན་དུ་ནི་བཻ་ཌཱུརྱ་ལས་བྱས་པའི་ཏ་ལ་འདབ་མ་དང་། མེ་ཏོག་དང་། འབྲས་བུ་ཤེལ་ལས་བྱས་པ་སྦྲེངས་སོ། །ཏ་ལ་དེ་རྣམས་རླུང་གིས་བསྐྱོད་པ་ན། འདི་ལྟ་བུའི་སྒྲ་ཡིད་དུ་འོང་བ་འབྱུང་སྟེ། དཔེར་ན་སྐྱེས་བུ་མཁས་པས། ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་ཡང་དག་པར་ལེགས་པར་བསྒྲགས་པ་བཞིན་ནོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་བཟངས་ལ་གསེར་གྱིས་གཅལ་བཀྲམ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ། གསེར་གྱི་དྲ་བ་དང་། གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པས་བཏགས་པའོ།། །།བར་སྡོམ་ནི། རྨང་དང་ཀ་རྟེན་ཀ་བ་དང་། །གདུང་ཕྲན་མདུན་གདུང་གདུང་བོ་ཆེ། །བ་གམ་སྤང་ལེབ་ཐེམ་སྐས་དང་། །ལན་ཀན་རྩེག་མ་ཏ་ལ་གསེར། །དེ་ནས་མཐའི་རྒྱལ་ཕྲན་བརྒྱད་


DKG011_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བཞི་སྟོང་གིས་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་བྱ་བ་ཐམས་ཅད་ཟིན་པར་རིག་ནས་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་མདུན་དུ་ཆོས་དང་ མཐུན་པའི་རྫིང་ཆུར་དཔག་ཚད་གཅིག །རྒྱར་དཔག་ཚད་གཅིག་པ་ཞིག་བྱས་ཏེ། ཀུན་དགའ་བོ་ཆོས་དང་མཐུན་པའི་རྫིང་ཕ་གུ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བརྩིགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་རྫིང་གི་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བརྩིགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་རྫིང་ལ་ཁ་ཁྱེར་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཏོ། །གསེར་ལས་བྱས་པའི་ཁ་ཁྱེར་ལ་ནི་གཟུངས་གཟེར་དང་། གདུང་བུ་དང་། རྟེན་མ་དངུལ་ལས་བྱས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་ལས་བྱས་སོ། །ཤེལ་ལས་བྱས་པའི་ཁ་ཁྱེར་ལ་ནི་གཟུངས་གཟེར་དང་། གདུང་བུ་དང་། རྟེན་མ་བཻ་ཌཱུརྱ་ལས་བྱས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་རྫིང་གི་ནང་ན་མེ་ཏོག་ཆུ་ལས་སྐྱེས་པ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། དྲི་མཆོག་དང་། དྲི་ངད་འཇམ་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བའི་རྒྱུ་སྐྱེ་བོ་ཐམས་ཅད་ལ་དགག་པ་མེད་པ་བསྐྱེད་དོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་རྫིང་གི་འགྲམ་གཉིས་ན་མེ་ཏོག་སྐམ་ལས་སྐྱེ་བ་འདི་ལྟ་སྟེ། ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། པ་རི་ཤ་ཀ་དང་། མ་ལི་ཀ་དང་། ན་བ་མ་ལི་ཀ་དང་། ཡིད་དུ་འོང་བ་དང་། ཡུསྠི་ཀ་དང་། དྷ་ནུསྐ་རི་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང་བའི་རྒྱུ་སྐྱེ་བོ་ཐམས་ཅད་ལ་དགག་པ་མེད་པ་བསྐྱེད་དོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་རྫིང་གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ། གསེར་གྱི་


DKG011_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་དང་། གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པ་བཏགས་སོ། །དེ་ནས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་ ཆོས་དང་མཐུན་པའི་རྫིང་གི་བྱ་བ་ཐམས་ཅད་ཟིན་པར་རིག་ནས་ཆོས་དང་མཐུན་པའི་རྫིང་གི་མདུན་དུ་ཆོས་དང་མཐུན་པའི་ཏ་ལའི་ཚལ་ཆུར་དཔག་ཚད་གཅིག །རྒྱར་དཔག་ཚད་གཅིག་པ་ཞིག་བཙུགས་ཏེ། ཀུན་དགའ་བོ་ཆོས་དང་མཐུན་པའི་ཏ་ལའི་ཚལ་དུ་ཏ་ལ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཙུགས་སོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ཏ་ལ་ལ་ནི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དངུལ་ལས་བྱས་པ་བཙུགས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་ལས་བྱས་པའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་ལས་བྱས་པའོ། །ཤེལ་ལས་བྱས་པའི་ཏ་ལ་ལ་ནི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་བཻ་ཌཱུརྱ་ལས་བྱས་པ་བཙུགས་སོ། །ཀུན་དགའ་བོ་ཏ་ལའི་ཚལ་དེ་དག་རླུང་གིས་བསྐྱོད་པ་ན་འདི་ལྟ་བུའི་སྒྲ་ཡིད་དུ་འོང་བ་འབྱུང་སྟེ། དཔེར་ན་སྐྱེས་བུ་མཁས་པས་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་ཡང་དག་པར་བསྒྲགས་པ་བཞིན་ནོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཏ་ལའི་ཚལ་དེ་ལན་ཀན་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་ཀུན་དུ་བསྐོར་ཏོ། །ཀུན་དགའ་བོ་གསེར་ལས་བྱས་པའི་ལན་ཀན་ལ་ནི་གཟུངས་གཟེར་དང་། གདུང་བུ་དང་། རྟེན་མ་དངུལ་ལས་བྱས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་ལས་བྱས་པའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་ལས་བྱས་པའོ། །ཤེལ་ལས་བྱས་པའི་ལན་ཀན་ལ་ནི་གཟུངས་གཟེར་དང་། གདུང་བུ་དང་། རྟེན་མ་བཻ་ཌཱུརྱ་ལས་བྱས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཏ་ལའི་ཚལ་ན་གསེར་གྱིས་གཅལ་བཀྲམ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ། གསེར་གྱི་དྲ་བ་དང་། གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པ་བཏགས་སོ། །དེ་ནས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་ཆོས་དང་མཐུན་པའི་ཁང་བཟངས་དང་། ཆོས་དང་མཐུན་པའི་རྫིང་


DKG011_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་དང་མཐུན་པའི་ཏ་ལའི་ཚལ་གྱི་བྱ་བ་ཐམས་ཅད་ཟིན་པར་རིག་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་ རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་ཆོས་དང་མཐུན་པའི་ཁང་བཟངས་དང་། ཆོས་དང་མཐུན་པའི་རྫིང་དང་། ཆོས་དང་མཐུན་པའི་ཏ་ལའི་ཚལ་མཛད་པ་ཐམས་ཅད་བགྱིས་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་དགོངས་ཤིག །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཆོས་དང་མཐུན་པའི་ཁང་བཟངས་འདིར་ཐོག་མར་བདག་ཁོ་ན་གནས་པ་ནི་བདག་གི་ཆ་མ་ཡིན་པས་མ་ལ་བདག་གིས་བདག་གི་ཡུལ་ན་དགེ་སྦྱོང་དང་། བྲམ་ཟེ་དང་ཚུལ་བཟང་པོར་བཀུར་བ་གང་དག་གནས་པ་དེ་དག་ཆོས་དང་མཐུན་པའི་ཁང་བཟངས་སུ་ཐོག་མ་ཁོ་ནར་ཟན་བྱིན་ལ། རེ་རེ་ལ་ཡང་རས་བཅོས་བུ་སར་པ་ཟུང་རེ་བསྐོན་ནོ་སྙམ་མོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོས་རང་གི་ཡུལ་ན་དགེ་སྦྱོང་དང་། བྲམ་ཟེ་དང་ཚུལ་བཟང་པོར་བཀུར་བ་གང་དག་གནས་པ་དེ་དག་ཐོག་མ་ཁོ་ནར་ཆོས་དང་མཐུན་པའི་ཁང་བཟངས་སུ་ཟན་བྱིན་ནས། རེ་རེ་ལ་ཡང་རས་བཅོས་བུ་སར་པ་ཟུང་རེ་བསྐོན་ནོ། །དེ་ནས་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཆོས་དང་མཐུན་པའི་ཁང་བཟངས་སུ་བདག་གིས་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པ་ནི་བདག་གི་ཚུལ་མ་ཡིན་པས་མ་ལ་བདག་གིས་ཆོས་དང་མཐུན་པའི་ཁང་བཟངས་སུ་སྐྱེས་བུ་ཉེ་གནས་གཅིག་དང་། རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ་སྙམ་མོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཆོས་དང་མཐུན་པའི་ཁང་བཟངས་སུ་སྐྱེས་བུ་ཉེ་གནས་གཅིག་དང་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་གསེར་ལས་བྱས་པའི་ཁང་པ་རྩེག་མའི་ནང་དུ་ཞུགས་ནས་དངུལ་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་


DKG011_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྫོགས་པར་བྱས་ཏེ་གནས་སོ། །དངུལ་ལས་བྱས་པའི་ཁྲི་ལས་བབས་ཏེ་གསེར་ལས་བྱས་པའི་ཁང་པ་རྩེག་མ་ནས་བྱུང་ནས་ དངུལ་ལས་བྱས་པའི་ཁང་པ་རྩེག་མའི་ནང་དུ་ཞུགས་ཏེ་གསེར་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས། བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །གསེར་ལས་བྱས་པའི་ཁྲི་ལས་བབས་ནས་དངུལ་ལས་བྱས་པའི་ཁང་པ་རྩེག་མ་ནས་བྱུང་ནས་བཻ་ཌཱུརྱ་ལས་བྱས་པའི་ཁང་པ་རྩེག་མའི་ནང་དུ་ཞུགས་ནས་ཤེལ་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས། བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ཤེལ་ལས་བྱས་པའི་ཁྲི་ལས་བབས་ཏེ་བཻ་ཌཱུརྱ་ལས་བྱས་པའི་ཁང་པ་རྩེག་མ་ནས་བྱུང་ནས་ཤེལ་ལས་བྱས་པའི་ཁང་པ་རྩེག་མའི་ནང་དུ་ཞུགས་ནས་བཻ་ཌཱུརྱ་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས། བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ནས་བུད་མེད་བརྒྱད་ཁྲི་བཞི་སྟོང་བཙུན་མོ་རིན་པོ་ཆེ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཙུན་མོ་རིན་པོ་ཆེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་མཁྱེན་པར་མཛོད་ཅིག །བདག་ཅག་ནི་ལྷ་མ་མཐོང་ནས་རིང་ཞིག་ལགས་ཏེ། བདག་ཅག་ནི་ལྷ་མཐོང་བར་ཤིན་ཏུ་སྐོམ་པས་བདག་ཅག་ནི་ལྷ་བལྟ་བར་འཚལ་ལོ། །ཕུ་ནུ་མོ་ཁྱེད་ཅག་དེའི་ཕྱིར་སྡོད་ཅིག་དང་། ཅི་ཙམ་ངས་བློན་པོ་རིན་པོ་ཆེ་ལ་དྲི་བར་བྱའོ། །དེ་ནས་བཙུན་མོ་རིན་པོ་ཆེས་བློན་པོ་རིན་པོ་ཆེ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །དམག་དཔོན་ཤེས་པར་བྱོས་ཤིག །ངེད་ཀྱིས་ལྷ་མ་མཐོང་ནས་རིང་ཞིག་ལོན་ཏེ། ངེད་ལྷ་ལ་བལྟ་བར་ཤིན་ཏུ་སྐོམ་པས་དེང་ནི་ལྷ་བལྟ་བར་འདོད་དོ། །དེའི་ཕྱིར་སྲིང་མོ་དག་ཁྱེད་ཐམས་ཅད་རྒྱན་སེར་པོ། གོས་སེར་པོ། ཕྲེང་བ་དང་། ཕྱང་ཕྲུལ་དང་། བྱུག་པ་སེར་པོ། འཁོར་རྣམས་སེར་པོར་ཆོས་ཤིག་དང་། ཇི་ཙམ་བདག་གིས་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། གླང་པོ་ཆེའི་རྒྱལ་པོ་ཉེ་བའི་གསོ་སྦྱོང་ལ་སོགས་


DKG011_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་སོགས་པ་རྟ་བརྒྱད་ ཁྲི་བཞི་སྟོང་དང་། ཤིང་རྟ་དགའ་དབྱངས་ལ་སོགས་པ་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་བསྡུ་བར་བགྱིའོ། །དེ་ནས་བཙུན་མོ་ཐམས་ཅད་རྒྱན་སེར་པོ་དང་། གོས་སེར་པོ་དང་། ཕྲེང་བ་དང་། ཕྱང་ཕྲུལ་དང་། བྱུག་པ་སེར་པོར་འཁོར་རྣམས་སེར་པོར་ཆས་སོ། །དེ་ནས་བློན་པོ་རིན་པོ་ཆེ་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། གླང་པོ་ཆེའི་རྒྱལ་པོ་ཉེ་བའི་གསོ་སྦྱོང་ལ་སོགས་པ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་སོགས་པ་རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་དགའ་དབྱངས་ལ་སོགས་པ་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་བསྡུས་སོ། །བསྡུས་ནས་བཙུན་མོ་རིན་པོ་ཆེ་ནི་ཤིང་རྟ་དགའ་དབྱངས་སུ་ཞུགས། བུད་མེད་ལྷག་མ་གཞན་ནི་རང་རང་གི་ཤིང་རྟར་ཞུགས་ཏེ་ཆོས་དང་མཐུན་པའི་ཁང་བཟངས་ག་ལ་བར་དོང་ངོ་། །དེའི་ཚེ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་འོག་ནས་སྐྱེ་བོ་ཕལ་པོ་ཆེའི་སྒྲ་མང་པོ་དང་། སྒྲ་ཆེན་པོ་དག་གྲག་པ་དང་། རྒྱལ་པོ་ལེགས་མཐོང་ཆེན་པོས་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་འོག་ན་སྐྱེ་བོ་ཕལ་པོ་ཆེའི་སྒྲ་གྲག་པ་ཐོས་སོ། །ཐོས་ནས་སྐྱེས་བུ་ཉེ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆོས་དང་མཐུན་པའི་ཁང་བཟངས་འདིའི་འོག་ན་སྐྱེ་བོ་ཕལ་པོ་ཆེའི་སྒྲ་མང་པོ་དང་། སྒྲ་ཆེན་པོ་གྲག་པ་འདི་ཅི་ཞིག་ཡིན། ལྷ་དེ་ན་བཙུན་མོ་རིན་པོ་ཆེ་ལ་སོགས་པ་བུད་མེད་བརྒྱད་ཁྲི་བཞི་སྟོང་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་འོག་ནས་ལྷ་བལྟ་བར་འཚལ་ཏེ། བློན་པོ་རིན་པོ་ཆེ་ལ་སོགས་པ་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། གླང་པོ་ཆེའི་རྒྱལ་པོ་ཉེ་བའི་གསོ་སྦྱོང་ལ་སོགས་པ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་སོགས་པ་རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་དགའ་དབྱངས་ལ་སོགས་པ་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་ཆོས་དང་མཐུན་པའི་ཁང་བཟངས་འདིའི་འོག་ནས་མཆི་བ་ལགས་སོ། །ཀྱེ་སྐྱེས་བུ་ཁྱོད་ཀྱིས་དེའི་ཕྱིར་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་ཤོད་དུ་གང་ལ་ང་འདུག་ནས་སྐྱེ་བོ་མང་པོ་ལྟ་བ་གསེར་ལས་བྱས་པའི་སྟན་བཟང་པོ་ཤོམས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་སྐྱེས་བུ་དེས་རྒྱལ་པོ་ལེགས་མཐོང་ཆེན་པོའི་ལྟར་


DKG011_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ནས་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་ཤོད་དུ་གསེར་ལས་ བྱས་པའི་གདན་བཟང་པོ་བཤམས་ཏེ་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བར་སོང་ནས་ཕྱིན་ཏེ་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་ཤོད་དུ་གསེར་ལས་བགྱིས་པའི་གདན་བཟང་པོ་བཤམས་ལགས་ན། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཆོས་དང་མཐུན་པའི་ཁང་བཟངས་ནས་འབབ་པ་ན་བུད་མེད་དེ་ཐམས་ཅད་རྒྱན་སེར་པོ་དང་། གོས་སེར་པོ་དང་། ཕྲེང་བ་དང་། ཕྱང་ཕྲུལ་དང་། བྱུག་པ་སེར་པོ་དང་། འཁོར་སེར་པོར་ཆས་པ་མཐོང་ངོ་། །མཐོང་ནས་ཀྱང་ཀྱེ་མ་བུད་མེད་འདི་དག་ནི་ཆགས་པར་འགྱུར་རོ་སྙམ་དུ་རིག་ནས་གནམ་དུ་ལྟ་ཞིང་འདུག་པ་དང་། བཙུན་མོ་རིན་པོ་ཆེས་རྒྱལ་པོ་ལེགས་མཐོང་ཆེན་པོ་གནམ་དུ་ལྟ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ལྷས་བདག་ཅག་མཐོང་ནས་གནམ་དུ་ལྟ་ཞིང་འདུག་པ་དང་སྦྱར་ན། ལྷས་བདག་ཅག་ལ་གནོད་པ་ཞིག་བྱེད་པར་མི་འགྱུར་གྲང་སྙམ་མོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཆོས་དང་མཐུན་པའི་ཁང་བཟངས་ནས་བབས་ནས་གསེར་ལས་བྱས་པའི་སྟན་བཟང་པོ་བཤམས་པ་ལ་འདུག་པ་དང་། བཙུན་མོ་རིན་པོ་ཆེ་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ལེགས་མཐོང་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཙུན་མོ་རིན་པོ་ཆེས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བུད་མེད་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་ནི་ལྷའི་ལགས་ཀྱིས། ལྷ་འདི་དག་ལ་དགྱེས་པ་བསྐྱེད་པ་དང་འཚོ་བའི་སླད་དུ་གཟིགས་སུ་གསོལ། བློན་པོ་རིན་པོ་ཆེ་ལ་སོགས་པ་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། གླང་པོ་ཆེའི་རྒྱལ་པོ་ཉེ་བའི་གསོ་སྦྱོང་ལ་སོགས་པ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་སོགས་པ་རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་དགའ་དབྱངས་ལ་སོགས་པ་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་། རྒྱལ་པོའི་ཕོ་བྲང་རྩྭ་ཅན་ལ་སོགས་པ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དང་། ཁང་


DKG011_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩེག་ མ་བ་གམ་ཅན་ལ་སོགས་པ་ཁང་པ་རྩེག་མ་བརྒྱད་ཁྲི་བཞི་སྟོང་འདི་དག་ནི་ལྷའི་ལགས་ཀྱིས། ལྷ་འདི་དག་ལ་དགྱེས་པར་བསྐྱེད་པ་དང་། འཚོ་བའི་སླད་དུ་གཟིགས་སུ་གསོལ། སྲིང་མོ་ཁྱོད་སྔོན་ནི་ང་ལ་མཛའ་བཤེས་བཞིན་བྱེད་ན་ད་ནི་ཁྱོད་ཀྱིས་འགྲན་ཟླར་བྱས་སོ། །དེ་ནས་བཙུན་མོ་རིན་པོ་ཆེ་རྒྱལ་པོ་ལེགས་མཐོང་ཆེན་པོས་སྲིང་མོ་ཞེས་བྱ་བའི་ཚིག་གིས་བོས་པས་ངུས་ཏེ་མཆི་མ་ཕྱུང་ནས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ལྷས་བདག་ཅག་ལ་སྲིང་མོ་ཞེས་བཀའ་སྩལ་ཏེ་བོས་པས་ད་ནི་བདག་ཅག་རིང་པོ་མི་ཐོགས་པར་ལྷ་དང་ཐབས་ཅིག་ཏུ་མི་འགྱུར་ཏེ་འབྲལ་བ་དང་། འགྱེས་པ་དང་། རྣམ་པར་འབྲལ་བར་འགྱུར་རོ། །དེ་ནས་བཙུན་མོ་རིན་པོ་ཆེས་རྒྱལ་པོ་ལེགས་མཐོང་ཆེན་པོའི་གོས་ཀྱི་མཐའ་མ་ནས་བཟུང་སྟེ། མཆི་མ་བླགས་ནས་འདི་སྐད་ཅེས་སྨྲས་སོ། །ལྷས་བདག་ཅག་ལ་སྔོན་མཛའ་བཤེས་བཞིན་འགྲན་ཟླ་མ་མཆིས་པར་བགྱིས་པ་དེ་ཇི་ལྟ་བུ་ལགས། སྲིང་མོ་ཁྱོད་ཚུར་ཤོག་འདི་སྐད་ཅེས་མི་རྣམས་ནི་ཡུན་ཐུང་ངུར་འཚོ་བ་སྐྱེས་ནས་མི་འཆི་བ་མེད་ཅིང་ཚེ་རབས་གཞན་དུ་འགྲོ་བར་འགྱུར་བས་དགེ་བ་བྱོས་ཤིག །ཚངས་པར་སྤྱད་པ་ལ་སྤྱོད་ཅིག་ཅེས་སྨྲོས་ཤིག །ལྷ་གང་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ལྷའི་སྐུ་ཐམས་ཅད་ནས་ཐམས་ཅད་དུ་འཇིག་པར་འགྱུར་ཞིང་མི་དགའ་སྟེ། གང་ལྷའི་བུད་མེད་བརྒྱད་ཁྲི་བཞི་སྟོང་ལ་འདུན་པ་དང་། ཆགས་པ་དང་། སྡུག་པ་དང་། དགྱེས་པ་དང་། ཡིད་དུ་འོང་བར་འགྱུར་བའི་གནས་དེ་འཚོ་བར་བགྱི་བའི་སླད་དུ་ལྷས་སྤང་བར་མཛད་དུ་གསོལ། གང་དག་ལྷས་བློན་པོ་རིན་པོ་ཆེ་ལ་སོགས་པ་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། གླང་པོ་ཆེའི་རྒྱལ་པོ་ཉེ་བའི་གསོ་སྦྱོང་ལ་སོགས་པ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་སོགས་པ་རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་དགའ་དབྱངས་ལ་སོགས་པ་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་། རྒྱལ་པོའི་ཕོ་བྲང་རྩྭ་ཅན་ལ་སོགས་པ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དང་། ཁང་པ་རྩེག་མ་བ་གམ་ཅན་ལ་ སོགས་པ་ཁང་པ་རྩེག་མ་བརྒྱད་ཁྲི་བཞི་སྟོང་ལ་འདུན་པ་དང་། ཆགས་པ་དང་། སྡུག་པ་དང་། དགྱེས་པ་དང་། ཡིད་དུ་འོང་བར་འགྱུར་བའི་གནས་དེ་ལྷ་འཚོ་བར་བགྱི་བའི་


DKG011_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་སྤང་ཞིང་ཡལ་བར་དོར་དུ་གསོལ། དེ་དག་གིས་སྨྲས་པ། འདི་ལྟར་བདག་ཅག་ནི་ལྷ་ལ་མཛའ་བཤེས་བཞིན་བགྱིད་དེ་འགྲན་ཟླར་མི་བགྱིད་ན། ལྷས་མི་རྣམས་ནི་ཡུན་ཐུང་ངུར་འཚོ་བ་སྐྱེས་ནས་མི་འཆི་བ་མེད་ཅིང་ཚེ་རབས་གཞན་དུ་མཆི་བར་འགྱུར་བས་དགེ་བ་བགྱིའོ། །ཚངས་པར་སྤྱོད་པ་སྤྱད་དོ། །ལྷ་གང་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ལྷའི་སྐུ་ཐམས་ཅད་ནས་ཐམས་ཅད་དུ་འཇིག་པར་འགྱུར་ཞིང་མི་དགའ་སྟེ། གང་ལྷའི་བུད་མེད་བརྒྱད་ཁྲི་བཞི་སྟོང་ལ་འདུན་པ་དང་། ཆགས་པ་དང་། སྡུག་པ་དང་། དགྱེས་པ་དང་། ཡིད་དུ་མཆི་བར་འགྱུར་བའི་གནས་དེ་དག་ལྷ་འཚོ་བར་བགྱི་བའི་སླད་དུ་སྤང་ཞིང་བཏང་སྙོམས་སུ་མཛད་དུ་གསོལ། གང་དག་ལྷས་བློན་པོ་རིན་པོ་ཆེ་ལ་སོགས་པ་མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། གླང་པོ་ཆེའི་རྒྱལ་པོ་ཉེ་བའི་གསོ་སྦྱོང་ལ་སོགས་པ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་སོགས་པ་རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་དགའ་དབྱངས་ལ་སོགས་པ་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་། རྒྱལ་པོའི་ཕོ་བྲང་རྩྭ་ཅན་ལ་སོགས་པ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དང་། ཁང་པ་རྩེག་མ་བ་གམ་ཅན་ལ་སོགས་པ་ཁང་པ་རྩེག་མ་བརྒྱད་ཁྲི་བཞི་སྟོང་ལ་འདུན་པ་དང་། ཆགས་པ་དང་། སྡུག་པ་དང་། དགྱེས་པ་དང་། ཡིད་དུ་མཆི་བར་འགྱུར་བའི་གནས་དེ་ལྷ་འཚོ་བར་བགྱི་བའི་སླད་དུ་སྤང་ཞིང་བཏང་སྙོམས་སུ་མཛད་དུ་གསོལ། དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་བཙུན་མོ་རིན་པོ་ཆེ་གདམས་པ་འདི་བཏམས་པ་དང་། ཆོས་དང་མཐུན་པའི་ཁང་བཟངས་སུ་འཛེགས་ཏེ། གསེར་ལས་བྱས་པའི་ཁང་པ་རྩེག་མར་ཞུགས་ནས། དངུལ་ལས་བྱས་པའི་ཁྲིའི་སྟེང་ན་འདུག་གོ །ཁྲིའི་སྟེང་དུ་འདུག་ནས་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་ མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་


DKG011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དངུལ་ལས་བྱས་པའི་ཁྲི་ལས་བབས་ནས་གསེར་ལས་བྱས་པའི་ཁང་པ་རྩེག་མ་ནས་བྱུང་སྟེ། དངུལ་ལས་བྱས་པའི་ཁང་པ་རྩེག་མར་ཞུགས་ནས་གསེར་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་སྙིང་རྗེ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། སྟེང་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་སྙིང་རྗེ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །གསེར་ལས་བྱས་པའི་ཁྲི་ལས་བབས་ཏེ་དངུལ་ལས་བྱས་པའི་ཁང་པ་རྩེག་མ་ནས་བྱུང་ནས་བཻ་ཌཱུརྱ་ལས་བྱས་པའི་ཁང་པ་རྩེག་མར་ཞུགས་ཏེ་ཤེལ་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་དགའ་བ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། སྟེང་དང་། འོག་དང་། ཐད་ཀར་རྣམ་པ་ ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་དགའ་བ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་


DKG011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཤེལ་ལས་བྱས་པའི་ཁྲི་ལས་བབས་ཏེ་བཻ་ཌཱུརྱ་ལས་བྱས་པའི་ཁང་པ་རྩེག་མ་ནས་བྱུང་ནས་ཤེལ་ལས་བྱས་པའི་ཁང་པ་རྩེག་མར་ཞུགས་ཏེ་བཻ་ཌཱུརྱ་ལས་བྱས་པའི་ཁྲི་ལ་འདུག་གོ །ཁྲི་ལ་འདུག་ནས་བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། སྟེང་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཚངས་པའི་གནས་བཞི་ལ་གནས་ཤིང་བསྒོམས་ཏེ། དེ་ལན་མང་དུ་བྱས་པས་འདོད་པ་རྣམས་དང་། འདོད་པ་ལ་འདུན་པ་སྤངས་ཏེ་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་ཆེན་པོ་འཆི་བའི་ཚེ་འདི་འདྲ་བའི་ཚོར་བ་ཉམས་སུ་མྱོང་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཁ་ཟས་བཟང་པོ་ཟོས་ནས་དེའི་མོད་ལ་ཁ་ཟས་ཀྱིས་དུབ་པར་གྱུར་པ་བཞིན་ནོ། །ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་ནས་ཆུ་བོ་དབྱིག་ལྡན་གྱི་བར་དང་། ཤིང་སཱ་ལ་ཟུང་གི་ཚལ་གྱི་བར་དང་། གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་དཔག་ཚད་བཅུ་གཉིས་ཁོ་ར་ཁོར་ཡུག་འདི་དག་ཏུ་དེ་བཞིན་གཤེགས་པའི་སྐུ་ལུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛད་པའི་ཚེ་ལན་དྲུག་བཏང་བར་གྱུར་ཅིང་། ཀུན་དགའ་བོ་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པར་སངས་རྒྱས་པའི་བར་དང་ལན་བདུན་ཏེ། ཀུན་དགའ་བོས་ཕྱོགས་དེ་ལས་གང་ཤར་ཕྱོགས་སམ། གང་ལྷོ་ཕྱོགས་སམ། གང་ནུབ་ཕྱོགས་སམ།


DKG011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱང་ཕྱོགས་དག་ཏུ་དེ་བཞིན་གཤེགས་པའི་སྐུ་ལུས་འདོར་བར་འགྱུར་བ་བརྒྱད་པ་ནི་ངས་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་སྲེད་པ་བཅད་ཅིང་འཁོར་བར་སྐྱེ་བར་ཟད་པས་འདི་ལས་སྲིད་པ་གཞན་མི་འབྱུང་ངོ་། །དེའི་ཚེ་ཚེ་དང་ལྡན་པ་དཔེ་ཅན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དཔེ་ཅན་ལ་ཀྭའི་དགེ་སློང་ངའི་མདུན་ན་མ་འདུག་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་དགུང་ལོ་ཉི་ཤུ་ལྷག་གི་བར་དུ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ཉེ་གནས་བགྱིས་ན་འདི་ལྟར་ཚེ་དང་ལྡན་པ་དཔེ་ཅན་ལ་བཀའ་དྲག་ཏུ་ཕབ་ཅིང་སྨད་པ་ནི་སྔན་ཆད་བདག་གིས་མ་ཐོས་སོ། །འདི་ལྟར་ཀུན་དགའ་བོ་ཚེ་བསྐལ་པ་བརྒྱ་ཕྲག་མང་པོ་ཐུབ་པའི་ལྷ་རྣམས་འདི་སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བརྒྱ་ལམ་ན་རེས་འགའ་ཞིག་ཅི་ཞིག་ལྟར་འཇིག་རྟེན་འདིར་འབྱུང་སྟེ། དཔེར་ན་མེ་ཏོག་ཨུ་དུམ་བཱ་ར་བཞིན་ལ། བཅོམ་ལྡན་འདས་དེ་ཡང་དེང་གི་མཚན་མོའི་གུང་ཐུན་ལ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། དགེ་སློང་དབང་ཆེ་བར་གྲགས་པ་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འདུག་སྟེ། དེས་བདག་ཅག་ལ་རྒྱབ་ཀྱིས་བལྟས་པས་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་མ་ནུས་སོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་དོ། །བཙུན་པ་བཅོམ་ལྡན་འདས་ལྷ་ཇི་སྙེད་ཅིག་མཆིས་མཁྱེན་པར་མཛད་དུ་གསོལ། ཀུན་དགའ་བོ་ཇི་ཙམ་གྲོང་ཁྱེར་རྩྭ་ཅན་ནས་ཆུ་བོ་དབྱིག་ལྡན་གྱི་བར་དང་། ཇི་ཙམ་ཤིང་སཱ་ལ་ཟུང་གི་ཚལ་གྱི་བར་ནས་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་དཔག་ཚད་བཅུ་གཉིས་ཁོ་ར་ཁོར་ཡུག་ཏུ་དབང་ཆེ་བ། དབང་ཆེ་བར་གྲགས་པའི་ལྷ་རྣམས་ཀྱིས་མ་ཁྱབ་ཅིང་མ་གང་བ་ཅུང་ཟད་ཀྱང་མེད་དེ་ཆུང་ངུ་ན་ཁར་བ་གཟུགས་པའི་ཁྱོན་ཙམ་ཡང་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ།


DKG011_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་ཅི་ལགས། ཚེ་དང་ལྡན་པ་དཔེ་ཅན་འདིས་ལས་ཅི་ཞིག་བགྱིས་ན་དབང་ཆེ་བར་གྲགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དཔེ་ཅན་འདིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དག་ནི་དགེ་སློང་དཔེ་ཅན་གྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། མེའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཡིན། །དགེ་སློང་དག་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། ཡུལ་བཱ་རཱ་ཎ་སཱི་གྲོང་ཁྱེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་པ་དེའི་ཚེ་དེ་དེའི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། ཇི་ཙམ་དུས་གཞན་ཞིག་ན་དེ་དགེ་སྐོས་ཀྱི་རེས་བབ་པ་དང་། དགེ་སློང་རྣམས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡུལ་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དགུན་གྱི་དུས་སུ་དུས་མ་ཡིན་པར་སྤྲིན་ཆེན་པོ་ལས་ཆར་བབ་པར་གྱུར་པ་དང་། དེས་བསམས་པ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དུས་མ་ཡིན་པའི་ཆར་བབ་པས་གཤེར་ནས་གྲང་བས་ཉེན་ཏེ་འོང་བས་མེ་བུད་པར་བྱའོ་སྙམ་སྟེ། དེས་བསྲོ་གང་དུ་ཞུགས་ནས་མེ་བུས་ཏེ། ཁྱམས་ཁོ་ར་ཁོར་ཡུག་ཏུ་གཟར་ཐག་བྲེས་ནས་ གཙུག་ལག་ཁང་


DKG011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་ན་སླར་འོང་བ་ལྟ་ཞིང་འདུག་གོ། །ཇི་ཙམ་ན་དགེ་སློང་རྣམས་སླར་འོང་བ་དང་། དེ་ནས་བསྲོ་གང་དུ་སྟན་བཏིང་ངོ་། །དགེ་སློང་དེ་དག་གིས་རང་རང་གི་ཆོས་གོས་གཞན་ལ་བྱིན་ནས་གང་ཆར་གྱིས་གཤེར་བ་དེ་དག་གཟར་ཐག་ལ་གཟར་ཏོ། །དེ་ནས་དགེ་སློང་དེ་དག་བསྲོ་གང་དུ་ཞུགས་ཏེ་མེ་ལ་བསྐོར་ནས་མེ་འདེ་ཞིང་འདུག་པ་དང་། ཇི་ཙམ་ན་གྲང་བ་མེད་པར་གྱུར་ཏེ། དེ་དག་མེའི་འོད་ཚ་ནས་རྒྱབ་ཀྱིས་ཕྱོགས་ཏེ་འདུག་གོ །དེ་ནས་དགེ་སྐོས་དེ་དད་པ་སྐྱེས་ནས་དགེ་སློང་དེ་རྣམས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ་སྨོན་ལམ་བྱ་བར་བརྩམས་པ་གང་བདག་གིས་ཚངས་པར་སྤྱོད་པ་འདི་དག་གྲང་བས་ཉེན་པའི་སྐྱབས་བྱས་པའི་དགེ་བའི་རྩ་བ་འདིས་གང་སུ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ལ་བྲམ་ཟེའི་ཁྱེའུ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ཐོབ་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས། ཇི་ལྟར་དེ་དག་གིས་མེའི་འོད་མི་བཟོད་པ་དེ་བཞིན་དུ་བདག་གི་གཟི་བརྗིད་ལ་ལྷ་རྣམས་ཀྱིས་ཀྱང་མི་བཟོད་པར་གྱུར་ཅིག་ཅེས་དེ་སྐད་སྨོན་ལམ་བཏབ་པའི་དབང་གིས་འདི་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་དུ་བྱས་ཏེ་དབང་ཆེ་བར་གྲགས་པས་ལྷ་རྣམས་ཀྱིས་ཀྱང་གཟི་བརྗིད་ཟིལ་གྱིས་གནོན་མི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདས་པའི་འོག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་བདག་ཅག་གིས་མཆོད་པ་ཇི་སྙེད་ཅིག་བརྩོན་པར་བགྱི་ལགས། ཀུན་དགའ་བོ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག །འདི་ནི་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་སྒྲུབ་པར་འགྱུར་རོ། །བཙུན་པ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་འདི་ལ་ཇི་ལྟར་སྒྲུབ་པར་བགྱིད་ལགས། ཀུན་དགའ་བོ་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་དུ་བྱེད་དོ། །བཙུན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཇི་ལྟར་བགྱིད་ལགས། ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ལུས་ཤིང་


DKG011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བལ་གྱི་འདའ་ བས་དཀྲི་ཞིང་ཤིང་བལ་གྱི་འདའ་བས་དཀྲིས་ནས་རས་ཟུང་ལྔ་བརྒྱས་གཡོག་པར་བྱ། རས་ཟུང་ལྔ་བརྒྱས་གཡོགས་ཏེ་ལྕགས་ཀྱི་སྒྲོམ་དུ་བཅུག་ནས་འབྲུ་མར་གྱིས་བཀང་སྟེ་སྟེང་ནས་ལྕགས་ཀྱི་ཁ་གབ་གཉིས་ཀྱིས་བཀབ་ནས་དྲི་ཞིམ་པོའི་ཤིང་ཐམས་ཅད་སྤུངས་ཏེ། དེས་བསྲེགས་ནས་མེ་དེ་དག་འོ་མས་བསད་དེ་དེའི་རུས་པ་གསེར་གྱི་བུམ་པའི་ནང་དུ་བཅུག་ནས་ལམ་པོ་ཆེའི་བཞི་མདོར་རུས་པའི་མཆོད་རྟེན་བརྩིགས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ཏེ། དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་དུས་སྟོན་ཆེན་པོ་ཡང་བྱེད་དོ། །ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དེ་བས་ཀྱང་ལྷག་པར་བྱའོ། །ཀུན་དགའ་བོ་སོང་ལ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་གནས་འཇོག་དག་ཁྱེད་ཀྱི་སྟོན་པ་ནི་དེང་གི་མཚན་མོའི་གུང་ཐུན་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་གྱད་ཁྱེད་ཀྱི་བྱ་བ་དང་སྒྲུབ་པ་དག་དེར་བྱོས་ལ། ད་ཕྱིན་ཆད་གྲོང་གི་ཉེན་ཀོར་པ་བདག་ཅག་གི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ཏེ། བདག་ཅག་གིས་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་མ་ནུས་སོ་ཞེས་འགྱོད་པར་མ་བྱེད་ཅིག་ཅེས་སྨྲོས་ཤིག །བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་སྣམ་སྦྱར་བླངས་ཏེ། དགེ་སློང་གཞན་དག་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་དང་བཅས་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱི་འདུན་ཁང་ག་ལ་བར་སོང་སྟེ། ཕྱིན་པ་དང་། དེའི་ཚེ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱི་འདུན་ཁང་ན་གྱད་ལྔ་བརྒྱ་ཙམ་ཞིག་བྱ་བ་དག་ཅིག་གི་དོན་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་གནས་འཇོག་དག་ཉོན་ཅིག །སྟོན་པ་ནི་དེང་གི་མཚན་མོའི་གུང་


DKG011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་འདི་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་གྱད་ཁྱེད་ཀྱི་བྱ་བ་དང་སྒྲུབ་པ་དག་དེར་བྱོས་ལ། ད་ཕྱིན་ཆད་ གྲོང་གི་ཉེ་འཁོར་པ་བདག་ཅག་གི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ཏེ། བདག་ཅག་གིས་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་མ་ནུས་སོ་ཞེས་འགྱོད་པར་མ་བྱེད་ཅིག །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལྟར་མཉན་ནས་དེ་དག་གི་བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། དེ་དག་གི་མཛའ་བཤེས་དང་། ཉེ་དུ་དང་། བློན་པོ་དང་། སྣག་གི་གཉེན་མཚམས་རྣམས་གྲོང་ཁྱེར་རྩྭ་ཅན་ནས་བྱུང་ནས་ཤིང་སཱ་ལ་ཟུང་གི་ཚལ་ག་ལ་བར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་གཙོ་བོ་གཙོ་བོ་དག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ནི་འདི་ལྟར་གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཅེས་བགྱི་བ་ལགས་ཏེ། སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས་ཏེ་བསླབ་པའི་གཞི་རབ་ཏུ་གཟུང་བར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། གལ་ཏེ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་རེ་རེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། དགེ་བསྙེན་གྱི་སོ་སོར་བཤགས་པ་བྱར། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ནམ་ཕྱེད་ན་སླར་ཡང་འགྲོ་དགོས་ཏེ། སོ་སོར་བཤགས་པར་མི་འགྱུར་བས་མ་ལ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་དགེ་བསྙེན་གྱི་སོ་སོར་བཤགས་པ་ཅིག་ཅར་གདོན་པར་བྱའོ་སྙམ་མོ།། །།འདུལ་བ་


DKG011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་བཞི་པ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་དང་། དེ་དག་གི་བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་མ་དང་། ཞོ་ཤས་འཚོ་བ་དང་། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་འདི་རྣམས་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་སྟེ། བསླབ་པའི་གཞི་རབ་ཏུ་འཛིན་དུ་སྩལ་བར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་དེ་དང་དེ་དག་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། དེའི་མཚན་མོ་གུང་ཐུན་མ་འདས་པར་དགེ་བསྙེན་གྱི་སོ་སོར་བཤགས་པར་བྱས་སོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པའི་ཚེ་གཟིགས་པ་ལྔས་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་འདི་སྐད་ཅེས་སྨྲས་སོ། །རབ་དགའ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན་བཞུགས་པ་གཟིགས་པ་ལྔས་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་ཀྱིས་དེ་བསྲུང་བར་བྱ་བའི་ཕྱིར་འདོང་ངོ་། །དེས་སྨྲས་པ། ཁོ་བོ་ནི་རེ་ཞིག་གླུ་དབྱངས་ལེན་གྱིས་ཀཽ་ཤི་ཀ་སོང་ཤིག །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་འདི་སྐད་ཅེས་སྨྲས་སོ། །རབ་དགའ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་གིས་དེའི་ཞལ་ཏ་དང་།


DKG011_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་བྱ་བའི་ཕྱིར་འདེང་ངོ་། །དེས་སྨྲས་པ། ཁོ་བོ་ནི་རེ་ཞིག་གླུ་དབྱངས་ལེན་གྱིས་ཀཽ་ཤི་ཀ་སོང་ཤིག །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གཞོན་ནུས་རོལ་ཅིང་རོལ་པ་དེའི་ཚེ་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་འདི་སྐད་ཅེས་སྨྲས་སོ། །རབ་དགའ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་གཞོན་ནུ་རོལ་པས་རོལ་ཅིང་བཞུགས་ཀྱིས་དེ་ལ་བདག་ཅག་གིས་བསྙེན་བཀུར་བྱ་བའི་ཕྱིར་འདེང་ངོ་། །དེས་སྨྲས་པ། ཁོ་བོ་ནི་རེ་ཞིག་གླུ་དབྱངས་ལེན་པས་ཀཽ་ཤི་ཀ་སོང་ཤིག །གང་གི་ཚེ་བྱང་ཆུབ་སེམས་དཔས་རྒ་བ་དང་། ན་བ་དང་། འཆི་བ་གཟིགས་ནས་ཐུགས་བྱུང་སྟེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་ཞུགས་སོ། །གང་གི་ཚེ་དཀའ་བ་སྤྱད་ནས་དཀའ་ཐུབ་ལས་བཞེངས་པ་དེའི་ཚེ་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ལྟར་མངར་བ་གསོལ་ནས་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་འབྱུང་བ་དང་། ཅི་བདེར་འབྲས་ཆན་དང་། ཟན་དྲོན་གྱི་ཞལ་ཟས་རགས་པ་གསོལ་ཞིང་སྐུ་ཏིལ་མར་དང་། མར་སར་གྱིས་བྱུགས་ནས་ཆུ་འཇམ་པོས་སྐུ་འཁྲུ་བར་མཛད་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་འདི་སྐད་ཅེས་སྨྲས་སོ། །རབ་དགའ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒ་བ་དང་། ན་བ་དང་། འཆི་བ་གཟིགས་ཏེ་ཐུགས་བྱུང་ནས་དཀའ་ཐུབ་ཀྱི་ནགས་ཚལ་དུ་ཞུགས་ནས་དཀའ་བ་སྤྱད་དོ། །གང་གི་ཚེ་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ལྟར་མངར་བ་གསོལ་ནས་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་འབྱུང་བ་དང་། ཅི་བདེར་འབྲས་ཆན་དང་། ཟན་དྲོན་གྱི་ཞལ་ཟས་རགས་པ་གསོལ་ཞིང་སྐུ་ཏིལ་མར་དང་། མར་སར་གྱིས་བྱུགས་ནས་ཆུ་འཇམ་པོས་སྐུ་འཁྲུ་བར་མཛད་ཀྱིས་དེ་ལ་བསྙེན་བཀུར་བྱ་བའི་ཕྱིར་འདེང་ངོ་། །དེས་སྨྲས་པ། ཁོ་བོ་ནི་རེ་ཞིག་གླུ་དབྱངས་ལེན་གྱིས་ཀཽ་ཤི་ཀ་སོང་ཤིག །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བདུད་འབྱུང་པོའི་འཁོར་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་བཏུལ་ཏེ་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པ་དེའི་ཚེ་ཚངས་པས་གསོལ་ཏེ་ཡུལ་བཱ་རཱ་ཎ་སཱིར་གཤེགས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱོགས་གང་དང་གང་དག་ན་གྲོང་དང་། གྲོང་ཁྱེར་དང་།


DKG011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་དེ་དང་དེ་དག་ཏུ་གདུལ་བ་རྣམས་བཏུལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་ནས་ཐ་མའི་གཟིམས་མལ་དུ་ཞུགས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་ འདི་སྐད་ཅེས་སྨྲས་སོ། །དྲི་ཟའི་རྒྱལ་པོ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་བདུད་འབྱུང་པོའི་འཁོར་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་བཏུལ་ཏེ་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་ནས་ཚངས་པས་གསོལ་ཏེ་ཡུལ་བཱ་རཱ་ཎ་སཱིར་གཤེགས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ནས་དེའི་ཚེ་ཕྱོགས་གང་དང་གང་དག་ན་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་དེ་དང་དེ་དག་ཏུ་གདུལ་བ་རྣམས་བཏུལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་ནས་ཐ་མའི་གཟིམས་མལ་དུ་ཞུགས་ཀྱིས་དེ་ལ་ཆོས་མཉན་པའི་ཕྱིར་དེར་འདེང་བར་བྱའོ། །དེས་སྨྲས་པ། ཁོ་བོ་ནི་རེ་ཞིག་གླུ་དབྱངས་ལེན་གྱིས་ཀཽ་ཤི་ཀ་སོང་ཤིག །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་འདི་སྐད་ཅེས་སྨྲས་སོ། །རབ་དགའ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཐ་མའི་གཟིམས་མལ་དུ་ཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས་དེ་ལ་བདག་ཅག་བསྙེན་བཀུར་བྱ་བའི་ཕྱིར་འདེང་ངོ་། །དེས་སྨྲས་པ། ཁོ་བོ་ནི་རེ་ཞིག་གླུ་དབྱངས་ལེན་གྱིས་ཀཽ་ཤི་ཀ་སོང་ཤིག །བཅོམ་ལྡན་འདས་ཀྱིས་དགོངས་པ། ཀུན་དུ་རྒྱུ་རབ་བཟང་ནི་ངས་གདུལ་བར་རུང་ན་དྲི་ཟའི་རྒྱལ་པོ་རབ་དགའ་ནི་གདུལ་བར་དཀའ་སྟེ། ཉན་ཐོས་ཀྱིས་གདུལ་བ་ལ་ནི་དེ་བཞིན་གཤེགས་པས་འདུལ་བར་སྤྱོད་ཀྱི་སངས་རྒྱས་ཀྱིས་གདུལ་བ་ལ་ནི་ཉན་ཐོས་ཀྱིས་འདུལ་མི་ནུས་པས་དེ་ལྟ་བས་ན་དེ་བཞིན་གཤེགས་པས་གདུལ་བར་བྱ་བའི་མཁྱེན་པ་ནི་བླ་ན་མེད་དེ། མ་ལ་འདི་བདག་གིས་གདུལ་བར་བྱ་གོར་མ་ཆག་སྙམ་དུ་དགོངས་ནས་ཇི་ལྟར་ཐུགས་མཉམ་པར་སྙོམས་པར་ཞུགས་ན་ཐ་མའི་གཟིམས་མལ་དུ་སྤྲུལ་པ་བཞག་ནས་པི་བང་རྒྱུད་སྟོང་པ་ཁོག་པ་བཻ་ཌཱུརྱ་ལས་བྱས་པ་བསྣམས་ཏེ་ཐ་མའི་གཟིམས་མལ་ནས་བྱུང་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དྲི་ཟའི་རྒྱལ་པོ་རབ་དགའི་སྒོ་ན་བཞུགས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དྲི་ཟའི་རྒྱལ་པོ་རབ་དགའ་ཡང་གང་ང་ལྟ་བུ་ནི་མེད་དོ་ཞེས་དྲི་ཟའི་རྒྱལ་པོ་


DKG011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དགའ་དྲེགས་པར་གྱུར་ཏེ། དེས་པི་བང་སྙན་པ་སྙན་པ་བླངས་ནས་ཡིད་རབ་ཏུ་དགའ་བར་གྱུར་ཅིང་འདུག་གོ །དེ་ནས་ བཅོམ་ལྡན་འདས་ཀྱིས་སྒོ་སྲུང་གི་སྐྱེས་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྭའི་སྐྱེས་བུ་སོང་ལ་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྒོ་གར་དྲི་ཟ་ཞིག་ཤེས་ལྡན་བལྟ་བའི་ཕྱིར་འོངས་སོ་ཞེས་བྱོས་ཤིག །དེ་སོང་ནས་སྨྲས་པ་དང་། དེ་དྲེགས་པས་མྱོས་ནས་སྨྲས་པ། ཀྭའི་ཅི་ཟེར་ཅིང་ལས་གཞན་པའི་དྲི་ཟ་ཡང་ཡོད་དམ། དེས་སྨྲས་པ། གཞན་དག་ལྟ་རེ་ཞིག་སྨོས་ཀྱང་མི་འཚལ་གྱི་སྒོ་དྲུང་འདི་ཁོ་ན་ན་མཆིས་ལགས་སོ། །དྲི་ཟ་དེ་དྲེགས་པས་མྱོས་པའི་ཤུགས་ཀྱིས་མོད་ལ་སྒོར་བྱུང་སྟེ། དེས་སྨྲས་པ། ཀྭའི་སྐྱེས་བུ་ཁྱོད་དྲི་ཟ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྭའི་ང་དྲི་ཟ་ཏེ་པོར་ཡིན་ནོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་གླུ་དབྱངས་བླང་གིས་ཚུར་ཤོག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྭའི་ལེགས་ཀྱིས་དེ་བཞིན་བྱའོ་ཞེས་ཇི་ཙམ་བཅོམ་ལྡན་འདས་དང་དེ་ལྷན་ཅིག་འགྲན་ཏོ། །བཅོམ་ལྡན་འདས་ཀྱིས་རྒྱུད་གཅིག་བཅད་པ་དང་། དེས་ཀྱང་རྒྱུད་གཅིག་བཅད་དེ་པི་བང་གཉིས་ཀའི་རྒྱུད་དང་སྒྲ་མཉམ་མོ། །བཅོམ་ལྡན་འདས་ཀྱིས་རྒྱུད་གཉིས་བཅད་པ་དང་། དེ་བཞིན་དུ་སྒྲ་དང་གདངས་ཁྱད་པར་མེད་དོ། །དེ་བཞིན་དུ་གསུམ་པ་དང་། བཞི་པ་ནས། རྒྱུད་གཅིག་པའི་བར་དུ་བཞག་པ་དང་། རབ་དགའས་ཀྱང་གཉིས་པ་དང་། གསུམ་པ་དང་། བཞི་པ་ནས། རྒྱུད་གཅིག་པའི་བར་དུ་བཞག་ན་དེ་བཞིན་དུ་པི་བང་གཉིས་ཀ་སྐད་དང་གདངས་ཁྱད་པར་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་གཅིག་པ་ཡང་བཅད་དེ། ནམ་མཁའ་ཁོ་ན་ལ་ཡང་སྒྲ་དང་གདངས་དེ་བཞིན་དུ་གྱུར་པ་དང་། དྲི་ཟའི་རྒྱལ་པོ་རབ་དགའ་ངོ་མཚར་སྐྱེས་ནས་ང་རྒྱལ་གྱིས་དྲེགས་པ་མེད་པར་གྱུར་ནས་དེས་བསམས་པ། བདག་བས་འཕགས་པའི་དྲི་ཟ་གཞན་ཡང་ཡོད་པ་ལྟ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་ཟའི་ཆ་བྱད་མི་སྣང་བར་མཛད་དེ། བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་ཞིང་། སྐུ་ཉི་མ་སྟོང་གི་འོད་བས་ལྷག་པ་འོད་འདོམ་གང་གིས་བརྒྱན་པ། རིན་པོ་ཆེའི་རི་ལྟར་ཀུན་ནས་བཟང་བ། རང་གི་སྐུ་ཉིད་དུ་བཞུགས་པ་དང་། དྲི་ཟའི་རྒྱལ་པོ་རབ་དགའས་མཐོང་སྟེ། དེ་དད་པ་སྐྱེས་ནས་བཅོམ་ ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔ་ན་འདུག་


DKG011_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དེ། གང་ཐོས་པས་དྲི་ཟའི་རྒྱལ་པོ་རབ་དགའས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ནས། དེས་བདེན་པ་མཐོང་སྟེ་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་འདི་ལྟ་བུ་ནི་བདག་ལ་ཕས་མ་བགྱིས་ཏེ། མས་ཀྱང་མ་ལགས། རྒྱལ་པོས་མ་ལགས། ལྷས་མ་ལགས། མཛའ་བོས་མ་ལགས། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས། སྔོན་གྱི་འདས་པས་མ་ལགས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་མ་ལགས་པ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་ནི་ཕྱེ་སྟེ། བདག་ལྷ་དང་མིའི་གནས་སུ་བཞག་པས། བཙུན་པ་བདག་ནམ་བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལས་ལོག་སྟེ། མངོན་པར་དད་ནས་སྐྱབས་སུ་མཆི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །ཇི་ལྟར་ཐུགས་མཉམ་པར་བཞག་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ནས་མི་སྣང་བར་གྱུར་ཅིང་ཐ་མའི་གཟིམས་མལ་དུ་ཞུགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་གྲོང་ཁྱེར་རྩྭ་ཅན་ན་ཀུན་དུ་རྒྱུ་རབ་བཟང་ཞེས་བྱ་བ། རྒས་པ། རྙིངས་པ། འཁོགས་པ། ལོ་བརྒྱ་ཉི་ཤུ་ལོན་པ་དེ་ལ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ་དགྲ་བཅོམ་པར་གྲགས་པ་ཞིག་གནས་སོ། །དེ་གྲོང་ཁྱེར་རྩྭ་ཅན་རྫིང་དལ་གྱིས་འབབ་ པའི་འགྲམ་ཨུ་དུམ་བཱ་རའི་ཚལ་གྱི་དྲུང་ན་ཉིན་པར་གྱི་སྤྱོད་པས་གནས་པ་དང་། གང་


DKG011_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་གཟིགས་པ་ལྔས་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ཨུ་དུམ་བཱ་རའི་ཚལ་སྦལ་མིག་འཐོན་པར་འགྱུར་རོ། །གང་གི་ཚེ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ་སྦལ་མིག་བྱེ་བར་འགྱུར་རོ། །གང་གི་ཚེ་གཞོན་ནུ་རོལ་པས་རོལ་པ་དེའི་ཚེ་མེ་ཏོག་ཁ་འབུས་པར་འགྱུར་རོ། །གང་གི་ཚེ་རྒ་བ་དང་། ན་བ་དང་། འཆི་བ་གཟིགས་ཏེ་ཐུགས་བྱུང་ནས་དཀའ་ཐུབ་ཀྱི་ནགས་ཚལ་དུ་ཞུགས་པ་དེའི་ཚེ་མེ་ཏོག་ཁ་བྱེ་བར་འགྱུར་རོ། །གང་གི་ཚེ་དཀའ་བ་སྤྱོད་པ་དེའི་ཚེ་མེ་ཏོག་ཁ་བྱེ་བ་རྙིངས་པར་འགྱུར་རོ། །གང་གི་ཚེ་དཀའ་བ་སྤྱད་པ་དོན་མེད་པར་མཁྱེན་ནས་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་འབྱུང་བ་དང་། ཅི་བདེར་འབྲས་ཆན་དང་། ཟན་དྲོན་གྱི་ཞལ་ཟས་རགས་པ་གསོལ་ཞིང་། སྐུ་ཏིལ་མར་དང་། མར་སར་གྱིས་བྱུགས་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེའི་ཚེ་མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ལ་ཚངས་པས་གསོལ་ཏེ་ཡུལ་བཱ་རཱ་ཎ་སཱིར་གཤེགས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དེའི་ཚེ་ཨུ་དུམ་བཱ་རའི་ཚལ་ལམ་མེ་ལྷན་ནེ་ལྷང་ངེར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱོགས་གང་དང་གང་དག་ན་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་དེ་དང་དེ་དག་ཏུ་གདུལ་བ་རྣམས་བཏུལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་བཞུགས་པ་དེའི་ཚེ་ཡང་ཨུ་དུམ་བཱ་རའི་ཚལ་རྙིངས་པར་འགྱུར་བ་དེ་ཐམས་ཅད་ཀུན་དུ་རྒྱུ་རབ་བཟང་གིས་མཚན་མར་བྱས་པ་དང་། གྲོང་ཁྱེར་རྩྭ་ཅན་ན་གནས་པའི་ལྷ་ཞིག་གིས་གྲོང་ཁྱེར་རྩྭ་ཅན་པ་ལ་དེ་བཞིན་གཤེགས་པ་ནི་དེང་གི་ནམ་གྱི་གུང་ཐུན་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་སྨྲས་པ། དེ་ཀུན་དུ་རྒྱུ་རབ་བཟང་གིས་ཐོས་སོ། །ཐོས་ནས་ཀྱང་དགེ་སྦྱོང་གཽ་ཏ་མ་དེང་གི་ནམ་གྱི་གུང་ཐུན་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་


DKG011_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ན་བདག་ནི་ཆོས་རྣམས་ལ་ཐེ་ཚོམ་ཡོད་པར་གྱུར་ཏེ། བདག་གི་ཐེ་ཚོམ་ཡོད་པ་དེ་འདི་ལྟར་བཅོམ་ལྡན་འདས་གཽ་ཏ་མས་བདག་གི་ཐེ་ཚོམ་སེལ་སྤྱོད་པར་འགྱུར་རོ་སྙམ་དུ་བདག་སེམས་ཤིང་འདུག་སྟེ། མ་ལ་བདག་བཅོམ་ལྡན་འདས་གཽ་ཏ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གལ་ཏེ་ཞུས་ནས་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཕྱོགས་འགའ་ཞིག་ཞུའོ་སྙམ་ནས་གྲོང་ཁྱེར་རྩྭ་ཅན་ནས་བྱུང་སྟེ་ཤིང་སཱ་ལ་ཟུང་གཉིས་ཀྱི་ཚལ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱི་རོལ་དུ་བྱུང་སྟེ། བླ་གབ་མེད་པའི་འཆག་ས་ན་འཆག་ཅིང་འདུག་པ་དང་། ཀུན་དུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱི་རོལ་ཏུ་བྱུང་སྟེ། བླ་གབ་མེད་པའི་འཆག་ས་ན་འཆག་ཅིང་འདུག་པ་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀུན་དགའ་བོ་བདག་གིས་དགེ་སྦྱོང་གཽ་ཏ་མ་དེང་གི་མཚན་མོའི་གུང་ཐུན་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཐོས་ནས་བདག་ནི་ཆོས་རྣམས་ལ་ཐེ་ཚོམ་ཡོད་པར་གྱུར་ཏེ། བདག་གི་ཐེ་ཚོམ་ཡོད་པ་དེ་འདི་ལྟར་བཅོམ་ལྡན་འདས་གཽ་ཏ་མས་བདག་གི་ཐེ་ཚོམ་སེལ་སྤྱོད་པར་འགྱུར་རོ་སྙམ་དུ་བདག་སེམས་ཤིང་མཆིས་ན། གལ་ཏེ་བཙུན་པ་ཀུན་དགའ་བོས་ནང་དུ་མཆི་བར་གནང་སྟེ། གལ་ཏེ་ཞུས་ནས་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཕྱོགས་འགའ་ཞིག་ཞུ་བར་བགྱིའོ། །རབ་བཟང་དེ་བཞིན་གཤེགས་པ་ལ་འཚེ་བར་མ་བྱེད་ཅིག་ཆོག་གོ །བཅོམ་ལྡན་འདས་ཀྱི་སྐུ་ནི་དུབ་བོ། །བདེ་བར་གཤེགས་པའི་སྐུ་ནི་དུབ་བོ། །ཀུན་དུ་རྒྱུ་རབ་བཟང་གིས་ལན་གཉིས་ལན་གསུམ་གྱི་བར་དུ་ ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀུན་དགའ་བོ་བདག་གིས་ཀུན་དུ་རྒྱུ་སྤྱོད་པ་ཅན་རྒན་པོ་རྒན་པོ་སློབ་དཔོན་སྔ་རབས་དག་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི། བརྒྱ་ལམ་རེས་འགའ་ན། འདི་ལྟར་མེ་ཏོག་ཨུ་དུམ་བཱ་ར་བཞིན་ནོ་ཞེས་ཐོས་ཏེ། བཅོམ་ལྡན་འདས་གཽ་ཏ་མ་དེ་དེང་གི་མཚན་མོའི་གུང་ཐུན་


DKG011_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། བདག་ནི་ཆོས་རྣམས་ལ་ཐེ་ཚོམ་དུ་གྱུར་ཏེ། བདག་གི་ཐེ་ཚོམ་ཡོད་པ་དེ་འདི་ལྟར་བཅོམ་ལྡན་འདས་གཽ་ཏ་མས་བདག་གི་ཐེ་ཚོམ་སེལ་སྤྱོད་པར་འགྱུར་རོ་སྙམ་དུ་བདག་སེམས་ཤིང་མཆིས་ཏེ། གལ་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོས་ནང་དུ་མཆི་བར་གནང་ན། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཕྱོགས་འགའ་ཞིག་ཞུ་བར་བགྱིའོ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་ཀུན་དུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ་དང་། རབ་བཟང་དེ་བཞིན་གཤེགས་པ་ལ་འཚེ་བར་མ་བྱེད་ཅིག་ཆོག་གོ །བཅོམ་ལྡན་འདས་ཀྱི་སྐུ་ནི་དུབ་བོ། །བདེ་བར་གཤེགས་པའི་སྐུ་ནི་མཉེལ་ཏོ། །དེ་ལྟར་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཀུན་དུ་རྒྱུ་རབ་བཟང་གཉིས་ལྷན་ཅིག་བར་སྐབས་ཀྱི་གཏམ་ཟེར་བ་བཅོམ་ལྡན་འདས་ཀྱི་ལྷའི་སྙན་རྣམ་པར་དག་ཅིང་མིའི་ལས་འདས་པས་གསན་ཏེ། གསན་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཀུན་དུ་རྒྱུ་རབ་བཟང་འདི་མ་དགག་པར་ཅི་དང་ཅི་འདོད་པ་འདྲིར་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། ང་དང་མུ་སྟེགས་ཅན་ལྷན་ཅིག་བར་སྐབས་ཀྱི་གཏམ་གླེང་བའི་ཐ་མར་འགྱུར་བ་ནི་འདི་ཡིན་ནོ། །འདི་ལྟ་སྟེ་ཀུན་དུ་རྒྱུ་རབ་བཟང་འདི་ཉིད་ངས་མངོན་སུམ་དུ་ཚུར་ཞེས་བྱས་པས་ངའི་ཉན་ཐོས་དགེ་སློང་རབ་ཏུ་བྱུང་བ་རྣམས་ཀྱི་ཐ་མར་འགྱུར་བ་ཡིན་ནོ། །དེ་ནས་ཀུན་དུ་རྒྱུ་རབ་བཟང་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་དགའ་མགུ་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བར་འགྱུར་བ་དང་། ཡང་དག་ པར་རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། ཀུན་དུ་རྒྱུ་རབ་བཟང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཕྱོགས་འགའ་ཞིག་ཞུ་བར་བགྱིའོ། །རབ་བཟང་ཅི་དང་ཅི་འདོད་པ་དྲིས་ཤིག །ཀྱེ་གཽ་ཏ་མ་འཇིག་རྟེན་འདི་དག་ན་མུ་སྟེགས་ཅན་ཐ་དད་དུ་གནས་པ་འདི་


DKG011_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་རྣམས་ཀྱི་རང་རང་གི་ཁས་འཆེས་ཤིང་། སོ་སོར་རིག་པ་དག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་བཟང་ངས་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། །རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་གཅིག་ཏུ། །དགེ་བ་གང་ཡིན་ཅི་ཞེས་བཙལ་བར་བྱས་གྱུར་ཅིང་། །རབ་བཟང་ངས་ནི་རབ་ཏུ་བྱུང་བ་དེ་ཡི་ཚེ། །ཚུལ་ཁྲིམས་དང་ནི་ཏིང་འཛིན་སྤྱོད་པ་རྣམ་རིག་དང་། །ང་ཡིས་རྩེ་གཅིག་སེམས་ནི་ཀུན་དུ་བསྒོམ་བྱས་ཏེ། །རིགས་པའི་ཆོས་ནི་ཕྱོགས་ཙམ་བཤད་པར་བྱས་གྱུར་ན། །འདི་ལས་ཕྱི་རོལ་དག་ན་དགེ་སྦྱོང་གཞན་ཡང་མེད། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་སྣང་བ་དེ་ལ་དགེ་སྦྱོང་དང་པོ་ཡང་མི་སྣང་བར་འགྱུར་རོ། །གཉིས་པ་དང་། གསུམ་པ་དང་། དགེ་སྦྱོང་བཞི་པ་ཡང་མི་སྣང་བར་འགྱུར་རོ། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་བ་དེ་ལ་དགེ་སྦྱོང་དང་པོ་ཡང་སྣང་བར་འགྱུར་རོ། །གཉིས་པ་དང་། གསུམ་པ་དང་། དགེ་སྦྱོང་བཞི་པ་ཡང་སྣང་བར་འགྱུར་རོ། །རབ་བཟང་ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ན་དགེ་སྦྱོང་དང་པོ་ནི་འདི་ཡིན་ནོ། །གཉིས་པ་ནི་འདི་ཡིན་ནོ། །གསུམ་པ་ནི་འདི་ཡིན་ཏེ། དགེ་སྦྱོང་བཞི་པ་འདི་ལས་ཕྱི་རོལ་ན་དགེ་སྦྱོང་ངམ་བྲམ་ཟེ་མེད་དེ། ཕས་ཀྱི་རྒོལ་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱིས་སྟོང་ངོ་ཞེས་འདི་ལྟར་འཁོར་རྣམས་ལ་ང་སེང་གེའི་སྒྲ་ཡང་དག་པར་སྒྲོགས་སོ། །ཆོས་ཀྱི་རྣམ་གྲངས་འདི་ བཤད་པས་ཀུན་དུ་རྒྱུ་རབ་བཟང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་གྱུར་ཏོ། །དེ་ནས་ཀུན་དུ་རྒྱུ་རབ་བཟང་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རྟོགས་པ་དང་། ཆོས་ཀྱི་གཏིང་སླེབས་ཏེ། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱིས་མི་བཀྲི་བ་དང་། གཞན་གྱིས་ཁ་དྲང་དུ་མི་རུང་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་


DKG011_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཚེ་དང་ལྡན་པ་ཀུན་དགའ་བོས་ནི་རྙེད་པ་ལེགས་པར་རྙེད་དེ། གང་གི་ཕྱིར་བཙུན་པ་ཀུན་དགའ་བོ་ནི་སློབ་དཔོན་ཆེན་པོས་དབང་བསྐུར་བས་དབང་བསྐུར་མོད་ཀྱི་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོ་ཐོབ་སྟེ། གང་གི་ཕྱིར་བདག་གིས་ཀྱང་རྙེད་པ་ལེགས་པར་རྙེད་པར་གྱུར་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀུན་དུ་རྒྱུ་རབ་བཟང་འདི་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་ཐོབ་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། དེ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་རབ་བཟང་ལ་ཚུར་དགེ་སློང་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པས། ཚེ་དང་ལྡན་པ་དེ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་གྱུར་ཏོ། །དེ་ལྟར་དེ་རབ་ཏུ་བྱུང་ནས། ཚེ་དང་ལྡན་པ་དེ་གཅིག་ཏུ་བརྟུལ་བ་དང་། བག་ཡོད་པ་དང་། བརྩོན་འགྲུས་དང་། དཀའ་ཐུབ་ལ་གནས་ཏེ། དེ་གཅིག་ཏུ་བརྟུལ་བ་དང་། བག་ཡོད་པ་དང་། བརྩོན་འགྲུས་དང་། དཀའ་ཐུབ་ལ་གནས་པས་གང་གི་ཕྱིར་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བླ་ན་མེད་པའི་ ཚངས་པར་སྤྱད་པ་མཐར་ཕྱིན་ནས་མཐོང་བའི་ཆོས་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་རབ་ཏུ་བསྒྲགས་ནས་ཚེ་དང་ལྡན་པ་དེ་ཡང་དག་པར་སེམས་ཤིན་ཏུ་རྣམ་པར་གྲོལ་ནས་ཀུན་ཤེས་པ་དང་ལྡན་པའི་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་བཟང་དགྲ་བཅོམ་པ་ཐོབ་སྟེ། རྣམ་པར་


DKG011_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་དགའ་བ་དང་བདེ་བ་ཀུན་དུ་མྱོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་བལྟ་བ་ནི་བདག་གི་ཆ་མ་ཡིན་གྱི་ཅི་ནས་ཀྱང་ཐོག་མ་ཁོ་ནར་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་རབ་བཟང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་རྔོ་ཐོག་མོད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་བཟང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་བཟང་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྨྲའམ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་བགྱི་བའི་སླད་དུའོ། །རབ་བཟང་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྨྲའམ། བདེ་བར་གཤེགས་པ་མྱ་ངན་ལས་འདའ་བར་བགྱི་བའི་སླད་དུའོ། །རབ་བཟང་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྨྲ་ན་ངས་ཅི་ཞིག་སྨྲར་ཡོད་དེ། འདུས་བྱས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་བཟང་གིས་མ་ལ་བདག་གིས་གནས་ལྔ་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་བསམས་ནས་བདག་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་སྐྲ་བྲེགས་ཏེ་སྣམ་སྦྱར་གྱོན་པ་དང་། མུ་སྟེགས་ཅན་རྣམས་ཀྱིས་ནི་མུ་སྟེགས་ཀྱི་རྒྱལ་མཚན་ཐོགས་པ་མཐོང་བར་གྱུར་ཅིག །བདག་གི་ ཁྱོགས་མུ་སྟེགས་ཅན་རྣམས་ཀྱིས་ནི་འདེགས་མི་ནུས་པར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་འདེགས་ནུས་པར་གྱུར་ཅིག །རྫིང་བུ་གཅིག་སྤྲུལ་ནས་བསམས་པ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱིས་ནི་རྫིང་བུར་བྱིང་ཞིང་སྤྱོད་པར་མི་ནུས་པར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་སྤྱོད་ནུས་པར་གྱུར་ཅིག །མུ་སྟེགས་ཅན་རྣམས་ལ་ནི་ཉ་དང་རུ་སྦལ་གྱིས་གནོད་པ་བྱེད་ནུས་པར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ནི་གནོད་པ་བྱེད་མི་ནུས་པར་གྱུར་ཅིག །མུ་སྟེགས་ཅན་རྣམས་ཀྱིས་ནི་བདག་སྲེག་ཅིང་མེ་སྤོར་མི་


DKG011_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པར་གྱུར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་མེ་སྤོར་ནུས་པར་གྱུར་ཅིག་ཅེས་དེས་གནས་འདི་ལྔ་བྱིན་གྱིས་བརླབས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །མུ་སྟེགས་ཅན་ཀུན་དུ་རྒྱུ་གཞན་དག་གིས་ཀུན་དུ་རྒྱུ་རབ་བཟང་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ཐོས་ཏེ་ཐོས་ནས་ཀྱང་རས་ཀྱི་རྒྱལ་མཚན་ཆེན་པོ་བཙུགས་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་ལམ་པོ་ཆེ་དང་། ཁྱམས་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་བསྐོར་ནས་ཤེས་ལྡན་དགེ་སྦྱོང་གཽ་ཏ་མ་འདི་སྐད་ཅེས་སྨྲ་སྟེ། དགེ་སྦྱོང་དང་པོ་ནི་འདི་ཡིན་ནོ། །གཉིས་པ་ནི་འདི་ཡིན་ནོ། །གསུམ་པ་ནི་འདི་ཡིན་ཏེ། བཞི་པ་ནི་འདི་ལས་ཕྱི་རོལ་ན་དགེ་སྦྱོང་ངམ། བྲམ་ཟེ་མེད་དེ། ཕས་ཀྱི་རྒོལ་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱིས་སྟོང་ངོ་ཞེས་འདི་ལྟར་འཁོར་རྣམས་ལ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ན། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཀུན་དུ་རྒྱུ་རབ་བཟང་ནི་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་སྨྲས་པ་དང་། དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ན་ཚུར་ཤོག་འདི་ཁྱོགས་ཀྱི་སྟེང་དུ་ཞོག་ལ་ཐེག་ཤིག་དང་བལྟ་བར་བྱའོ། །དེ་དག་གིས་ཁྱོགས་ཀྱི་སྟེང་དུ་བཞག་ནས་གདེགས་པར་བརྩམས་ན་བསྒུལ་ཡང་མ་ནུས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ངེད་ཀྱིས་གདེག་གམ། ཐེག་ཤིག །དེ་དག་གིས་བཏེག་པ་དང་། དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་གོ །དེ་དག་རྫིང་ བུར་དོང་བ་དང་། ཡང་དགེ་སློང་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ན་ཚུར་ཤོག །རྫིང་བུ་དེར་ཞུགས་ཤིག་དང་བལྟ་བར་བྱའོ་ཞེས་སྨྲས་ནས། དེ་དག་ཞུགས་པ་དང་། བྱིང་ནས་ཉ་དང་རུ་སྦལ་དག་གིས་གནོད་པ་བྱས་ཏེ་སྤྱོད་མ་ནུས་ནས་རིངས་པ་རིངས་པར་སླར་བྱུང་བ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ངེད་འཇུག་གིས་ལྟོས་ཤིག །བལྟ་བར་བྱའོ། །དེ་དག་ཞུགས་ནས་མ་བྱིང་ཞིང་ཉ་དང་རུ་སྦལ་དག་གིས་གནོད་པ་བྱེད་མ་ནུས་ཏེ་དེར་སྤྱོད་ནུས་པར་གྱུར་པ་དང་། དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་གོ །


DKG011_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དགེ་སློང་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ན་མེ་སྤོར་ལ་སྲེགས་ཤིག་བལྟ་བར་བྱའོ། །དེ་དག་གིས་མེ་སྤར་ཞིང་བསྲེག་པར་བརྩམས་པ་དང་། མེ་སྤར་མ་ནུས་ནས་དགེ་སློང་རྣམས་ཀྱིས་ཤེས་ལྡན་དག་ངེད་ཀྱིས་སྤར་བར་བྱའོ་ཞེས་སྨྲས་ཏེ། དེ་དག་གིས་མེ་སྤར་ནས་འབར་བར་གྱུར་པ་དང་། དེ་དག་དེ་བཞིན་དུ་སྤོབས་པ་མེད་ཅིང་ཅང་མི་སྨྲ་བར་འདུག་གོ །དེ་ནས་སྐྱེ་བོ་མང་པོ་རྣམས་ཀྱིས་ཚར་བཅད་ནས་དོང་ངོ་། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ངོ་མཚར་ཆེར་སྐྱེས་ཏེ། བཅོམ་ལྡན་འདས་ལ་རྒྱ་ཆེར་མངོན་པར་དད་པར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཐ་མའི་གཟིམས་མལ་ན་གནད་རྣམས་ནི་ཆད། ཚིགས་རྣམས་ནི་འབྱེ་བའི་ཚོར་བ་གནད་དུ་བབ་པ་བྱུང་ཞིང་བཞུགས་བཞིན་དུ། རབ་བཟང་ནི་དགྲ་བཅོམ་པ་ལ་བཞག་པར་གྱུར། གྲོང་ཁྱེར་རྩྭ་ཅན་གྱི་གྱད་མང་པོ་ནི་ཆོས་ལ་བཀོད་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་གི་ཚེ་བཅོམ་ལྡན་འདས་གནད་རྣམས་ནི་ཆད། ཚིགས་རྣམས་ནི་འབྱེ་བའི་ཚོར་བ་གནད་དུ་བབ་པར་བྱུང་ཞིང་བཞུགས་བཞིན་དུ། ཀུན་དུ་རྒྱུ་རབ་བཟང་འཁོར་བའི་རྒྱ་མཚོ་ལས་བཏོན་ཏེ། དེ་གཅིག་ཏུ་གྲུབ་པ་དང་། བདེ་བ་མཐར་ཕྱིན་པར་མཛད་ནས་མྱ་ངན་ལས་འདས་པ་ལ་རབ་ཏུ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་ང་ད་ལྟར་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ། སྐྱེ་བ་ དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཀུན་དུ་གྲོལ་ཏེ། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ། ཀུན་དུ་རྒྱུ་རབ་བཟང་འཁོར་བའི་རྒྱ་མཚོ་ལས་བཏོན་ཏེ། དེ་གཅིག་ཏུ་གྲུབ་པ་དང་། བདེ་བ་མཐར་ཕྱིན་པར་མཛད་ནས་མྱ་ངན་ལས་འདས་པ་ལ་རབ་ཏུ་བཞག་པ་ལྟ་ངོ་མཚར་ཅི་ཆེ། གང་ང་སྔོན་འདས་པའི་དུས་


DKG011_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ནི་ཀུན་དུ་མ་གྲོལ། བརྟག་ཅིང་འཇིག་ནུས་པ་དང་ནི་བྲལ། དུད་འགྲོའི་སྐྱེ་གནས་སུ་ནི་སྐྱེས། རང་གི་སྲོག་ལ་ཡང་མི་ལྟ་བ་ན་ཀུན་དུ་རྒྱུ་རབ་བཟང་གི་སྐྱབས་བྱས་ཤིང་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་སྲོག་སྡུག་པའི་སྐྱབས་བྱས་ཤིང་ཉོན་མོངས་པ་ལས་ཀྱང་ཀུན་དུ་བསྐྱབས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ལུང་པ་ཞིག་གི་ནང་ན་རི་དགས་ཀྱི་ཁྱུ་དཔོན་རི་དགས་མང་པོའི་ཚོགས་སྟོང་གིས་བསྐོར་བ། མཁས་ཤིང་གསལ་བ། ཡིད་གཞུངས་པ་ཞིག་གནས་ཏེ། རི་དགས་ཀྱི་ཁྱུ་དཔོན་དེ་རྔོན་པས་བརྟགས་ནས། རྒྱལ་པོ་ལ་སྨྲས་པ་དང་། དེ་ནས་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ཆས་ཏེ་བྱུང་ནས་རི་དགས་ཀྱི་ཁྱུ་དཔོན་དེ་ཐམས་ཅད་བསྐོར་ཏོ། །དེ་ནས་རི་དགས་ཀྱི་ཁྱུ་དཔོན་དེས་བསམས་པ། མ་ལ་བདག་གིས་རི་དགས་འདི་རྣམས་མ་བསྲུངས་ན་ཐམས་ཅད་མེད་པར་འགྱུར་རོ་སྙམ་ནས། དེ་ནས་རི་དགས་ཀྱི་ཁྱུ་དཔོན་གྱིས་ཕྱོགས་གང་དུ་རི་དགས་ཀྱི་ཚོགས་རྣམས་འབྱུང་བར་འགྱུར་བ་ཀུན་དུ་བརྟགས་ན། ལུང་པ་དེ་ན་ཆུ་བོ་ཞིག་འབབ་པ་དེ་མཐོང་སྟེ་ཆུ་བོའི་རྒྱུན་དེ་ཡང་དྲག་པོ་འཕྲོག་ཅིང་རབ་ཏུ་འཕྲོག་པ་ཞིག་ལ། རི་དགས་དེ་དག་ཀྱང་ཉམ་ཆུང་ནས། དེ་ནས་ཁྱུ་དཔོན་གྱིས་མོད་ལ་ཆུ་བོ་དེར་ཞུགས་ནས་དབུས་སུ་འདུག་སྟེ་སྐད་ཕྱུང་ནས་ཁྱེད་ཅག་ཚུར་ཤོག །འགྲམ་འོ་ནི་ནས་ངའི་རྒྱབ་ཏུ་རྐང་ལག་ཞོག་ལ་ཕ་ རོལ་གྱི་འགྲམ་དུ་སོང་ཤིག་དང་། འཚོ་བའི་ཐབས་ནི་དེ་ལས་མེད་དེ་གཞན་དུ་ན་ངེས་པར་འཆི་བར་འགྱུར་རོ། །དེ་ནས་རི་དགས་དེས་དེ་བཞིན་དུ་བྱས་པ་དང་། དེའི་རྒྱབ་ཏུ་རྨིག་པ་དག་གིས་ཕོག་སྟེ། ཕགས་པ་ཡང་རལ། ཤ་དང་། ཁྲག་དང་། རུས་པ་དག་བྱུང་ཡང་འོན་ཀྱང་བརྩོན་འགྲུས་མ་བཏང་ངོ་། །དེ་ནས་ཐམས་ཅད་ཀྱིས་རྒལ་ནས། གང་ཁ་ཅིག་སླར་རྒལ་བར་མ་གྱུར་ཏམ་ཞེས་དེ་དག་ལ་སྙིང་རྗེ་བསྐྱེད་དེ་སླར་རྒྱབ་ཏུ་བལྟས་པ་དང་། རི་དགས་ཀྱི་ཕྲུ་གུ་གཅིག་མ་


DKG011_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྒལ་བར་དེས་མཐོང་ནས། དེ་ནས་ཁྱུ་དཔོན་གནད་རྣམས་ནི་ཆད། ཚིགས་རྣམས་ནི་འབྱེ་བའི་ཚོར་བ་གནད་དུ་བབ་པ་བྱུང་ཞིང་། ཆུ་འགྲམ་འདིར་ཚོགས་རྣམས་ལ་སྲོག་སྡུག་པའི་སྐྱབས་བྱས་ཤིང་། རི་དགས་ཀྱི་ཕྲུ་གུ་དེ་རྒྱབ་ཏུ་བཀལ་ནས་ཆུ་བོ་ལས་བསྒྲལ་ཏེ་འགྲམ་དུ་བཞག་གོ །དེས་རི་དགས་ཀྱི་ཚོགས་མང་པོ་བརྒལ་བར་རིག་ནས་འཆི་བའི་དུས་སུ་སྨོན་ལམ་གདབ་པར་བརྩམས་པ། ཇི་ལྟར་བདག་གིས་རི་དགས་འདི་དག་དང་། རི་དགས་ཀྱི་ཕྲུ་གུ་འདི་ལ་སྲོག་སྡུག་པའི་སྐྱབས་བྱས་ཤིང་ཉོན་མོངས་པ་ལས་ཀྱང་ཀུན་དུ་བསྐྱབས་པ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡང་འཁོར་བའི་རྒྱ་མཚོ་ལས་འདོན་ཅིང་། གཅིག་ཏུ་གྲུབ་པ་དང་། བདེ་བ་མཐར་ཕྱིན་པར་བྱེད་ཅིང་མྱ་ངན་ལས་འདས་པ་ལ་འགོད་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་དགས་ཀྱི་ཁྱུ་དཔོན་གང་ཡིན་པ་དེ་ནི་ང་ཡིན་ནོ། །རི་དགས་དེ་དག་ནི་གྲོང་ཁྱེར་རྩྭ་ཅན་གྱི་གྱད་འདི་རྣམས་ཡིན་ནོ། །རི་དགས་ཀྱི་ཕྲུ་གུ་གང་ཡིན་པ་དེ་ནི་རབ་བཟང་འདི་ཉིད་ཡིན་ནོ། །དགེ་སློང་དག་གཞན་ཡང་གང་གི་ཚེ་ང་བརྟག་ཅིང་འཇིག་མི་ནུས་པ་དང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་། གནད་རྣམས་ནི་ཆད། ཚིགས་རྣམས་ནི་འབྱེ་བའི་ཚོར་བ་གནད་དུ་བབ་པ་བྱུང་ཞིང་བཞུགས་བཞིན་དུ་ཀུན་དུ་རྒྱུ་རབ་བཟང་གི་སྐྱབས་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་པ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་ དང་། མི་མང་པོས་གང་བ། འཐབ་པ་དང་། རྩོད་པ་དང་། ཕས་ཀྱི་རྒོལ་བ་དང་། འཁྲུག་པ་རྣམས་རབ་ཏུ་ཞི་བ། རྐུན་མ་དང་། ནད་དང་བྲལ་བ། འབྲས་དང་། བུ་རམ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། ཆོས་བཞིན་རྒྱལ་པོ་བྱེད་པ་དེའི་རྟ་ཅང་ཤེས་ཤི་བ་དང་། ཁམས་ཀྱི་རྒྱལ་ཕྲན་དག་གིས་འདི་ལྟར་རྒྱལ་པོ་ཚངས་སྦྱིན་གྱི་རྟ་ཅང་


DKG011_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤིའོ་ཞེས་ཐོས་ཏེ། དེ་དག་གིས་དེར་ཕོ་ཉ་བཏང་ནས་ཡང་ན་ནི་དཔྱ་གཅོལ་ཅིག །ཡང་ན་ནི་གྲོང་ཁྱེར་གྱི་སྒོར་མ་འབྱུང་ཤིག །གཞན་དུ་ན་ངེས་པར་སྐྱེ་ནས་བཏགས་ལ་འདིར་དགུག་གོ་ཞེས་བསྒོ་བ་དང་། དེར་དཔྱ་ཡང་མ་གཅལ། གྲོང་ཁྱེར་གྱི་སྒོར་ཡང་མ་བྱུང་མོད་གྱི། འོན་ཀྱང་གྲོང་ཁྱེར་ཉིད་ན་གནས་ཤིང་རྟ་ཅང་ཤེས་ཚོལ་ལོ། །དེ་དུས་གཞན་ཞིག་ན་རྟ་ཅང་ཤེས་རྙེད་ནས། དེ་དེ་བཞོན་ཏེ། དཔྱིད་ཀྱི་དུས་ལ་བབ་པ་དང་། ཤིང་རྣམས་མེ་ཏོག་གིས་རྒྱས་ཤིང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུའི་སྒྲ་འབྱིན་པའི་ནགས་ཚལ་སྐྱེད་མོས་ཚལ་གྱི་གནས་སུ་བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ་དོང་ནས། དེ་དེ་ན་རྩེ་ཞིང་དགའ་ལ་དགའ་མགུར་ཆ་བའི་སྦྱོར་བས་བག་མེད་པར་གནས་ཏེ། གྲོང་ཁྱེར་དུ་ཡང་མ་ཞུགས་པ་ན། ཇི་ལྟར་རྒྱལ་པོ་ཚངས་སྦྱིན། སྐྱེད་མོས་ཚལ་ན་བག་མེད་པར་གནས་ཏེ་གྲོང་ཁྱེར་དུ་ཡང་མ་ཞུགས་སོ་ཞེས་ཁམས་ཀྱི་རྒྱལ་ཕྲན་དག་གིས་ཐོས་ཏེ། དེ་དག་གིས་གྲོས་བྱས་ནས་དཔུང་གི་ཚོགས་ཡན་ལག་བཞི་དང་ཆས་ཏེ། ཡུལ་བཱ་རཱ་ཎ་སཱིའི་སྒོ་བསྐོར་བ་དང་། བློན་པོས་རྒྱལ་པོ་ཚངས་སྦྱིན་ལ་སྨྲས་པ། ལྷ་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་གྲོང་ཁྱེར་སྒོ་བསྐོར་ལགས་ན་བདེ་བར་བགྱི་བ་དགོངས་སུ་གསོལ། རྒྱལ་པོས་ཐོས་ནས་ཤེས་ལྡན་རྟ་ཅང་ཤེས་གང་ན་འདུག་པ་ཡང་ལོང་ཤིག །དཔུང་གི་ཚོགས་ཡན་ལག་བཞི་ཡང་གོ་སྐོན་ཅིག །དེ་དག་དང་ལྷན་ཅིག་གཡུལ་འགྱེད་པར་བྱའོ་ཞེས་བསྒོའོ། །དེས་རྟ་ཅང་ཤེས་ཀྱང་བསྙེན། དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་གོ་བསྐོན་ཏེ། དེ་དེ་དག་དང་ལྷན་ཅིག་གཡུལ་བཤམས་ཏེ་གཡུལ་འགྱེད་པར་བརྩམས་པ་དང་། ཁམས་ཀྱི་རྒྱལ་ཕྲན་གཞན་ཞིག་གིས་རྒྱལ་པོ་ཚངས་སྦྱིན་གྱི་རྟ་ཅང་ཤེས་ཀྱི་གློར་མདུང་ གཅིག་བསྣུན་ནས་དེའི་རྒྱུ་མ་དག་བྱུང་སྟེ། སྡུག་བསྔལ་གྱི་ཚོར་བས་གཟེར་ནས། གནད་རྣམས་ཀྱང་ཆད། ཚིགས་རྣམས་ཀྱང་འབྱེ་བའི་ཚོར་བ་གནད་དུ་བབ་པ་བྱུང་བཞིན་དུ་དེས་སེམས་སྲན་བསྐྱེད་པ་མ་ལ་འདི་ལྟར་རྒྱལ་པོ་ནི་སྡུག་བསྔལ་དོག་པ་ཉམ་ང་བར་ཕྱིན་ལ་བདག་གིས་དོར་བར་བྱ་བ་ནི་བདག་གི་ཚུལ་མ་ཡིན་


DKG011_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྩོན་འགྲུས་ཀྱིས་སྡུག་བསྔལ་བཟློག་ལ། ཐབས་ཅི་དང་ཅིས་སྒེའུ་ཆུང་ནས་གྲོང་ཁྱེར་དུ་ཕྱིན་པར་བྱའོ་སྙམ་དུ་བསམས་ནས། ཕན་ཚུན་དུ་གྲོང་ཁྱེར་དུ་འགྲོ་བའི་གླགས་བལྟས་ན། བཱ་རཱ་ཎ་སཱིའི་སྐྱེད་མོས་ཚལ་གྱི་བར་ན་རྒྱལ་པོ་ཚངས་སྦྱིན་གྱི་རྫིང་བུ་ཚངས་ལྡན་ཞེས་བྱ་བ་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་བརྒྱན་པ། ངང་པ་དང་། བྱ་ཀཱ་རཎྜ་བ་དང་། ངུར་པ་དག་གིས་མཚོ་གླིང་བརྒྱན་པ། ཁོ་ར་ཁོར་ཡུག་ཏུ་མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་། ནགས་ཚང་ཚིང་གིས་བརྒྱན་པ། བྱ་རྣམ་པ་སྣ་ཚོགས་ཀྱི་སྒྲ་འབྱིན་པ་ཞིག་ཡོད་དེ། དེ་ཤུགས་དྲག་པོས་ནགས་ཚལ་སྟུག་པོ་དེའི་ནང་དུ་སོང་སྟེ། རྫིང་བུ་ཚངས་ལྡན་གྱི་པད་མའི་འདབ་མའི་སྟེང་དུ་རྐང་པ་བཞག་ནས་བརྒལ་ཏེ་སྒེའུ་ཆུང་ནས་བྱུང་ནས། དེ་ནས་རྒྱལ་པོ་བབས་པ་དང་། དེ་ཡང་ས་ལ་འགྱེལ་ཏེ་དུས་ལས་འདས་སོ། །དེ་ནས་རྒྱལ་པོ་དང་། བློན་པོ་དེ་རྣམས་ཀྱིས་ཕན་ཚུན་ཀུན་དུ་བཙལ་བར་བརྩམས་ནས། ཁ་ཅིག་ནི་སྐྱེད་མོས་ཚལ་དུ་སོང་། གཞན་དག་གིས་ནི་ཕྱོགས་བཞིར་བརྒྱུགས་ན། གང་གིས་ཀྱང་དེ་མ་རྙེད་ནས། རང་རང་གི་རྟ་དང་། གླང་པོ་ཆེ་དག་བཟུང་ནས་སླར་སོང་ངོ་། །རྒྱལ་པོ་ཚངས་སྦྱིན་གྱིས་སྲོག་འབྱིན་པའི་ཕྱིར་ཡུལ་བཱ་རཱ་ཎ་སཱི་ན་གནས་པའི་གྲོང་མི་དང་། ལྗོངས་ཀྱི་མི་དང་། བློན་པོ་ལྷག་མ་དག་བསྡུས་ནས་སྨྲས་པ། གང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྲོག་འབྱིན་ན། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་དག་གིས་སྨྲས་པ། ལྷ་རྒྱལ་སྲིད་ཀྱི་ཕྱེད་སྩལ་བར་བགྱིའོ། །དེས་སྨྲས་པ། ངའི་སྲོག་འབྱིན་པ་ནི་རྟ་ཅང་ཤེས་ཡིན་ན། དེ་ནི་དུས་ལས་འདས་ཏེ། དེ་ལ་བྱིན་ཡང་དེས་ཅི་ཞིག་བྱར་ཡོད། དེ་དག་གིས་སྨྲས་པ། ལྷ་དེའི་སླད་དུ་གྲོང་ཁྱེར་གྱི་སྒོ་བཞིར་སྦྱིན་པ་དག་གཏང་ བར་བགྱི་ཞིང་། དུས་སྟོན་མ་ཡིན་པའི་མཆོད་སྟོན་དག་བགྱི་ལ་བསོད་ནམས་དག་བགྱིའོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ལེགས་ཀྱིས་དེ་བཞིན་དུ་བྱའོ། །དེ་ནས་རྒྱལ་པོའི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཡུལ་མི་དག་གིས་ཤིང་དྲི་ཞིམ་པོ་ཐམས་ཅད་སྤུངས་


DKG011_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་བསྲེགས་སོ། །གཞན་ཡང་གྲོང་ཁྱེར་གྱི་སྒོ་བཞིར་སྦྱིན་གཏོང་གི་ཁང་པ་བརྩིགས་ནས་གྲོང་ཁྱེར་དེ་ན་རྡོ་དང་། གསེག་མ་དང་། གྱོ་མོ་དག་སེལ་དུ་བཅུག་སྟེ། ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཞིམ་པོའི་པོག་ཕོར་དག་ནི་བཞག །གདུགས་དང་རྒྱལ་མཚན་ནི་བསྒྲེང་། དར་གྱི་ལྡ་ལྡི་མང་པོ་ནི་བཏགས། ལྷ་རྣམས་ཀྱི་དགའ་ཚལ་གྱི་སྐྱེད་མོས་ཚལ་བཞིན་དུ་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་སིལ་མ་ཉམས་དགའ་བ་ནི་བཀྲམ་སྟེ། དུས་སྟོན་མ་ཡིན་པའི་མཆོད་སྟོན་བྱས་ནས་གྲོང་ཁྱེར་དུ་འདི་སྐད་དྲིལ་བསྒྲགས་པ། ཤེས་ལྡན་ཡུལ་བཱ་རཱ་ཎ་སཱི་ན་གནས་པའི་གྲོང་མི་རྣམས་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོའི་ཚོགས་དག་ཉོན་ཅིག །འདིར་ལྷའི་རྟ་ཅང་ཤེས་ཀྱི་ཕྱིར་གྲོང་ཁྱེར་གྱི་སྒོ་བཞིར་སྦྱིན་པ་གཏོང་ཞིང་དུས་སྟོན་མ་ཡིན་པའི་མཆོད་སྟོན་དང་བསོད་ནམས་བྱེད་ཀྱིས། དེའི་ཕྱིར་ཁྱེད་ཅག་རྣམས་ཀྱིས་གོས་སྣ་ཚོགས་དང་། རྒྱན་དང་། ཕྲེང་བ་དང་། འབྱོར་པ་མཆོག་གིས་ཆོས་ལ་བྱུང་ཤིག་ཅེས་བསྒོའོ། །དེ་ནས་གྲོང་མི་དག་དང་། ཡུལ་མི་དག་འོངས་ནས་དུས་སྟོན་མ་ཡིན་པའི་མཆོད་སྟོན་ཆེན་པོ་བྱས་ཏེ། གྲོང་ཁྱེར་གྱི་སྒོ་བཞིར་ཡང་འདོད་པ་སྣ་ཚོགས་ཀྱི་སྦྱིན་པ་དག་བྱིན་ནོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། རྟ་ཅང་ཤེས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡང་ང་གནད་རྣམས་ནི་ཆད། ཚིགས་རྣམས་ནི་བྱེ་བའི་ཚོར་བ་གནད་དུ་བབ་པ་བྱུང་བཞིན་དུ་དེའི་སྲོག་གི་སྐྱབས་སུ་བྱས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་ལྔ་པ། དེ་ནས་ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་རབ་བཟང་གིས་ལས་ཅི་ཞིག་བགྱིས་ན་དེས་ན་ཉན་ཐོས་རྣམས་ཀྱི་ཐ་མར་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རབ་བཟང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དང་། ཚོགས་རྙེད་པ་རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་མྱོང་བར་ངེས་པ་རབ་བཟང་གིས་ལས་བྱས་ཤིང་བསགས་པ་དག་ནི་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར། དགེ་


DKG011_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་སྨིན་པར་མི་འགྱུར་ཏེ། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་མོད་ཀྱི། ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ལ་ལས་བྱས་པའི་དགེ་བ་དང་མི་དགེ་བ་དག་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཡུལ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་རི་དགས་འཛིན་གྱི་ཚལ་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འོད་སྲུང་གི་དཔོན་པོ་མྱ་ངན་མེད་ཅེས་བྱ་བ་དེ་ཐར་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་འོད་སྲུང་ལས་རབ་ཏུ་བྱུང་སྟེ། དེ་ཐར་ཅིང་རང་དབང་ཐོབ་བོ་སྙམ་ནས་འབད་པ་མ་བསྐྱེད་དོ། །ཇི་ཙམ་དུས་ཤིན་ཏུ་རིང་བ་ཞིག་ན་མྱ་ངན་མེད་ཅེས་བྱ་བ་ལྗོངས་རྒྱུ་ཞིང་འདུག་པར་གྱུར་ཏོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་པ་མ་ལུས་པར་མཛད་ནས་བུད་ཤིང་ཟད་པའི་མེ་བཞིན་དུ་ཐ་མའི་གཟིམས་མལ་དུ་གཤེགས་སོ། །དགེ་སློང་མྱ་ངན་མེད་ཤིང་ཨ་ཤོ་ཀའི་དྲུང་ན་ནང་དུ་ཡང་དག་འཇོག་ལ་གནས་ཏེ། ཇི་ཙམ་ཤིང་ཨ་ཤོ་ཀ་དེ་ལ་ལྷ་ཞིག་གནས་པ་དེས་བཅོམ་ལྡན་འདས་འོད་སྲུང་མྱ་ངན་ལས་འདའ་བར་ཐོས་ནས་ངུས་ཏེ། དེ་ངུས་པའི་མཆི་མ་ཐིགས་པ་གཅིག་མྱ་ངན་མེད་ཀྱི་ལུས་ལ་ལྷུང་བར་གྱུར་པ་དང་། དེ་ནས་མྱ་ངན་མེད་ཀྱིས་གྱེན་དུ་བལྟས་ན་ལྷ་དེ་ངུ་ཞིང་འདུག་ནས། ལྷ་ཅིའི་ཕྱིར་ངུ་ཞེས་སྨྲས་པ་དང་། ལྷས་དེང་གི་མཚན་མོའི་གུང་ཐུན་ལ་བཅོམ་ལྡན་འདས་འོད་སྲུང་མྱ་ངན་ལས་འདའོ་ཞེས་སྨྲས་སོ། །དེ་ནས་མྱ་ངན་མེད་ལྷའི་ཚིག་ཐོས་ནས་གནད་དུ་ཕོག་པ་བཞིན་འགྱེལ་ཏེ། དེ་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འདུག་


DKG011_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །དེ་ནས་ལྷས་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། མྱ་ངན་མེད་ཀྱིས་སྨྲས་པ། གཉེན་དང་བྲལ་བ་དང་། བླ་མ་དང་བྲལ་བའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ནི་བདག་གི་ཞང་པོ་ཡིན་ནོ། །བདག་གིས་ཤིན་ཏུ་སྦྱངས་ཤིང་གནས་པ་ལ་མ་འབད་པས་བདག་ནི་སོ་སོའི་སྐྱེ་བོར་གྱུར་ལ་ལམ་ཤིན་ཏུ་རིང་བས་བལྟ་མ་ནུས་སོ། །ལྷས་སྨྲས་པ། བཙུན་པ་གལ་ཏེ་དེ་ལྟ་ན་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀྲི་ན། ཅི་ཁྱད་པར་རྟོགས་པར་ནུས་སམ། མྱ་ངན་མེད་ཀྱིས་སྨྲས་པ། ཇི་ལྟར་ལྷས་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བར་བགྱིས་ན་བདག་གི་བློ་ནི་ཀུན་དུ་སྨིན་ཏེ། དེ་བཞིན་དུ་ཁྱད་པར་རྟོགས་པར་བགྱིའོ། །དེ་ནས་ལྷས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མྱ་ངན་མེད་རྫུ་འཕྲུལ་གྱིས་ཁྲིད་དེ། དེ་ནས་བཅོམ་ལྡན་འདས་མཐོང་ནས་དད་པ་སྐྱེས་སོ། །དད་པ་སྐྱེས་ནས་ཀྱང་བཅོམ་ལྡན་འདས་འོད་སྲུང་གིས་ཆོས་རྣམ་པ་འདི་ལྟ་བུ་དག་བཤད་དེ། དེ་ཐོས་མ་ཐག་ཏུ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ཏེ། དང་པོར་ཚེ་དང་ལྡན་པ་མྱ་ངན་མེད་མྱ་ངན་ལས་འདས་སོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ངོ་། །དེ་ནས་ལྷ་དེས་ཚེ་དང་ལྡན་པ་མྱ་ངན་མེད་མྱ་ངན་ལས་འདས་པར་མཐོང་སྟེ། དགའ་བ་སྐྱེས་ནས་དེས་བསམས་པ། ཚེ་དང་ལྡན་པས་གང་ཅུང་ཟད་ཁྱད་པར་རྟོགས་པ་དེ་ཐམས་ཅད་ནི་བདག་ལས་རྟེན་པ་ཡིན་པས་བདག་མ་འོངས་པའི་དུས་ན་གང་བྲམ་ཟེའི་ཁྱེའུ་བླ་མ་ལ་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ འགྱུར་རོ་ཞེས་ལུང་བསྟན་པ་དེ་ཐ་མའི་གཟིམས་མལ་དུ་གཤེགས་པ་ན། བདག་དེའི་ཉན་ཐོས་རྣམས་ཀྱི་ཐ་མ་ལ་མངོན་སུམ་དུ་བྱས་ནས། བཅོམ་ལྡན་འདས་ཀྱི་སྔོན་ལོགས་སུ་མྱ་ངན་ལས་འདས་ཏེ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཇི་སྙམ་དུ་སེམས། ལྷ་གང་ཡིན་པ་དེ་ནི་རབ་བཟང་


DKG011_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། གང་གི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བ་དང་ལྷན་ཅིག་གནས་པ་དང་། དགེ་བ་ལ་བསྟེན་པར་བྱ་ཞིང་། སྡིག་པའི་གྲོགས་པོ་ལ་མི་བསྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་མི་བསྟེན་པར་དགེ་སློང་རྣམས་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གཅིག་པུ་དབེན་པ་ལ་ལྐོག་ཏུ་མཆིས་ཏེ་ནང་དུ་ཡང་དག་འཇོག་ལ་གནས་པའི་ཚེ་སེམས་ཀྱི་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བ་དང་ལྷན་ཅིག་གནས་པ་དང་། དགེ་བ་ལ་བསྟེན་ནས་སྡིག་པའི་གྲོགས་པོ་ལ་མི་བསྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་མ་བསྟེན་ན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་སོ། །ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང་། དགེ་བ་དང་ལྷན་ཅིག་གནས་པ་དང་། དགེ་བ་ལ་བསྟེན་ནས་སྡིག་པའི་གྲོགས་པོ་དང་མི་བསྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་མ་བསྟེན་ན། འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་ནོ་ཞེས་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་ནི་ཚངས་པར་སྤྱོད་པ་ཀུན་དུ་མཐར་ཕྱིན་པ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བ་དང་ལྷན་ཅིག་གནས་པ་དང་། དགེ་བ་ལ་བསྟེན་ནས་སྡིག་པའི་གྲོགས་པོ་ལ་མི་བསྟེན། སྡིག་པའི་གྲོགས་པོ་དང་ལྷན་ཅིག་མི་གནས། སྡིག་པའི་གྲོགས་པོ་ལ་བསྟེན་པར་མི་བྱའོ། ། ཀུན་དགའ་བོ་དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྟེན་པས་སེམས་ཅན་སྐྱེ་བའི་ཆོས་དང་ལྡན་པ་རྣམས་སྐྱེ་བའི་ཆོས་ལས་རྣམ་པར་གྲོལ་བར་གྱུར་ཏོ། །རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། སེམས་ཅན་འཁྲུག་པའི་ཆོས་དང་ལྡན་པ་རྣམས་འཁྲུག་པའི་ཆོས་ལས་རྣམ་པར་གྲོལ་བར་གྱུར་ཏོ། །ཀུན་དགའ་བོ་རྣམ་གྲངས་དེ་ལྟ་བུ་དེ་ཤེས་པར་བྱའོ། །གང་ཚངས་པར་སྤྱོད་པ་མཐར་ཕྱིན་པ་དང་། མ་འདྲེས་པ་དང་།


DKG011_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་དང་། ཡོངས་སུ་བྱང་བ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བ་དང་ལྷན་ཅིག་གནས་པ་དང་། དགེ་བ་ལ་བསྟེན་ནས་སྡིག་པའི་གྲོགས་པོ་ལ་མི་བསྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་བསྟེན་པར་མི་བྱ་བ་སྟེ། ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དེ་ལྟ་བས་ན་དེང་ཕན་ཆད་ཉེ་དུ་ཤཱཀྱ་དང་། མེ་བ་རལ་པ་ཅན་མ་གཏོགས་པ་མུ་སྟེགས་ཀུན་དུ་རྒྱུ་གཞན་རྣམས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱའོ། །ཉེ་དུ་ཤཱཀྱ་དག་མུ་སྟེགས་ཀྱི་རྒྱལ་མཚན་ཐོགས་ཏེ་འོངས་ནས། གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་ཐོབ་པར་འདོད་ན་དགེ་སློང་རྣམས་ཀྱིས་དེ་རབ་ཏུ་དབྱུང་བར་བྱའོ། །བསྙེན་པར་རྫོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དེ་ནི་བདག་ཅག་གི་ཉེ་དུ་རྣམས་ལ་ཉེ་དུའི་གནང་བ་ཡིན་པའི་ཕྱིར་རོ། །མུ་སྟེགས་ཀུན་དུ་རྒྱུ་གཞན་དག་འོངས་ནས། གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་ཐོབ་པར་འདོད་ན། དེ་ལ་དགེ་སློང་རྣམས་ཀྱིས་མཁན་པོས་གོས་སྦྱིན་ཞིང་ཟླ་བ་བཞིའི་བར་དུ་གཞག་པར་བྱའོ། །དེ་བསྙེན་བཀུར་བྱེད་ཅིང་དགེ་སློང་རྣམས་ཀྱི་སེམས་མགུ་བར་བྱེད་ནུས་ན། དགེ་སློང་རྣམས་ཀྱིས་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱའོ། །དགེ་སློང་དག་མེ་བ་རལ་པ་ ཅན་ཡང་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱའོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། མེ་བ་རལ་པ་ཅན་ནི་ལས་སུ་སྨྲ་བ་ཡིན་ནོ། །དགེ་སློང་དག་མེ་བ་རལ་པ་ཅན་ནི་བྱེད་པར་སྨྲ་བ། རྒྱུར་སྨྲ་བ། བརྩོན་འགྲུས་སུ་སྨྲ་བ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་གིས་འདི་ལྟར་བསླབ་པར་བྱ་སྟེ། གང་ལས་སུ་སྨྲ་བ་དང་། བྱེད་པར་སྨྲ་བ་དང་། རྒྱུར་སྨྲ་བ་དང་། བརྩོན་འགྲུས་སུ་སྨྲ་བར་འགྱུར་བ་དེ་ལྟ་བུར་དགེ་སློང་ཁྱོད་ཀྱིས་ཀྱང་བསླབ་པར་བྱའོ། །དེ་ལྟ་བས་ན་དགེ་སློང་ཁྱེད་ཀྱིས་ཆོས་གང་ཞིག་མཐོང་བའི་ཆོས་འདི་ལ་ཕན་པ་དང་། བདེ་བར་འགྱུར་བ་དང་། ཚེ་རབས་གཞན་དུ་ཕན་པ་དང་། བདེ་བར་འགྱུར་བ་དེ་དགེ་སློང་རྣམས་ཀྱིས་གཟུང་བར་བྱ། ཀུན་


DKG011_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པར་བྱའོ། །ཇི་ལྟ་ཇི་ལྟར་བཟུང་ཞིང་བཅངས་པ་དང་། བཀླགས་པ་དེ་ལྟར་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་ཞིང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་དོན་དུ་འགྱུར་རོ། །འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེ་འདི་དག་ནི་དགེ་སློང་དག་མཐོང་བའི་ཆོས་འདི་ལ་ཕན་པ་དང་། མཐོང་བའི་ཆོས་འདི་ལ་བདེ་བར་འགྱུར་བ་དང་། ཚེ་རབས་གཞན་དུ་ཕན་པ་དང་། བདེ་བར་འགྱུར་བ་དག་སྟེ། དགེ་སློང་དག་གིས་གཟུང་བར་བྱ། ཀུན་ཆུབ་པར་བྱའོ། །ཇི་ལྟ་ཇི་ལྟར་བཟུང་ཞིང་བཅངས་པ་དང་། བཀླགས་པ་དེ་ལྟར་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་ཞིང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་དོན་དུ་འགྱུར་རོ། །དགེ་སློང་དག་ཁྱེད་ཀྱིས་སྟོན་པ་ང་ཡོངས་སུ་མྱ་ངན་ལས་འདས་ཏེ་མེད་པའི་འོག་ཏུ་བདག་ཅག་གི་སྟོན་པ་དང་། སྟོན་པ་མེད་དོ་སྙམ་དུ་དེ་ལྟར་བལྟ་བར་མི་ བྱ་སྟེ། གང་གི་ཕྱིར་ངས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པར་བསྟན་པ་དེ་དེང་ཕྱིན་ཆད་ཁྱེད་ཀྱི་སྟོན་པ་དང་། སྟོན་པ་ཡིན་ནོ། །དགེ་སློང་དག་བསླབ་པའི་གཞི་ཕྲ་མོ་དང་། ཕྲན་ཚེགས་གང་ཡིན་པ་དེ་དག་ནི་དགེ་འདུན་ཚོགས་ནས་སྐབས་དབྱེ་ཞིང་བདེ་བ་ལ་རེག་པར་གནས་པར་བྱའོ། །དགེ་སློང་དག་དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་གསར་བུ་དག་གིས་དགེ་སློང་རྒན་རབས་རྣམས་ལ་མིང་ནས་བོད་པར་མི་བྱ། རུས་ནས་བོད་པར་མི་བྱ་སྟེ། བཙུན་པ་ཞེས་བརྗོད་པ་དང་། ཚེ་དང་ལྡན་པ་ཞེས་བརྗོད་པ་མ་གཏོགས་པར་ཀུན་དུ་སྤྱད་པར་མི་བྱའོ། །དགེ་སློང་རྒན་རབས་རྣམས་ཀྱིས་དགེ་སློང་གསར་བུ་རྣམས་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དག་གིས་བསྡུ་བར་བྱ། ཉེ་བར་གནས་པར་བྱ། བཀླག་པ་དང་། ཁ་ཏོན་དང་། ལུང་བསྒོ་ནས་རྣལ་འབྱོར་ཡིད་


DKG011_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་དུ་གཞུག་པར་བྱའོ། །དགེ་སློང་དག་གིས་ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རྗེས་སུ་དྲན་པར་འགྱུར་བར་བྱའོ། །བཞི་གང་ཞེ་ན། བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་སྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་འོང་གིས་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་བྱ་བའི་བར་དག་ཡིན་ཏེ། ཁ་ཅིག་ང་ལ་སེམས་དད་པས་དུས་ བྱས་པ་དེ་ཐམས་ཅད་མཐོ་རིས་སུ་འགྲོའོ། །ཁ་ཅིག་ནི་ཕུང་པོའི་ལྷག་མ་དང་བཅས་པར་རོ། །དགེ་སློང་དག་ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་འགྲོ་བར་འགྱུར་བར་བྱའོ། །བཞི་གང་ཞེ་ན། བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་


DKG011_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་མཆོད་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་འོངས་པ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བའི་བར་དག་ཡིན་ཏེ། ཁ་ཅིག་ནི་ང་ལ་སེམས་དད་པས་དུས་བྱས་པ་དེ་ཐམས་ཅད་མཐོ་རིས་སུ་འགྲོའོ། །ཁ་ཅིག་ནི་ཕུང་པོའི་ལྷག་མ་དང་བཅས་པར་རོ། །ཇི་ལྟར་མངོན་དུ་འགྲོ་བར་བྱ་བ་དེ་ལྟར་རྗེས་སུ་དྲན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ལ་གང་སོམ་ཉི་དང་ཡིད་གཉིས་ཡོད་པ་མ་དགག་པར་ཞུས་ཤིག་དང་དྲིས་པ་དེ་ངས་ལུང་བསྟན་པར་བྱའོ། །ཁྱེད་ཀྱིས་འདི་ཇི་ལྟར་བདག་ཅག་གིས་སྟོན་པའི་སྤྱན་སྔར་མངོན་སུམ་དུ་ལན་གདབ་པར་ནི་མི་སྤོབས་སོ་སྙམ་དུ་བལྟ་བར་མི་བྱ་སྟེ། དགེ་སློང་དག་གིས་དགེ་སློང་དག་ལ། རོགས་དག་གིས་རོགས་དག་ལ་སྨྲ་བར་བྱ་ཞིང་དྲིས་ན་དེ་ལུང་བསྟན་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །འདི་ལྟར་བཙུན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དགེ་སློང་གི་འཁོར་ཇི་སྙེད་འདུས་ཤིང་མཆིས་པ་འདི་རྣམས་ལས་གང་དགེ་སློང་དག་གཅིག་ལ་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་ལ་གང་སོམ་ཉི་དང་ཡིད་གཉིས་སུ་གྱུར་པ་མ་མཆིས་ལགས་སོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཁྱོད་ནི་དད་པས་འདི་སྐད་སྨྲ་མོད་ཀྱི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཟིགས་པ་ནི་བླ་ན་མེད་པར་འཇུག་པ་ཡིན་ཏེ། དགེ་སློང་གི་འཁོར་ཇི་སྙེད་འདུས་ཤིང་འཁོད་པ་རྣམས་ལ་ནི་གང་དགེ་སློང་གཅིག་ལ་ཡང་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་ལ་སོམ་ཉི་དང་ཡིད་གཉིས་མེད་མོད་ཀྱི། འོན་ཀྱང་འདིའི་དགོས་པ་ནི་དུས་ཕྱི་མའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ཐུགས་བརྩེ་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་


DKG011_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་རང་གི་སྐུ་ལས་སྟོད་གཡོགས་བསལ་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག །དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་རྣམ་པར་ལྟོས་ཤིག །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་བ་ནི་རྙེད་པར་དཀའ་སྟེ། དཔེར་ན་མེ་ཏོག་ཨུ་དུམ་བཱ་ར་བཞིན་ནོ། །དགེ་སློང་དག་རེ་ཞིག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་ཐ་མའོ་ཞེས་གསུངས་ནས་བཅོམ་ལྡན་འདས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་དང་པོ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གཉིས་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་བཞི་པ་ལས་བཞེངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་བཞེངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བཞེངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་བཞེངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་བཞེངས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨས་སོ། །ཚེ་དང་ལྡན་པ་མ་འགགས་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སམ། ཚེ་དང་ལྡན་པ་ཀུན་དགའ་བོ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་སོ། །ཚེ་དང་ལྡན་པ་མ་འགགས་པ་སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ། ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ནས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བདག་གིས་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་ངོ་། །དེ་ནས་


DKG011_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འདུ་ཤེས་དང་ཚོར་བ་འགོག་པ་ལས་བཞེངས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་བཞེངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་བཞེངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བཞེངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་བཞི་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གཉིས་པ་ལས་བཞེངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་དང་པོ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གཉིས་པ་ ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས་པར་གྱུར། སྐར་མདའ་ཡང་ལྷུང་། ཕྱོགས་ཀྱང་ཚིག །བར་སྣང་ལས་ལྷ་དག་གིས་རྔའི་སྒྲ་ཡང་བསྒྲགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་འདུག་པ་དེ་ས་གཡོས་པས་སད་དེ། འདི་ཅི་ཞིག་ཅེས་བསམས་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ངོ་། །དེས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་དེ་དང་འདྲའོ་ཞེས་ཆོས་ཉིད་ལ་བརྟེན་ནས་དེས་བསམས་པ། འདི་ལྟར་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་དང་ལྡན་པ་དེས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་ཐོས་པར་གྱུར་ན་ཁྲག་དྲོན་པོར་སྐྱུགས་ནས་འཆི་བའི་དུས་བྱེད་


DKG011_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སུ་འགྱུར་བར་རིག་ནས་དེ་ལ་ཐབས་ཞིག་བསྒྲུབ་པར་བྱའོ་སྙམ་དུ་བསམས་ནས། ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །དབྱར་བྱེད་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ནི་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏེ། གལ་ཏེ་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་དང་ལྡན་པ་དེས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ཐོས་ན་དེ་ཁྲག་དྲོན་པོ་སྐྱུགས་ནས་འཆི་བའི་དུས་བྱེད་པར་གྱུར་ན། དེ་ལ་ཁྱོད་ཀྱིས་ཐབས་བསྒྲུབ་པར་རིག་པར་གྱིས་ཤིག །དེས་སྨྲས་པ། འཕགས་པ་ཐབས་གང་ལགས་པ་རིམ་བཞིན་དུ་གསུངས་ཤིག །དེས་སྨྲས་པ། དབྱར་བྱེད་ཚུར་ཤོག །ཁྱོད་མྱུར་བ་མྱུར་བར་རྒྱལ་པོའི་སྐྱེད་མོས་ཚལ་དུ་སོང་ལ། ཇི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་ཤིང་གཟིགས་པ་ལྔས་གཟིགས་ཏེ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་ཏེ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང་། གཤེགས་ནས་ཇི་ལྟར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཇི་ལྟར་བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱིར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་། ཇི་ལྟར་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། ཇི་ལྟར་སུམ་བཅུ་རྩ་གསུམ་ལྷའི་གནས་སུ་སྐྲུན་པའི་ཡུམ་གྱི་ཐད་དུ་གཤེགས་ནས་ཆོས་བཤད་དེ་གྲོང་ཁྱེར་སྒྲ་ཅན་དུ་བབ་པ་དང་། ཇི་ལྟར་ཕྱོགས་གང་དང་གང་ན་གདུལ་བ་དེ་དང་དེ་དག་བཏུལ་ནས། སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ཏེ། གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་གཤེགས་པ་དེ་ལྟ་བུའི་རི་མོ་དག་བྲི་བར་བྱ་ཞིང་། ཁྱོད་ཀྱིས་གཞོང་རིངས་བདུན་ནི་མར་གྱི་མར་སར་གྱིས། བརྒྱད་པ་ནི་ཙན་དན་གོ་ཤིར་ཥས་བཀང་སྟེ་སྐྱེད་མོས་ཚལ་གྱི་ཕྱོགས་དེར་གཞག་གོ །ཇི་ཙམ་རྒྱལ་པོ་སྒོར་བྱུང་བར་གྱུར་པ་དང་། དེ་ལ་ལྷ་རེ་ཞིག་སྐྱེད་མོས་ཚལ་གཟིགས་སུ་གཤེགས་ཞེས་སྨྲས་ནས། གལ་ཏེ་རི་མོ་མཐོང་ནས་དབྱར་བྱེད་འདི་ཅི་ཡིན་ཞེས་འདྲི་བ་དང་། རྒྱ་ཆེར་བཤད་པར་བྱ་སྟེ། ལྷ་འདི་ནི་གྲོང་ཁྱེར་སེར་སྐྱ་ཅན་ལགས་ཏེ། ཕྱོགས་འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ། །འདི་ནི་ཆུ་བོ་ནཻ་རཉྫ་ནའི་འགྲམ་ལགས་ཏེ། ཕྱོགས་འདིར་ནི་བཅོམ་ལྡན་འདས་


DKG011_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གདན་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །འདི་ནི་ཡུལ་བཱ་རཱ་ན་སཱིའི་གྲོང་ཁྱེར་ལགས་ཏེ། ཕྱོགས་འདིར་ནི་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །འདི་ནི་མཉན་ཡོད་ཀྱི་གྲོང་ཁྱེར་ལགས་ཏེ། ཕྱོགས་འདིར་ནི་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཏོ། །འདི་ནི་གྲོང་ཁྱེར་སྒྲ་ཅན་ལགས་ཏེ། འདིར་ནི་བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་ལྷ་རྣམས་ཀྱི་གནས་ནས་བབས་སོ། །འདི་ནི་གྲོང་ཁྱེར་རྩྭ་ཅན་ལགས་ཏེ། ཕྱོགས་འདིར་ནི་ཕྱོགས་གང་དང་གང་ན་འདུལ་བ་དེ་དང་དེ་དག་བཏུལ་ནས་སངས་རྒྱས་ཀྱི་མཛད་ པ་མཐར་ཕྱིན་ཏེ། ཐ་མའི་གཟིམས་མལ་དུ་གཤེགས་སོ་ཞེས་གྱིས་དང་། ཐོས་ནས་ཐོས་མ་ཐག་ཏུ་ལྷ་བརྒྱལ་ཏེ་ས་ལ་ལྷུང་བར་འགྱུར་གྱིས། དེ་ལ་ཁྱོད་ཀྱིས་གཞོང་རིངས་མར་སར་གྱིས་བཀང་བའི་ནང་དུ་གཞུག་པར་བྱའོ། །གང་གི་ཚེ་མར་སར་དེ་ཞུ་བར་གྱུར་པ་དང་། དེ་གཉིས་པ་ནས། བདུན་པའི་བར་དུ་གཞུག་པར་བྱའོ། །དེ་ནས་ཕྱུང་ནས་ཙན་དན་གོ་ཤིར་ཥས་བཀང་བའི་གཞོང་རིངས་སུ་ཆུག་ཤིག་དང་། དེ་སོས་པར་འགྱུར་རོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་གྲོང་ཁྱེར་རྩྭ་ཅན་དུ་སོང་ངོ་། །དབྱར་བྱེད་ཀྱང་མྱུར་བ་མྱུར་བར་རི་མོའི་ལས་ཐམས་ཅད་རྒྱ་ཆེར་བྲིས་ཏེ། བྲིས་ནས་རྒྱལ་པོ་ཕྱི་རོལ་དུ་བྱུང་བ་དང་། ལྷ་སྐྱེད་མོས་ཚལ་དུ་གཤེགས་ཞེས་སྨྲས་ཏེ། དེ་སྐྱེད་མོས་ཚལ་དུ་ཞུགས་པ་དང་། རི་མོ་དག་མཐོང་ནས་དབྱར་བྱེད་འདི་ཅི་ཡིན་ཞེས་དྲིས་ཏེ། དེས་འདི་ནི་གྲོང་ཁྱེར་རྩྭ་ཅན་ལགས་ཏེ། ཕྱོགས་འདིར་ནི་བཅོམ་ལྡན་འདས་ཀྱིས་ཐ་མའི་གཟིམས་མལ་དུ་གཤེགས་སོ་ཞེས་བྱ་བའི་བར་སྔ་མ་བཞིན་དུ་རྒྱས་པར་བཤད་དོ། །དེས་སྨྲས་པ། དབྱར་བྱེད་ཅི་ཟེར་ཅི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་བརྒྱལ་ཏེ་ས་ལ་ལྷུང་བ་དང་། དབྱར་བྱེད་ཀྱིས་གཞོང་རིངས་མར་སར་གྱིས་བཀང་བའི་ནང་དུ་ལན་བདུན་གྱི་བར་དུ་བཅུག་ནས། དེ་ནས་ཕྱུང་སྟེ། ཙན་དན་གོ་ཤིར་ཥས་བཀང་བའི་གཞོང་རིངས་ཀྱི་ནང་དུ་བཅུག་པ་དང་དེ་སོས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་མ་ཐག་ཏུ་ཤིང་སཱ་ལ་ཟུང་གཉིས་ཀྱི་ཚལ་སཱ་ལའི་ལྗོན་ཤིང་མཆོག་


DKG011_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེ་ཏོག་འཐོར་བའི་དྲུང་དུ་བཅོམ་ལྡན་འདས་སེང་གེ་ལྟ་བུར་གཟིམས་པ་དང་། དེའི་ཚེ་དགེ་སློང་གཞན་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སཱ་ལ་ཟུང་ནི་རབ་མཛེས་པའི། །ལྗོན་ཤིང་མཆོག་གི་ཚལ་བུ་འདིར། །སྟོན་པ་མྱ་ངན་འདས་པ་ལ། །མེ་ཏོག་དག་གིས་རབ་ཏུ་གཏོར། །སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་མ་ཐག་ཏུ་མི་མཇེད་ཀྱི་བདག་པོ་ཚངས་པས་ཚིགས་སུ་བཅད་དེ་སྨྲས་པ། འབྱུང་པོ་ཀུན་གྱིས་འཇིག་རྟེན་འདིར་ནི་བསགས་པའི་མཐའ། །འདོད་འགྱུར་འཇིག་རྟེན་འདི་ན་གང་ཟག་ཟླ་མེད་ཅིང་། །དེ་བཞིན་གཤེགས་པ་སྟོབས་རྣམས་བརྙེས་པ་སྤྱན་ལྡན་པ། །སྟོན་པ་འདི་ལྟ་བུ་ཡང་ཡོངས་སུ་མྱ་ངན་འདས། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་ཏུ་ཚེ་དང་ལྡན་པ་མ་འགགས་པས་ཚིགས་སུ་བཅད་དེ་སྨྲས་པ། བརྟན་པའི་ཐུགས་ཀྱིས་སྐྱོབ་མཛད་ཅིང་། །མི་གཡོ་ཞི་བ་བརྙེས་གྱུར་པ། །དབུགས་དབྱུང་བ་དང་རྔུབ་འགགས་ནས། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །གང་ཚེ་སྟོན་པ་དུས་མཛད་དེ། །དེ་ཚེ་རབ་ཏུ་སྔངས་གྱུར་ཅིང་། །དེ་ཚེ་སྤུ་ཡང་ལངས་པར་གྱུར། །ཞུམ་པ་མེད་པའི་ཐུགས་ཀྱིས་ནི། །ཚོར་བ་དག་ལ་ལྷག་པར་གནས། །དེ་ཡི་ཐུགས་ནི་རྣམ་གྲོལ་བ། །སྒྲོན་མ་དེ་འདྲ་མྱ་ངན་འདས། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་ཐག་ཏུ་དགེ་སློང་ཁ་ཅིག་ནི་ས་ལ་འགྲེ་ལྡོག །ཁ་ཅིག་ནི་དཔུང་པ་ལ་བཟུང་ནས་ཀུ་ཆོ་འདོན། ཁ་ཅིག་ནི་སྡུག་བསྔལ་གྱིས་སེམས་གཟེར་ཅིང་འདུག །ཁ་ཅིག་ནི་ཆོས་ཉིད་ལ་བརྟེན་ནས་གང་འདི་ལྟར་བདག་ཅག་ལ་བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་བསྟན་ཏེ་ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཕངས་པ་དགའ་བ། ཡིད་དུ་འོང་བ་དང་བྲལ་ནས་མེད་པ་དང་། ཞིག་པ་དང་། བྱེ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་རྣམས་རིམ་གྱིས་དལ་བུ་དལ་བུས་ཟིལ་གྱིས་མ་མནན་ན། ཚེ་བསྐལ་པ་བརྒྱ་ཕྲག་མང་པོ་


DKG011_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་ལྷ་རྣམས་འདི་ལྟར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་རྣམས་སོ་སོར་མི་རྟོག་པར་མང་དུ་གནས་སོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་དོ། །ཚེ་དང་ལྡན་པ་མ་འགགས་པ་ལ་ལྷ་ཇི་སྙེད་ཡོད་པ་ཤེས་སམ་ཞེས་དྲིས་པ་དང་། ཀུན་དགའ་བོ་ཇི་ཙམ་གྲོང་ཁྱེར་རྩྭ་ཅན་གྱི་བར་ནས་ཆུ་བོ་ དབྱིག་ལྡན་གྱི་བར་དང་། ཇི་ཙམ་ཤིང་སཱ་ལ་ཟུང་གཉིས་ཀྱི་ཚལ་གྱི་བར་ནས། གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་དཔག་ཚད་བཅུ་གཉིས་ཁོ་ར་ཁོར་ཡུག་ཏུ་དབང་ཆེ་བ། དབང་ཆེ་བར་གྲགས་པའི་ལྷ་རྣམས་ཀྱིས་མ་ཁྱབ་ཅིང་མ་གང་བ་ཅུང་ཟད་ཀྱང་མེད་དེ། ཆུང་ངུ་ན་ཁར་བ་གཟུགས་པའི་ཁྱོན་ཙམ་ཡང་མེད་པར་ལྷ་ཁ་ཅིག་ནི་ས་ལ་འགྲེ་ལྡོག །ཁ་ཅིག་ནི་དཔུང་པ་ནས་བཟུང་ནས་ཀུ་ཆོ་འདོན། ཁ་ཅིག་ནི་སྡུག་བསྔལ་གྱིས་སེམས་གཟེར་ཅིང་འདུག །ཁ་ཅིག་ཆོས་ཉིད་ལ་བརྟེན་ནས། གང་འདི་ལྟར་བདག་ཅག་ལ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཀུན་དུ་བསྟན་ཏེ། ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཕངས་པ། དགའ་བ་དང་ཡིད་དུ་འོང་བ་དང་བྲལ་ནས་མེད་པ་དང་། ཞིག་པ་དང་། གྱེས་པར་གྱུར་ཏོ། །དེའི་ནུབ་མོ་ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྣམ་པར་ངེས་པའི་ཆོས་ཀྱི་གཏམ་སྨྲས་ནས་འཕགས་པའི་ངོ་བོར་ཅང་མི་སྨྲ་བར་འདུག་གོ །དེ་ནས་དེའི་མཚན་མོ་ནམ་ནངས་ནས་ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་སོང་ལ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་གནས་འཇོག་དག་དེང་གི་མཚན་མོའི་གུང་ཐུན་ལ་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱིས། ཁྱེད་ཀྱི་བྱ་བ་དང་སྒྲུབ་པ་དག་དེར་བྱོས་ལ་ད་ཕྱིན་ཆད་འདི་སྐད་ཅེས་གྲོང་གི་ཉེན་ཀོར་བ་དག་བདག་ཅག་གི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ། བདག་ཅག་གིས་དེ་ལ་མཆོད་པ་བྱ་ཞིང་བརྩོན་པར་བྱ་མ་ནུས་སོ་ཞེས་ཡིད་ལ་གཅགས་པར་མ་བྱེད་ཅིག་ཅེས་སྨྲོས་ཤིག །ཚེ་དང་ལྡན་པ་མ་འགགས་པས་དེ་སྐད་སྨྲས་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་མ་འགགས་པའི་ལྟར་མཉན་ནས་སྣམ་སྦྱར་


DKG011_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་དགེ་སློང་གཞན་དག་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་དག་དང་། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱི་འདུན་ཁང་ག་ལ་བར་སོང་སྟེ་ཕྱིན་པ་དང་། དེའི་ཚེ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱི་འདུན་ཁང་ན་གྱད་ལྔ་བརྒྱ་ཙམ་ཞིག་བྱ་བ་དག་ཅིག་གི་ཕྱིར་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ ཀུན་དགའ་བོས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་གནས་འཇོག་དག་ཉོན་ཅིག །དེང་གི་མཚན་མོའི་གུང་ཐུན་ལ་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ཀྱིས། གང་ཁྱེད་ཀྱིས་བྱ་བ་དང་སྒྲུབ་པ་དག་དེར་བྱོས་ལ་ཕྱིན་ཆད་འདི་སྐད་ཅེས་གྲོང་གི་ཉེན་ཀོར་བ་དག་བདག་ཅག་གི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ། བདག་ཅག་གིས་དེ་ལ་མཆོད་ཅིང་བརྩོན་པར་བྱེད་མ་ནུས་སོ་ཞེས་ཡིད་ལ་གཅགས་པར་མ་བྱེད་ཅིག་ཅེས་སྨྲས་ནས། གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཁ་ཅིག་ནི་ས་ལ་འགྲེ་ལྡོག །ཁ་ཅིག་ནི་དཔུང་པ་ནས་བཟུང་ནས་ཀུ་ཆོ་འདོན། ཁ་ཅིག་ནི་སྡུག་བསྔལ་གྱིས་སེམས་གཟིར་ཅིང་འདུག །ཁ་ཅིག་ནི་ཆོས་ཉིད་ལ་བརྟེན་ནས་གང་འདི་ལྟར་བདག་ཅག་ལ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཀུན་དུ་བསྟན་ཏེ། ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཕངས་པ། དགའ་བ་དང་། ཡིད་དུ་འོང་བ་དང་བྲལ་ནས་མེད་པ་དང་། ཞིག་པ་དང་། བྱེ་བར་གྱུར་ཏོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཇི་ཙམ་གྲོང་ཁྱེར་རྩྭ་ཅན་གྱི་དྲི་དང་། ཕྲེང་བ་དང་། བདུག་སྤོས་དང་། ཕྱེ་མ་དང་། རོལ་མོའི་ཆ་བྱད་དག་ཐོགས་ཏེ། དེ་དག་གི་བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། དེ་དག་གི་མཛའ་བཤེས་དང་། ཉེ་དུ་དང་། བློན་པོ་དང་། སྣག་གི་གཉེན་མཚམས་རྣམས་གྲོང་ཁྱེར་རྩྭ་ཅན་ནས་བྱུང་ནས་ཤིང་སཱ་ལ་ཟུང་གཉིས་ཀྱི་ཚལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་སེང་གེ་ལྟ་བུར་གཟིམས་པ་ལ་དྲི་དང་། ཕྲེང་བ་དང་། བདུག་སྤོས་དང་། ཕྱེ་མ་དང་། རོལ་མོས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་


DKG011_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་གཞན་ཡང་གྲོང་ཁྱེར་རྩྭ་ཅན་གྱི་གྱད་གཙོ་བོ་གཙོ་བོ་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་བདག་ཅག་རྣམས་ཀྱིས་མཆོད་པར་བགྱི་བ་དང་། བརྩོན་པ་ཇི་ལྟ་བུར་བསྒྲུབ་པར་བགྱི་ལགས། གནས་འཇོག་དག་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་ནོ། །བཙུན་པ་ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཇི་ལྟར་བགྱིད་ ལགས། གནས་འཇོག་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ནི་ལུས་ཤིང་བལ་གྱི་འདའ་བས་དཀྲི་ཞིང་ཤིང་བལ་གྱི་འདའ་བས་དཀྲིས་ནས་རས་ཟུང་ལྔ་བརྒྱས་དཀྲི་བར་བྱའོ། །རས་ཟུང་ལྔ་བརྒྱས་དཀྲིས་ནས་ལྕགས་ཀྱི་སྒྲོམ་བུར་བཅུག་སྟེ། འབྲུ་མར་གྱིས་བཀང་ནས་སྟེང་ནས་ལྕགས་ཀྱི་ཁ་གབ་གཉིས་ཀྱིས་བཀབ་སྟེ། དྲི་ཞིམ་པོའི་ཤིང་ཐམས་ཅད་སྤུངས་ཏེ། དེས་བསྲེགས་ནས། མེ་དེ་དག་འོ་མས་བསད་དེ་དེའི་རུས་པ་གསེར་གྱི་བུམ་པའི་ནང་དུ་བཅུག་ནས་ལམ་པོ་ཆེའི་བཞི་མདོར་རུས་པའི་མཆོད་རྟེན་བརྩིགས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ཏེ། དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་དུས་སྟོན་ཆེན་པོ་ཡང་བྱེད་དོ། །གནས་འཇོག་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དེ་བས་ཀྱང་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོས་གསུངས་པའི་དོན་བདག་ཅག་གིས་འཚལ་བ་ལྟར་ན་གང་གི་ཕྱིར་བདག་ཅག་གིས་གདུགས་གཅིག་གམ། གཉིས་སམ། གསུམ་གྱིས་མི་ཚོགས་ཏེ་སྦྱར་བར་དཀའ་ན་ཞག་བདུན་ཚུན་ཆད་ཀྱིས་བདག་ཅག་གིས་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་སེང་གེའི་ཁྲི་ལ་གཟིམས་པ་ལ་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བགྱི། བླ་མར་བགྱི། རི་མོར་བགྱི། མཆོད་པར་བགྱིའོ། །དེ་བཞིན་དུ་གྱིས་ཤིག་ཅེས་ཚེ་དང་ལྡན་པ་ཀུན་དགའ་


DKG011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལས་ཐོས་ནས། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཉི་མ་བདུན་པ་ཉིད་ལ་ཤིང་བལ་གྱི་འདའ་བ་དག་བསགས་ཏེ། ཤིང་བལ་གྱི་འདའ་བ་དག་བསགས་ནས་རས་ཟུང་ལྔ་བརྒྱ་ཡང་བསགས། རས་ཟུང་ལྔ་བརྒྱ་ཡང་བསགས་ནས། ལྕགས་ཀྱི་སྒྲོམ་ཡང་བཤམས། ལྕགས་ཀྱི་སྒྲོམ་བཤམས་ནས། དྲི་ཞིམ་པོའི་ཤིང་ཐམས་ཅད་ཀྱང་སྤུངས། དྲི་ཞིམ་པོའི་ཤིང་ཐམས་ཅད་སྤུངས་ནས་གསེར་གྱི་བུམ་པ་ཡང་སྟ་གོན་བྱས། གསེར་གྱི་བུམ་པ་སྟ་གོན་བྱས་ནས་གསེར་གྱི་ཁྱོགས་ དག་ཀྱང་བཤམས་ཏེ། གསེར་གྱི་ཁྱོགས་བཤམས་ནས་གྲོང་ཁྱེར་རྩྭ་ཅན་ནས་ཆུ་བོ་དབྱིག་ལྡན་གྱི་བར་དང་། ཤིང་སཱ་ལ་ཟུང་གི་ཚལ་ནས་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་དཔག་ཚད་བཅུ་གཉིས་ཐོག་ཐག་ཇི་ཙམ་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་ཆ་སྤྱད་དག་ཐོགས་ནས་གྲོང་ཁྱེར་རྩྭ་ཅན་ནས་བྱུང་སྟེ། ཤིང་སཱ་ལ་ཟུང་གི་ཚལ་ག་ལ་བར་སོང་ནས་ཕྱིན་པ་དང་། སེང་གེའི་ཁྲི་ལ་གཟིམས་པ་ལ་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ། །གཞན་ཡང་གྲོང་ཁྱེར་རྩྭ་ཅན་གྱི་གྱད་གཙོ་བོ་གཙོ་བོ་དག་གིས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་གནས་འཇོག་དག་ཉོན་ཅིག །གྱད་ཀྱི་ཆུང་མ་དང་། གྱད་ཀྱི་བུ་མོ་དག་གིས་ནི་བཅོམ་ལྡན་འདས་ལ་གོས་ཀྱི་བླ་རེ་བྲེས་ཤིག །གྱད་རྣམས་དང་། གྱད་གཞོན་ནུ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཁྱོགས་ཟུང་ཤིག །ངེད་ཅག་གིས་ནི་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་སྟེ། གྲོང་ཁྱེར་རྩྭ་ཅན་གྱི་ནུབ་སྒོ་ནས་དབུས་ཐོག་ཐག་ཏུ་ཞུགས་ནས་གྲོང་ཁྱེར་རྩྭ་ཅན་གྱི་ཤར་སྒོར་བྱུང་སྟེ་ཆུ་བོ་དབྱིག་ལྡན་རྒལ་ནས་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ལ་ཞུགས་ལ་བཞེན་པར་བྱའོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་དེ་བཞིན་


DKG011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བགྱིའོ་ཞེས་མཉན་ནས་གྱད་ཀྱི་ཆུང་མ་དང་། གྱད་ཀྱི་བུ་མོ་དག་གིས་ནི་བཅོམ་ལྡན་འདས་ལ་གོས་ཀྱི་གདུགས་དག་བྲེས། གྱད་རྣམས་དང་། གྱད་གཞོན་ནུ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཁྱོགས་གདེག་པར་འདོད་ན། བཅོམ་ལྡན་འདས་ཀྱི་ཁྱོགས་གདེག་པར་མ་ནུས་པ་དང་། ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ ལྡན་འདས་ཀྱི་ཁྱོགས་གདེག་པར་མ་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱི་བསམ་པ་ཡིན་ནོ། །ཚེ་དང་ལྡན་པ་མ་འགགས་པ་ལྷ་རྣམས་ཀྱི་བསམ་པ་ཇི་ལྟ་བུ་ཡིན། ལྷ་རྣམས་ཀྱིས་ནི་གྱད་ཀྱི་ཆུང་མ་དང་། གྱད་ཀྱི་བུ་མོ་དག་གིས་ན་བཅོམ་ལྡན་འདས་ལ་གོས་ཀྱི་བླ་རེ་བྲེ་ཞིང་། གྱད་རྣམས་དང་། གྱད་གཞོན་ནུ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཁྱོགས་ལ་བཟུང་ནས་བདག་གིས་ལྷའི་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པ་བྱས་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་ནུབ་ཕྱོགས་ཀྱི་སྒོ་ནས་དབུས་ཐོག་ཐག་ཞུགས་ལ་གྲོང་ཁྱེར་རྩྭ་ཅན་གྱི་ཤར་སྒོ་ནས་བྱུང་སྟེ། ཆུ་བོ་དབྱིག་ལྡན་རྒལ་ནས་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ལ་ཞུགས་ལ་བཞེན་པར་བྱའོ་ཞེས་བསམས་སོ། །ཚེ་དང་ལྡན་པ་མ་འགགས་པ་ལྷ་རྣམས་ཀྱིས་ཇི་ལྟར་བསམས་པ་དེ་བཞིན་དུ་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་གནས་འཇོག་དག་བཅོམ་ལྡན་འདས་ཀྱི་ཁྱོགས་གདེག་མ་ནུས་པ་དེ་ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱིས་བསམས་པ་ཡིན་ནོ། །བཙུན་པ་ཀུན་དགའ་བོ་ལྷ་རྣམས་ཀྱིས་ཇི་ལྟར་བསམས་ལགས། ལྷ་རྣམས་ཀྱིས་ནི་གྱད་ཀྱི་ཆུང་མ་དང་། གྱད་ཀྱི་བུ་མོ་དག་གིས་བཅོམ་ལྡན་འདས་ལ་གོས་ཀྱི་བླ་རེ་བྲེ་ཞིང་གྱད་རྣམས་དང་། གྱད་གཞོན་ནུ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཁྱོགས་བཏེགས་ཏེ། བདག་ཅག་གིས་ལྷའི་


DKG011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱས་ནས། གྲོང་ཁྱེར་རྩྭ་ཅན་གྱི་ནུབ་ཕྱོགས་ཀྱི་སྒོ་ནས་དབུས་ཐོག་ཐག་ཞུགས་ལ་གྲོང་ཁྱེར་རྩྭ་ཅན་གྱི་ཤར་སྒོར་བྱུང་སྟེ། ཆུ་བོ་དབྱིག་ལྡན་རྒལ་ནས། གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ལ་ཞུགས་ལ་བཞེན་པར་བྱའོ་ཞེས་སེམས་སོ། །བཙུན་པ་ཀུན་དགའ་བོ་ཇི་ལྟར་ལྷ་རྣམས་ཀྱིས་བསམས་པ་དེ་བཞིན་དུ་བགྱིའོ། ། དེ་ནས་གྱད་ཀྱི་ཆུང་མ་དང་། གྱད་ཀྱི་བུ་མོ་དག་གིས་ནི་བཅོམ་ལྡན་འདས་ལ་གོས་ཀྱི་བླ་རེ་བྲེས། གྱད་རྣམས་དང་། གྱད་གཞོན་ནུ་དག་གིས་ནི་བཅོམ་ལྡན་འདས་ཀྱི་ཁྱོགས་བཏེག་སྟེ། ཁྱོགས་བཏེག་མ་ཐག་ཏུ་བར་སྣང་ལ་གནས་པའི་ལྷ་དག་གིས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། པད་མ་དཀར་པོ་དང་། ཀུ་མུ་ད་དང་། ཨ་ག་རུའི་ཕྱེ་མ་དང་། ཏ་མ་ལའི་ཕྱེ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བ་ལ་སོགས་པ་དག་གིས་ནི་གཏོར། ལྷའི་རོལ་མོའི་སྒྲ་དག་ནི་བླངས། གོས་མང་པོ་དག་ནི་བོར་རོ། །གཞན་ཡང་གྲོང་ཁྱེར་རྩྭ་ཅན་གྱི་གྱད་གཙོ་བོ་གཙོ་བོ་དག་གིས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་གནས་འཇོག་དག་བདག་ཅག་གི་མིའི་རོལ་མོའི་ཆ་སྤྱད་དག་བོར་ལ། བདག་ཅག་གིས་ལྷའི་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པ་བྱས་ལ། གྲོང་ཁྱེར་རྩྭ་ཅན་གྱི་ནུབ་ཕྱོགས་ཀྱི་སྒོ་ནས་གྲོང་ཁྱེར་རྩྭ་ཅན་གྱི་ཤར་སྒོར་བྱུང་ལ། ཆུ་བོ་དབྱིག་ལྡན་རྒལ་ནས་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ལ་ཞུགས་ལ་བཞེན་པར་བྱའོ་ཞེས་སྨྲས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་རྩ་དྲུག་པ། དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་མིའི་རོལ་མོའི་ཆ་སྤྱད་དག་བོར་ཏེ། ལྷའི་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་


DKG011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་ནུབ་སྒོ་ནས་དབུས་ཐོག་ཐག་ཏུ་ཞུགས་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་ཤར་སྒོར་བྱུང་ནས་ཆུ་བོ་དབྱིག་ལྡན་བརྒལ་ཏེ། གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ལོ། །དེའི་ཚེ་གྲོང་ཁྱེར་རྩྭ་ཅན་དུ་ལྷའི་མེ་ཏོག་མན་དཱ་ར་བ་མང་པོ་པུས་མོ་ནུབ་ཙམ་དུ་བབ་པར་གྱུར་ཏོ། །དེའི་ཚེ་འཚོ་བ་ཅན་གཞན་ཞིག་གིས་ལྷའི་མེ་ཏོག་མན་དཱ་ར་བ་དེ་ལས་མང་དུ་བླངས་ཏེ་ཡུལ་སྡིག་པ་ཅན་དུ་བྱ་བ་ཞིག་གི་ཆེད་དུ་སོང་ བ་དང་། དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་ཆས་ཏེ། ཡུལ་སྡིག་པ་ཅན་གྱི་བར་ནས་གྲོང་ཁྱེར་རྩྭ་ཅན་གྱི་བར་དུ་ལམ་དུ་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གདུང་མ་ཉམས་པ་ལ་ཕྱག་འཚལ་བར་འདོད་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འཚོ་བ་ཅན་དེ་ལམ་ཀར་མཐོང་ངོ་། །མཐོང་ནས་འཚོ་བ་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འཚོ་བ་ཅན་ཁྱོད་གང་ནས་འདིར་འོངས། གང་དུ་འགྲོ། བཙུན་པ་འོད་སྲུང་ཆེན་པོ་བདག་ནི་གྲོང་ཁྱེར་རྩྭ་ཅན་ནས་འདིར་མཆིས་ཏེ། བགྱི་བ་ཞིག་གི་ཆེད་ལ་ཡུལ་སྡིག་པ་ཅན་དུ་མཆིའོ། །ཚེ་དང་ལྡན་པ་འཚོ་བ་ཅན་ཁྱོད་ཀྱིས་ངའི་སྟོན་པ་ཤེས་སམ། འཕགས་པ་འཚལ་ལགས་ཏེ། དགེ་སློང་གཽ་ཏ་མ་ལགས་སོ། །འཕགས་པ་འོད་སྲུང་ཆེན་པོ་སྟོན་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དེང་དུ་དགུང་བདུན་ལོན་ལགས་ཏེ། དེའི་སྐུ་གདུང་ལ་མཆོད་པ་བགྱིས་པའི་ལྷའི་མེ་ཏོག་མན་དཱ་ར་བ་བདག་གིས་བླངས་པ་འདི་ལགས་སོ། །དེའི་ཚེ་རྒན་ཞུགས་གཞན་ཞིག་ཚུལ་མ་ཡིན་པའི་ཚིག་འདི་སྐད་དུ་སྨྲ་སྟེ། འདི་ལྟར་བདག་ནི་འགྱོད་པ་དང་རྒན་ཞུགས་ཀྱིས་འདི་ལྟར་ཀྱེ་དགེ་སློང་དག་འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་པའོ་ཞེས་སྨྲ་བ་ལས་ཐར་བར་གྱུར་ཏེ། ད་ནི་བདག་ཅག་གིས་གང་ནུས་པ་དེ་ནི་བྱ། གང་མི་ནུས་པ་དེ་ནི་མི་བྱའོ་ཞེས་དེ་སྐད་དུ་མི་རིགས་པར་སྨྲ་བ་དང་། བར་སྣང་ལ་གནས་པའི་ལྷ་དག་གིས་བསྒྲིབས་ཏེ། ཇི་ལྟར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མ་


DKG011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་དགེ་སློང་གི་འཁོར་དེ་གཅིག་གིས་ཀྱང་ཐོས་པར་མ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚུལ་མ་ཡིན་པའི་ཚིག་དེ་ལྟ་བུ་སྨྲ་བ་གདུལ་བའི་དོན་དུ་ལམ་ལས་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་གོ །འདུག་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན་ཡིན་ཏེ། ཇི་སྲིད་དུ་འདི་ལྟར་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་དབྱུང་བར་བྱ། རྣམ་པར་གྲོལ་བར་ བྱའོ། །ཀྱེ་ཚེ་དང་ལྡན་པ་དག་བདག་ནི་བཅོམ་ལྡན་འདས་ཀྱི་སྐུ་གདུང་མ་ཉམས་པ་བལྟ་བར་རིངས་པར་འགྲོའོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་ཤིང་བལ་གྱི་འདའ་བས་དཀྲིས། ཤིང་བལ་གྱི་འདའ་བས་དཀྲིས་ནས། རས་ཟུང་ལྔ་བརྒྱས་དཀྲིས་སོ། །རས་ཟུང་ལྔ་བརྒྱས་དཀྲིས་ནས། ལྕགས་ཀྱི་སྒྲོམ་དུ་བཅུག་སྟེ་འབྲུ་མར་གྱིས་བཀང་ངོ་། །ལྕགས་ཀྱི་སྒྲོམ་དུ་བཅུག་སྟེ་འབྲུ་མར་གྱིས་བཀང་ནས། སྟེང་ནས་ལྕགས་ཀྱི་ཁ་གབ་གཉིས་ཀྱིས་བཀབ་སྟེ། དྲི་ཞིམ་པོའི་ཤིང་ཐམས་ཅད་སྤུངས་ནས་ཞུགས་ལ་བཞེན་པར་འདོད་ན་མེ་སྤར་བར་མ་ནུས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ཞུགས་ལ་བཞེན་པར་མ་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱིས་བསམས་པ་ཡིན་ནོ། །ཚེ་དང་ལྡན་པ་མ་འགགས་པ་ལྷ་རྣམས་ཀྱིས་ཇི་ལྟར་བསམས། འདི་ལྟར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་ཆས་ཏེ་ཡུལ་སྡིག་པ་ཅན་གྱི་བར་ནས་གྲོང་ཁྱེར་རྩྭ་ཅན་གྱི་བར་དུ་ལམ་དུ་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གདུང་མ་ཉམས་པ་ལ་ཕྱག་འཚལ་བར་འདོང་བ་ཡིན་ནོ། །ཚེ་དང་ལྡན་པ་མ་འགགས་པ་ཇི་ལྟར་ལྷ་རྣམས་ཀྱིས་བསམས་པ་དེ་བཞིན་དུ་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གྲོང་ཁྱེར་རྩྭ་


DKG011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་གནས་འཇོག་དག་ཉོན་ཅིག །བཅོམ་ལྡན་འདས་ཀྱི་སྐུ་གདུང་ཞུགས་ལ་བཞེན་པར་མ་ནུས་པ་དེ་ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱིས་བསམས་པ་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལྷ་རྣམས་ཀྱིས་ཇི་ལྟར་བསམས་ལགས། དེ་ནི་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་ཆས་ཏེ་ཡུལ་སྡིག་པ་ཅན་གྱི་བར་ནས་གྲོང་ ཁྱེར་རྩྭ་ཅན་གྱི་བར་དུ་ལམ་དུ་ཞུགས་ཏེ་བཅོམ་ལྡན་འདས་ཀྱི་སྐུ་གདུང་མ་ཉམས་པ་ལ་ཕྱག་འཚལ་བར་འདོང་བ་ཡིན་ནོ། །དེ་དག་གིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཇི་ལྟར་ལྷ་རྣམས་ཀྱིས་བསམས་པ་དེ་བཞིན་དུ་བགྱིའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་གྲོང་ཁྱེར་རྩྭ་ཅན་དུ་ཕྱིན་པ་དང་། འཁོར་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་ཆ་སྤྱད་དག་ཐོགས་ཏེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་སོང་ངོ་། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་བརྒྱ་ཕྲག་དུ་མ་དང་། འཁོར་སྟོང་ཕྲག་དུ་མ་དང་། འཁོར་བརྒྱ་སྟོང་ཕྲག་དུ་མ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དྲི་ཞིམ་པོའི་ཤིང་ཐམས་ཅད་བསལ་ཏོ། །དྲི་ཞིམ་པོའི་ཤིང་ཐམས་ཅད་བསལ་ནས་ལྕགས་ཀྱི་སྒྲོམ་ཁ་ཕྱེའོ། །ལྕགས་ཀྱི་སྒྲོམ་ཁ་ཕྱེ་ནས་རས་ཟུང་ལྔ་བརྒྱ་བཤུས་སོ། །རས་ཟུང་ལྔ་བརྒྱ་བཤུས་ནས་ཤིང་བལ་གྱི་འདའ་བ་ཡང་བཤུས་སོ། །ཤིང་བལ་གྱི་འདའ་བ་བཤུས་ནས་བཅོམ་ལྡན་འདས་ཀྱི་སྐུ་གདུང་མ་ཉམས་པ་ལ་ཕྱག་བྱས་སོ། །དེའི་ཚེ་ན་ས་ཆེན་པོ་འདིའི་སྟེང་ན་ཉན་ཐོས་ཆེན་པོ་བཞི་ཡོད་དེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་དང་། ཚེ་དང་ལྡན་པ་སྟོབས་བཅུ་འོད་སྲུང་དང་། ཚེ་


DKG011_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་འོད་སྲུང་ཆེན་པོའོ། །དེ་དག་གི་ནང་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡེ་ཤེས་དང་ལྡན་པ། བསོད་ནམས་ཆེ་བ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་དག་རྙེད་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱའོ་སྙམ་དུ་སྤྲོ་བ་བསྐྱེད་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཤིང་བལ་གྱི་འདའ་བ་གཞན་དག་སྟ་གོན་བྱས་ཏེ། ཤིང་བལ་གྱི་འདའ་བ་གཞན་དག་སྟ་གོན་ བྱས་ནས། གཞན་ཡང་རས་ཟུང་ལྔ་བརྒྱ་སྟ་གོན་བྱས་སོ། །རས་ཟུང་ལྔ་བརྒྱ་གཞན་དག་སྟ་གོན་བྱས་ནས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་ཤིང་བལ་གྱི་འདའ་བས་དཀྲིས་སོ། །ཤིང་བལ་གྱི་ཟླ་བས་དཀྲིས་ནས་རས་ཟུང་ལྔ་བརྒྱས་དཀྲིས་སོ། །རས་ཟུང་ལྔ་བརྒྱས་དཀྲིས་ནས། ལྕགས་ཀྱི་སྒྲོམ་དུ་བཅུག་སྟེ་འབྲུ་མར་གྱིས་བཀང་ངོ་། །ལྕགས་ཀྱི་སྒྲོམ་དུ་བཅུག་སྟེ་འབྲུ་མར་གྱིས་བཀང་ནས་སྟེང་དུ་ལྕགས་ཀྱི་ཁ་གབ་གཉིས་ཀྱིས་བཀབ་སྟེ་ཤིང་དྲི་ཞིམ་པོ་ཐམས་ཅད་སྤུངས་སོ། །སྤུངས་ནས་ཕྱོགས་གཅིག་ཏུ་སོང་བ་དང་། ཇི་ལྟར་དེ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་དེ་རང་འབར་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྐུ་གདུང་སྤུངས་པ་དེ་དག་ལ་བསྐོར་བ་བྱས་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། རྣམ་པར་འདྲེན་པ་རིན་ཆེན་སྐུ་མངའ་བ། །རྫུ་འཕྲུལ་ཆེན་པོ་ཚངས་པའི་འཇིག་རྟེན་གཤེགས། །སངས་རྒྱས་སྐུ་ལ་རས་ཟུང་ལྔ་བརྒྱ་དང་། །ཆོས་གོས་སྟོང་སྙེད་ཀུན་དུ་དཀྲིས་གྱུར་པ། །ཉིད་ཀྱི་གཟི་བརྗིད་ཀྱིས་ནི་སྐུ་གདུང་དང་། །ཀུན་དུ་དཀྲིས་པ་རབ་ཏུ་ཚིག་པར་གྱུར། །དེ་ལ་ཆོས་གོས་གཉིས་ནི་མ་ཚིག་པ། །ནང་རིམ་དང་ནི་ཕྱི་རིམ་འདི་རྣམ་གཉིས། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་མེ་དེ་དག་འོ་མས་བསད་པ་དང་། དེ་ནས་འོ་མ་ལས་ཤིང་བཞི་སྐྱེས་པར་གྱུར་ཏེ། འདི་ལྟ་སྟེ། གསེར་ཅན་དང་། སེར་


DKG011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་དང་། རྟ་དོན་དང་། ཨུ་དུམ་བཱ་ར་ཞེས་བྱ་བ་ཡིན་ནོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་དེའི་སྐུ་གདུང་གསེར་གྱི་བུམ་པའི་ནང་དུ་བཅུག་སྟེ། གསེར་ལས་བྱས་པའི་ཁྱོགས་ཀྱི་སྟེང་དུ་བཞག་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཕྱིན་ནས། དེར་གྲོང་ཁྱེར་མཆོག་གི་དབུས་སུ་བཞུགས་སུ་གསོལ་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ། །དེ་ནས་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ཀྱིས་གྲོང་ཁྱེར་རྩྭ་ཅན་དུ་བཅོམ་ལྡན་འདས་ ཡོངས་སུ་མྱ་ངན་ལས་འདས་ནས་དེང་དུ་ཞག་བདུན་ལོན་ནས་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱེད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་དག་ཉོན་ཅིག །བཅོམ་ལྡན་འདས་ནི་ངེད་ལ་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་ཡིན་ཏེ། དེ་ཁྱེད་ཀྱི་གྲོང་ཁྱེར་གྱི་ཉེན་ཀོར་དུ་རྟེན་པ་ལས་ཡོངས་སུ་མྱ་ངན་ལས་འདས་ན། བཅོམ་ལྡན་འདས་དེའི་སྐུ་གདུང་ཤ་རི་རམ་གྱི་སྐལ་བ་དེ་ངེད་ལ་བྱིན་ཅིག་དང་། དེ་ངེད་ཀྱིས་ཡུལ་སྡིག་པ་ཅན་དུ་བཅོམ་ལྡན་འདས་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་གཟུགས་ཤིང་། དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་སྟེ། མཆོད་པ་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ། །གནས་འཇོག་དག་བཅོམ་ལྡན་འདས་དེ་ནི་ངེད་ལ་ཡང་ཕངས་ཤིང་སྡུག་པ་ཡིན་ལ།


DKG011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་ཀྱི་གྲོང་གི་ཉེན་ཀོར་དུ་རྟེན་པ་ལས་འདས་པར་གྱུར་པས་བཅོམ་ལྡན་འདས་དེའི་སྐུ་གདུང་ཤ་རི་རམ་གྱི་སྐལ་བ་ངེད་ཀྱིས་སྦྱིན་པར་མི་བྱའོ། །གལ་ཏེ་བྱིན་ན་དེ་ལྟ་ན་ནི་ལེགས། ཇི་སྟེ་མ་བྱིན་པར་གྱུར་ན་དམག་གིས་དབྲོག་གོ །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་དེ་བཞིན་དུ་བྱའོ་ཞེས་མཉན་ཏོ། །ཡུལ་རྟོག་པ་གཡོ་བ་ན་གནས་པའི་རྒྱལ་རིགས་བུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ན་གནས་པའི་རྒྱལ་རིགས་ཀྲོད་ཊྱ་དང་། ཁྱབ་འཇུག་གླིང་ན་གནས་པའི་བྲམ་ཟེ་དང་། གྲོང་ཁྱེར་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤཱཀྱ་དང་། ཡུལ་ཡངས་པ་ཅན་ན་གནས་པའི་རྒྱལ་རིགས་ལིཙྪ་བཱི་རྣམས་ཀྱིས་ཀྱང་ཐོས། ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་མ་སྐྱེས་དགྲས་ཀྱང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཏེ། ཡུལ་སྡིག་པ་ཅན་གྱི་གྱད་རྣམས་དང་། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོད་ཊྱ་དང་། ཁྱབ་འཇུག་གླིང་གི་བྲམ་ཟེ་དང་། ཡུལ་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤཱཀྱ་དང་། ཡུལ་ཡངས་པ་ཅན་གྱི་རྒྱལ་རིགས་ལིཙྪ་བཱི་རྣམས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གྲོང་ཁྱེར་རྩྭ་ཅན་དུ་སྐུ་གདུང་ལ་མཆོད་པ་བྱེད་ཅིང་དེར་སྐུ་གདུང་གི་སྐལ་བ་ལེན་དུ་སོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །དབྱར་བྱེད་ངས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་སྡིག་པ་ཅན་གྱི་གྱད་རྣམས་དང་། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོད་ཊྱ་དང་། ཁྱབ་འཇུག་གླིང་གི་བྲམ་ཟེ་དང་། ཡུལ་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤཱཀྱ་དང་། ཡུལ་ཡངས་པ་ཅན་གྱི་རྒྱལ་རིགས་ལིཙྪ་བཱི་རྣམས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གྲོང་ཁྱེར་རྩྭ་ཅན་དུ་སྐུ་གདུང་ལ་མཆོད་པ་བྱེད་ཅིང་དེར་སྐུ་གདུང་གི་སྐལ་བ་ལེན་དུ་སོང་ངོ་ཞེས་ཐོས་ན། ཁྱོད་


DKG011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེས་སམ། དེ་བས་ན་བདག་ཅག་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་སྐལ་བ་བླང་བར་བྱའོ། །དེས་ལྷ་དེ་བཞིན་དུ་གོ་བསྐོན་པར་བགྱིའོ་ཞེས་སྨྲས་ནས། དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། རྒྱལ་པོ་མ་སྐྱེས་དགྲ་ཡང་གླང་པོ་ཆེ་ལ་ཞོན་པ་དང་། དེས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་བརྒྱལ་བར་གྱུར་ཏོ། །དེ་ནས་གླང་པོ་ཆེ་ལས་ཕབ་སྟེ་རྟ་ལ་བསྐྱོན་པ་དང་། དེར་ཡང་བརྒྱལ་བར་གྱུར་ཏེ། དེས་སྨྲས་པ། དབྱར་བྱེད་ངས་ནི་མི་ནུས་ཀྱིས། ཁྱོད་ཉིད་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། སོང་ལ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་ངའི་བཀས་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ནད་དྲིས་ལ་འདི་སྐད་ཅེས། ཤེས་ལྡན་དག་བཅོམ་ལྡན་འདས་དེ་ནི་ང་ལ་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་བླ་མར་གྱུར་པ་ཡིན་ཏེ། དེ་ཁྱེད་ཀྱི་གྲོང་གི་ཉེན་ཀོར་ དུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན། ཤེས་ལྡན་དག་བཅོམ་ལྡན་འདས་དེའི་སྐུ་གདུང་ཤ་རི་རམ་གྱི་སྐལ་བ་ང་ལ་བྱིན་ཅིག་དང་། དེས་ན་ང་རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་གཟུགས་ཤིང་། དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱའོ། །མཆོད་པ་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ་ཞེས་བསྒོ་ཤིག །ལྷ་དེ་བཞིན་དུ་བགྱིའོ་ཞེས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གྲོང་ཁྱེར་རྩྭ་ཅན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་


DKG011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དག་ཉོན་ཅིག །ཤེས་ལྡན་དག་ལ་ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ནད་འདྲི་ཞིང་། འདི་སྐད་ཅེས་ཤེས་ལྡན་དག་བཅོམ་ལྡན་འདས་དེ་ནི་ང་ལ་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་བླ་མར་གྱུར་པ་ཡིན་ཏེ་དེ་ཁྱེད་ཀྱི་གྲོང་གི་ཉེན་ཀོར་དུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་ཤེས་ལྡན་དག་བཅོམ་ལྡན་འདས་དེའི་སྐུ་གདུང་ཤ་རི་རམ་གྱི་སྐལ་བ་ང་ལ་བྱིན་ཅིག་དང་། དེས་ན་ང་རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་གཟུགས་ཤིང་། དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱའོ། །མཆོད་པ་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ་ཞེས་བཀའ་སྩལ་ཏོ། །དབྱར་བྱེད་བཅོམ་ལྡན་འདས་དེ་ནི་ངེད་ལ་ཡང་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་བླ་མར་གྱུར་པ་ཡིན་ཏེ། དེ་ངེད་ཀྱི་གྲོང་གི་ཉེན་ཀོར་དུ་ཡོངས་སུ་མྱ་ངན་ལས་འདས་པས་ངེད་ཀྱིས་དེའི་སྐུ་ གདུང་ཤ་རི་རམ་གྱི་སྐལ་བ་སྦྱིན་པར་མི་བྱའོ། །དེ་ནས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བྱིན་ན་དེ་ལྟ་ན་ནི་ལེགས། ཇི་སྟེ་མ་བྱིན་པར་གྱུར་ན་དམག་གིས་དབྲོག་པར་བྱའོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་དེ་བཞིན་དུ་བྱའོ་ཞེས་མཉན་ནས། དེ་དག་གིས་རྒྱལ་པོའི་འཁོར་མང་པོ་འདུས་པ་མཐོང་ནས་གྱད་ཀྱི་ཆུང་མ་དང་། གྱད་གཞོན་ནུ་དག་ཀྱང་མདའ་འཕོང་བསླབས་སོ། །ཇི་ཙམ་ན་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་དང་། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་པུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོད་ཊྱ་དང་། ཁྱབ་འཇུག་གླིང་གི་བྲམ་ཟེ་དང་། ཡུལ་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤཱཀྱ་དང་། ཡུལ་ཡངས་པ་ཅན་གྱི་རྒྱལ་རིགས་ལིཙྪ་བཱི་དང་། ཡུལ་མ་ག་དྷཱའི་སྣ་ཆེན་པོ་


DKG011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱི་དྲུང་དུ་དམག་བརྒལ་བའི་ཕྱིར་ལྷགས་སོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་གྱད་ཀྱི་ཆུང་མ་དང་། གྱད་གཞོན་ནུ་དག་གྲོང་ཁྱེར་གྱི་ཕྱིར་བཀོད་དེ་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཕ་རོལ་པོའི་དམག་གི་ཚོགས་བདུན་པོ་དག་གི་དྲུང་དུ་དམག་བརྒལ་བའི་ཕྱིར་བྱུང་ངོ་། །དེའི་ཚེ་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་འཁོར་འདུས་པ་དེ་ཉིད་དུ་འོངས་ཏེ། དེ་ནས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པས་ཕན་ཚུན་གཉིས་ཀ་ནས་གཡུལ་མང་པོ་བཤམས་པ་འཐབས་པར་གྱུར་ན་རིང་པོ་མི་ཐོགས་པར་གཅིག་ལ་གཅིག་འཆི་བར་འགྱུར་བར་རིག་ནས་གཡང་གཞི་བསྐོར་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ ཚོགས་ཤིང་འདུས་པ་ཤེས་ལྡན་དག་ཉོན་ཅིག །བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་པ། བཟོད་པའི་བསྔགས་པ་བརྗོད་པ་ཡིན་ནོ། །ཤེས་ལྡན་དག་བཅོམ་ལྡན་འདས་གཽ་ཏ་མ་དེ་བཟོད་པ་དང་ལྡན་ཞིང་བཟོད་པའི་བསྔགས་པ་བརྗོད་པ་ཡིན་ན་སྐུ་གདུང་གི་ཕྱིར་ཕན་ཚུན་གཅིག་ལ་གཅིག་གསོད་པར་བྱེད་པ་ནི་མི་རིགས་པས་ཁོ་བོས་བཅོམ་ལྡན་འདས་གཽ་ཏ་མ་དེའི་སྐུ་གདུང་ཆ་བརྒྱད་དུ་བགོ་བར་སྤྲོ་བར་བྱས། གང་གི་ཕྱིར་བུམ་པར་སྐུ་གདུང་བཅུག་པའི་བུམ་པ་དེ་ཁོ་བོ་ལ་བྱིན་ཅིག་དང་། དེས་ན་ཁོ་བོས་བྲེ་བོའི་གྲོང་ཁྱེར་དུ་བཅོམ་ལྡན་འདས་གཽ་ཏ་མ་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་གཟུགས་ཤིང་། དྲི་དང་། ཕྲེང་བ་དང་། བདུག་


DKG011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །མཆོད་པ་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ལ་དེ་བཞིན་དུ་བྱའོ་ཞེས་མཉན་ཏོ། །དེ་ནས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་དང། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་པུ་ལུ་ཀ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོད་ཊྱ་དང་། ཁྱབ་འཇུག་གླིང་གི་བྲམ་ཟེ་དང་། ཡུལ་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤཱཀྱ་དང་། ཡུལ་ཡངས་པ་ཅན་གྱི་རྒྱལ་རིགས་ལིཙྪ་བཱི་དང་། ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །དབྱར་བྱེད་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་ཞིང་བཟོད་པའི་བསྔགས་པ་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་གཽ་ཏ་མ་དེ་བཟོད་པ་དང་ལྡན་ཞིང་བཟོད་པའི་བསྔགས་པ་བརྗོད་པ་ཡིན་ན། ཤེས་ལྡན་དབྱར་བྱེད་ཁྱེད་སྐུ་གདུང་གི་ཕྱིར་ཕན་ཚུན་གཅིག་ལ་གཅིག་གསོད་པར་བྱེད་པ་ནི་མི་རིགས་པས་ཁོ་བོས་བཅོམ་ལྡན་འདས་གཽ་ཏ་མ་དེའི་སྐུ་གདུང་དེ་ཆ་བརྒྱད་དུ་བགོ་བར་སྤྲོ་བར་ བྱས། གང་གི་ཕྱིར་བུམ་པར་སྐུ་གདུང་བཅུག་པའི་བུམ་པ་དེ་ཁོ་བོ་ལ་བྱིན་ཅིག་དང་། དེས་ན་ཁོ་བོས་བྲེ་བོའི་གྲོང་ཁྱེར་དུ་བཅོམ་ལྡན་འདས་གཽ་ཏ་མ་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་གཟུགས་ཤིང་། དྲི་དང་། ཕྲེང་བ་དང་། བདུག་པ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །མཆོད་པར་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ། །ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་སོགས་པས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ལ་དེ་བཞིན་དུ་བྱའོ་ཞེས་མཉན་ཏོ། །དེ་ནས་བྲམ་ཟེའི་རིགས་བྲེ་བོ་དང་མཉམཔས་བཅོམ་


DKG011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ། ཆ་གཅིག་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན་ནོ། །དེས་ན་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། དུས་སྟོན་ཆེན་པོ་ཡང་བྱས་སོ། །ཆ་གཉིས་པ་ནི་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ལ། ཆ་གསུམ་པ་ནི། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ལ། ཆ་བཞི་པ་ནི་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོད་ཊྱ་ལ། ཆ་ལྔ་པ་ནི་ཁྱབ་འཇུག་གླིང་གི་བྲམ་ཟེ་ལ། ཆ་དྲུག་པ་ནི་ཡུལ་སེར་སྐྱ་ན་གནས་པའི་རྒྱལ་རིགས་ཤཱཀྱ་རྣམས་ལ། ཆ་བདུན་པ་ནི་ཡུལ་ཡངས་པ་ཅན་ན་གནས་པའི་རྒྱལ་རིགས་ལིཙྪ་བཱི་རྣམས་ལ། ཆ་བརྒྱད་པ་ནི་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་བྱིན་ཏེ། དེས་ན་ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། དུས་སྟོན་ཆེན་པོ་ཡང་བྱས་སོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་གང་གི་ཕྱིར་བུམ་པར་སྐུ་གདུང་བཅུག་པའི་བུམ་པ་དེ་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ལ་བྱིན་ནོ། །དེ་ནས་བྲམ་ཟེའི་རིགས་བྲེ་བོས་བྲེ་བོ་དང་མཉམ་པའི་གྲོང་ཁྱེར་དུ་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། དུས་སྟོན་ཆེན་པོ་ཡང་བྱས་སོ། །དེ་ནས་


DKG011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འཁོར་འདུས་པ་དེ་ཉིད་དུ་འོངས་ཏེ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་དག་ཉོན་ཅིག །བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་ཡུན་རིང་པོ་ནས་བདག་ལ་ཕངས་ཤིང་སྡུག་པ་ཡིན་ཏེ། དེ་ཁྱེད་ཀྱི་གྲོང་ཁྱེར་དུ་ཡོངས་སུ་མྱ་ངན་ལས་འདས་ན། ཤེས་ལྡན་དག་བཅོམ་ལྡན་འདས་དེའི་སྐུ་གདུང་ཞུགས་ལ་བཞེན་པའི་སོལ་བ་དེ་བདག་ལ་བྱིན་ཅིག་དང་། དེས་ན་བདག་གིས་ཡུལ་ནྱ་གྲོ་དྷ་ཅན་དུ་བཅོམ་ལྡན་འདས་གཽ་ཏ་མ་དེའི་སོལ་བའི་མཆོད་རྟེན་བརྩིགས་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ཤིང་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟི་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །མཆོད་པ་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་ལ་སྐུ་གདུང་གི་སོལ་བ་བྱིན་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷས་ཡུལ་ནྱ་གྲོ་དྷ་ཅན་དུ་བཅོམ་ལྡན་འདས་ཀྱི་སོལ་བའི་མཆོད་རྟེན་བརྩིགས་ཏེ་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། དུས་སྟོན་ཆེན་པོ་ཡང་བྱས་སོ། །དེའི་ཚེ་འཛམ་བུའི་གླིང་དུ་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྒྱད་དང་། བུམ་པའི་མཆོད་རྟེན་དང་དགུ། སོལ་བའི་མཆོད་རྟེན་དང་བཅུར་གྱུར་ཏོ། །སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་བའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་


DKG011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུ་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །རབ་མཁྱེན་ཐུགས་རྗེས་ལྡན་པ་སྟོབས་མངའ་བ། །ཤཱཀ་འཁྲུངས་མ་ག་དྷཱར་ནི་བྱང་ཆུབ་སྟེ། །ཀ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། །གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་དགེ་སློང་བརྒྱད་ཁྲི་ཡོངས་སུ་མྱ་ངན་ལས་འདས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་དགེ་སློང་བདུན་ཁྲི་ཡོངས་སུ་མྱ་ངན་ལས་འདས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་དགེ་སློང་ཁྲི་བརྒྱད་སྟོང་ཡོངས་སུ་མྱ་ངན་ལས་འདས་ཏེ། ལྷའི་ཚེ་བསྐལ་པ་བརྒྱ་ཕྲག་མང་པོ་ཐུབ་པ་དག་ཅི་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་འདུལ་བ་དང་། མ་མོ་དག་མི་སྒྲོགས་སོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་ བུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་དགེ་སློང་བརྒྱད་ཁྲི་ཡོངས་སུ་མྱ་ངན་ལས་འདས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་དགེ་སློང་བདུན་ཁྲི་ཡོངས་སུ་མྱ་ངན་ལས་འདས་སོ། །ད་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ཡང་དགེ་སློང་ཁྲི་བརྒྱད་སྟོང་ཡོངས་སུ་མྱ་ངན་ལས་འདས་ཏེ། དགེ་སློང་དེ་སྙེད་


DKG011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཡོངས་སུ་མྱ་ངན་ལས་འདས་པས་ལྷའི་བུ་ཚེ་བསྐལ་པ་བརྒྱ་ཕྲག་མང་པོ་ཐུབ་པ་དག་ཅི་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་ནས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་། འདུལ་བ་དང་། མ་མོ་དག་མི་སྒྲོགས་སོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་པས་དེ་ལྟ་བས་ན་འདིར་ཤོག་ལ་འདུས་ཤིག །དགེ་སློང་དག་གིས་ལེགས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་སོ། །དགེ་འདུན་གྱི་དགེ་སྐོས་གང་ཡིན། ཚེ་དང་ལྡན་པ་གང་པོ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ་ཚུར་ཤོག །ཁྱོད་ཀྱིས་གཎྜཱི་རྡུངས་ལ་དགེ་སློང་གི་དགེ་འདུན་དག་སྡུས་ཤིག །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དེ་སྐད་བསྒོ་བ་དང་། ཚེ་དང་ལྡན་པ་གང་པོས་ཚེ་དང་ལྡན་པ་འོད་སྲུང་གི་ལྟར་མཉན་ནས་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས་ཇི་ཙམ་ཡེ་ཤེས་མཐོང་བ་ལ་ཞུགས་པ་དེ་ཙམ་དུ་རྣམ་པར་བལྟས་ནས། དེ་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་གཎྜཱི་བརྡུང་བར་བརྩམས་སོ། །དེས་གཎྜཱི་དེ་བརྡུངས་པ་དང་། གཅིག་མ་གཏོགས་པ་ཡུལ་ཐ་དད་ན་གནས་པའི་དགེ་སློང་གི་དགེ་འདུན་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། དགེ་སློང་འདུས་ཤིང་འདུག་པ་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་དགེ་སློང་གི་དགེ་འདུན་འདུས་པ་ལས་གང་དག་སུ་མ་འོངས་པ་རྟོགས་ཤིག །དགེ་སློང་དག་གིས་ཡུལ་ཐ་དད་པ་ན་གནས་པའི་དགེ་སློང་དག་ལ་ཕན་ཚུན་རྣམ་པར་བལྟས་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ། ཚེ་དང་ལྡན་པ་བ་ལང་བདག་མ་གཏོགས་པ་དགེ་སློང་མང་པོ་ཐམས་ཅད་འདུས་ཤིང་མཆིས་ལགས་སོ་ཞེས་ སྨྲས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་བ་ལང་བདག་ཤིང་ཤི་རི་ཤ་ཀའི་གཞལ་མེད་ཁང་སྟོང་པ་ན་འདུག་གོ །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ་ཚུར་ཤོག །ཚེ་དང་


DKG011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་བ་ལང་བདག་ག་ལ་བ་དེར་སོང་ལ་ཕྱིན་ནས། ཚེ་དང་ལྡན་པ་བ་ལང་བདག་ལ་འདི་སྐད་ཅེས་སྨྲོས་ཤིག །འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་འདི་སྐད་དུ་ནད་མེད་པར་གྱུར་ཅིག །དགེ་འདུན་གྱི་བྱ་བ་ཅུང་ཟད་ཅིག་ཡོད་པས་མྱུར་དུ་བོས་ཤིག་ཅེས་བྱོས་ཤིག །ཚེ་དང་ལྡན་པ་འོད་སྲུང་གིས་དེ་སྐད་སྨྲས་པ་དང་ཚེ་དང་ལྡན་པ་གང་པོས་ཚེ་དང་ལྡན་པ་འོད་སྲུང་ལས་མཉན་ནས་ཇི་ལྟར་སེམས་མཉམ་པར་བཞག་ན་གྲོང་ཁྱེར་རྩྭ་ཅན་ནས་མི་སྣང་ཞིང་། ཤིང་ཤི་རི་ཤ་ཀའི་གཞལ་མེད་ཁང་སྟོང་པ་ན་འདུག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཚེ་དང་ལྡན་པ་བ་ལང་བདག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་བ་ལང་བདག་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་བ་ལང་བདག་ལ་འདི་སྐད་ཅེས་སྨྲས་སོ། །འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཚེ་དང་ལྡན་པ་བ་ལང་བདག་ནད་མེད་པར་གྱུར་ཅིག །དགེ་འདུན་གྱི་བྱ་བ་ཅུང་ཟད་ཅིག་ཡོད་ཀྱིས་མྱུར་དུ་བོས་ཤིག་ཅེས་དེ་སྐད་ཟེར་རོ། །དེ་འདོད་ཆགས་དང་བྲལ་བ་ཡིན་ཡང་བྱམས་པའི་བག་ཆགས་ཀྱིས་བསྒོས་པས་ཚེ་དང་ལྡན་པ་གང་པོ་བཅོམ་ལྡན་འདས་གདུལ་བའི་དོན་དུ་འཇིག་རྟེན་གཞན་དུ་མ་གཤེགས་སམ། དགེ་སློང་གི་དགེ་འདུན་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་མི་འདྲུའམ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་མུ་སྟེགས་ཀྱིས་ཀུན་དུ་མ་བཟློག་གམ་དེ་དག་འདུས་ནས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལ་གནོད་པ་མ་བྱས་སམ། དེ་བཞིན་གཤེགས་པ་ཉི་མ་དང་འདྲ་བ་ལ་ཉོན་མོངས་པས་དཀྲིས་པའི་དབང་དུ་གྱུར་པ་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་དག་གིས་བརྙས་པར་མ་གྱུར་ཏམ། མ་རིག་པའི་མུན་པས་ཡོག་པའི་བློ་གྲོས་ཅན་དག་གིས་དགེ་འདུན་འདུས་པའི་དབྱེན་མ་བྱས་སམ། གང་དེ་བཞིན་གཤེགས་པས་གསུངས་པའི་ཆོས་དང་འདུལ་བ་ལ་ཆོས་དང་ འདྲ་བའི་ཚིག་དང་ཡི་གེ་དང་ལྟ་


DKG011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྲ་བ་མ་བྱུང་ངམ། ཚངས་པ་མཚུངས་པར་སྤྱོད་པ་དག་ཀློག་པ་དང་། འདོན་པ་དང་། ཡིད་ལ་བྱེད་པ་དག་ལས་བློ་བསྒྱུར་ནས་འདུས་ཤིང་བྲེ་མོའི་གཏམ་བྱེད་པར་མ་གྱུར་ཏམ། གང་ཐེ་ཚོམ་དང་། ཡིད་གཉིས་ལ་ཞུགས་པའི་སེམས་ཀྱིས་ཆོས་མ་ཡིན་པ་ལ་ནི་ཆོས་སུ་ཆོས་ལ་ནི་ཆོས་མ་ཡིན་པར་འདུལ་བ་མ་ཡིན་པ་ལ་ནི་འདུལ་བར། འདུལ་བ་ལ་ནི་འདུལ་བ་མ་ཡིན་པར་མ་བཤད་དམ། དགེ་སློང་དག་སེར་སྣའི་དྲི་མས་ཡོག་པས་ཚངས་པ་མཚུངས་པ་གློ་བུར་དུ་འོངས་པ་རྣམས་ལ་ཀུན་དུ་དགའ་བར་བྱ་བའི་ཆོས་དྲུག་ལ་སོགས་པ་མི་བྱེད་ཅིང་ཁྱད་དུ་གསོད་པར་མི་བྱེད་དམ། གང་རབ་ཏུ་བྱུང་བ་ངན་པ་དག་གིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་བསྟན་པ་ལ་མ་དད་པར་བྱས་ནས་མུ་སྟེགས་ཅན་ལ་རྟེན་པར་མ་གྱུར་ཏམ། གང་དག་ལོག་པར་འཚོ་བ་ཀུན་དུ་སྤྱོད་པ་ཞིང་རྨོ་བ་དང་། ཉོ་ཚོང་བྱེད་པ་དང་། རྒྱལ་པོ་ལ་རྟེན་ཅིང་འཚོ་བ་ལྟོས་པར་མ་གྱུར་ཏམ། གང་དག་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ནས་བས་མཐའི་གནས་མལ་དུ་བརྟེན་པ་ལས་སྦྱངས་པའི་ཡོན་ཏན་དེ་དག་བོར་བར་མ་གྱུར་ཏམ། དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཁས་འཆེས་ནས་ཚངས་པ་མཚུངས་པར་སྤྱོད་པ་འཁྲུག་པར་མི་བྱེད་དམ། དེ་ལྟ་མོད་ཀྱི་ཇོ་བོ་གང་པོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞེས་སྨྲས་པའི་རིགས་ན་འོད་སྲུང་ལ་སོགས་པ་ཞེས་སྨྲའམ། ཐུགས་རྗེ་ཆེན་པོ་ལ་གོམས་པར་གནས་པ་ཀུན་དུ་སྤྱོད་པ་ལ་ཞུགས་པའི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ལ་མ་ཞུགས་སམ། འགྲོ་བའི་རུ་སྐྱ་འཛིན་པ་མེད་པས་འཇིག་རྟེན་འཁྲུགས་པར་མ་གྱུར་ཏམ། སྟོབས་བཅུ་དང་ལྡན་པ་མི་རྟག་པའི་སྟོབས་ཀྱིས་ནོན་པར་མ་གྱུར་ཏམ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་བདག་ཅག་སད་པར་བྱེད་པའི་མགོན་པོ་མ་གཟིམས་སམ། སངས་རྒྱས་ཉིན་བྱེད་མ་ནུབ་བམ། ཐུབ་པའི་དབང་པོ་ཟླ་བ་སྒྲ་ཅན་གྱིས་བཅོམ་ནས་སྣང་བ་མེད་པར་མ་གྱུར་ཏམ། སུམ་བཅུ་རྩ་གསུམ་ན་དབང་ཕྱུག་དཔག་བསམ་གྱི་ཤིང་དྲི་ཞིམ་པོ་


DKG011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཡན་ ལག་གི་མེ་ཏོག་གིས་མཛེས་པར་བྱས་པ་དགེ་སྦྱོང་གི་འབྲས་བུ་བཟང་པོ་བཞི་དང་ལྡན་པ་མི་རྟག་པའི་གླང་པོ་ཆེ་སྨྱོན་པས་མ་བཅོམ་མམ། ཡེ་ཤེས་ཀྱི་སྒྲོན་མ་མི་རྟག་པའི་རླུང་གིས་བདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་སམ་ཞེས་སྨྲས་སོ། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་གང་པོས་ཚིགས་སུ་བཅད་དེ་སྨྲས་པ། བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། །ཁྱོད་ལ་སྡོད་ཅིང་དེ་བརྩོན་བྱེད། །གྲུ་ཆེན་རྒྱལ་བ་དེ་ཞིག་སྟེ། །ཡེ་ཤེས་རི་ཡང་རྣམ་པར་རྙིལ། །བསྟན་པ་རབ་མཆོག་ལྡན་པ་ཡི། །དགེ་སློང་མང་པོ་རྣམ་པར་ཞི། །གྱི་ན་མ་ལགས་ལེགས་པར་ནི། །བདག་ནི་ཕོ་ཉར་འདིར་འོངས་ན། །བསྟན་པ་གནས་པར་བྱ་བའི་ཕྱིར། །དེ་བས་ཁྱོད་ནི་ངེས་པར་བཞུད། །དེ་ནས་ཚེ་དང་ལྡན་པ་བ་ལང་བདག་གིས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ་ཆོག་གིས་དེ་སྐད་མ་སྨྲ་ཤིག །འགྲོ་བའི་དུས་མ་ཡིན་ནོ། །འོན་ཀྱང་ཇོ་ཅོ་གང་པོ། འགྲོ་བའི་སྒྲོན་མ་མགོན་པོ་བཞུགས་ན་དེར། །བདག་ནི་འགྲོ་བར་བྱ་བའི་བློ་ཡོད་ཀྱང་། །དེ་ནས་ཕ་རོལ་རབ་ཞི་གཤེགས་གྱུར་ན། །བློ་ལྡན་གང་ཞིག་འཇིག་རྟེན་དེ་དག་འགྲོ། །ལྷུང་བཟེད་ཆོས་གོས་རྣམ་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོས། །བདག་གིས་བསམས་པ་འཕགས་པ་བཟོད་པར་གསོལ། །དེ་ནས་ཚེ་དང་ལྡན་པ་བ་ལང་བདག་གིས་སྤར་བ་དང་། དྲོ་བ་དང་། ཆར་དབབ་པ་དང་། གསལ་བ་མཆོག་དག་གི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེའི་ལུས་རང་ལས་བྱུང་བའི་མེའི་ཁམས་ཀྱིས་རྣམ་པར་ཚིག་སྟེ་དེ་ལས་ཆུའི་རྒྱུན་རྣམ་པ་བཞི་བབ་པོ། །ཆུའི་རྒྱུན་གཅིག་ལས་སྒྲ་བསྒྲགས་པའི་དབྱངས་ཀྱི་རྗེས་སུ་བསྟན་པ། ད་ལྟར་དུས་རྣམས་ངན་གྱུར་ཏེ། །སེམས་ཅན་རང་གི་ལས་ལ་བརྟེན། །འགྲོ་བའི་སྒྲོན་མ་དེ་འདས་པས། །ཐམས་ཅད་འགྲོ་བར་འཇུག་པར་རྟོགས། །གཉིས་པས་སྨྲས་པ། འདུས་བྱས་བསགས་པ་


DKG011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་འཇིག་འགྱུར་ཏེ། །སྐྱེ་ལ་སོགས་པ་སྡུག་བསྔལ་ཉོན་མོངས་ལྡན། །སོ་སོའི་སྐྱེ་བོ་བདག་ཏུ་ང་རྒྱལ་ཏེ། ། དེ་དག་བྱེད་པ་མེད་པར་རིག་པར་བྱེད། །གསུམ་པས་སྨྲས་པ། མཁས་པ་རྟག་ཏུ་དོགས་པས་བག་ཡོད་ཅིང་། །བསོད་ནམས་ཡིད་ལ་བྱ་བ་དེ་བརྩོན་བྱ། །འབྱུང་པོའི་ཚོགས་ཀུན་སོང་ཞིང་འཇིག་འགྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་གྱུར། །བཞི་པས་སྨྲས་པ། ཐུབ་པ་དེ་ལ་སློབ་མཆོག་ཡང་དག་བཏུད། །རང་གི་དགོས་པ་མ་ལུས་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དད་པས་བླ་མ་དེའི། །ཕྱི་བཞིན་བ་ལང་བདག་ཀྱང་དེ་ལྟར་སོང་། །དེ་ནས་ཚེ་དང་ལྡན་པ་གང་པོས་ཚེ་དང་ལྡན་པ་བ་ལང་བདག་གི་རུས་པ་ལ་རུས་པའི་མཆོད་པ་བྱས་ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཇི་ལྟར་སེམས་མཉམ་པར་གཞག་ན་ཤིང་ཤི་རི་ཤ་ཀའི་གཞལ་མེད་ཁང་ནས་མི་སྣང་ཞིང་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཉེ་བར་རྟེན་པ་དང་། ཤིང་སཱ་ལ་ཟུང་གི་ཚལ་དུ་གནས་པར་བྱ་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་གང་པོ་འོད་སྲུང་ལ་སོགས་པ་དགེ་སློང་ལྔ་བརྒྱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཇི་ལྟར་རྒན་རིམས་ལ་ཕྱག་འཚལ་ཏེ་ལྷུང་བཟེད་དང་ཆོས་གོས་རྒན་པ་ལ་བྱིན་ནས་འདི་སྐད་ཅེས་སྨྲས་སོ། །མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱིས་རབ་ཏུ་ཞི་བར་སོང་། །དེ་ཡི་ལྷུང་བཟེད་ཆོས་གོས་འདི་ཡིན་ཏེ། །དེས་བསམས་དགེ་འདུན་དག་ལ་བཟོད་པར་གསོལ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཚངས་པ་མཚུངས་པར་སྤྱོད་པ་དག་ཉོན་ཅིག །ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགོས་པའི་དོན་བྱ་ཞིང་། །དབང་ཆེན་ཚོགས་ནས་དེ་སྲིད་བགྲོ་བར་བྱ། །དེ་ནས་ཡང་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་དེ་དག་བརྟན་པར་བྱ་བའི་ཕྱིར་སྨྲས་པ། ཇི་ལྟར་བསོད་ནམས་ལས་ཀྱིས་ཞི་གྱུར་པ། །ཤི་རི་ཤ་ཀའི་སེམས་མཆོག་བ་ལང་བདག །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོས་ཕྱིར་ཚོགས་ནས་བློ་གྲོས་བྱ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་


DKG011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་དགེ་སློང་ལྔ་བརྒྱ་པོ་དེ་དག་ལ་ཁྲིམས་སུ་བཅས་ནས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཇི་སྐད་སྨྲ་བ་གསོན་ཅིག །ཇི་ལྟར་བདག་ཅག་གིས་ཆོས་ཀྱི་ཚུལ་ཇི་ ལྟ་བ་བཞིན་བཤད་དང་། དེ་བཞིན་གཤེགས་པ་དང་རྣམ་པར་བྲལ་བའི་སྡུག་བསྔལ་ཅན་གྱི་དགེ་སློང་ཕྱོགས་དང་ལྗོངས་གང་དང་གང་ན་གནས་པ་དེ་དང་དེ་དག་གིས་ཐོས་ནས་འདིར་འོངས་ཏེ། དེ་དག་གིས་བདག་གི་སེམས་གཡེང་བར་བྱེད་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱར་བྱང་ཆུབ་ཅིང་། གང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་བརྙེས་པ་དེར་ཆོས་ཀྱི་ཚུལ་བགྲོ་བར་བྱའོ། །དེ་ན་དགེ་སློང་གཅིག་གིས་ལེགས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་སོ། །གཞན་ཞིག་ཀྱང་ཚེ་དང་ལྡན་པ་ཅི་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདོང་ངམ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། ཚེ་དང་ལྡན་པ་ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་དང་ལྡན་པ་དེ་དགེ་སློང་གི་དགེ་འདུན་གྱི་འཚོ་བའི་ཡོ་བྱད་དང་། ཆོས་ཀྱི་ཚུལ་རབ་ཏུ་སྦྱོར་བར་བྱེད་ཅིང་ཞལ་ཏ་ཡང་བྱེད་པས་རྒྱལ་པོའི་ཁབ་ཏུ་འདོང་ངོ་། །དེ་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བགྱི་ན། དེ་ལྟ་ན་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་སློབ་པའི་བྱ་བ་དང་བཅས་པ་ཡང་ཡིན་ན། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་མཐའ་དག་གཏད་ན། དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། ཚེ་དང་ལྡན་པ་དག་གལ་ཏེ་དེ་ལྟ་ན་སློབ་པའི་བྱ་བ་དང་བཅས་པའི་དགེ་སློང་གཞན་འཁོད་པ་དེ་དག་ཀྱང་འཁྲུག་པར་འགྱུར་བས་དེ་ལ་ཐབས་ཀྱི་རྣམ་པ་ཞིག་བྱས་ལ། འདི་ཆུའི་ཞལ་ཏ་བར་བསྐོ་བའི་སྤྲོ་བས་བསྐོས་ལ་ལྷག་མ་ནི་བཟློག་པར་བགྱིའོ། །དེ་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བགྱིའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་དགེ་སློང་གི་དགེ་འདུན་གྱི་ཆུའི་ཞལ་ཏ་བར་སྤྲོའམ། དེས་སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྤྲོའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གསོལ་བ་དང་གཉིས་ཀྱི་


DKG011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱ་བར་བརྩམས་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་བཅོམ་ལྡན་འདས་ཀྱི་ཞལ་ཏ་བ། བཅོམ་ལྡན་འདས་ཀྱི་ཉེ་བ་ན་འདུག་ཅིང་། དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་མཐའ་དག་གཏད་ དེ། དེ་ལྟ་བས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་གྱི་ཆུའི་ཞལ་ཏ་བར་བསྐོ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཆུའི་ཞལ་ཏ་བར་བསྐོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་ཀུན་དགའ་བོ་ཆུའི་ཞལ་ལྟ་བ་ཆུ་འབྲིམ་པར་བསྐོ་སྟེ། དགེ་སློང་ཀུན་དགའ་བོ་ཆུའི་ཞལ་ཏ་བ་ཆུ་འབྲིམ་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོ་ནི་བཅོམ་ལྡན་འདས་ཀྱི་ཞལ་ཏ་བ། བཅོམ་ལྡན་འདས་ཀྱི་ཉེ་བ་ན་འདུག་ཅིང་། དེ་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་མཐའ་དག་གཏད་དེ། དེ་ལྟ་བས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་གྱིས་དགེ་འདུན་ལ་ཆུ་འབྲིམ་པར་བསྐོ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་ལ་ཆུ་འབྲིམ་ན། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་ལ་ཆུ་འབྲིམ་པར་བསྐོ་ཞིང་། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་ལ་ཆུ་འབྲིམ་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་ལ་ཆུ་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་རྩ་བདུན་པ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀུན་དགའ་བོ་ཁྱོད་ཚུར་ཤོག །དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཅི་དགའ་བར་ལྗོངས་རྒྱུས་ལ་རྒྱལ་པོའི་ཁབ་ཏུ་སོང་ཤིག །ང་ནི་ལམ་དྲང་པོ་ནས་འགྲོའོ། །བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་གི་དགེ་འདུན་དང་ཅི་དགའ་བར་ལྗོངས་རྒྱུ་ཞིང་སོང་ངོ་། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་སྔ་མ་བཞིན་ལམ་དྲང་པོ་ནས་རྒྱལ་པོའི་ཁབ་ཏུ་སོང་ངོ་། །ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་


DKG011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བུ་མ་སྐྱེས་དགྲའི་སྤྱོད་པ་ནི་གང་དུ་གླང་པོ་ཆེ་ལ་ཞོན་ཏེ། བཅོམ་ལྡན་འདས་མཐོང་ན་དེ་མ་ཐག་ཏུ་རང་ལྷུང་ནས། དེ་བཅོམ་ལྡན་འདས་ཀྱི་མཐུས་མཉམས་པར་ས་ལ་འཇོག་གོ །ཡུལ་མ་ ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མཐོང་སྟེ། མཐོང་ནས་བཅོམ་ལྡན་འདས་རྗེས་སུ་དྲན་ནས་དེ་བཞིན་དུ་རང་ས་ལ་ལྷུང་བ་དང་། དེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་རྫུ་འཕྲུལ་གྱིས་བཟུང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དག་ནི་རྟག་ཏུ་མཉམ་པར་བཞག་པ་ལགས་ལ། ཉན་ཐོས་དག་ནི་མཉམ་པར་མ་བཞག་པར་ཡེ་ཤེས་མཐོང་བ་མི་འཇུག་སྟེ། དེ་རེས་འགའ་ནི་དེ་བཞིན་དུ་མཉམ་པར་བཞག་ནས་གནས། རེས་འགའ་ནི་མཉམ་པར་མ་བཞག་པར་གནས་པས་ད་ཕྱིན་ཆད་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་མཐོང་ན་གླང་པོ་ཆེ་དང་རྟ་ལས་རང་ལྷུང་བར་མ་བྱེད་ཅིག་ཅེས་དེར་ཁྲིམས་བཅས་སོ། །དེས་སྨྲས་པ། འཕགས་པ་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །འཕགས་པ་འོན་ཀྱང་གང་གི་ཚེ་བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལ་བཀུར་སྟི་བགྱིད་ན། འདི་ལྟར་བཅོམ་ལྡན་འདས་ནི་ཡོངས་སུ་མྱ་ངན་ལས་འདས་ན། ད་བདག་གིས་གང་ཞིག་ལ་བཀུར་སྟི་བགྱི་ལགས། དེ་ལྟ་བས་ན་བདག་ལ་བཅོམ་ལྡན་འདས་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་གཏད་དོ་ཞེས་སྨྲས་ནས། བློན་པོ་ལ་ཤེས་ལྡན་འཕགས་པ་འོད་སྲུང་ཆེན་པོའི་དགོས་པ་ཐམས་ཅད་སྦྱོར་ཅིག་ཅེས་བསྒོའོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ནི་ཡུལ་མ་ག་དྷཱར་བྱང་ཆུབ་སྟེ། དེར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་བརྙེས་པ། དགེ་སློང་གི་དགེ་འདུན་རྣམས་ལམ་དུ་ཞུགས་ཏེ་ལྷའི་གནས་འདིར་ཆོས་ཀྱི་ཚུལ་བགྲོ་བར་འཚལ་ལགས་སོ། །དེས་སྨྲས་པ། འཕགས་པ་ལེགས་ཀྱིས་བདག་གིས་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་བསྟབས་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་པོ་རྣམས་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་བསྡུ་བར་བྱ་བའི་ཕྱིར་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་མ་སྐྱེས་


DKG011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དགྲས་དགྲ་བཅོམ་པ་ལྔ་བརྒྱ་རྒྱལ་པོའི་ཁབ་ཏུ་ཕྱིན་པར་ཐོས་སོ། །ཐོས་ནས་ཀྱང་ གྲོང་ཁྱེར་དག་བྱི་དོར་བྱས་ཏེ་ལམ་དག་བསྟན་ནས། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་བསུའོ། །དེ་ནས་སྐྱེས་བུ་བཟང་པོ་སྟོང་གིས་ཞབས་འབྲིང་བྱས་ནས་རབ་ཏུ་མཛེས་པར་བྱས་ཏེ། དགེ་སློང་གི་དགེ་འདུན་རྣམས་གྲོང་ཁྱེར་དུ་ཕྱིན་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དེ་ནས་རྒན་རིམས་ཀྱིས་འདུག་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཕྱོགས་གང་དུ་བགྲོ་བར་བགྱི། དེས་སྨྲས་པ། རྒྱལ་པོ་ཆེན་པོ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདིར་ཡང་དགེ་སློང་དག་དེ་བཞིན་གཤེགས་པ་དང་བྲལ་ཏེ་སྡུག་བསྔལ་སྐྱེས་པས་ཕྱོགས་དང་ལྗོངས་དང་གང་དང་གང་ན་གནས་པ་དེ་དང་དེ་དག་འདིར་མཆིས་ཏེ། དེས་བདག་ཅག་གི་སེམས་གཡེང་བའི་སྐྱོན་མཆིས་སོ། །བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཡང་དེ་བཞིན་དུ་ཉེས་དམིགས་མཆིས་ཏེ། ཤིང་ནྱ་གྲོ་དྷའི་ཕུག་འདི་ནི་རབ་ཏུ་དབེན་མོད་ཀྱི་འོན་ཀྱང་མལ་སྟན་མ་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ། འཕགས་པ་ཁྱོད་ཀྱིས་སེམས་སྐྱེད་ཅིག་དང་མལ་སྟན་མཆིས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། ཚེ་དང་ལྡན་པ་དག་རྒྱལ་པོ་ནི་འདི་སྐད་ཅེས། ཤིང་ནྱ་གྲོ་དྷའི་ཕུག་འདིར་འགྲོ་བར་བྱའོ་ཞེས་ཟེར་རོ། །དགྲ་བཅོམ་པ་ལྔ་བརྒྱ་པོ་རྣམས་ཀྱང་ཅང་མི་གསུང་བས་གནང་ངོ་། །རྒྱལ་པོས་སྨྲས་པ། འཕགས་པ་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཀྱང་བདག་ལ་མ་སྦྲན་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདས་སོ། །ཁྱོད་ཀྱིས་ཀྱང་མ་བརྟགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མ་མཛད་ཅིག །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཀྱང་དེ་བཞིན་དུ་གནང་ངོ་། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཇེ་དང་པོར་དབྱར་སྦྱོར་བ་རལ་བ་དང་། འདྲུམས་པ་དག་བཅོས་ནས། ཕྱིས་དབྱར་གནས་པར་ཁས་བླངས་ཏེ་ཆོས་བགྲོ་བར་བྱའོ་སྙམ་དུ་བསམས་ནས་དེས་དང་པོར་དབྱར་སྦྱོར་བ་རལ་བ་དང་། འདྲུམས་པ་དག་བཅོས་ནས་ཕྱིས་དབྱར་གནས་པར་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ལ་ཀུན་ཏུ་བལྟས་ནས་ཚེ་དང་ལྡན་པ་མ་འགགས་


DKG011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མ་འགགས་པ་ དགོངས་ཤིག །འཁོར་འདི་དེ་བཞིན་གཤེགས་པས་རབ་ཏུ་བསྔགས་པའི་ནང་ན་དགེ་སློང་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྲེད་པ་དང་བཅས་པ། ལེན་པ་དང་བཅས་པ་སློབ་པ་དག་ཡོད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ་རྣམ་པར་བརྟགས་ན། ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། སྲེད་པ་དང་བཅས། ལེན་པ་དང་བཅས་ཏེ་སློབ་པ་ཡིན་པར་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མཁྱེན་པར་མཛོད་ཅིག །དགེ་སློང་གི་དགེ་འདུན་རྣམས་ནི་སྙིང་པོ་མེད་པ་དང་བྲལ་བ། དག་པ། གཙང་བ། སྙིང་པོ་ཅན། བླ་ན་མེད་པ། བསོད་ནམས་ཀྱི་ཞིང་། འཇིག་རྟེན་གྱི་སྦྱིན་གནས་ཡིན་མོད་ཀྱི། ཚེ་དང་ལྡན་པ་ཀུན་དགའ་བོ་ནི་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། སྲེད་པ་དང་བཅས། ལེན་པ་དང་བཅས་པ་ཡིན་ཏེ་སློབ་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཅི་སྤྲོ་བ་བྱས་པས་གདུལ་བར་འགྱུར་རམ། འོན་ཏེ་སྤྱོ་བས་འདུལ་བར་འགྱུར་བ་རྣམ་པར་བརྟགས་ན། ཇི་ཙམ་སྤྱོས་ནས་འདུལ་བར་མཐོང་ནས་དེས་དེ་ལ་ངེད་ནི་འདུས་པའི་མཆོག་ཡིན་ལ། ཀུན་དགའ་བོ་ཁྱོད་དང་ངེད་ལྷན་ཅིག་ཆོས་བགྲོ་བར་མི་བྱས། ཁྱོད་ལོངས་ཤིག་ཅེས་སྨྲས་པ་དང་། དེ་གནད་དུ་ཕོག་པ་བཞིན་དུ་རབ་ཏུ་གཡོས་ནས་སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཆོག་གོ །བདག་གིས་ཚུལ་ཁྲིམས་ཉམས་པར་མ་བྱས། ལྟ་བ་ཉམས་པར་མ་བྱས། སྤྱོད་པ་ཉམས་པར་མ་བྱས། འཚོ་བ་ཉམས་པར་མ་བྱས་ཏེ། བདག་གིས་ཅུང་ཟད་ཀྱང་དགེ་འདུན་ལ་ཉེས་པ་མ་བྱས་མོད་ཀྱི། བཙུན་པ་འོད་སྲུང་ཆེན་པོ་བཟོད་པ་མཛོད་ཅིག །དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ཉེ་བ་ན་འདུག་འདུག་པས་ཚུལ་ཁྲིམས་ཉམས་པར་མ་བྱས་པ་ དང་། ལྟ་བ་ཉམས་པར་མ་


DKG011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང་། སྤྱོད་པ་ཉམས་པར་མ་བྱས་པ་དང་། འཚོ་བ་ཉམས་པར་མ་བྱས་པ་ལྟ་ངོ་མཚར་ཅི་ཆེ། ངས་དགེ་འདུན་ལ་ཉེས་པ་ཅུང་ཟད་ཀྱང་མ་བྱས་སོ་ཞེས་སྨྲ་བར་བྱེད་དམ། ལོངས་ལ་ཚུལ་ཤིང་ཟུང་ཤིག་དང་། ཁྱོད་ཀྱི་ཉེས་པ་བསྟན་པར་བྱའོ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལངས་སོ། །དེ་ལངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལན་གསུམ་དུ་གཡོས། རབ་ཏུ་གཡོས། ཀུན་དུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏེ། ནམ་མཁའ་ལ་གནས་པའི་ལྷ་དག་ངོ་མཚར་དུ་གྱུར་ནས་མིག་ཕྱེ་སྟེ་ཨ་ལ་ལ་ཞེས་སྨྲས་ནས། ཀྱེ་མ་འཕགས་པ་འོད་སྲུང་ཆེན་པོ་བདེན་པར་སྨྲ་བ། ཕན་པར་སྨྲ་བ་ཡིན་ན། ད་ལྟར་ཐུབ་པ་ལུས་འཕགས་ཀྱི་གནས་འདི་ན་འཕགས་པ་ཀུན་དགའ་བོ་ལ་རབ་ཏུ་དྲག་པས་སྤྱོ་བས་སྤྱོ་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ན་རེ་ངས་དགེ་འདུན་ལ་གནོད་པ་ཅི་ཡང་མ་བྱས་སོ་ཞེས་ཟེར་ན། ཇི་ལྟར་ཁྱོད་ཀྱིས་དགེ་འདུན་ལ་གནོད་པ་མ་བྱས་པ་ཡིན། བཅོམ་ལྡན་འདས་ནི་བུད་མེད་རྣམས་གནས་ངན་ལེན་ཀུན་ཏུ་སྤྱོད་པས་རབ་ཏུ་དབྱུང་བར་མི་བཞེད་ན་ཁྱོད་ཀྱིས་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བུད་མེད་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་ཏེ། དགེ་སློང་མའི་དངོས་པོ་འཐོབ་པར་འགྱུར་བ་ང་ལ་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་ཕྱུང་ན་འདི་ལྟར་ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་ཏེ། དཔེར་ན་འབྲས་སཱ་ལུ་ཕུན་སུམ་ཚོགས་པའི་ཞིང་ལ་སེར་བ་བབ་ན་འབྲས་སཱ་ལུ་གང་ཡིན་པ་དེ་ལྷག་ཅིང་མེད་པར་འགྱུར་བ་དེ་བཞིན་དུ་ཆོས་འདུལ་བ་འདི་ལ་བུད་མེད་རབ་ཏུ་ཕྱུང་ན་ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་རོ་ཞེས་མ་གསུངས་སམ། བཙུན་པ་འོད་སྲུང་ཆེན་པོ་ཆོག་གིས་བཟོད་པ་མཛོད་ཅིག །ངོ་ཚ་མེད་པ་དང་། འཛེམ་པ་མེད་པ་ནི་མ་ལགས་མོད་ཀྱིས། འོན་ཀྱང་བཅོམ་ལྡན་འདས་ཀྱི་སྲུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་དཀའ་བ་སྤྱད་དེ། གང་བཅོམ་ལྡན་འདས་ཀྱི་ ཡུམ་ནི་དུས་ལས་འདས་


DKG011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རང་གིས་ནུ་མ་བསྣུན་ནས་གསོས་ཤིང་བསྐྱེད་པ་དང་། གཞན་ཡང་སྔོན་གྱི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཁོར་བཞི་ཡོད་པ་དེ་བཞིན་དུ་གང་བཅོམ་ལྡན་འདས་འདི་ལ་ཡང་དེ་བཞིན་དུ་འགྱུར་རོ་སྙམ་པ་དང་། བདག་གིས་བྱས་པ་གཟོ་བ་དང་། ཉེ་དུ་དང་གཉེན་པས་བུད་མེད་རབ་ཏུ་དབྱུང་བར་གསོལ་བ་བགྱིས་ཏེ་དེ་གཅིག་པུ་ནོངས་པ་ནི་བཟོད་པ་གསོལ་ལོ། །ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བྱས་པ་གཟོ་བ་ནི་ཆོས་ཀྱི་སྐུ་ལ་གནོད་པ་བྱེད་པ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་བབ་པས་ལོ་སྟོང་ཚང་བར་གནས་པའི་ཡུན་ཐུང་ངུར་ལྷག་མ་ཙམ་དུ་བྱས་ན་ཇི་ལྟར་ཉེ་དུ་དང་གཉེན་གྱི་ཕྱིར་ཞེས་སྨྲ། གཉེན་གྱི་ཕྱིར་རབ་ཏུ་ཕྱུང་བ་ནི་ཚུལ་མ་ཡིན་ཞིང་ལེགས་པ་མ་ཡིན་ཏེ་ཉེས་པ་ཡིན་ནོ། །ཇི་ལྟར་སྔོན་གྱི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འཁོར་བཞི་ཡོད་པར་ངས་ཐོས་ཏེ། གང་བཅོམ་ལྡན་འདས་འདི་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་སྨྲ་བ་ཡང་དེ་སྔོན་གྱི་དུས་ན་མི་རྣམས་ནི་འདོད་པ་ཆུང་བ། ཉེས་པ་ཆུང་བ། འདོད་ཆགས་ཆུང་བ། ཞེ་སྡང་ཆུང་བ། གཏི་མུག་ཆུང་བ། ཀུན་ཏུ་སྦྱོར་བ་སྲབ་པ་ཡིན་ཏེ། དེ་དག་ནི་དེ་ལྟར་རིགས་ཀྱི་འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་མི་བཞེད་བཞིན་དུ་ཇི་ལྟ་ཇི་ལྟར་ཁྱོད་ཀྱིས་གསོལ་བ་བཏབ་པ་དེ་བཞིན་དུ་གྲུབ་པར་གྱུར་ཏོ། །དེ་བས་ན་འདི་ནི་ཉེས་པ་དང་པོ་ཡིན་ཏེ། ཚུལ་ཤིང་ཞོག་ཤིག །ཁྱོད་ལ་ཉེས་པ་གཞན་ཡང་ཡོད་དེ། གང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་གང་དང་གང་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ལ་བསྟེན་ཅིང་བསྒོམས་ཏེ་ལན་གྲངས་མང་དུ་བྱས་ན་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་པར་འགྱུར་རོ་ཞེས་གསུངས་ན། འདི་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་འཇིག་རྟེན་ལ་ཕན་པར་བགྱི་བའི་སླད་དུ་བསྐལ་པའི་བར་དུ་བཞུགས་སུ་གསོལ། བདེ་བར་གཤེགས་པ་བསྐལ་པ་བས་ལྷག་པར་བཞུགས་སུ་གསོལ་ཞེས་གསོལ་བ་མ་བཏབ་བོ། །དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་མེད་པ་དང་། འཛེམ་པ་མེད་པ་ནི་མ་ལགས་ མོད་ཀྱི། འོན་ཀྱང་བདག་དེའི་ཚེ་


DKG011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་སྡིག་ཅན་གྱིས་ཁྱབ་པར་གྱུར་ཏོ། །དེ་ལྟར་དེ་ཉིད་ཁྱོད་ཀྱི་ཉེས་པ་ཆེན་པོ་ཡིན་ཏེ། སྟོན་པ་ནི་དྲི་ང་བ་སྤངས་པ། བདུད་ཀྱི་སྟོབས་ཟིལ་གྱིས་གནོན་པ་ཡིན་ན། ཇི་ལྟར་ཁྱོད་བདུད་སྡིག་ཅན་གྱིས་ཁྱབ་པར་གྱུར། དེ་ལྟར་འདི་ནི་ཁྱོད་ཀྱི་ཉེས་པ་གཉིས་པ་ཡིན་ནོ། །གཞན་ཡང་ཁྱོད་ལ་ཉེས་པ་འདི་དག་ཡོད་དེ། བཅོམ་ལྡན་འདས་ཀྱིས་བཀའ་ཕབ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ལྟ་བུའི་ཞེས་བཀའ་སྩལ་ཏེ་གཞན་སྨྲས་པ་ན་ལན་གཞན་དུ་འདེབས་ཏེ། དེ་ལྟར་འདི་ཡང་ཁྱོད་ཀྱི་ཉེས་པ་གཞན་གསུམ་པ་ཡིན་ནོ། །གཞན་ཡང་ཁྱོད་ཀྱི་ཉེས་པ་འདི་དག་ཡོད་དེ། བཅོམ་ལྡན་འདས་ཀྱི་ན་བཟའ་གསེར་གྱི་ཁ་དོག་ཅན་ཕྲུགས་གཅིག་ལ་རྐང་པས་བརྫིས་སོ། །བཙུན་པ་འོད་སྲུང་ཆེན་པོ་བདག་དེས་ངོ་ཚ་མེད་པའམ། རབ་ཏུ་ངོ་ཚ་བ་ནི་མེད་པ་མ་ལགས་མོད་ཀྱི། དེའི་ཚེ་ན་གཡས་གཡོན་ནས་དགེ་སློང་གྲོགས་བྱེད་པ་མེད་དོ་ཞེས་སྨྲས་པ་དང་། དེས་ཁྱོད་ཀྱིས་ནམ་མཁའ་ལ་ཅི་ཉེས་ཏེ་མི་དོར། འོན་ཀྱང་ལྷ་རྣམས་ཀྱིས་གཟུང་བར་འགྱུར་ན་ཞེས་སྨྲ་སྟེ། འདི་ནི་ཁྱོད་ཀྱི་ཉེས་པ་བཞི་པའོ། །གཞན་ཡང་ཁྱོད་ཀྱི་ཉེས་པ་འདི་དག་ཡོད་དེ། བཅོམ་ལྡན་འདས་མྱ་ངན་འདའ་བར་ཞུགས་ཏེ། ཤིང་སཱ་ལ་ཟུང་གི་དྲུང་དུ་སྐྱེམས་པ་དང་། ཆུ་རྙོག་པ་ཅན་གསོལ་ཏོ། །བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་བ་མེད་པའམ། རབ་ཏུ་ངོ་ཚ་བ་མེད་པ་ནི་མ་ལགས་མོད་ཀྱི། དེའི་ཚེ་ན་ཤིང་རྟ་ལྔ་བརྒྱ་ཙམ་ཞིག་ཆུ་བོ་ཀ་ཀུས་སྟ་བརྒལ་བས་རྙོག་པ་ཅན་དུ་གྱུར་ཏོ། །དེའི་ཕྱིར་ཁྱོད་ཀྱིས་ཉེས་པ་ཡིན་མོད། དེ་ན་ཁྱོད་ཀྱིས་ལྷུང་བཟེད་ནམ་མཁའ་ལ་ཇི་སྟེ་མི་བཟུང་། ལྷ་དག་གིས་ཆུ་ཡན་ལག་བརྒྱད་དང་ལྡན་པ་དག་གིས་བཀང་བར་འགྱུར་བ་འདི་ཡང་ཁྱོད་ཀྱི་ཉེས་པ་ལྔ་པའོ། །གཞན་ཡང་ཁྱོད་ལ་ཉེས་པ་འདི་དག་ཡོད་དེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ངས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་དེའི་ཚེ་གང་གིས་ཚུལ་ཁྲིམས་ཕྲ་མོ་དང་། ཕྲན་ཚེགས་དག་འདོན་ན། དགེ་སློང་གི་དགེ་འདུན་གྱིས་ཕྱིར་ཀློད་ལ་བདེ་བའི་རེག་པ་ལ་གནོས་ཤིག་ཅེས་བྱུང་ན་དེའི་ཚེ་ཁྱོད་ཀྱིས་ཚུལ་ ཁྲིམས་བསླབ་པ་ཕྲ་མོ་དང་། ཕྲན་ཚེགས་གང་ལགས་ཞེས་མ་ཞུས་པའི་ཕྱིར་རོ། །དེ་འདིར་


DKG011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྨྲ་བ་ནི་ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་གྱི་ཆོས་དང་། མ་ངེས་པའི་ཆོས་གཉིས་དང་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་རྣམས་ལས་ལྷག་པ་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་རྣམས་སོ། །གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། སྔ་མ་བཞིན་དུ་སོ་སོར་བཤགས་པར་བྱ་བའི་ཆོས་བཞིའི་བར་དང་། དེ་བས་ལྷག་པ་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་རྣམས་སོ། །གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་རྣམས་ལྷག་པ་ནི་ཕྲ་མོ་དང་ཕྲན་ཚེགས་རྣམས་སོ། །གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་རྣམས་ལས་མ་གཏོགས་པ་ལྷག་པ་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་རྣམས་སོ། །གཞན་ཡང་འདི་སྐད་ཟེར་ཏེ། ཕས་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་ལས་ལྷག་པ་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་རྣམས་སོ་ཞེས་བྱའོ། །དེ་ལྟར་དགེ་སློང་གིས་ཁོང་དུ་ཆུད་པ་ནས་ཕས་ཕམ་པར་འགྱུར་བ་བཞི་ལ་གནས་ཤིང་། ཁ་ཅིག་ནི་དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་ལ་གནས་པ་མུ་སྟེགས་ཅན་གྱིས་སྐབས་རྙེད་དེ། དགེ་སློང་གཽ་ཏ་མའི་ཆོས་ནི་དུད་པ་བཞིན་དུ་གྱུར་ཏོ། །དགེ་སྦྱོང་གཽ་ཏ་མ་བཞུགས་པའི་ཚེ་ནི་ཉན་ཐོས་ཀྱི་བསླབ་པ་ཡང་དག་པར་སྡོམ་ཞིང་། ད་ལྟར་ནི་ཅི་དགའ་བར་སྤྱོད་ཅིང་ལྷོད་པར་གྱུར་ཏེ། འདོད་ན་ནི་དེ་བཞིན་དུ་བྱེད། མི་འདོད་ན་ནི་མི་བྱེད་དོ། །དེ་བས་ན་ཁྱོད་ཀྱིས་མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་པར་བྱ་ བའི་ཕྱིར་བཅོམ་ལྡན་འདས་ལ་མ་ཞུས་པ་ཉེས་སོ། །བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་བ་མེད་པའམ། རབ་ཏུ་ངོ་ཚ་བ་མེད་པ་ནི་མ་


DKG011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་མོད་ཀྱི། བདག་དེའི་ཚེ་ན་དེ་བཞིན་གཤེགས་པ་དང་བྲལ་བའི་མྱ་ངན་དྲན་པའི་སྡུག་བསྔལ་གྱིས་གཟིར་ཏོ། །དེ་ཡང་ཁྱོད་ཀྱི་ཉེས་པར་གྱུར་ཏེ། དེ་བཞིན་གཤེགས་པའི་ཞབས་འབྲིང་བྱེད་ལ། འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན་ན། ཁྱོད་ཀྱིས་མྱ་ངན་བྱས་པ་དེ་ཡང་ཉེས་སོ། །གཞན་ཡང་ཉེས་པ་འདི་དག་ཡོད་དེ། ཁྱིམ་པའི་འཁོར་དང་། བུད་མེད་སྤྱོད་པ་ངན་པ་རྣམས་ལ་དེ་བཞིན་གཤེགས་པའི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་ཏོ། །བཙུན་པ་འོད་སྲུང་ངོ་ཚ་བ་མེད་པའམ། རབ་ཏུ་ངོ་ཚ་བ་མེད་པ་ནི་མ་ལགས་མོད་ཀྱི་བདག་གིས་འདི་སྙམ་དུ་བསམས་སོ། །བུད་མེད་ནི་རང་བཞིན་གྱིས་འདོད་ཆགས་ཆེ་བས་བཅོམ་ལྡན་འདས་ཀྱི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་མཐོང་ན་མོ་མཚན་དང་བྲལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་དེ་ལྟ་བུའི་ཡེ་ཤེས་ཕུན་སུམ་ཚོགས་པ་ག་ལས་བྱུང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་བསྟན་ན་བུད་མེད་དག་བུད་མེད་ཀྱི་མོ་མཚན་ཇི་ལྟར་སྤོང་བར་འགྱུར་བ་འདི་དང་ཉེས་པ་རྣམ་པ་བདུན་ནོ། །གཞན་ཡང་ཁྱོད་ལ་ཉེས་པ་འདི་དག་ཡོད་དེ། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟར་སེར་བ་བུད་མེད་དག་ལ་བསྟན་པས། དེ་ལ་མཆི་མས་དྲི་མ་ཅན་དུ་གྱུར་པའོ། །བཙུན་པ་འོད་སྲུང་ཆེན་པོ་ངོ་ཚ་མེད་པའམ། རབ་ཏུ་ངོ་ཚ་མེད་པ་ནི་མ་ལགས་མོད་ཀྱི་བདག་གི་བློ་སྐྱེས་པ། བཅོམ་ལྡན་འདས་འདི་ལྟ་བུའི་ཁ་དོག་དང་ལྡན་པ་མཐོང་ན། སེམས་ཅན་མང་པོ་དག་ཁ་དོག་དང་ལྡན་པར་སེམས་ཀྱིས་སྨོན་ལམ་བསྐྱེད་པར་འགྱུར་རོ། །ཀུན་དགའ་བོ་ཁྱོད་གཅིག་ཏུ་ཤེས་པ་མ་ཡིན་ཞིང་། གཞན་གྱི་སེམས་ཤེས་པ་མ་ཡིན་པ་འདི་དང་། ཉེས་པ་བརྒྱད་དོ། །ཁྱོད་འདོད་ཆགས་ཅུང་ཟད་དང་ལྡན་པས། འདོད་ཆགས་དང་བྲལ་བའི་མཆོག་འདུས་པའི་ནང་དུ་མ་འདུག་པར། ད་ལངས་ཏེ་སོང་ཤིག །ཁྱོད་དང་ལྷན་ཅིག་ཡང་དག་པའི་བཟླས་པ་མི་བྱའོ། །དེ་ལྟར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཉེས་པ་བྱས་པ། རྣམ་པ་བརྒྱད་


DKG011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གླེངས་པ་དང་། ཕྱོགས་བཞིར་བལྟས་ཏེ་སྙིང་རྗེ་དང་། སྡུག་བསྔལ་བའི་ཚིག་གིས་དལ་བུས་སྨྲས་པ། ཀྱེ་མའོ་ངའི་དུས་ནི་འདི་འདྲ་བར་གྱུར་ཏེ། བདག་དེ་བཞིན་གཤེགས་པས་ནི་སྤངས། མགོན་དང་སྐྱབས་བྱེད་པ་ནི་མེད། སྣང་བ་ཡང་མེད་ན་སུ་ལ་བརྟེན་པར་བྱ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོའི་ཉེས་པ་རྣམ་པ་བརྒྱད་གླེངས་པ་དང་། དེ་ནས་ནམ་མཁའི་ངོས་ལ་གནས་པའི་ལྷ་དག་གིས་ཨ་ལ་ལ་ཞེས་སྨྲས་ནས། ཀྱེ་ད་ལྟར་ལྷ་རྣམས་ཀྱི་ལུས་ནི་རྒྱས་པར་འགྱུར། ལྷ་མ་ཡིན་གྱི་ལུས་རྣམས་ནི་རྨས་པར་འགྱུར། བཅོམ་ལྡན་འདས་ཀྱི་བསྟན་པ་ནི་རྒྱས་པར་འགྱུར་ཏེ། དེ་ལྟར་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོས་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོ་ལ་ཉེས་པ་རྣམ་པ་བརྒྱད་གླེངས་པས་སོ། །དེ་ནས་ཡང་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཆེན་པོ་འོད་སྲུང་དེ་ལྟར་ལགས་པས་བཟོད་པ་མཛོད་ཅིག །ཇི་ལྟར་ཆོས་བཞིན་དུ་བགྱིད་ཅིང་སླན་ཆད་ཀྱང་མི་བགྱིད་མོད་ཀྱི། བཅོམ་ལྡན་འདས་ཀྱིས་ནི་བདག་ཁྱོད་ལ་གཏད་དོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་དེའི་དུས་ན་ཀུན་དགའ་བོ་ཁྱོད་མྱ་ངན་དང་། ཡིད་གློང་བ་དང་། སྨྲེ་སྔགས་འདོན་པར་མ་བྱེད་ཅིག །ཁྱོད་དགེ་སློང་འོད་སྲུང་ཆེན་པོ་ལ་གཏད་དོ། །ཁྱོད་ཉེས་པ་ཆུང་ངུ་ལ་མི་བཟོད་པ་མེད་པར་དཀའ་བཞིན་བྱོས་ལ་བཟོད་པ་གྱིས་ཤིག །ཀུན་དགའ་བོ་མ་ངུ་བར་ཁྱོད་ཀྱི་དགེ་བའི་ཆོས་དག་འཕེལ་ཏེ་འབྲི་བར་མི་འགྱུར་རོ། །ངས་ནི་བསྟན་པ་ལ་བརྩོན་པར་བྱ་བའི་ཕྱིར་མཆོག་འདུས་པའི་ནང་ནས་ལངས་ཏེ་སོང་ཤིག །ཁྱོད་དང་ལྷན་ཅིག་ཡང་དག་པའི་བཟླས་པ་མི་བྱའོ་ཞེས་ཆད་པས་གཅད་པ་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ཆེན་པོ་འོད་སྲུང་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཆེན་པོ་འོད་སྲུང་ཇི་ལྟར་ཚེ་དང་ལྡན་པ་ཀུན་དགའ་བོ་མེད་ན་བདག་ཅག་གིས་ཡང་དག་པར་ཇི་ལྟར་བཤད་པར་བགྱི། དེས་སྨྲས་པ། ཚེ་དང་ལྡན་པ་དགེ་སློང་ཀུན་དགའ་བོ་ཡོན་ཏན་དང་ ལྡན་དུ་ཟིན་ཀྱང་དེ་དང་ལྷན་ཅིག་


DKG011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་སོ། །དེ་ནི་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པས་བསླབ་དགོས་ཏེ། ཁྱོད་དང་ཡང་དག་པར་བཟླས་པ་མི་བྱའོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ལོངས་ལ་སོང་ཤིག །ཁྱོད་ཀྱིས་རབ་ཏུ་བརྩོན་པས་བྱ་བ་བྱས་ཏེ་དགྲ་བཅོམ་པར་གྱུར་ན་ལྷན་ཅིག་ཏུ་ཡང་དག་པར་བཟླས་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མིག་མཆི་མས་གང་བར་གྱུར་ཏེ། སྟོན་པ་དང་བྲལ་བ་དྲན་པས་ཡིད་མི་དགའ་སྟེ། དེ་ནས་མཆོག་འདུས་པའི་ནང་ནས་བྱུང་སྟེ། ཡུལ་བྲཱི་ཛིའི་གྲོང་ཁྱེར་དུ་སོང་ནས་དབྱར་དེར་ཚུལ་དུ་ཞུགས་སོ། །དེ་ནས་ཀུན་དགའ་བོའི་གཡོག་ཚེ་དང་ལྡན་པ་བྲཱི་ཛིའི་བུས་བྱས་པ་དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་ཀུན་དགའ་བོས་ཤིན་ཏུ་བརྩོན་པས་འཁོར་བཞི་ལ་ཆོས་འཆད་དོ། །དེ་ནས་ཚེ་དང་ལྡན་པ་བྲཱི་ཛིའི་བུས་འདི་སྙམ་དུ་བསམས་སོ། །བདག་གིས་མཁན་པོ་འདོད་པའི་འདོད་ཆགས་དང་བྲལ་ཏེ་སློབ་བམ། འོན་ཏེ་འདོད་པའི་འདོད་ཆགས་དང་མ་བྲལ་བར་སློབ་པ། བདག་གིས་ཏིང་ངེ་འཛིན་འདི་ལྟ་བུ་ལ་སྙོམས་པར་ཞུགས་ལ། དེ་ལྟར་སྙོམས་པར་ཞུགས་པའི་སེམས་ཀྱིས་མཁན་པོའི་སེམས་བལྟའོ་སྙམ་ནས། ཚེ་དང་ལྡན་པ་བྲཱི་ཛིའི་བུས་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ལྟར་སྙོམས་པར་ཞུགས་པའི་སེམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་བལྟས་པས། ཚེ་དང་ལྡན་པ་བྲཱི་ཛིའི་བུས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཤེས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདོད་པའི་འདོད་ཆགས་དང་མ་བྲལ་བའི་སློབ་པར་མཐོང་བ་དང་། དེ་ནས་ཏིང་ངེ་འཛིན་ལས་ལངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་ནས་ཕྱིན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་མདུན་དུ་འདུག་ནས་ཚིགས་སུ་བཅད་དེ་སྨྲས་པ། གཽ་ཏམ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་ཐིབས་པོར་བརྟེན་ནས་མྱ་ངན་འདས། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང་། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །དེ་ནས་ཚེ་དང་


DKG011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཀུན་དགའ་བོ་ཚེ་དང་ལྡན་པ་སྤོང་བྱེད་ཀྱི་བུས་གདམས་ངག་ འདིས་བཏམས་ནས། ཉིན་པར་གྱི་འཆག་པ་དང་འདུག་པས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དེ། དེ་ཉིན་པར་གྱི་འཆག་པ་དང་འདུག་པས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་ངོ་། །མཚན་གྱི་ཐུན་དང་པོ་ལ་འཆག་པ་དང་། འདུག་པས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དེ། དེ་མཚན་གྱི་ཐུན་དང་པོ་ལ་འཆག་པ་དང་འདུག་པས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་ངོ་། །མཚན་གྱི་གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པས་ཕབ་ནས་རྐང་པའི་སྟེང་དུ་རྐང་པ་བཞག་སྟེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་ལྡན་པའི་འདུ་ཤེས་ཁོ་ན་ཡིད་ལ་བྱེད་ཅིང་ཉལ་བར་བྱེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྔས་ནང་ཚངས་ཅན་ལ་མགོ་མ་བཞག་པ་ཁོ་ནར། འདི་ལྟར་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགའ་བ་དང་བདེ་བ་སོ་སོར་མྱངས་ནས་རྣམ་པར་གྲོལ་ཏེ། དགྲ་བཅོམ་པ་ཉིད་ཐོབ་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏེ། འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་པོ་ཤིང་ནྱ་གྲོ་དྷའི་ཕུག་ན་ཆོས་སྡུད་ཅིང་འདུས་པ་ག་ལ་བར་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་མ་འོངས་པའི་དུས་ན་དགེ་སློང་རྣམས་བརྗེད་ངས་པ་དང་། ལུས་ཉམ་ཆུང་བས་མདོའི་ཚིགས་སུ་བཅད་པ་མ་ཡིན་པར་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་འཛིན་པར་མི་ནུས་པས་དེ་བས་ན་སྔ་དྲོའི་དུས་སུ་མདོའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཕྱི་དྲོ་ནི་མདོ་སྡེ་དང་། འདུལ་བ་དང་། མ་མོ་བགྲོ་བར་བྱའོ་ཞེས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དེ་སྐད་སྨྲས་པ་དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལས་ཐོས་ ནས། དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མདོ་སྡེ་དང་།


DKG011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་དང་། མ་མོ་དག་ལས་གང་སྔར་བགྲོ་བར་བགྱི། དེས་སྨྲས་པ། ཚེ་དང་ལྡན་པ་དག་ཇེ་རེ་ཞིག་མདོ་སྡེ་སྔར་བགྲོ་བར་བྱའོ། །དེ་བཞིན་དུ་བགྱིའོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་དགྲ་བཅོམ་པ་ལྔ་བརྒྱས་ཆོས་བསྡུ་བར་གསོལ་བ་བཏབ་ནས་སེང་གེའི་ཁྲི་ལ་འདུག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྤྲོ་བར་བྱས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ནི་སྒྲུབ་པ་ཡིན་ན་དེ་བཞིན་གཤེགས་པའི་མདོ་སྡེ་བསྡུ་བར་སྤྲོའམ་སྤྲོའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གསོལ་བ་དང་གཉིས་ཀྱི་ལས་བྱ་བར་བརྩམས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་བཅོམ་ལྡན་འདས་ཀྱི་མདོ་སྡེ་བསྡུ་བ་སྒྲུབ་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་མདོ་སྡེ་བསྡུ་བ་སྒྲུབ་པར་བསྐོ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་མདོ་སྡེ་སྡུད་པ་སྒྲུབ་བོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་བཅོམ་ལྡན་འདས་ཀྱི་མདོ་སྡེ་བསྡུ་བ་སྒྲུབ་པར་སྤྲོ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་སྒྲུབ་པར་བསྐོས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་མདོ་སྡེ་བསྡུ་བ་སྒྲུབ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་སྒྲུབ་པར་བསྐོས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་མདོ་སྡེ་བསྡུ་བ་སྒྲུབ་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་བཅོམ་ལྡན་འདས་ཀྱི་མདོ་སྡེ་བསྡུ་བ་སྒྲུབ་པར་བསྐོ་སྟེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཆོས་སྨྲ་བའི་སེང་གེའི་ཁྲིའི་སྟེང་དུ་དགྲ་བཅོམ་པ་ལྔ་བརྒྱས་སྣམ་སྦྱར་ལྔ་བརྒྱ་བཏིང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱོགས་བཞིར་རྣམ་པར་བལྟས་ནས་སེམས་ཅན་རྣམས་ལ་ནི་སྙིང་རྗེའི་སེམས་ཉེ་བར་བཞག །ཆོས་ལ་ནི་གུས་པ་བསྐྱེད།


DKG011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་མཚུངས་པར་སྤྱོད་པ་ལ་ནི་ཞེ་སར་དམིགས་ནས་སེང་གེའི་ཁྲི་གཡས་ཕྱོགས་སུ་བསྐོར་ཏེ། མགོ་བོས་གཏུགས་ནས། རྒན་རིམས་སུ་ཇི་ལྟར་འོས་པར་ཕྱག་བྱས་ནས་མི་རྟག་པ་ཡིད་ལ་བྱས་ཏེ་སེང་གེའི་ཁྲི་ཟིལ་གྱིས་མནན་ནས་འདུག་གོ །དེ་ནས་རྒྱ་མཚོ་ལྟར་ཟབ་པའི་འཁོར་མི་གཡོ་བ་ལ་བལྟས་ནས་གལ་ཏེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་མ་ལུས་པར་གསུངས་པ་བདག་གིས་བཟུང་བ་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གང་དག་ཀླུའི་གནས་སུ་བཤད་པ་དག་ཀྱང་ཡོད། གང་དག་ལྷའི་གནས་སུ་བཤད་པ་དག་ཀྱང་ཡོད། གང་དག་བདག་ལ་མངོན་སུམ་དུ་བཤད་པ་དག་ཀྱང་ཡོད་དེ། གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་གང་དག་དེ་བཞིན་དུ་ཐོས་ནས་བཟུང་བ་དང་། འདི་ལྟར་ཐོས་པ་ཐམས་ཅད་བཤད་པར་བྱའོ་སྙམ་དུ་བསམས་པ་དང་། ལྷ་དག་གི་ཤེས་པ་དང་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་ཏེ། གཅིག་ལ་གཅིག་ཀྱེ་མ་ལུས་འཕགས་མའི་ཐུབ་པ་འཕགས་པ་ཀུན་དགའ་བོ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འཆད་པས་སེམས་རྩེ་གཅིག་ཏུ་བྱས་ནས་མཉན་ཏོ་ཞེས་སྨྲའོ། །དེ་ནས་དེའི་ཚེ་ལྷའི་བུ་གཞན་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། གང་ལ་ཆོས་རྣམས་རབ་གནས་པ། །འཇིག་རྟེན་གསུམ་པོས་རྟག་ཏུ་མཆོད། །འཕགས་པ་འདི་ནི་དོགས་མེད་པས། །སེང་གེ་བཞིན་དུ་ཆོས་རྣམས་སྒྲོགས། །ཀྱེ་མ་ཞི་བ་དེ་བཤད་ལ། །ཁྱེད་རྣམས་བདེ་བར་འདོད་པ་ཡིས། །ངེས་པར་སྙིང་པོ་སྙིང་པོའི་མཆོག །དེ་དག་པ་ནི་གུས་པས་ཉོན། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། ། རྣམ་པ་མཆོག་ནི་གར་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །སྟོན་པས་གང་དག་ཡོངས་སུ་བསྒྲགས་པ་ལས་སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་རྟོགས་པ་ཡིད་ལ་བཞག་ནས་བཅོམ་ལྡན་འདས་ཕྱོགས་གང་དུ་རབ་ཏུ་ཞི་ཞིང་ཐུགས་སུ་ཆུད་པ་དེར་མངོན་པར་བལྟས་ཏེ་འདུག་ནས་ཐལ་མོ་སྦྱར་ཏེ་སྒྲས་ཁྱབ་པར་བྱས་ནས་སྨྲས་པ། འདི་


DKG011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ཚལ་ན་བཞུགས་སོ་ཞེས་ཚིག་གིས་རབ་ཏུ་བརྗོད་པ་དེའི་ཚེ་དེ་མ་ཐག་ཁོ་ནར་ནམ་མཁའི་དཀྱིལ་དང་། གཞལ་མེད་ཁང་ན་གནས་པའི་ལྷ་དག་དང་། འདོད་ཆགས་དང་མ་བྲལ་བའི་དགེ་སློང་ལ་སོགས་པ་རྣམ་པ་མང་པོ་སྟོང་དག་གིས་གནོད་པས་བཙིར་ཅིང་གནད་དུ་ཕབ་སྟེ་སྡུག་བསྔལ་ཚོར་བཞིན་དུ་ཨ་ལ་ལ་ཞེས་ཚིག་ཏུ་བརྗོད་ཅིང་སྨྲ་བ་ནི། ཀྱེ་མ་འཇིག་རྟེན་འདི་དག་ཏུ། །མི་རྟག་པར་ནི་ཁྱད་པར་མེད། །གང་གིས་རིན་ཆེན་གཏེར་དེ་ཡི། །ཡོན་ཏན་རྒྱ་མཚོ་དག་ཀྱང་བསྐམས། །གང་ལས་བདག་གིས་མངོན་ཐོས་པ། །ཆོས་ནི་ཐར་པའི་བདེ་བ་བྱེད། །འདི་སྐད་ཐོས་ཤེས་རབ་སྦྱར་ཏེ། །དེ་ཡང་དེ་རིང་བསྒྲགས་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་འདི་ནི་འཕགས་པའི་སྡུག་བསྔལ་བདེན་པའོ་ཞེས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་མདོ་སྡེ་བཤད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་སུམ་དུ་ཐོས་ཏེ། བདག་གི་དོན་དུ་མདོ་སྡེ་འདི་བཤད་ཅིང་རྗེས་སུ་བསྟན་པས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐམས། རུས་པའི་རི་ལས་ནི་རྒལ། ངན་སོང་གི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་ནི་ཕྱེ་སྟེ། མདོ་སྡེ་རིན་པོ་ཆེ་འདི་བཤད་པས་བདག་དང་ལྷ་སྟོང་ཕྲག་བརྒྱད་བཅུས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། ། དེ་རིང་འདིར་འདི་སྐད་ཐོས་ནས་བཤད་དེ། ཀྱེ་མ་ཐམས་ཅད་མི་རྟག་པས་ཁྱད་པར་མེད་དོ་ཞེས་སྨྲས་ནས་སྟན་ལས་བབས་ཏེ་ས་ལ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དེ་བལྟ་བའི་ཕྱིར་དགྲ་བཅོམ་པ་དེ་དག་ཐམས་ཅད་སྡུག་པའི་བག་ཆགས་ཀྱིས་བསྒོས་པའི་ཡིད་ཀྱིས་རང་རང་གི་སྟན་ལས་བབས་ནས་ས་ལ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཇི་ལྟར་བདག་ཅག་གིས་ཆོས་འཆད་པ་མངོན་སུམ་དུ་མཐོང་བ་ལས། མི་རྟག་པའི་སྟོབས་ཀྱིས་


DKG011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་ཡང་ད་ནི་ཐོས་པའི་ལམ་དུ་གཤེགས་པར་གྱུར་ཏོ། །སྨྲས་པ། ལྷ་དང་མི་དང་ལྷ་མིན་ཀླུ་རྣམས་ཀྱི་རྒྱལ་ཞིར་གཤེགས་ན། །ཁྱེད་ཅག་ཅི་ཕྱིར་འཚོ་ཞིང་ཞི་བའི་གནས་སུ་འཇུག་མི་བྱེད། །སྐྱེ་བོའི་ནང་ན་ཐམས་ཅད་མཁྱེན་པས་སྟོངས་པར་མངོན་མཐོང་ན། །དགེ་བའི་བློ་གྲོས་གང་དག་སྲོག་ལ་ཆགས་ཤིང་དམ་པོར་བྱེད། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་བས་མཐའི་གནས་མལ་དུ་བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས་སྨོན་ལམ་གྱི་ཤེས་པས་རྣམ་པར་བལྟས་ཏེ། དགའ་བའི་ཡིད་ཀྱིས་འདི་ལྟར་ཏིང་ངེ་འཛིན་ལས་ལངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ཀྱི་ལུང་དེ་ཡིན་ནམ། ཚེ་དང་ལྡན་པ་དག་བདག་གི་ལུང་དེ་ལགས་སོ། །ཚེ་དང་ལྡན་པ་དག་གི་ལུང་དེ་ལྟ་བུ་ལགས་སམ། ཚེ་དང་ལྡན་པ་ཀུན་དགའ་བོ་དེ་ཁོ་ནའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ནི་འདི་སྙམ་དུ་བདག་གིས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་པོ་བསྡུས་ན་ཚངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་ཅིང་གཤེ་བར་མ་གྱུར་ཏོ། །དེ་ལྟ་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་ཤེས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཉིས་པ་གང་དུ་བཤད། དེས་གསལ་བར་ཡུལ་བཱ་རཱ་ཎ་སཱི་ཁོ་ནར་དགེ་སློང་ལྔ་པོའི་ཆེད་དུ་སྟེ། དེ་ཡང་གང་ཞེ་ན། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ཚལ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སྟེ། འཕགས་པའི་བདེན་པ་བཞིའོ། །སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་།


DKG011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། གང་འདོད་པ་བཙལ་ཏེ་མི་རྙེད་པ་སྡུག་བསྔལ་བ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་ཀྱི་མོད་ལས་སྐྱེས་པ་དེ་དང་དེ་དག་ལ་མངོན་པར་དགའ་བ་སྟེ། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན། ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་ཀྱི་མོད་ལས་སྐྱེས་པ་དེ་དང་དེ་དག་ལ་མངོན་པར་དགའ་བ་ལྷག་མ་མ་ལུས་པར་སྤོང་བ་དང་། རབ་ཏུ་འདོར་བ་དང་། མཐའ་མེད་པར་བྱེད་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ་འདི་ ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྷག་མ་དགེ་སློང་བཞི་པོ་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་སྨྲས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བདག་


DKG011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་སུམ་དུ་ཐོས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དེའི་ཚེ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྷག་མ་དགེ་སློང་བཞི་པོ་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་གཅིག་གིས་མ་ཚང་བ་ཞེས་བྱ་བ་ནས། བདག་གིས་བཅོམ་ལྡན་འདས་ཀྱི་མདོ་སྡེ་གཉིས་པ་བསྡུས་ནས་ཚངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་ཅིང་གཤེ་བར་མ་གྱུར་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལྟ་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་ཤེས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུམ་པ་གང་དུ་བཤད། དེས་གསལ་བར་ཡུལ་བཱ་རཱ་ཎ་སཱི་ཁོ་ནར་དགེ་སློང་ལྔ་པོའི་ཆེད་དུ་སྟེ། དེ་ཡང་གང་ཞེ་ན། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ཚལ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྷག་མ་བཞི་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་གཟུགས་ནི་བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་པར་གྱུར་དུ་ཟིན་ན། གཟུགས་ལ་གནོད་པ་འམ། སྡུག་བསྔལ་བར་མི་འགྱུར་ཞིང་། གཟུགས་འདི་ལྟ་ བུ་དང་། འདི་ལྟ་བུར་ནི་གྱུར་ཅིག །འདི་ལྟ་བུར་ནི་མ་གྱུར་ཅིག་ཅེས་པ་འདི་འགྱུར་རོ། །དགེ་སློང་དག་གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར་གཟུགས་ལ་གནོད་པའམ། སྡུག་བསྔལ་བར་འགྱུར་ཞིང་། གཟུགས་འདི་ལྟ་བུ་དང་། འདི་ལྟ་བུར་ནི་གྱུར་ཅིག་འདི་ལྟ་བུར་ནི་མ་གྱུར་ཅིག་ཅེས་པའང་མི་འགྱུར་རོ། །དགེ་སློང་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ནི་བདག་མ་ཡིན་ཏེ། དགེ་སློང་དག་གལ་ཏེ་འདུ་ཤེས་ལ་སོགས་པ་བདག་ཡིན་པར་གྱུར་དུ་ཟིན་ན་ཞེས་བྱ་བ་སྔ་མ་བཞིན་ཏེ། རྣམ་པར་ཤེས་པ་འདི་ལྟ་བུར་གྱུར་ཅིག་ཅེས་པའང་མི་འགྱུར་རོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། གཟུགས་རྟག་པའམ་མི་རྟག་པ་ཞིག་ཡིན། བཙུན་པ་འདི་


DKG011_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་རྟག་པ་ལགས་སོ། །གཞན་ཡང་དེ་མི་རྟག་ན་སྡུག་བསྔལ་བའམ། སྡུག་བསྔལ་བ་མ་ཡིན། བཙུན་པ་འདི་ནི་སྡུག་བསྔལ་བ་ལགས་སོ། །གཞན་ཡང་དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་མོད་ཀྱི་འོན་ཀྱང་དེ་ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་བདག་ཏུ་ཁས་ལེན་ཅིང་འདི་ནི་བདག་གོ་འདི་ནི་བདག་གིའོ། །བདག་གི་ནི་འདིའོ་ཞེས་ཟེར་རམ། བཙུན་པ་དེ་ལྟ་མ་ལགས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཅེས་བྱ་བ་སྔ་མ་བཞིན་དུ་འདི་ནི་བདག་གོ །འདི་ནི་བདག་གིའོ། །བདག་གི་ནི་འདིའོ་ཞེས་ཟེར་རམ། བཙུན་པ་དེ་ལྟ་མ་ལགས་སོ། །དགེ་སློང་དག་དེ་ལྟ་བས་ན་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ་། གང་རྒྱང་རིང་བའམ། ཉེ་བ་དེ་དག་ཐམས་ཅད་འདི་ནི་བདག་གོ །འདི་ནི་བདག་གིའོ། །བདག་གི་ནི་འདིའོ་ཞེས་བྱ་བ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་བལྟ་བར་བྱའོ། །དེ་ལྟར་དེ་བཞིན་དུ་གང་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བའི་བར་སྔ་མ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དགེ་སློང་དག་གང་གི་ཕྱིར་ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་རྣམས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ དག་ལ་བདག་དང་བདག་གི་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་འཇིག་རྟེན་ལ་ཅུང་ཟད་ཙམ་ཡང་ཉེ་བར་ལེན་པ་མེད་དེ། ཉེ་བར་མ་བླངས་པས་ཡོངས་སུ་གདུང་བ་མེད་པས་རང་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཏེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་སྤྱད། བྱ་བ་ནི་བྱས་ཏེ། འདི་ལས་སྲིད་པ་གཞན་མེད་དོ་ཞེས་རབ་ཏུ་ཤེས་སོ། །


DKG011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྷག་མ་བཞི་པོ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགྲ་བཅོམ་པ་གཅིག་གིས་མ་ཚང་བ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱི་མདོ་སྡེ་གསུམ་པ་བསྡུས་ན་ཚངས་པ་མཚུངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་ཅིང་གཤེ་བར་མ་གྱུར་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལྟ་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་ཤེས་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་དུ་བཤད་པ་དེ་དང་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོས་བཟླས་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བས་མདོ་སྡེ་བྱས་ཏེ། དེའི་ཚེ་གང་ཕུང་པོ་དང་རབ་ཏུ་ལྡན་པའི་མདོ་སྡེ་ནི་དེ་ཕུང་པོར་བསྡུས་ཏེ་བཞག་གོ །གང་སྐྱེ་མཆེད་དང་ཡང་དག་པར་རབ་ཏུ་ལྡན་པ་ནི་སྐྱེ་མཆེད་དྲུག་ཏུ་བསྡུས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་འཕགས་པའི་བདེན་པས་རིག་པ་དང་ཡང་དག་པར་རབ་ཏུ་ལྡན་པ་ནི་དེ་གླེང་གཞི་དང་ཡང་དག་པར་རབ་ཏུ་ལྡན་པར་བསྡུས་སོ། །གང་ཉན་ཐོས་ཀྱིས་བཤད་པ་མང་བ་ནི་དེ་ཉན་ཐོས་ཀྱི་བཤད་པར་བསྡུས་སོ། །གང་སངས་རྒྱས་ཀྱིས་བཤད་པ་མང་བ་ནི་དེ་སངས་རྒྱས་ཀྱི་བཤད་པར་བསྡུས་སོ། །གང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་དེ་དག་དང་ཡང་དག་པར་རབ་ཏུ་ལྡན་པ་ནི་དེ་ ལམ་གྱི་ཡན་ལག་ཏུ་བསྡུས་སོ། །གང་ཡང་དག་པར་བརྗོད་པ་མང་བའི་མདོ་སྡེ་ནི་དེ་ཡང་དག་པར་བརྗོད་པའི་སྡེར་བསྡུས་སོ། །ཚིགས་སུ་བཅད་པ་དང་བཅས་པར་ཡང་དག་པར་ལྡན་པ་ནི་ཡང་དག་པར་ལྡན་པའི་ལུང་ཞེས་བསྡུས་སོ། །གང་མདོ་སྡེ་རིང་པོ་ནི་དེ་ལུང་རིང་པོར་བཞག་གོ །གང་བར་མ་བར་མའི་མདོ་སྡེ་དག་ནི་དེ་ལུང་བར་མར་བཞག་གོ །གང་ཚིག་གཅིག་དང་ཚིག་གཉིས་ཞེས་བྱ་བ་ནས། ཚིག་བཅུ་ཞེས་བྱ་བའི་བར་ནི་གཅིག་ལས་འཕྲོས་པའི་ལུང་


DKG011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ཀྱི་ལུང་དེ་སྙེད་ཅིག་གམ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དེ་སྙེད་ཅིག་ལགས་ཏེ། འདི་ལས་ལྷག་པ་མེད་དོ་ཞེས་སྨྲས་ནས་སེང་གེའི་ཁྲི་ལས་བབས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་མདོ་སྡེ་ནི་མ་ལུས་པར་བསྡུས་ཟིན་པས་ད་ནི་འདུལ་བ་བགྲོ་བར་བྱའོ། །དེ་བཞིན་དུ་བགྱིའོ། །དེ་ནས་ཡང་དེའི་ཚེ་ཚེ་དང་ལྡན་པ་ཉེ་བ་འཁོར་མཁས་པར་གྱུར་པ་འདུལ་བའི་གླེང་གཞི་དང་བྱུང་བ་ལ་མཁས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སེང་གེའི་ཁྲི་ལ་འདུག་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་ཉེ་བ་འཁོར་ནི་མཁས་པ། འདུལ་བའི་གླེང་གཞི་དང་བྱུང་བ་ལ་མཁས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བ་འཛིན་པའི་མཆོག་ཏུ་ལུང་བསྟན་ན། དེ་བས་ན་དེ་སྤྲོ་བར་བྱས་ནས་འདུལ་བ་སྡུད་པར་བསྐོའོ། །དེ་བཞིན་དུ་བགྱིའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཉེ་བ་འཁོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉེ་བ་འཁོར་ཁྱོད་ནི་སྒྲུབ་པ་ཡིན་ན། དེ་བཞིན་གཤེགས་པའི་འདུལ་བ་མ་ལུས་པ་དག་བསྡུ་བར་སྤྲོའམ། སྤྲོའོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གསོལ་བ་དང་གཉིས་ཀྱི་ལས་བྱ་བར་བརྩམས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་ཉེ་བ་འཁོར་འདི་བཅོམ་ལྡན་འདས་ཀྱི་འདུལ་བ་མ་ལུས་པ་དག་བསྡུ་བར་སྒྲུབ་ཅིང་སྤྲོ་ན་ཞེས་བྱ་ བ་ནས་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སེང་གེའི་ཁྲི་ལས་བབས་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་སེང་གེའི་ཁྲི་ལ་འདུག་སྟེ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཉེ་བ་འཁོར་ལ་འདི་སྐད་ཅེས་སྨྲས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་རྩ་བརྒྱད་པ། ཚེ་དང་ལྡན་པ་ཉེ་བ་འཁོར་གང་དུ་བཅོམ་ལྡན་འདས་ཀྱིས་དང་པོར་བསླབ་པའི་གཞི་བཅས། དེས་གསལ་བར་སྨྲས་པ།


DKG011_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བཱ་རཱ་ཎ་སཱིར་རོ། །གང་གི་དོན་དུ་དགེ་སློང་ལྔའི་ཆེད་དུ་སྟེ། གང་གི་ཕྱིར་འདི་ལྟ་སྟེ། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ་ཞེས་བསླབ་པ་བཅའ་བ་མཛད་དོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་རྣམས་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས་སྨོན་པའི་ཤེས་པས་བལྟས་ན་ཞེས་བྱ་བ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྙམ་དུ་བསམས་ཏེ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་དང་པོ་དེ་ལྟར་ཡང་དག་པར་བསྡུས་ན་ཚངས་པ་མཚུངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་ཅིང་གཤེ་བར་མ་གྱུར་ཏེ། དེ་ལྟ་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གང་དུ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་གཉིས་པ་བཅས་པ་གསུང་ཤིག །དེས་གསལ་བར་སྨྲས་པ། ཡུལ་བཱ་རཱ་ཎ་སཱིར་རོ། །གང་གི་ཆེད་དུ་དགེ་སློང་ལྔ་པོའི་དོན་དུ་སྟེ། གང་གི་ཚེ་འདི་ལྟར་དེ་ཆོས་གོས་ཟླུམ་པོར་བགོ་བར་བྱའོ་ཞེས་བསླབ་པ་བཅའ་བ་མཛད་དོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་རྣམས་རབ་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་ནས། བསླབ་པའི་གཞི་གཉིས་པ་ཞེས་པ་སྔ་མ་བཞིན་ཏེ། ཚངས་པ་མཚུངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་ཅིང་གཤེ་བར་མ་གྱུར་ཏེ། དེ་ལྟ་བས་ན་འདི་ནི་ ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་ཉེ་བ་འཁོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གང་དུ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་གསུམ་པ་བཅས་པ་གསུང་ཤིག །དེས་གསལ་བར་སྨྲས་པ། ཀ་ལན་ད་ཀའི་གྲོང་དུའོ། །གང་གི་ཆེད་དུ་ཀ་ལན་ད་ཀའི་བུ་བཟང་སྦྱིན་གྱི་ཆེད་སྟེ། གང་གི་ཕྱིར་འདི་ལྟར་ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་ཤིང་མཉམ་པ་ལས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་པས་


DKG011_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་རུང་སྟེ། དགེ་སློང་དེ་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་རྣམས་རབ་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་ནས། འདི་ནི་སྟོན་པས་བསྟན་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱི་བསླབ་པའི་གཞི་ལྷག་མ་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་དུ་བཤད་པ་དེ་དང་དེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཟླས་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བས་གཞུང་དུ་བྱས་སོ། །འདི་དག་ནི་ཕས་ཕམ་པ་རྣམས་སོ། །འདི་དག་ནི་དགེ་འདུན་ལྷག་མ་རྣམས་སོ། །འདི་དག་ནི་མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་དགུ་བཅུའི་ཆོས་དང་། སོ་སོར་བཤགས་པར་བྱ་བ་བཞིའི་ཆོས་དང་། བསླབ་པ་མང་པོའི་ཆོས་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་དང་། འདི་ནི་བཅས་པའོ། །འདི་ནི་རྗེས་སུ་བཅས་པའོ། །འདི་ནི་སོ་སོར་སྤང་བའོ། །འདི་ནི་གནང་བའོ། །རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ནི་འདི་ལྟར་བྱའོ། །གསོལ་བ་དང་ལས་ནི་འདི་ལྟར་བྱའོ། །གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ནི་འདི་ལྟར་བྱའོ། །འདི་འདྲ་བ་ནི་རབ་ཏུ་དབྱུང་ངོ་། །འདི་འདྲ་བ་ནི་རབ་ཏུ་མི་དབྱུང་ངོ་། །གསོ་སྦྱོང་ནི་འདི་ལྟར་བྱའོ། །དགག་དབྱེ་ནི་འདི་ལྟར་བྱ་སྟེ། ཚུལ་འདི་འདྲ་བ་ནས་ཕྲ་མོ་ནི་འདི། གླེང་གཞི་ནི་ འདི། མོས་པ་ནི་འདིའོ་ཞེས་དེ་དེ་བཞིན་དུ་འདུལ་བར་ཡང་དག་པར་བསྡུས་ནས། ཚེ་དང་ལྡན་པ་ཉེ་བ་འཁོར་སེང་གེའི་ཁྲི་ལས་བབས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་མ་འོངས་པའི་དུས་ན་མི་རྣམས་ཤེས་རབ་ཞན་པ་ཡི་གེ་ཙམ་གྱི་རྗེས་སུ་འབྲང་ལ། ཟབ་མོའི་དོན་ལ་མོས་པར་གྱུར་པ་དེ་རྣམས་ལ་མ་ལ་བདག་ཁོ་ནས་མདོ་སྡེ་དང་འདུལ་བའི་དོན་སྲུང་བར་གསུངས་པ་མ་མོ་བཤད་པར་བྱའོ་སྙམ་དུ་བསམས་ནས་དོན་དུ་གཉེར་བས་གསོལ་བ་དང་གཉིས་ཀྱི་ལས་བྱས་ཏེ། སེང་གེའི་ཁྲི་ལ་འདུག་ནས་དགེ་སློང་


DKG011_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་མ་མོ་ལྟ་བུ་མ་མོ་ལྟ་བུ་ཞེས་བྱ་བ་དེ་བདག་ཁོ་ནས་སྨྲ་བར་བྱ་སྟེ། མ་མོ་ལྟ་བུ་ནི་ཤེས་བྱའི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་ཡིན་ཏེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། དགེ་སྦྱོང་གི་འབྲས་བུ་བཞི་དང་། ཆོས་ཀྱི་ཚིག་བཞི་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། རབ་ཀྱི་མཐར་ཕྱིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་མཚན་མ་མེད་པ་དང་། འདྲིས་པ་བསྒོམ་པའི་བསམ་གཏན་དང་། མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དང་། ཀུན་རྫོབ་ཤེས་པ་དང་། ཞི་གནས་དང་། ལྷག་མཐོང་དང་། ཆོས་ཀྱི་རྣམ་གྲངས་ཀྱི་ཕུང་པོ་ཡང་དག་པར་བསྡུས་པ་དང་བརྟགས་པ་སྟེ། འདི་དག་ནི་མ་མོ་ལྟ་བུ་ཞེས་བྱའོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་རྣམས་རབ་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་ནས། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་ས་བླའི་གནོད་སྦྱིན་དག་གིས་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དག་ཡང་དག་པར་བསྡུས་པ་དང་སྒྲ་ཕྱུང་སྟེ་དབྱངས་ཀྱིས་རབ་ཏུ་བསྒྲགས་པ། ཀྱེ་མ་འཕགས་པ་འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བདེ་བར་གཤེགས་པའི་ སྡེ་སྣོད་གསུམ་ཡང་དག་པར་བསྡུས་པས་ལྷ་རྣམས་ཀྱི་ལུས་ནི་མངོན་པར་འཕེལ་བར་གྱུར། ལྷ་མ་ཡིན་གྱི་ལུས་རྣམས་ནི་ཡོངས་སུ་འགྲིབས་པར་གྱུར་ཏོ་ཞེས་སྨྲས་ཏེ། ས་བླའི་གནོད་སྦྱིན་དག་གི་སྒྲ་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་དག་གིས་ཐོས་ནས། རྒྱལ་ཆེན་རིས་བཞི་དང་། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་


DKG011_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དག་གིས་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་འོག་མིན་གྱི་གནས་ཀྱི་བར་དུ་སྒྲ་གྲགས་ཏེ། འོག་མིན་གྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་བསྒྲགས་པ་ནས། ལྷ་མ་ཡིན་གྱི་ལུས་ཡོངས་སུ་འགྲིབས་པར་གྱུར་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དགྲ་བཅོམ་པ་ལྔ་བརྒྱས་ཡང་དག་པར་བསྡུས་པས། ལྔ་བརྒྱས་ཡང་དག་པར་བསྡུས་པ་ལྔ་བརྒྱས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཡང་དག་པར་བསྡུ་བ་བྱས་ནས་སྨྲས་པ། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་བསལ་བས་སྒྲོན་མར་ཡང་དག་ལྡན། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྙམ་དུ་སྡེ་སྣོད་གསུམ་ཡང་དག་པར་བསྡུས་ཏེ་སྨོན་པའི་ཤེས་པས་བརྟགས་ནས་ཇི་ཙམ་བཞག་པས། བཅོམ་ལྡན་འདས་ཀྱི་བསྟན་པ་གནས་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་དག་ཀྱང་བདག་གིས་རྣམ་པ་ཐམས་ཅད་དུ་བྱས། བཅོམ་ལྡན་འདས་དེས་བཀའ་སྩལ་ཅིང་ལུང་བསྟན་པ་ཅི་ནུས་སུ་བྱས། བཅོམ་ལྡན་འདས་ཆོས་ཉིད་ ཆོས་ཀྱི་རྗེ་ལ་བདག་གིས་མཛའ་བོ་བཞིན་དུ་བྱས་ཤིང་བལྟས་ཏེ། བྱས་པ་གཟོ་བར་བྱས་ཤིང་ཕྱིར་ཕན་གདགས་པ་ཡང་ཅུང་ཟད་ཙམ་བྱས་པས་འཇིག་རྟེན་གྱི་མགོན་པོ་དེ་ལ་མ་ལུས་པར་ལན་དུ་ཕན་འདོགས་པར་ནི་གང་ཞིག་གིས་ནུས་ཏེ། ཆོས་དང་ལྡན་པ་ལ་ཚངས་པར་སྤྱོད་པ་ནི་ཀུན་ཏུ་སྤྱད། འཇིག་རྟེན་རྣམས་ལ་ནི་ཕན་བཏགས་ཏེ་ཡུན་རིང་པོ་ནས་བླ་མས་བསྐོས་པས་ཕུང་པོའི་ཁུར་དང་ལུས་རྣག་ཅན་འདིས་ཡང་སྐྱོ་བས། བདག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་སྟེ་འགྲོ་བར་བྱའོ་སྙམ་དུ་བསམས་ནས་སྨྲས་པ། བདག་


DKG011_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །གཅིག་ནས་གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །ངོ་ཚ་མེད་རྣམས་ཆད་པས་བཅད། །ངོ་ཚ་བྱེད་ནི་ཡོངས་སུ་བཟུང་། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོའི་དྲུང་དུ་ཉེ་བར་འོངས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་བདག་ལ་བསྟན་པ་ལག་ཏུ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །ད་ནི་བདག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བས་བསྟན་པ་ཁྱོད་ཀྱིས་ཡོངས་སུ་སྐྱོངས་ཤིག་དང་། རྒྱལ་པོའི་ཁབ་ཏུ་དེད་དཔོན་གཞན་གྱི་བུ་ཞིག་སྐྱེ་བར་འགྱུར་ཏེ། དེ་ཤ་ནའི་གོས་ཀྱིས་གཡོགས་པས་དེའི་མིང་ཤ་ནའི་གོས་ཅན་ཞེས་འདོགས་སོ། །དེས་རྒྱ་མཚོ་ཆེན་པོ་རྒལ་ནས་སླར་འོངས་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ལོ་ལྔའི་དུས་སྟོན་བྱེད་པར་འགྱུར་བས་དེ་རབ་ཏུ་ཕྱུང་ལ་དེ་ལ་བསྟན་པ་ཡོངས་སུ་གཏོད་ཅིག་ཅེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྙམ་དུ་མ་ལ་བདག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་དཀའ་བ་མཛད་པ། དགེ་བའི་བཤེས་གཉེན་ཡོན་ཏན་མཐའ་ཡས་པས་ཡོངས་སུ་བསྒོས་པ་དེའི་སྐུ་གདུང་ཤ་རི་རམ་གང་དང་གང་ན་བར་མཆོད་ལ་རབ་ཏུ་ཞི་བར་འགྲོའོ་སྙམ་བསམས་སོ། །དེ་ནས་མཆོད་རྟེན་ཆེན་པོ་བཞིའི་དྲུང་དུ་སོང་ནས་སྐུ་གདུང་ གི་མཆོད་རྟེན་བརྒྱད་ལ་བསྙེན་བཀུར་གྱིས་རབ་ཏུ་མཆོད་ནས་ཀླུའི་གནས་སུ་སོང་སྟེ་བཅོམ་ལྡན་འདས་ཀྱི་མཆེ་བ་ལ་མཆོད་ནས་ནམ་མཁའ་ལ་གྱེན་དུ་འཕགས་ཏེ་སུམ་བཅུ་རྩ་གསུམ་གྱི་གནས་སུ་ཕྱིན་ཏོ། །དེ་བརྒྱ་བྱིན་ལྷའི་དབང་པོ་དང་། ལྷ་གཞན་དག་མངོན་པར་དགའ་ནས་མཆོད་པ་བྱས་ཏེ་ཅིའི་སླད་དུ་གཤེགས། བཞེད་པ་མཆིས་ན་བཀའ་སྩོལ་ཅིག་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཁོ་བོ་ནི་བཅོམ་ལྡན་འདས་ཀྱི་མཆེ་བ་ལ་སོགས་པ་མཚན་མ་རྣམས་ཐ་མར་མཆོད་པར་འདོད་དེ་འོངས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་དང་ལྷ་


DKG011_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་གིས་ཐ་མ་ཞེས་ཐོས་པས་ཡིད་མི་དགའ་བར་གྱུར་ཏེ་ཞེས་བསྐྱེད་ནས་ཅུང་ཟད་ཀྱང་མི་སྨྲ་བར་དེ་དག་གིས་དེ་ཕྱུང་བ་དང་། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་མཆེ་བ་དེ་ལག་པས་བཟུང་ནས་མིག་མི་འཛུམས་པར་བལྟས་ཏེ་སྤྱི་བོ་ལ་བཞག་ནས་མེ་ཏོག་མན་དཱ་ར་བ་དང་། ཀུ་ཤེ་ཤ་ཡ་དང་། ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མས་རབ་ཏུ་གཏོར་ནས། བརྒྱ་བྱིན་ལ་སོགས་པ་ལྷ་བརྒྱ་སྟོང་མང་པོ་རྣམས་ལ་བག་ཡོད་པར་བྱོས་ཤིག་ཅེས་མདོར་བསྡུས་ཏེ་ཆོས་བཤད་པ་བྱས་ནས་རི་རབ་ཀྱི་སྟེང་ནས་མི་སྣང་བར་གྱུར་ཏེ་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། དེས་འདི་སྙམ་དུ་བདག་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་སྦྲན་པར་བྱའོ་སྙམ་ནས་དེ་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ། ཆབ་སྒོ་བའི་མི་ལ་འདི་སྐད་ཅེས་ཀྭའི་སྐྱེས་བུ་ཁྱོད་སོང་ལ། རྒྱལ་པོ་མ་སྐྱེས་དགྲ་ལ་འོད་སྲུང་ནི་སྒོ་ན་སྡོད་དེ་ལྷ་བལྟ་བར་འཚལ་གྱིས་མཁྱེན་པར་མཛོད་ཅིག་ཅེས་སྨྲས་སོ། །དེ་ནང་དུ་ཞུགས་པ་དང་ཇི་ཙམ་རྒྱལ་པོ་ཉལ་ཏེ་ཆབ་སྒོ་བས་སྨྲས་པ། འཕགས་པ་ལྷ་ནི་གཟིམས་སོ། །གནས་བརྟན་གྱིས་སྨྲས་པ། སོང་ལ་སློང་ཤིག །ཆབ་སྒོ་བས་སྨྲས་པ། འཕགས་པ་རྒྱལ་པོ་ནི་གཏུམ་པ་ཞིག་པས་ཆད་པས་གཅོད་དུ་མཆིའོ། །འོ་ན་ནམ་གཉིད་སད་པར་གྱུར་པ་དེའི་ཚེ་འོད་སྲུང་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྦྲོན་ཏོ་ཞེས་སྨྲོས་ཤིག །ཇི་ཙམ་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལྷོ་ཕྱོགས་ཀྱི་རི་བོ་བྱ་གག་རྐང་གི་རི་ལ་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་གདིང་བ་བྱས་ནས་བསམས་པ། མ་ལ་བདག་ལ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པ་བྱིན་པ་འདི་ལུས་ལ་བགོས་ལ་བྱམས་པའི་གསུང་རབ་རྒྱས་ཀྱི་བར་དུ་བྱིན་གྱིས་བརླབས་ཏེ། གང་བཅོམ་ལྡན་འདས་ཀྱི་སློབ་མའི་ཚོགས་སེམས་ཅན་གྱི་མཆོག་དེ་དག་ཀུན་ཏུ་སྐྱོ་བར་བྱས་ལ། ཇི་ཙམ་ཏིང་ངེ་འཛིན་དེ་ལྟ་བུ་བསྐྱེད་དེ། བདག་གི་ལུས་འདི་རི་གསུམ་གྱིས་གཡོགས་པའི་ཁང་པའི་ནང་འདིར་འདུག་ལ་བྱམས་པའི་བསྟན་པ་རྒྱས་ཀྱི་བར་དུ་མ་ཉམས་པར་བྱས་ཏེ། གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་འོངས་ན་སྒོ་བྱེ་བར་གྱུར་ཏེ། གལ་ཏེ་དེས་བདག་གི་ལུས་མ་མཐོང་ན་ཁྲག་དྲོན་པོར་སྐྱུགས་ནས་


DKG011_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བྱེད་པའི་གནས་སུ་འགྱུར་བར་རིག་ཅིང་ཇི་ཙམ་ན་ཚེའི་འདུ་བྱེད་ཀྱང་སྤངས། ཚེའི་འདུ་བྱེད་སྤངས་མ་ཐག་ཏུ་ས་ཡང་རྣམ་པ་དྲུག་ཏུ་གཡོས། སྐར་མདའ་ཡང་ལྷུང་། ཕྱོགས་ཀྱང་འཚིག །བར་སྣང་ལ་ལྷ་དག་རྔ་ཡང་རྡུང་བར་འགྱུར་རོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྦྱར་བ་དང་། བསྲེག་པ་དང་། གློག་དབྱུང་བ་དང་། ཆོ་འཕྲུལ་ཆེན་པོ་རྣམ་པ་སྣ་ཚོགས་བྱས་ནས་རང་གི་ལུས་བྱིན་གྱིས་བརླབས་ནས་གློ་གཡས་པས་ཕབ་སྟེ། རྐང་པའི་སྟེང་དུ་རྐང་པ་བཞག་ནས་ཉལ་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་འདི་སྙམ་དུ་ཅིའི་ཕྱིར་བདག་ཅག་གིས་འདི་གཡོས་པར་གྱུར་ཅེས་བསམས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་ནས། ཡང་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་དང་། ལྷ་བརྒྱ་སྟོང་དུ་མས་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། པུན་ད་རི་ཀ་ལ་སོགས་པ་དང་། ཙན་དན་ས་མཆོག་དང་། ཨ་ག་རུའི་ཕྱེ་མ་ཐོགས་ཏེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་སྐུ་གདུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གནས་བརྟན་གྱི་སྐུ་ལ་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་བཟང་པོ་དག་དང་། ཙན་དན་ས་མཆོག་དང་། ཨ་ག་རུའི་ཕྱེ་མ་དག་གིས་མཆོད་ཅིང་གཏོར་ནས་ རི་གསུམ་སྦྱར་ནས་བཀབ་བོ། །དེ་ནས་ལྷ་རྣམས་གནས་བརྟན་དང་བྲལ་བས་མྱ་ངན་སྐྱེས་ཏེ། དེ་ལྟར་བདག་ཅག་བཅོམ་ལྡན་འདས་དང་བྲལ་བའི་མྱ་ངན་སྐྱེས་པ་ཡང་མ་བྱང་བར་འདིར་ཤིང་ནྱ་གྲོ་དྷའི་ཕུག་འདི་ན་གནས་པའི་ལྷ་རྣམས་དགེ་བའི་ཆོས་ཀྱི་བར་ཆད་ཀྱང་བྱུང་བར་གྱུར། ཡུལ་མ་ག་དྷཱའི་རྒྱལ་པོའི་ཡུལ་ཡང་སྟོངས་ནས་སྣང་བ་མེད་པར་གྱུར། ད་ནི་བཀྲེན་པ་དང་། དབུལ་པོ་དང་། མགོན་མེད་པའི་སྲང་དུ་བྱམས་པས་ཕན་འདོགས་པའི་མགོན་ཡང་མེད། སྐྱེ་བོ་རྣམས་དགེ་བས་དབུལ་བར་གྱུར་ཏེ། ད་ནི་བཅོམ་ལྡན་འདས་གཉིས་ཁོ་ན་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ། ད་ནི་དམ་པའི་ཆོས་ཀྱི་རིའི་རྩེ་མོ་ཡང་


DKG011_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་། ད་ནི་དམ་པའི་ཆོས་ཀྱི་གྲུ་ཡང་རབ་ཏུ་གཡོས། ད་ནི་དམ་པའི་ཆོས་ཀྱི་སྣང་བ་ཡང་ནུབ། ད་ནི་དམ་པའི་ཆོས་ཀྱི་རྒྱ་མཚོ་ཡང་འཁྲུགས། ད་ནི་སྟོན་པ་ཕན་འདོགས་པ་མི་སྣང་བར་གྱུར་པས་བདུད་དག་ཀྱང་དགའ་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲེ་སྔགས་རྣམ་པ་མང་པོ་བཏོན་ནས་ཕྱག་བྱས་ཏེ་མི་སྣང་བར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་མ་སྐྱེས་དགྲའི་རྨི་ལམ་དུ་རྒྱལ་རིགས་ཀྱི་ཞང་པོའི་རྒྱུད་ཆད་པར་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་ནས་སད་པ་དང་། སྒོ་སྲུང་གིས་གནས་བརྟན་འོད་སྲུང་ཆེན་པོ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྦྲོན་ཏོ་ཞེས་སྨྲས་པ་ཐོས་སོ། །ཐོས་ནས་རྒྱལ་པོ་བརྒྱལ་ཏེ་ས་ལ་འགྱེལ་བ་དང་། ཇི་ཙམ་ན་ཆུས་གཏོར་ནས་བསླང་སྟེ་འོད་མའི་ཚལ་དུ་སོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་ལ་ལུས་ཐམས་ཅད་ཀྱིས་གཏུགས་ནས་ངུས་ཏེ། བདག་གིས་དེ་རིང་གནས་བརྟན་འོད་སྲུང་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པར་ཐོས་སོ་ཞེས་སྨྲས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་པོ་མ་སྐྱེས་དགྲ་ཁྲིད་ནས་རི་བྱ་གག་རྐང་ལ་འཛེགས་པ་དང་། ཇི་ཙམ་ན་གནོད་སྦྱིན་དག་གིས་རི་ཕྱེ་བ་དང་། རྒྱལ་པོ་མ་སྐྱེས་དགྲས་དེའི་སྐུ་མེ་ཏོག་མན་དཱ་ར་བ་དང་། ཀུ་ཤེ་ཤ་ཡ་དང་། ཙན་དན་ས་མཆོག་གི་ཕྱེ་མས་གཡོགས་པ་མཐོང་ངོ་། །མཐོང་ནས་ལག་པ་བསྒྲེང་སྟེ། ཤིང་དྲུང་རྩ་བ་ནས་བཅད་པ་བཞིན་དུ་དེའི་རྐང་པ་ལ་ལུས་ཐམས་ཅད་ཀྱིས་གཏུགས་ནས་ལངས་ཏེ་ བསྲེག་ཤིང་བསག་པར་བརྩམས་པ་དང་། གནས་བརྟན་ཀུན་དགའ་བོས་སྨྲས་པ། རྒྱལ་པོ་ཆེན་པོ་ཅི་ཞིག་རྩོམ། རྒྱལ་པོས་སྨྲས་པ། གནས་བརྟན་གྱི་སྐུ་ཞུགས་ལ་བཞེན་པར་བགྱིའོ། །གནས་བརྟན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་བྱམས་པའི་གསུང་རབ་བྱུང་གི་བར་དུ་བྱིན་གྱིས་བརླབས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ཉན་ཐོས་བྱེ་བ་ཕྲག་དྲུག་བཅུ་རྩ་དགུས་བསྐོར་བ་ཕྱོགས་འདིར་བྱོན་ནས་གནས་བརྟན་འོད་སྲུང་ཆེན་པོའི་ལུས་འདི་བཟུང་སྟེ་འདི་ནི་འོད་སྲུང་ཞེས་བྱ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་འདོད་པ་ཆུང་བ། ཆོག་ཤེས་པ། སྦྱངས་པའི་ཡོན་ཏན་འཆང་


DKG011_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོག་ཏུ་གྱུར་ནས་དེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་བསྡུས་སོ་ཞེས་ཉན་ཐོས་རྣམས་ལ་བསྟན་པ་དང་། ཇི་ཙམ་ན་དེ་དག་འདི་སྙམ་དུ་དེའི་དུས་ཀྱི་མི་རྣམས་ནི་ལུས་ཆུང་བར་གྱུར་ཏེ། ངེས་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ནི་ཆེན་པོར་གྱུར་པ་ཞིག་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དེས་དེའི་ལུས་ལས་སྣམ་སྦྱར་བླངས་ནས་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་སྣམ་སྦྱར་ཡིན་ནོ་ཞེས་ཉན་ཐོས་རྣམས་ལ་བསྟན་པ་དང་། དེ་དག་གིས་དེ་ཐོས་ནས་དེ་ཉིད་ཀྱིས་དགེ་སློང་བྱེ་བ་དྲུག་བཅུ་རྩ་དགུས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ནས་ཅི་ནུས་ཀྱིས་བྱས་ཤིང་བསྒྲུབས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་དེས་བྱིན་གྱིས་བརླབས་པས་ལུས་འདི་མེ་ལ་བསྲེག་པར་མི་ནུས་མོད་ཀྱི། འོན་ཀྱང་འདིའི་སྟེང་དུ་མཆོད་རྟེན་བརྩིག་པར་བྱའོ། །ཇི་ཙམ་ན་རྒྱལ་པོ་སྒོར་བྱུང་བ་དང་རི་འབྱར་ཅིང་དེའི་ལུས་བཀབ་པར་གྱུར་ཏོ། །དེའི་འོག་ཏུ་རྒྱལ་པོས་སྟེང་དུ་མཆོད་རྟེན་བརྩིགས་ནས་མཆོད་པ་ཡང་བྱས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་ལ་གཏུགས་ནས་སྨྲས་པ། གནས་བརྟན་བདག་གིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་མཐོང་། གནས་བརྟན་འོད་སྲུང་ཆེན་པོ་ཡང་མ་མཐོང་སྟེ། འདི་ལྟར་གནས་བརྟན་ཡོངས་སུ་མྱ་ངན་ལས་འདའ་བ་ བལྟ་བར་བགྱིའོ། །དེ་བཞིན་དུ་བགྱིའོ་ཞེས་གནས་བརྟན་གྱིས་ཁས་བླངས་སོ། །ཇི་ཙམ་ན་ཤ་ནའི་གོས་ཅན་རྒྱ་མཚོ་ཆེན་པོ་ནས་བདེ་ཞིང་ལེགས་པར་འོངས་ཏེ་དེས་ནོར་རྣམས་གཏེར་དུ་སྦས་ཏེ་འོད་མའི་ཚལ་དུ་འོངས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དྲི་གཙང་ཁང་གི་སྒོ་ན་འཆག་པ་ལ་ཕྱག་བྱས་ནས། བཙུན་པ་མཁྱེན་པར་མཛོད་ཅིག །བདག་ནི་ལོ་ལྔའི་དུས་སྟོན་བགྱིད་དེ། བདག་གིས་རྒྱ་མཚོ་ཆེན་པོ་བརྒལ་ནས་བདེ་ཞིང་ལེགས་པར་མཆིས་ཏེ། དེ་བས་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ལོ་ལྔའི་དུས་སྟོན་བགྱིད་པར་འཚལ་ན། བཅོམ་ལྡན་འདས་གང་ན་བཞུགས། གནས་བརྟན་གྱིས་


DKG011_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སྨྲས་པ་ཤ་ནའི་གོས་ཅན་གྱིས་ཐོས་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །ཇི་ཙམ་ན་ཆུས་གཏོར་ནས་བསླང་བ་དང་། དེས་སེམས་ཀྱི་འདུ་ཤེས་སླར་རྙེད་ནས་སྨྲས་པ། གནས་བརྟན་ཤཱ་རིའི་བུ་གང་ན། དེ་ཡོངས་སུ་མྱ་ངན་ལས་འདས་ཏེ། མཽད་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་ཡང་དེ་བཞིན་ནོ། །དེ་ཤིན་ཏུ་མི་དགའ་བ་སྐྱེས་ནས་དད་པས་ལོ་ལྔའི་དུས་སྟོན་བྱས་ཏེ་མཇུག་ཏུ་ཕྱིན་པ་དང་། གནས་བརྟན་གྱིས་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཟང་ཟིང་གིས་བསྡུ་བ་ནི་བྱས་ཟིན་ན། ད་ནི་ཆོས་ཀྱི་བསྡུ་བ་བྱོས་ཤིག་ཅེས་སྨྲས་པ་དང་། ཤ་ནའི་གོས་ཅན་གྱིས་གནས་བརྟན་ཅི་ཞིག་བཀའ་སྩལ། ཅི་ཙམ་ན་གནས་བརྟན་ཀུན་དགའ་བོས་བུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཤིག་ཅེས་སྨྲས་པ་དང་། དེས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རབ་ཏུ་ཕྱུང་སྟེ། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཟིན་པར་བྱས་ནས་ཇི་སྲིད་འཚོའི་བར་དུ་ཤ་ནའི་གོས་གྱོན་ཞིང་འཆང་བ་ཡང་དག་པར་ལེན་དུ་བཅུག་གོ །དེ་ཐོས་པ་འཛིན་པ་ཞིག་སྟེ། ཇི་ཙམ་ན་བཅོམ་ལྡན་འདས་ལས་དགེ་སློང་སྡེ་གཉིས་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཐོས་ཤིང་བཟུང་བ་ཐམས་ཅད་ཚེ་དང་ལྡན་པ་ཤ་ནའི་གོས་ཅན་གྱིས་ཀྱང་བཟུང་སྟེ། རིག་པ་གསུམ་དང་། སྡེ་སྣོད་གསུམ་རྒྱས་པར་བྱས་སོ། །ཇི་ཙམ་ན་གནས་ བརྟན་ཀུན་དགའ་བོ་འོད་མའི་ཚལ་ན་འདུག་པ་དང་། དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། གང་ན་ལོ་བརྒྱར་འཚོ་བ་ནི། །ངེས་པར་ཆུ་ལ་བྱ་གར་བཞིན། །ཆུ་ལ་བྱ་གར་མཐོང་བ་ལྟར། །བདག་ཉིད་གཅིག་པུའི་འཚོ་བ་དགེ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་སྐད་ཐོས་ནས། དེ་ག་ལ་བར་སོང་སྟེ་སྨྲས་པ། བུ་བཅོམ་ལྡན་འདས་ཀྱིས་ནི་དེ་སྐད་མ་གསུངས་མོད་ཀྱི། འོན་ཀྱང་གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་སྐྱེ་དང་འཇིག་པ་ཡིན། །གང་ཟག་གཉིས་ལ་སྟོན་པ་ཡིས། །ས་འདིར་རྟག་པར་བཤད་པ་ནི། །མ་དད་ཞེ་སྡང་བློ་ཅན་དང་། །དད་ལ་ཕྱིན་ཅི་ལོག་གྱུར་པའོ། །


DKG011_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་ལོག་པར་བཟུང་གྱུར་པས། །བ་ལང་འདམ་དུ་སོང་བ་བཞིན། །དེ་ནི་ཉེ་བར་འཇིག་འགྱུར་ཏེ། །རང་གི་མཆི་བློས་བློ་མེད་པ། །ཐོས་པ་མི་ཤེས་འབྲས་བུ་མེད། །ལོག་པར་ཤེས་པ་དུག་དང་འདྲ། །ཐོས་པ་ཡང་དག་ཉིད་ཤེས་པ། །བྲལ་བ་འབྲས་བུ་བློ་ལྡན་ཡིན། །དེས་དེའི་མཁན་པོ་ལ་སྨྲས་པ། །ཀུན་དགའ་བོ་ཡང་རྒས་གྱུར་ཏེ། །དེ་ཡི་དྲན་པའང་ཉམས་པར་གྱུར། །སྨྲས་པ། རྒ་བ་དག་གིས་གཟིར་གྱུར་པ། །ལུས་ཅན་དེ་ཡི་དྲན་པ་ཉམས། །ཡང་དག་རྗེས་སུ་མི་དྲན་པ། །དེ་ཡི་བློ་ནི་རྒས་པས་གནོན། །ཁྱོད་སོང་ལ་དེ་སྐད་སྨྲོས་ཤིག་ཅེས་བྱས་པ་དང་། གནས་བརྟན་ཀུན་དགའ་བོ་སླར་ལོག་སྟེ། དགེ་སློང་དེ་ཡང་དེ་སྐད་འདོན་པ་དང་། གནས་བརྟན་གྱིས་སྨྲས་པ། བུ་བཅོམ་ལྡན་འདས་ཀྱིས་ནི་དེ་སྐད་མ་གསུངས་སོ་ཞེས་ངས་མ་སྨྲས་སམ། དགེ་སློང་དེས་མཁན་པོའི་ཚིག་བཞིན་སྨྲས་པ་དང་། ཇི་ཙམ་ན་གནས་བརྟན་ཀུན་དགའ་བོས་གལ་ཏེ་བདག་ཉིད་ཀྱིས་དགེ་སློང་ལ་སྨྲས་ན་ནི་འཐབ་མོར་འགྱུར། དེ་ནི་དྲུང་དུ་འོང་དུ་མི་བཏུབ། དེའི་དྲུང་དུ་ནི་བདག་འགྲོ་བའི་ཆ་མ་ཡིན་ནོ་སྙམ་དུ་བརྟགས་ནས་དེས་བསམས་པ། འདི་ལྟར་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་དང་འོད་སྲུང་ལ་སོགས་པ་ཆེན་པོ་དེ་དག་ཀྱང་འདས་ཟིན་ན་མ་ལ་བདག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་སྟེ། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཀྱི་ཚུལ་ལོ་སྟོང་དུ་གནས་པར་འགྱུར་རོ་སྙམ་དུ་བསམས་ནས་ སྨྲས་པ། རྙིང་པ་གང་དག་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ནི་གཅིག་པུ་བསམ་གཏན་ལ། །སྒོ་ང་ལས་སྐྱེ་བཞིན་དུ་གནས། །བདག་གི་གྲོགས་དང་མཛའ་བོ་ཀུན། །སྔོན་དུ་འདས་ཤིང་སོང་བར་གྱུར། །ཇི་ལྟར་བསམ་གཏན་གནས་དྲན་པ། །དེ་འདྲའི་བཤེས་གཉེན་འདི་ན་མེད། །དྲི་མ་བྱང་ནས་ཞིར་སོང་འགྲོ་བའི་སྒྲོན་མ་སྟེ། །བདག་ཉིད་ཆེན་པོས་གཏི་མུག་མུན་གནག་རབ་རིབ་བསལ། །དེ་དག་གིས་ནི་གདུལ་བ་ཚད་མེད་བཏུལ་གྱུར་ནས། །གཅིག་པུ་དགོན་པ་མཆོད་རྟེན་ཚལ་ཤིང་ལྷག་མ་འདྲ། །དེ་ནས་ཤ་ནའི་གོས་ཅན་ལ་བུ་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་


DKG011_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གཏད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེས་ཀྱང་ང་ལ་གཏད་དེ་ད་ནི་ངས་བསྟན་པ་ཁྱོད་ལ་གཏད་ནས་ང་ཡོངས་སུ་མྱ་ངན་ལས་འདས། ཁྱོད་ཀྱིས་ཀུན་དུ་སྐྱོངས་ཤིག་དང་། གྲོང་ཁྱེར་བཅོམ་བརླག་རི་མུ་རུན་ད་ཞེས་བྱ་བ་དེར་ཡུལ་བཅོམ་བརླག་གི་ཚོང་དཔོན་གྱི་བུ་ན་ཏ་དང་། ཕ་ཏ་ཞེས་བྱ་བས་གཙུག་ལག་ཁང་བརྩིགས་ནས། གཙུག་ལག་ཁང་གི་ཡོན་བདག་ཏུ་འགྱུར་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ་རི་མུ་རུན་དར་གཙུག་ལག་ཁང་བརྩིགས་ཟིན་ནས། ཡུལ་བཅོམ་བརླག་ན་སྤོས་འཚོང་སྦས་པ་ཞེས་བྱ་བ་དེའི་བུ་ཉེ་སྦས་ཞེས་བྱ་བ་ཞིག་ཡོད་པར་འགྱུར་ཏེ། དེ་རབ་ཏུ་ཕྱུང་ཤིག་དང་། དེ་ནི་བཅོམ་ལྡན་འདས་ཀྱིས་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ། དེས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཤ་ནའི་གོས་ཅན་གྱིས་མཁན་པོས་ཇི་སྐད་བཀའ་སྩལ་པ་བཞིན་བྱའོ་ཞེས་སྨྲས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་ང་ནི་ཡོངས་སུ་མྱ་ངན་ལས་འདའ་སྟེ་ཁྱོད་ལ་སྦྲན་ཏོ་ཞེས་སྨྲས་སོ། །དེ་ནས་གནས་བརྟན་ཀུན་དགའ་བོས་བསམས་པ། བདག་འདིར་ཡོངས་སུ་མྱ་ངན་ལས་འདས་ན། རྒྱལ་པོ་མ་སྐྱེས་དགྲ་དང་། ཡུལ་སྤོང་བྱེད་པ་གཉིས་ཕན་ཚུན་རྩོད་པར་འགྱུར་ཏེ། ཡུལ་ཡངས་པ་ཅན་པ་དག་ལ་ཡང་ཤ་རི་རམ་གྱི་སྐལ་བ་མི་བྱིན། གལ་ཏེ་ཡངས་པ་ཅན་དུ་མྱ་ངན་ལས་ འདས་ན་ནི་དེ་དག་གིས་ཀྱང་མི་བྱིན་ཏེ། མ་ལ་བདག་ནི་ཆུ་བོ་གང་གཱའི་དབུས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ནས་དེ་དེར་སོང་ངོ་། །དེ་ནས་ཡང་རྒྱལ་པོ་མ་སྐྱེས་དགྲའི་རྨི་ལམ་དུ་རྒྱལ་པོའི་སྟེང་དུ་གདུགས་འཛིན་པ་དེའི་ཡུ་བ་ཆགས་པར་མཐོང་ངོ་། །མཐོང་ནས་སྐྲག་སྟེ་སད་པ་དང་སྒོ་སྲུང་གིས་ལྷ་གནས་བརྟན་ཀུན་དགའ་བོ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྦྲོན་ཏོ་ཞེས་སྨྲས་སོ། །དེ་ཐོས་ནས་རྒྱལ་པོ་བརྒྱལ་ཏེ་འགྱེལ་བ་དང་། ཇི་ཙམ་ན་ཆུས་གཏོར་ཏེ་བསླང་ནས་སེམས་ཀྱི་འདུ་ཤེས་རྙེད་པ་དང་། རྒྱལ་པོས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་གང་དུ་ཡོངས་སུ་མྱ་ངན་ལས་འདས། ཚེ་དང་ལྡན་པ་ཤ་ནའི་གོས་ཅན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་


DKG011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སོང་སྲས་སུ་མངོན་འཁྲུངས་ནས། །དམ་པའི་ཆོས་ཀྱི་མཛོད་ནི་ཡོངས་བསྲུང་ངེས་པའི་བདག་ཉིད་ཅན། །སྲིད་པ་འགོག་པར་མཛད་པ་རྣམ་པར་དག་པའི་བློ་གྲོས་ནི། །གྲོང་ཁྱེར་ཡངས་པ་ཅན་དུ་མངོན་པར་རབ་ཏུ་གཤེགས་པར་གྱུར། །ཇི་ཙམ་ན་རྒྱལ་པོ་མ་སྐྱེས་དགྲས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ་ཆུ་བོ་གང་གཱའི་འགྲམ་དུ་ཆས་ཏེ་སོང་བ་དང་། ཡངས་པ་ཅན་པ་དག་ལ་ལྷ་དག་གིས་སྨྲས་པ། འཕགས་པ་ཀུན་དགའ་འགྲོ་བའི་སྒྲོན་མ་ནི། །སྐྱེ་བོ་ཕལ་པོ་ཆེ་ལ་ཐུགས་རྗེ་མཛད། །ཐུབ་པ་འདི་ནི་མྱ་ངན་མུན་བསལ་ནས། །རང་ཞི་བརྟན་པར་ཡངས་པ་ཅན་དུ་གཤེགས། །ཇི་ཙམ་ན་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། ཆུ་བོ་གང་གཱའི་འགྲམ་དུ་འོངས་པ་དང་། གནས་བརྟན་ཀུན་དགའ་བོ་ཡང་གྲུར་ཞུགས་ནས་ཆུ་བོ་གང་གཱའི་དབུས་སུ་འདུག་གོ །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་གནས་བརྟན་ཀུན་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་སྨྲས་པ། འདབ་མ་བརྒྱ་པ་ལྟ་བུར་ཁ་བྱེ་སངས་རྒྱས་ཡངས་པའི་སྤྱན། །སྲིད་པ་གསུམ་གྱི་སྒྲོན་མར་གྱུར་པ་ཞི་བར་གཤེགས་གྱུར་པས། །བདག་ཅག་ཁྱོད་ལ་སྐྱབས་འོངས་གལ་ཏེ་ཞི་བར་གཤེགས་གྱུར་ན། །བདག་ཅག་དོན་དུ་ཚུར་གཤེགས་ཁྱོད་ཀྱི་སྐུ་ནི་འདིར་འོར་ཅིག །ཇི་ཙམ་ན་ཡངས་པ་ཅན་ པ་དག་གིས་ཀྱང་དེ་སྐད་སྨྲས་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་འདི་ལྟར་བསམ་པ་བསྐྱེད་དེ། གལ་ཏེ་མ་ག་དྷཱ་ཡི་གྲོང་དུ་བདག་གི་ལུས་བོར་ན། །ལིཙྪ་བཱི་རྣམས་གདོན་མི་ཟ་བར་སྡུག་བསྔལ་འགྱུར། །གལ་ཏེ་གྲོང་ཁྱེར་སྤོང་བྱེད་དག་ཏུ་བདག་གི་ལུས་བོར་ན། །མ་ག་དྷཱ་ཡི་བདག་པོ་ངེས་པར་མི་དགའ་བས། །དེ་བས་ལུས་ཕྱེད་མི་ཡི་དབང་པོ་ལ། །ལུས་ཀྱི་ཕྱེད་ནི་ཚོགས་ལ་བྱིན་བྱས་ནས། །འདི་ལྟར་དེ་དག་གཉི་གས་ཡང་དག་པར། །རྟག་པ་ཁོ་ནར་མཆོད་པ་ཉིད་དུ་འགྱུར། །ཇི་ཙམ་ན་གནས་བརྟན་ཀུན་དགའ་བོ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་དྲང་སྲོང་གཞན་ཞིག་


DKG011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྔ་བརྒྱས་བསྐོར་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་རྫུ་འཕྲུལ་གྱིས་འོངས་ཏེ་ཐལ་མོ་སྦྱར་ནས་གནས་བརྟན་ཀུན་དགའ་བོ་ལ་བདག་ཅག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་གསོལ་ལོ་ཞེས་སྨྲས་པ་དང་། ཇི་ཙམ་ན་གནས་བརྟན་ཀུན་དགའ་བོས་སློབ་མ་རྣམས་ལྷན་ཅིག་ཏུ་བདག་གི་དྲུང་དུ་ཚུར་ཤོག་ཅེས་བསམ་པ་བསྐྱེད་ནས་དེས་བསམ་པ་དེ་བསྐྱེད་མ་ཐག་ཏུ་དེ་བཞིན་དུ་སློབ་མ་ལྔ་བརྒྱ་དེར་འོངས་སོ། །གནས་བརྟན་ཀུན་དགའ་བོས་ཆུའི་དབུས་ས་གཞིར་སྤྲུལ་ནས་ལམ་མེད་པར་བྱས་སོ། །ཇི་ཙམ་ན་དྲང་སྲོང་འཁོར་ལྔ་བརྒྱ་པོ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་གསོལ་བ་བྱས་པ་དང་། འཁོར་ལྔ་བརྒྱ་པོས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ལས་གསུམ་པ་བརྗོད་པ་དང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་སྟེ། དེ་དག་ཆུ་བོ་གང་གཱའི་དབུས་དང་ཉི་མའི་གུང་ལ་རབ་ཏུ་བྱུང་བས་ཁ་ཅིག་ནི་ཆུ་དབུས། ཁ་ཅིག་ནི་ཉི་མའི་གུང་ཞེས་བྱ་བར་ཀུན་དུ་གྲགས་ཏེ། དེ་དག་གིས་བྱ་བ་བྱས་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་སྨྲས་པ། བཅོམ་ལྡན་འདས་ཀྱིས་རབ་བཟངས་ཐམས་ཅད་ཀྱི་ཐ་མར་རབ་ཏུ་ཕྱུང་ན་དང་པོར་ཡོངས་སུ་མྱ་ངན་ལས་འདས་པས་མཁན་པོས་བཀའ་སྩོལ་ཅིག་དང་བདག་ཅག་ནི་སྔར་ཡོངས་སུ་མྱ་ ངན་ལས་འདའ་སྟེ། མཁན་པོ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བར་ནི་བདག་ཅག་མི་འཚལ་ལོ། །གནས་བརྟན་གྱིས་སྨྲས་པ། བུ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་ནས་ཡོངས་སུ་མྱ་ངན་ལས་འདས། གནས་བརྟན་འོད་སྲུང་ཆེན་པོས་ཀྱང་ང་ལ་གཏད་དེ། ད་ང་ནི་ཡོངས་སུ་མྱ་ངན་ལས་འདའ་བས་བསྟན་པ་འདི་ཁྱོད་ཀྱིས་ཡོངས་སུ་སྲུང་ཤིག །བཅོམ་ལྡན་འདས་ཀྱིས་ཁ་ཆེའི་ཡུལ་ནི་བསམ་གཏན་དང་མཐུན་པ་དང་གནས་མལ་གྱི་མཆོག་གོ་ཞེས་འདི་ལྟར་ཁ་ཆེའི་ཡུལ་ལུང་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་དགེ་སློང་ཉི་མའི་གུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེས་འདིར་


DKG011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ་འཇུག་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་བས་ན་བུ་ཁྱོད་ཀྱིས་བསྟན་པ་ལ་འཇུག་པར་བྱོས་ཤིག །དེས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པར་བརྩམས་པ། མ་ག་དྷཱ་པ་སྙིང་རྗེས་ངུ་ཞིང་མགོན་པོ་ཚུར་གཤེགས་ཞེས། །སྤོང་བྱེད་པ་ཡང་སྙིང་རྗེས་ངུ་ཞིང་མགོན་པོ་ཚུར་གཤེགས་འབོད། །ཆུ་འགྲམ་དག་ན་སྐྱེ་བོ་གཉིས་ཀྱིས་ཚིག་བརྗོད་པ། །གསན་ནས་བློ་གྲོས་ཅན་གྱི་སྔོན་གྱི་སྐུ་ནི་སོ་སོར་བྱས། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལུས་བྱིན་གྱིས་བརླབས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ་མེ་ལ་ཆུ་གཏོར་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ནས་ལུས་ཕྱེད་ནི་ཡངས་པ་ཅན་པས། ལུས་ཕྱེད་ནི་རྒྱལ་པོ་མ་སྐྱེས་དགྲས་ཐོབ་ནས་སྨྲས་པ། ཡེ་ཤེས་རྡོ་རྗེ་རྣོན་པོ་ཡིས། །རང་གི་ལུས་ཀྱི་རི་བཅོམ་སྟེ། །ཕྱེད་ནི་མི་ཡི་དབང་པོ་བྱིན། །ཕྱེད་ནི་ཐུབ་པས་ཚོགས་རྣམས་བྱིན། །དེ་ནས་ལིཙྪ་བཱི་རྣམས་ཀྱིས་ཡངས་པ་ཅན་དུ་མཆོད་རྟེན་བརྩིགས་ནས་བཞག་གོ །རྒྱལ་པོ་མ་སྐྱེས་དགྲས་ཀྱང་གྲོང་ཁྱེར་སྐྱ་སྣར་ཅན་གྱི་བུར་མཆོད་རྟེན་བརྩིགས་ནས་བཞག་གོ །དེ་ནས་ཉི་མའི་གུང་གི་བསམ་པ་སྐྱེས་པ། བདག་གི་མཁན་པོས་ཀྱང་ཁ་ཆེ་ཡུལ་དུ་བསྟན་པ་ཞོག་ཤིག་ཅེས་བསྒོ། བཅོམ་ལྡན་ འདས་ཀྱིས་ཀྱང་དགེ་སློང་ཉི་མའི་གུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེས་ཁ་ཆེའི་ཡུལ་དུ་ཀླུ་མི་སྲུན་པ་ཧུ་ལུན་ཏ་བཏུལ་ནས་བསྟན་པ་འཇོག་པར་འགྱུར་རོ་ཞེས་ལུང་བསྟན་པས་མ་ལ་བདག་གིས་སྟོན་པའི་དགོངས་པ་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་ནས། ཚེ་དང་ལྡན་པ་ཉི་མའི་གུང་གིས་ཁ་ཆེའི་ཡུལ་དུ་སོང་སྟེ་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ །དེ་ནས་ཉི་མའི་གུང་གིས་ཁ་ཆེ་ཡུལ་གྱི་ཀླུ་འདི་ཟིལ་གྱིས་མནན་ལ། ཀླུ་དེ་དག་འཁྲུགས་པར་བྱས་ན་འདུལ་བར་འགྱུར་རོ་སྙམ་དུ་བསམས་ན་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། འདི་ལྟར་ཁ་ཆེའི་ཡུལ་རྣམ་པ་དྲུག་ཏུ་གཡོས་ཏེ། ཀླུ་དེ་དག་ཀྱང་འཁྲུགས་ཤིང་རབ་ཏུ་རྔམ་ནས་རྫི་ཆར་དྲག་པོ་དག་ཕབ་སྟེ་གནས་བརྟན་ལ་གནོད་པ་བྱ་བར་ཆས་པ་དང་།


DKG011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་གྱིས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཀླུ་དེ་དག་གིས་གནས་བརྟན་གྱི་ཆོས་གོས་ཀྱི་མཐའ་མ་ཡང་གཡོ་བར་མ་ནུས་སོ། །དེ་ནས་ཀླུ་དག་གིས་མདའི་ཆར་ཕབ་པ་དང་། གནས་བརྟན་གྱིས་ཀུན་ཏུ་གསལ་བའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོར་ཕབ་བོ། །ཀླུ་དག་གིས་རྡོ་རྗེ་རྩེ་གཅིག་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དང་། དགྲ་སྟ་དག་འཕང་བར་བརྩམས་པ་དང་། གནས་བརྟན་གྱི་སྟེང་དུ་མེ་ཏོག་ཀུ་སུ་མའི་ཆར་བབ་ནས་སྨྲས་པ། གངས་རི་རྩེ་མོ་དེ་ནི་ཉི་མའི་འོད་ཀྱིས་རབ་ཏུ་བཞུ་བ་ན། །རི་བོའི་རྩེ་མོ་དེ་དག་ཀུན་ནི་མེད་པར་སོང་གྱུར་མཐོང་བ་ལྟར། །ཕྱག་དར་ཆར་ཕབ་ཀུ་སུ་མ་ཡི་ཆར་པ་སྣ་ཚོགས་བབ་པར་བྱས། །གནམ་ལས་མདའ་ཡི་ཆར་ཕབ་མེ་ཏོག་ཕྲེང་བར་ཀུན་ཏུ་གནས་པར་གྱུར། །དེ་ནས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ལུས་ལ་མེས་མ་ཚིག །མཚོན་གྱིས་མ་ཚུགས། དུག་གིས་མ་ཚུགས་ཏེ། ཀླུ་རྣམས་ངོ་མཚར་སྐྱེས་སོ། །དེ་ནས་ཀླུ་དེ་དག་གནས་བརྟན་གྱི་དྲུང་དུ་སོང་སྟེ་འཕགས་པ་བཀའ་ཅི་སྩལ་ཅེས་སྨྲས་པ་དང་། གནས་བརྟན་གྱིས་སྨྲས་པ། གནས་འདི་ང་ལ་བྱིན་ཅིག །ཀླུ་དག་གིས་སྨྲས་པ། དབུལ་བར་རྔོ་མི་ཐོག་གོ །གནས་བརྟན་གྱིས་གནས་འདི་ནི་ བཅོམ་ལྡན་འདས་ཀྱིས་ངའི་གནས་སུ་ལུང་བསྟན་ཏེ། གང་ཁ་ཆེ་ཡུལ་འདི་བསམ་གཏན་དང་མཐུན་པའི་གནས་མལ་ཡིན་པས་དེང་ཕན་ཆད་ངའི་ཡིན་ནོ་ཞེས་སྨྲས་པ་དང་། ཀླུ་རྣམས་ཀྱིས་སྨྲས་པ། གནས་བརྟན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏམ། གནས་བརྟན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཀླུ་རྣམས་ཀྱིས་སྨྲས་པ། གནས་ཅི་ཙམ་ཞིག་དབུལ་བར་བགྱི། གནས་བརྟན་གྱིས་སྨྲས་པ། སྐྱིལ་མོ་ཀྲུང་བཅས་པ་ཙམ་མོ། །ཀླུ་རྣམས་ཀྱིས་བཙུན་པ་དབུལ་བར་བགྱིའོ་ཞེས་སྨྲས་པ་དང་། གནས་བརྟན་གྱིས་སྐྱིལ་མོ་ཀྲུང་བཅས་པས་ལུང་པ་དགུའི་མདོ་སྐྱིལ་མོ་ཀྲུང་གིས་ནོན་པ་དང་། ཀླུ་རྣམས་ཀྱིས་གནས་བརྟན་འཁོར་ཇི་སྙེད་ཅིག་མངའ་ཞེས་སྨྲས་པ་དང་། གནས་བརྟན་གྱིས་དགེ་སློང་ཇི་སྙེད་ཅིག་འདུ་བར་འགྱུར་སྙམ་བསམས་


DKG011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཇི་ཙམ་ན་དགྲ་བཅོམ་པ་ལྔ་བརྒྱའོ་སྙམ་དུ་གནས་བརྟན་གྱིས་བསམས་ནས་དགྲ་བཅོམ་པ་ལྔ་བརྒྱའོ་ཞེས་སྨྲས་པ་དང་། ཀླུ་རྣམས་ཀྱིས་དེ་བཞིན་དུ་གྱུར་ཅིག །གལ་ཏེ་དགྲ་བཅོམ་པ་གཅིག་ཅིག་གིས་མ་ཚང་ན་དེའི་ཚེ་ཁ་ཆེ་ཡུལ་བདག་ཅག་གིས་སླར་དབྲོག་པར་བགྱིའོ་ཞེས་སྨྲས་པ་དང་། གནས་བརྟན་ཉི་མའི་གུང་གིས་ཁ་ཆེ་ཡུལ་གྱི་ཀླུ་རྣམས་ལ་སྨྲས་པ། དེ་ཡིན་མོད་ཀྱི་འོན་ཀྱང་གང་ན་སྦྱིན་བདག་གནས་པ་དེ་ན་ལེན་པ་ཡོད་པས་ངས་ཁྱིམ་བདག་ཀྱང་འཇུག་པར་བྱའོ། །ཀླུ་རྣམས་ཀྱིས་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་པ་དང་། ཇི་ཙམ་ན་གནས་བརྟན་གྱིས་སྐྱེ་བོ་རང་ཉིད་ཀྱིས་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དག་བྱས་ཏེ་སྐྱེ་བོའི་ཚོགས་དག་ཞུགས་པ་དང་། དེ་དག་གིས་གནས་བརྟན་ཇི་ལྟར་བདག་ཅག་འཕེལ་བར་འགྱུར་ཞེས་སྨྲས་པ་དང་། ཇི་ཙམ་ན་གནས་བརྟན་གྱིས་སྐྱེ་བོའི་ཚོགས་དག་ཁྲིད་ནས་རི་སྤོས་ཀྱི་ངད་ལྡང་དུ་ཕྱིན་ནས་གུར་གུམ་དག་ཐོན་ཅིག་ཅེས་སྨྲས་པ་དང་། ཇི་ཙམ་ན་རི་སྤོས་ཀྱི་ངད་ལྡང་གི་ཀླུ་རྣམས་འཁྲུགས་པ་དང་། དེ་དག་ཀྱང་གནས་བརྟན་གྱིས་བཏུལ་ནས་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་ཅིག་གནས་པར་འགྱུར། གནས་བརྟན་གྱིས་སྨྲས་པ། ལོ་སྟོང་ངོ་། །དེ་དག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ ཇི་སྲིད་དུ་གནས་པ་དེ་སྲིད་དུ་གནང་བར་བྱའོ་ཞེས་དམ་ཚིག་བྱས་པ་དང་། གནས་བརྟན་གྱིས་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས། ཇི་ཙམ་ན་གནས་བརྟན་གྱིས་ཁ་ཆེ་ཡུལ་དུ་གུར་གུམ་གཞག་པར་བྱིན་གྱིས་བརླབས་སོ། །ཇི་ཙམ་ན་གནས་བརྟན་ཉི་མའི་གུང་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ཁ་ཆེ་ཡུལ་དུ་བཞག་ཅིང་རྒྱ་ཆེར་བྱས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་སྦྱིན་པ་པོ་དང་། ཚངས་པ་མཚུངས་པར་སྤྱད་པའི་ཡིད་དགའ་བར་བྱས་ནས་མེ་ལ་ཆུས་བཏབ་པ་བཞིན་དུ་མྱ་ངན་ལས་འདས་པར་སོང་ནས་དེའི་ལུས་ཙན་དན་ས་མཆོག་དང་ཨ་ག་རུ་ལ་སོགས་པའི་ཤིང་གིས་བསྲེགས་ནས་མཆོད་རྟེན་བརྩིགས་ཏེ་བཞག་གོ །དེ་ནས་ཚེ་དང་ལྡན་པ་ཤ་ནའི་གོས་ཅན་གྱིས་ཀྱང་ཚེ་དང་ལྡན་པ་ཉེ་སྦས་རབ་ཏུ་ཕྱུང་ནས་དེས་བསྟན་པ་རྒྱ་ཆེར་བྱས་ཏེ་ཚེ་དང་ལྡན་པ་ཉེ་སྦས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་


DKG011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཉེ་སྦས་ཤེས་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་ནི་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་ནས་ཡོངས་སུ་མྱ་ངན་ལས་འདས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་མཁན་པོ་ལ། མཁན་པོས་ནི་ང་ལ་བསྟན་པ་གཏད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །བུ་ང་ཡང་ཡོངས་སུ་མྱ་ངན་ལས་འདའ་སྟེ། ད་ནི་ཁྱོད་ཀྱིས་བསྟན་པ་ཡོངས་སུ་བསྐྱང་ཞིང་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་ཐམས་ཅད་ལ་ཁྱོད་ཀྱིས་ནན་ཏན་བྱོས་ཤིག །དེ་ནས་ཚེ་དང་ལྡན་པ་ཤ་ནའི་གོས་ཅན་གྱིས་སྦྱིན་པ་པོ་དང་། ཚངས་པ་མཚུངས་པར་སྤྱོད་པའི་ཡིད་དགའ་བར་བྱས་ནས་སྤར་བ་དང་། བསྲེག་པ་དང་། ཆར་དབབ་པ་དང་། གློག་འབྱུང་བའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱས་ནས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །གནས་བརྟན་ཉེ་སྦས་ཀྱིས་ཀྱང་། ཚེ་དང་ལྡན་པ་དྷི་ཏི་ཀ་ལ། ཚེ་དང་ལྡན་པ་དྷི་ཏི་ཀས་བསྟན་པའི་དགོས་པ་བྱས་ནས་ཚེ་དང་ལྡན་པ་ནག་པོ་ལ། ཚེ་དང་ལྡན་པ་ནག་པོས་ཚེ་དང་ལྡན་པ་ལེགས་མཐོང་ལ་སྟེ། དེ་ལྟར་གླང་པོ་ཆེན་པོ་དག་ཡོངས་སུ་མྱ་ངན་ལས་འདས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ དང་བཅུ་ལོན་ཏེ་རྒྱལ་བའི་ཉི་མ་ནུབ་པ་དང་། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་བ་ཕྱུང་སྟེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་ལ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད། རབ་ཏུ་སྤྱོད་དེ། བཅུ་གང་ཞེ་ན། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཨ་ལ་ལ་ཞེས་བྱ་བ་ནི་རུང་བར་བྱས་ནས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱེད་དེ། འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་ཡོངས་


DKG011_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྟོན་ཅིང་ཀུན་ཏུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་དག་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱོས་ཤིག་ཅེས་ཉན་ཀོར་གྱི་དགེ་སློང་རྣམས་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་ཅིང་རྗེས་སུ་ཡི་རང་བ་རུང་བར་བྱས་ནས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ། འདི་ནི་གཉིས་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་ལ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་ཏུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རང་གི་ལག་གིས་ས་རྐོ་ཞིང་རྐོར་འཇུག་པར་སྤྱོད་པ་རུང་བར་བྱེད་པ་སྟེ། འདི་ནི་གཞི་གསུམ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་ པ་ལ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་ཏུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་པའི་ཚྭ་དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ནས་ཀུན་དུ་སྤྱོད་ཅིང་ཚྭ་རུང་བའོ་ཞེས་བྱེད་པ་སྟེ། འདི་ནི་གཞི་བཞི་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་ལ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་དཔག་ཚད་དང་དཔག་ཚད་ཕྱེད་དུ་སོང་སྟེ་འདུས་ཤིང་ཟས་ཟོས་ནས་ལམ་གྱིས་རུང་བར་བྱེད་དེ། འདི་ནི་གཞི་ལྔ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་


DKG011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རྣམས་ཀྱིས་རུང་བ་མ་ཡིན་པ་ལ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ལྷག་མར་མ་བྱས་པའི་བཟའ་བ་དང་བཅའ་བ་སོར་མོ་གཉིས་བྱས་ཏེ་ཟོས་ནས་སོར་མོ་གཉིས་རུང་བར་བྱེད་དོ། །འདི་ནི་གཞི་དྲུག་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་ལ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྲིན་བུ་པད་པ་བཞིན་དུ་ཆང་བཞིབས་ཏེ་འཐུངས་ནས་ནད་པས་རུང་བར་བྱེད་དེ། འདི་ནི་གཞི་བདུན་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་རུང་བ་མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་འོ་མ་བྲེ་གང་དང་ཞོ་བྲེ་གང་དཀྲུགས་ནས་དུས་མ་ཡིན་པར་ཟ་ཞིང་བསྲེས་པས་རུང་བར་བྱེད་དེ། འདི་ནི་གཞི་བརྒྱད་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་སྤྱོད་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་འཁོར་བས་གདིང་བ་སར་པ་ལ་མ་གླན་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་གདིང་བས་རུང་བར་བྱེད་དེ། འདི་ནི་གཞི་དགུ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད། རབ་ཏུ་སྤྱོད་དོ། །གཞན་ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ལྷུང་བཟེད་གང་དག་ཟླུམ་པོ་


DKG011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་སྤྱད་པར་འོས་པ་དེ་དག་དྲིས་བསྐུས་ནས་བདུག་པ་ཞིམ་པོས་བདུག་སྟེ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་དགེ་སྦྱོང་གི་མགོ་བོ་ལ་ཁྲིའུ་སྟན་དང་ཆས་པའི་སྟེང་དུ་བཞག་ནས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དག་བསྐོར་ནས་འདི་སྐད་ཅེས་བསྒྲགས་སོ། །གྲོང་ཁྱེར་དང་ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོ་མང་པོ་ཡངས་པ་ཅན་ན་གནས་པའི་ཤེས་ལྡན་དག་ཉོན་ཅིག །ལྷུང་བཟེད་འདི་ནི་ལྷུང་བཟེད་བཟང་པོ་ཡིན་ཏེ། འདིར་བྱིན་ཞིང་ཤིན་ཏུ་བྱིན་ནམ། གང་གིས་འདིར་བླུགས་པ་བྱས་ན་དེ་དག་གིས་བླུགས་པ་བྱས་པས་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། བརྩོན་པ་ཆེ་བ་དང་རྒྱ་ཆེ་བར་འགྱུར་རོ་ཞེས་པ་དང་། དེར་དབྱིག་དང་། གསེར་དང་། རིན་པོ་ཆེ་གཞན་དེ་དག་ཀྱང་སྙེད་ཅིང་ཐོབ་ནས་དེ་ལ་ལོངས་སྤྱོད་ཅིང་གསེར་དངུལ་གྱིས་རུང་བར་བྱེད་དེ། འདི་ནི་གཞི་བཅུ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་རུང་བ་རུང་བར་ ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་དོ། །དེ་ནས་དེའི་ཚེ་ཡངས་པ་ཅན་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷན་ཅིག་གནས་པ་གནས་བརྟན་ཐམས་ཅད་འདོད་པ་ཞེས་བྱ་བ་དེ་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་སྒོམ་པ་ཞེས་བྱ་བ་སྙིང་ལས་ཆུང་བར་གནས་པ་ཞིག་འདུག་གོ །གྲོང་ཁྱེར་ནོར་ཅན་ན་དེ་དང་ལྷན་ཅིག་གནས་པའི་གནས་བརྟན་གྲགས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ཡང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་སྒོམ་པ་ཞིག་སྟེ་དེ་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་གྲོང་ཁྱེར་ཡངས་པ་ཅན་དུ་འོངས་སོ། །ཇི་ཙམ་ན་རྙེད་པ་དག་འགོད་དེ་དེར་འོངས་པ་དང་། དགེ་སྐོས་ཀྱིས་གནས་བརྟན་དགེ་འདུན་གྱི་རྙེད་པ་འགོད་ཀྱིས་ལོངས་ཤིག་ཅེས་སྨྲས་པ་དང་། དེས་ཚེ་དང་ལྡན་པ་རྙེད་པ་བྱུང་བ་ཅི་ཞིག་སུས་བྱིན་ཞེས་སྨྲས་སོ། །དེས་རྒྱས་པར་བརྗོད་པ་དང་། དེས་ཆུ་བུར་འདི་གཅིག་པུ་བྱུང་བར་ཟད་དམ། གཞན་ཡང་ཡོད་སྙམ་བརྟགས་པ་དང་། ཇི་ཙམ་ན་བསླབ་པ་ལྷོད་ཅིང་རུང་བ་མ་ཡིན་པའི་དངོས་པོ་བཅུ་ཀུན་ཏུ་སྤྱོད་པ་འཕེལ་བར་མཐོང་ནས་དེས་བསྟན་པ་གནས་པར་


DKG011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་ཚེ་དང་ལྡན་པ་ཐམས་ཅད་འདོད་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཐམས་ཅད་འདོད་པའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་ཚེ་དང་ལྡན་པ་ཐམས་ཅད་འདོད་པ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཨ་ལ་ལ་ཞེས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་ཨ་ལ་ལ་ཞེས་རུང་བ་ཞེས་བྱ་བ་ཅི་ཡིན་གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱེད་དེ་ཨ་ལ་ལ་ཞེས་བྱ་བ་རུང་བར་བྱེད་དོ། ། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ལྔ་བཅུ་རྩ་དགུ་པ། ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གནས་བརྟན་གང་དུ་བཅས། གྲོང་ཁྱེར་ཙམ་པར་རོ། །གང་ལས་བརྟེན་ཏེ། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གནས་བརྟན་འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་ མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་ཏུ་སྤྱོད། རབ་ཏུ་སྤྱོད་ན་དེ་དག་ཁྱོད་ཀྱིས་བཏང་སྙོམས་གཞག་གམ་ཞེས་སྨྲས་པ་དང་དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་རྗེས་སུ་ཡི་རང་བས་རུང་བར་བགྱིད་པ་འདི་རུང་ངམ། ཚེ་དང་ལྡན་པ་རྗེས་སུ་ཡི་རང་བས་རུང་བ་ཞེས་བྱ་བ་ཅི་ཡིན་གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱེད་དེ། ཚེ་དང་ལྡན་པ་དག་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱོས་ཤིག་ཅེས་ཉེན་ཀོར་གྱི་དགེ་སློང་རྣམས་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་ཅིང་རྗེས་སུ་ཡི་རང་བས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གནས་བརྟན་གང་དུ་བཅས། གྲོང་ཁྱེར་ཙམ་པར་རོ། །གང་ལས་བརྟེན་ཏེ། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གནས་བརྟན་འདི་ནི་གཞི་གཉིས་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་


DKG011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་དག་ཁྱོད་ཀྱིས་བཏང་སྙོམས་སུ་བཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་ཀུན་དུ་སྤྱོད་པས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་ཀུན་དུ་སྤྱོད་པས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རང་གི་ལག་གིས་ས་རྐོ་ཞིང་བརྐོས་ནས་ཀུན་དུ་སྤྱོད་པས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། མཉན་ཡོད་དུའོ། །གང་ལས་བརྟེན། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་གསུམ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་ དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་བཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ། ཚྭ་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་ཚྭ་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཇི་སྲིད་འཚོའི་བར་གྱི་ཚྭ་རུང་བ་དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ནས་ཡོངས་སུ་སྤྱོད་ཅིང་ཚྭ་དུས་སུ་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། རྒྱལ་པོའི་ཁབ་ཏུའོ། །གང་ལས་བརྟེན། ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་བཞི་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ་དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་


DKG011_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་བཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་ལམ་གྱིས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་ལམ་གྱིས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་དཔག་ཚད་དང་དཔག་ཚད་ཕྱེད་དུ་སོང་སྟེ་འདུས་ཤིང་ཟན་ཟོས་ནས་ལམ་གྱིས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། རྒྱལ་པོའི་ཁབ་ཏུའོ། །གང་ལས་བརྟེན། ལྷས་བྱིན་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་ལྔ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་བཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་ འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ། སོར་མོ་གཉིས་ཀྱིས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་སོར་མོ་གཉིས་ཀྱིས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ལྷག་མར་མ་བྱས་པའི་བཟའ་བ་དང་བཅའ་བ་སོར་མོ་གཉིས་ཀྱིས་རུང་བར་བྱས་ཏེ་ཟོས་ནས་སོར་མོ་གཉིས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། མཉན་ཡོད་དུའོ། །གང་ལས་བརྟེན། དགེ་སློང་མང་པོ་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་དྲུག་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ་དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པར་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་བཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་ནད་པས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་


DKG011_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྲིན་བུ་པད་པ་བཞིན་དུ་ཆང་བཞིབས་ཏེ་འཐུངས་ནས་ནད་པས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། མཉན་ཡོད་དུའོ། །གང་ལས་བརྟེན། ཚེ་དང་ལྡན་པ་ལེགས་འོངས་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་བདུན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ། བསྲེས་པས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་བསྲེས་པས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་འོ་མ་བྲེ་གང་དང་ཞོ་བྲེ་གང་དཀྲུགས་ནས་དུས་མ་ཡིན་པར་ཟ་ཞིང་དཀྲུགས་པས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། མཉན་ཡོད་དུའོ། །གང་ལས་བརྟེན། དགེ་སློང་མང་པོ་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་བརྒྱད་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་གཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་གདིང་བས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་གདིང་བས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་འཁོར་བ་གདིང་བ་སར་པ་ལ་མ་གླན་པར་ལོངས་སྤྱོད་པར་བྱེད་ཅིང་གདིང་བས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། མཉན་ཡོད་དུའོ། །གང་ལས་བརྟེན། དགེ་སློང་མང་པོ་ལས་སོ། །ལྟུང་བ་ཅིར་འགྱུར། ལྟུང་བྱེད་དོ། །གནས་བརྟན་འདི་ནི་གཞི་དགུ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་


DKG011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་ཁྱོད་ཀྱིས་བཏང་སྙོམས་སུ་གཞག་གམ་ཞེས་སྨྲས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ །དེས་སྨྲས་པ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་གསེར་དངུལ་གྱིས་རུང་བར་བགྱིད་པ་རུང་ངམ། གསེར་དངུལ་གྱིས་རུང་བ་ཞེས་བྱ་བ་ཅི་ཡིན། གནས་བརྟན་འདི་ལྟར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ལྷུང་བཟེད་གང་དག་ཟླུམ་པོ་དག་པ་སྤྱད་པར་འོས་པ་དེ་དག་དྲིས་པ་སྐུས་ནས་བདུག་པ་དྲི་ཞིམ་པོས་བདུགས་ཏེ་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་དགེ་སྦྱོང་གི་མགོ་བོ་ལ་ཁྲིའུ་སྟན་དང་ཆས་པའི་སྟེང་དུ་བཞག་ནས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དག་བསྐོར་ནས་འདི་སྐད་ཅེས་བསྒྲགས་སོ། །གྲོང་ཁྱེར་དང་ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོ་མང་པོ་ཡངས་པ་ཅན་ན་གནས་པའི་ཤེས་ལྡན་དག་ཉོན་ཅིག །ལྷུང་བཟེད་འདི་ནི་ལྷུང་བཟེད་བཟང་པོ་ཡིན་ཏེ་འདིར་བྱིན་ནམ་ཤིན་ཏུ་བྱིན་ནམ་གང་གིས་འདིར་བླུགས་པ་བྱས་པས་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། བརྩོན་ པ་ཆེ་བ་དང་རྒྱ་ཆེ་བར་འགྱུར་རོ་ཞེས་བྱས་པ་དང་། དེར་དབྱིག་དང་། གསེར་དང་། རིན་པོ་ཆེ་གཞན་དེ་དག་ཀྱང་རྙེད་ཅིང་ཐོབ་ནས་དེ་ལ་ལོངས་སྤྱོད་ཅིང་གསེར་དངུལ་གྱིས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། འདུལ་བ་ལས་ཏེ་སྤང་བའི་ལྟུང་བྱེད་དང་ཡང་དག་པར་ལྡན་པའི་ལུང་དང་། སངས་རྒྱས་ཀྱིས་བཤད་པར་གཏོགས་པ་དང་། གཙུག་ན་ནོར་བུའི་མདོ་སྡེ་དང་། ལུང་རིང་པོ་དང་། ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་པ་དང་། ལུང་བར་མ་དང་། ཟུང་དུ་གཏོགས་པ་དང་། སྲ་བརྐྱང་གི་མདོ་སྡེ་དང་། གཅིག་ལས་འཕྲོས་པའི་ལུང་དང་། བཞི་པ་དང་ལྔ་པར་གཏོགས་པ་དེ་དག་ལས་སོ། །གང་ལས་བརྟེན། དྲུག་སྡེ་དང་། དགེ་སློང་གཞན་དག་དང་། ཁྱིམ་ན་གནས་པ་དག་ལས་ཏེ། གནས་བརྟན་འདི་ནི་གཞི་བཅུ་པ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་གཞག་གམ། དེས་ཚེ་དང་ལྡན་པ་ད་སོང་ལ་ཕྱོགས་ཚོལ་


DKG011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དང་ངས་ཆོས་བཞིན་དུ་གྲོགས་བྱའོ་ཞེས་སྨྲས་པ་དང་། གནས་བརྟན་དེ་བཞིན་དུ་བགྱིའོ་ཞེས་ཚེ་དང་ལྡན་པ་གྲགས་པས་གནས་བརྟན་ཐམས་ཅད་འདོད་པ་ལས་མཉན་ནས་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་ལ་སྙོམས་པར་ཞུགས་ནས་རབ་ཏུ་གནས་སོ། །དེའི་ཚེ་གྲོང་ཁྱེར་ནོར་ཅན་ན་ཚེ་དང་ལྡན་པ་གནས་བརྟན་གཡོ་ལྡན་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷན་ཅིག་གནས་གནས་པ་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་སྒོམ་པ་ཞིག་གནས་ཏེ། དེ་ནས་ཚེ་དང་ལྡན་པ་གྲགས་པས་གནས་བརྟན་གཡོ་ལྡན་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་གཡོ་ལྡན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཚེ་དང་ལྡན་པ་གཡོ་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཨ་ལ་ལ་ཞེས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་ཨ་ལ་ལ་རུང་བར་བྱེད་པ་ཞེས་བྱ་བ་ཅི་ཡིན། གནས་བརྟན་ཡངས་པ་ཅན་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ་ཨ་ལ་ལ་ཞེས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། ཙམ་པར་རོ། །གང་ལས་བརྟེན། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གནས་བརྟན་འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་གཞག་གམ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་རྗེས་སུ་ཡི་རང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་རྗེས་སུ་ཡི་རང་བ་ཞེས་བྱ་བ་ཅི་ཡིན་ཞེས་བྱ་བ་སྔ་མ་བཞིན་ཏེ་གཞི་བཅུ་པོ་དེ་དག་རྒྱས་པར་བརྗོད་པ་དང་དེས་ཚེ་དང་ལྡན་པ་ཕྱོགས་ཚོལ་ཅིག་དང་ངས་ཆོས་བཞིན་དུ་ཕྱོགས་བྱའོ་ཞེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པས་ཚེ་དང་ལྡན་པ་གཡོ་ལྡན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་གྲོང་ཁྱེར་སང་ཀཱ་ཤ་ཞེས་བྱ་བར་སོང་ངོ་། །དེའི་ཚེ་གྲོང་ཁྱེར་སང་ཀཱ་ཤ་ཞེས་བྱ་བ་ན་ཚེ་དང་ལྡན་པ་གནས་བརྟན་ནོར་ཅན་ཚེ་དང་ལྡན་པ་ཀུན་


DKG011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དང་ལྷན་ཅིག་གནས་གནས་པ་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་སྒོམ་པ་ཞིག་གནས་སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པས་ཚེ་དང་ལྡན་པ་ནོར་ཅན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཚེ་དང་ལྡན་པ་ནོར་ཅན་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཨ་ལ་ལ་ཞེས་རུང་བར་བགྱིད་པར་རུང་ངམ། ཚེ་དང་ལྡན་པ་ཨ་ལ་ལ་ཞེས་རུང་བ་ཅི་ཡིན། གནས་བརྟན་གྲོང་ཁྱེར་ཡངས་པ་ཅན་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱེད་དེ་ཨ་ལ་ལ་ཞེས་བྱ་བས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་ཨ་ལ་ལ་ཞེས་བྱ་བ་རུང་བ་མ་ཡིན་ནོ། །གང་དུ་བཅས། ཙམ་པར་རོ། །གང་ལས་བརྟེན། དགེ་སློང་དྲུག་ སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གནས་བརྟན་འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་གཞག་གམ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་རྗེས་སུ་ཡི་རང་བས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་རྗེས་སུ་ཡི་རང་བར་བྱེད་ཞེས་བྱ་བ་ཅི་ཡིན་ཞེས་བྱ་བ་སྔ་མ་བཞིན་ཏེ། གཞི་བཅུ་པོ་དེ་དག་རྒྱས་པར་བརྗོད་པ་དང་། དེས་སོང་ལ་ཕྱོགས་ཚོལ་ཅིག་དང་ངས་ཆོས་བཞིན་དུ་ཕྱོགས་བྱའོ་ཞེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པས་ཚེ་དང་ལྡན་པ་ནོར་ཅན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་གྲོང་ཁྱེར་དམར་བུ་ཅན་དུ་འོངས་སོ། །དེའི་ཚེ་གང་གྲོང་ཁྱེར་དམར་བུ་ཅན་ན་ཚེ་དང་ལྡན་པ་ཡིད་དགའ་དང་། ཚེ་དང་ལྡན་པ་ཟླ་སྒུར་གནས་ཏེ་དེ་དག་དེའི་ཚེ་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ནས་ཚེ་དང་ལྡན་པ་ཡིད་དགའ་ལ་གཞི་བཅུ་པོ་རྒྱ་ཆེར་བརྗོད་ནས་ཚེ་དང་ལྡན་པ་ཡིད་དགའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་སྲུག་ནར་སོན་པ་དང་། དེའི་ཚེ་སྲུག་ན་ན་ཚེ་དང་ལྡན་པ་མ་ཕམ་པ་གནས་ཏེ་དེས་གཞི་བཅུ་པོ་རྒྱས་པར་བརྗོད་ནས་དེའི་རྐང་པ་གཉིས་ལ་ཡང་མགོ་བོས་ཕྱག་འཚལ་ཏེ་སོང་ནས་དེ་མ་ཧེ་ལྡན་དུ་སོང་བ་དང་


DKG011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་མ་ཧེ་ལྡན་ན་ཚེ་དང་ལྡན་པ་ཡང་དག་སྐྱེས་གནས་ཏེ་དེས་དེ་ལ་ཡང་གཞི་བཅུ་པོ་རྒྱས་པར་བརྗོད་ནས་དེའི་རྐང་པ་གཉིས་ལ་ཡང་མགོ་བོས་ཕྱག་འཚལ་ཏེ་སོང་ནས་ལྷན་ཅིག་སྐྱེས་སུ་སོན་པ་དང་། དེའི་ཚེ་ལྷན་ཅིག་སྐྱེས་ན་ཚེ་དང་ལྡན་པ་ནམ་གྲུ་གནས་ཏེ། དེས་དེའི་རྐང་པ་གཉིས་ལ་ཡང་མགོ་བོས་ཕྱག་འཚལ་ཏེ་སྨྲས་པ། གནས་བརྟན་ཨ་ལ་ལ་ཞེས་བྱ་བ་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་ཨ་ལ་ལ་ཞེས་རུང་བར་བྱེད་པ་ཞེས་བྱ་བ་ཅི་ཡིན། གནས་བརྟན་ཡངས་པ་ཅན་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་མི་མཐུན་པས་ ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ་ཨ་ལ་ལ་ཞེས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། ཙམ་པར་རོ། །གང་ལས་བརྟེན། དྲུག་སྡེ་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གནས་བརྟན་འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་བར་ཡོངས་སུ་སྟོན་ཅིང་ཀུན་དུ་སྤྱོད་རབ་ཏུ་སྤྱོད་ན་དེ་ཁྱོད་ཀྱིས་བཏང་སྙོམས་སུ་གཞག་གམ། གནས་བརྟན་དེ་ནི་དེར་བས་ན་འདི་ཞུ་བར་བགྱི་སྟེ་རྗེས་སུ་ཡི་རང་བས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་རྗེས་སུ་ཡི་རང་བས་རུང་བ་ཞེས་བྱ་བ་ཅི་ཡིན་ཞེས་བྱ་བ་སྔ་མ་བཞིན་དུ་གཞི་བཅུ་པོ་རྒྱས་པར་བརྗོད་པ་དང་། ཚེ་དང་ལྡན་པ་ནམ་གྲུས་ཅི་ཚེ་དང་ལྡན་པ་འདི་དང་པོར་བདག་གི་དྲུང་དུ་འོངས་སམ་སྙམ་བསམས་པ་དང་ཇི་ཙམ་ན་གཞན་དུ་ཡང་སོང་བར་མཐོང་ནས། དེས་བསམས་པ། ཚེ་དང་ལྡན་པ་དེ་ལམ་རིང་པོ་ནས་འོངས་པས་ངལ་སོ་ཞིང་དེ་འདུག་ཏུ་བཅུག་ལ་བདག་ཕྱོགས་ཚོལ་དུ་འགྲོའོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་གྲགས་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་གྲགས་པ་ཁྱོད་ལམ་རིང་པོ་ནས་འོངས་པས་ཁྱོད་ངལ་སོ་ལ་ངས་ཕྱོགས་བཙལ་བར་བྱའོ་ཞེས་སྨྲས་ནས་དེ་ངལ་སོར་བཅུག་སྟེ། ཚེ་དང་ལྡན་པ་ནམ་གྲུ་ཕྱོགས་ཚོལ་ཞིང་སོང་ངོ་། །དེ་ནས་ཡངས་པ་ཅན་གྱི་དགེ་སློང་རྣམས་ཚེ་དང་ལྡན་པ་གྲགས་པ་དང་ལྷན་ཅིག་གནས་པའི་ཉེ་གནས་དགེ་


DKG011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཚེ་དང་ལྡན་པའི་མཁན་པོ་གར་སོང་ཞེས་དྲིས་སོ། །དེས་སྨྲས་པ། ཚེ་དང་ལྡན་པ་དེ་ཕྱོགས་ཚོལ་དུ་སོང་ངོ་། །ཚེ་དང་ལྡན་པ་དེ་ཅིའི་ཕྱིར་ཕྱོགས་ཚོལ་དུ་སོང་། ཚེ་དང་ལྡན་པ་དག་གནས་ནས་དབྱུང་བའི་ལས་བྱ་བའི་ཕྱིར་རོ། །ཚེ་དང་ལྡན་པ་ངེད་ཀྱིས་ཅི་ཞིག་བྱས་ན་དེས་ངེད་རྣམས་གནས་ནས་དབྱུང་བའི་ལས་བྱ། དེས་རྒྱས་པར་བཟླས་ པ་དང་། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དེ་ལེགས་པ་མ་ཡིན་པ་ཞིག་བྱེད་དེ། སྟོན་པ་འདས་པ་དེའི་གསུང་རབ་ལ་རྣམ་པ་དེ་དང་དེ་དག་གིས་འཚོ་བར་རུང་ན་ངེད་རྣམས་ཅིའི་ཕྱིར་མཐོ་བཙམ། དེ་དེ་དག་ལས་གཞན་ཞིག་གིས་དྲང་བའི་སེམས་དང་ཕན་པའི་བརླང་ཚིག་གིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ནི་རྗེས་སུ་མཐུན་པ་མ་ཡིན་པ་དང་། རུང་བ་མ་ཡིན་པ་དང་། དགེ་སྦྱོང་གི་ཚུལ་མ་ཡིན་པས་སྤྱོད་དེ། དེས་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་སྟོང་དུ་གནས་པར་འགྱུར་རོ་ཞེས་སྔོན་ཐོས་ན་ཁྱོད་ཀྱིས་ནི་མ་འོངས་པའི་བསྟན་པ་ཉིད་ཀྱང་མི་སྣང་བར་བྱེད་པ་ལ་ཞུགས་པ་དང་། ཇི་ལྟར་གཞན་དག་ཀྱང་གང་དག་བསླབ་པ་ལྷོད་པར་ཞུགས་ཤིང་ཆུ་བུར་གྱི་རྣམ་པ་འདི་ལྟ་བུ་བསྐྱེད་པས་དེ་བས་ན་བསྟན་པ་གནས་པར་བྱ་བའི་ཕྱིར་ཁྱེད་རྣམས་ངེས་པར་གནས་ནས་དབྱུང་བའི་ལས་བྱེད་དོ་ཞེས་སྨྲས་པ་དང་། དེ་དག་སྐྲག་ནས་སྤོབས་པ་མེད་དེ་ཅང་མི་སྨྲ་བར་འདུག་གོ །དེ་ནས་གཅིག་ནས་གཅིག་ཏུ་སོང་སྟེ་གཏམ་བརྗོད་པར་བརྩམས་པ། ཚེ་དང་ལྡན་པ་གྲགས་པ་ནི་ཕྱོགས་ཚོལ་དུ་སོང་ནས་བདག་ཅག་གནས་ནས་དབྱུང་བའི་ལས་བྱེད་ན་ཅིའི་ཕྱིར་སེམས་ལས་ཆུང་ངུར་འདུག །ཇི་ལྟར་བསྒྲུབ་པར་བྱ་བ་སྨྲོས་ཤིག །དེ་ནས་གཅིག་ཅིག་གིས་སྨྲས་པ། ཅི་ཞིག་བསྒྲུབ་ཏུ་ཡོད། གང་དེ་ཕྱོགས་ཚོལ་དུ་སོང་ན་བདག་ཅག་གིས་ཀྱང་ཕྱོགས་བཙལ་མོད། ཅིའི་ཕྱིར་བདག་ཅག་མི་གནས་པར་བྱ། གཞན་ཞིག་གིས་སྨྲས་པ། ཚེ་དང་ལྡན་པ་དེ་དང་བདག་ཅག་རྩོད་པར་འགྱུར་བར་བྲོས་ཏེ་འགྲོ་བར་བྱའོ། །གཞན་ཞིག་གིས་སྨྲས་པ། བདག་ཅག་གང་དུ་འགྲོ་སྟེ་གང་དུ་སོང་བ་དེར་ཡང་དེ་བཞིན་དུ་ཉེས་དམིགས་སུ་འགྱུར་བས་བཟོད་པ་གསོལ་བར་བྱའོ། །གཞན་ཞིག་གིས་སྨྲས་པ། བདག་ཅག་


DKG011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཟོད་པ་གསོལ་མི་ནུས་ཀྱི་དཀྲིས་བཞིན་དུ་འདུག་གོ །གཞན་ཞིག་གིས་སྨྲས་པ། དེ་འདི་ལྟར་དེ་དང་ལྷན་ཅིག་གནས་པའི་ཉེ་གནས་མང་པོ་ དེ་དག་ཇེ་ལྷུང་བཟེད་དང་ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དག་གིས་བསྡུས་ལ་ཕྱིས་གར་རིགས་པར་བྱའོ། །གཞན་ཞིག་གིས་བཟང་སྟེ་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེ་རྣམས་ཀྱིས་དེ་དག་ལ་ཁ་ཅིག་ལ་ནི་སྣམ་སྦྱར་བྱིན། ཁ་ཅིག་ལ་ནི་བླ་གོས་བྱིན། ཁ་ཅིག་ལ་ནི་མཐང་གོས་བྱིན། ཁ་ཅིག་ལ་ནི་རྔུལ་ཟན་བྱིན། ཁ་ཅིག་ལ་ནི་གདིང་བ་བྱིན། ཁ་ཅིག་ལ་ནི་ལྷུང་བཟེད་བྱིན། ཁ་ཅིག་ལ་ནི་ཆུ་ཚགས་བྱིན་ཏེ། དེ་བཞིན་དུ་དེ་དག་ཐམས་ཅད་བསྡུས་ནས་དེ་དག་བར་ན་གནས་པར་གྱུར་ཏོ། །ཇི་ཙམ་ན་ཚེ་དང་ལྡན་པ་གྲགས་པ་རིམ་གྱིས་ཕྱོགས་བཙལ་ནས་ཡངས་པ་ཅན་དུ་འོངས་པ་དང་། དེ་དང་ལྷན་ཅིག་གནས་པའི་ཉེ་གནས་དག་འོངས་ནས་ཡངས་པ་ཅན་དག་གི་གྲོང་དུ་མ་སོང་བར་དེར་ལམ་གྱི་ངལ་བསོ་བ་དང་། ལྷན་ཅིག་གནས་པའི་ཉེ་གནས་དག་གིས་སྨྲས་པ། མཁན་པོ་ཕྱོགས་དེ་དག་བཙལ་ཏམ། བུ་ཕྱོགས་དེ་དག་རིང་པོར་མི་ཐོགས་པར་འོང་ངོ་། །མཁན་པོ་འཚལ་ཏོ། །ཐུགས་དེ་ལྟ་བུ་ཀུན་བཟློག་པའི་རིགས་ཏེ། སྟོན་པ་འདས་པ་དེའི་གསུང་རབ་ལ་རྣམ་པ་དེ་དང་དེ་དག་གིས་འཚོ་བར་རུང་ན། ཅིའི་སླད་དུ་དེ་དག་ལ་གནོད་པ་བགྱི། དེས་བསམས་པ། འདི་དག་སྔོན་མ་བྱུང་བའི་ཚིག་ཅི་སྨྲ་སྟེ། ངེས་པར་འདི་དག་གིས་དེ་དག་ལས་རང་གིར་བྱ་བ་བླངས་པར་རིག་ནས། ཚེ་དང་ལྡན་པ་དག་སྔོན་མ་བྱུང་བའི་ཚིག་སྨྲ་སྟེ། ཚེ་དང་ལྡན་པ་དག་གིས་དེ་དག་ལས་བདག་གིར་བྱ་བ་བླངས་སོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ །དེ་ནས་ཚེ་དང་ལྡན་པ་གྲགས་པས་ཇི་ལྟར་གྲོས་བྱས་པ་དེ་དག་ལ་སྨྲས་པ། བསླབ་པ་ལྷོད་པའི་ཕྱོགས་དག་འཕེལ་བས་རིངས་པར་འོང་བར་རིགས་པས་བསྟན་པའི་དགོས་པ་ལ་བཤོལ་བར་མ་བྱེད་ཅིག་ཅེས་ཚིགས་སུ་བཅད་པ་སྨྲས་པ། གང་གིས་བཤོལ་བར་བྱ་བ་རིངས་བྱེད་རིགས་པ་ཤོལ་བྱེད་པ། །ཚུལ་བཞིན་བྱ་བ་རབ་སྤངས་བྱིས་པ་དེ་ནི་སྡུག་བསྔལ་འགྲོ། །དེ་ནི་གྲགས་པ་མེད་པའི་


DKG011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་གྲོགས་ཀྱིས་རྣམ་པར་སྤངས། །དེ་ཡི་དོན་ནི་མི་འཕེལ་མར་གྱི་ངོ་ཡི་ཟླ་བ་བཞིན། །གང་གིས་དགོངས་པ་དེ་བཞིན་རིགས་བྱེད་བློ་ལྡན་མི་ཤོལ་བ། །ཚུལ་བཞིན་མ་ཡིན་པ་སྤངས་མཁས་པ་དེ་ནི་བདེ་བ་འཐོབ། །དེ་ནི་གྲགས་པ་སྐལ་ ལྡན་གྲོགས་པོ་རྣམས་ཀྱིས་སྤངས་མི་འགྱུར། །དེ་ཡི་དོན་ནི་འཕེལ་བ་ཡར་གྱི་ངོ་ཡི་ཟླ་བ་བཞིན། །དེ་ནས་ཚེ་དང་ལྡན་པ་གྲགས་པ་འཁོར་གྱི་ཁྱམས་སུ་ཞུགས་ཏེ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས་སྨོན་ནས་ཤེས་པ་བརྟགས་ཏེ། གཎྜཱི་དེ་བརྡུངས་པ་དང་། དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་དེ་དག་ཐམས་ཅད་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷན་ཅིག་གནས་པ་དག་འདུས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཟླ་སྒུར་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཎྜཱིའི་སྒྲ་མ་ཐོས་སོ། །དེའི་ཚེ་དགེ་སློང་གི་དགེ་འདུན་རྣམས་འདུས་ཤིང་ཚོགས་པ་དང་། ཚེ་དང་ལྡན་པ་གྲགས་པས་དེ་དག་ནི་མིང་ནས་ཕྱུང་སྟེ་བརྗོད་ན་ནི་འཁྲུག་པ་ཆེན་པོར་འགྱུར་བས་མ་ལ་བདག་གིས་མིང་ནས་མི་འབྱུང་བར་བརྗོད་པར་བྱའོ་སྙམ་དུ་བསམས་ནས། དེས་ཇི་ལྟར་རྒན་རིམས་སུ་འདུད་པ་བྱས་ནས་རྒན་པའི་མཐའ་ལོགས་སུ་ཐལ་མོ་སྦྱར་བ་བྱས་ནས་སྟན་ལ་འདུག་གོ །དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བས་དོན་དུ་གཉེར་བར་འདོད་པ་དང་། དེའི་ཚེ་ཚེ་དང་ལྡན་པ་ཟླ་སྒུར་ཡང་འགོག་པའི་སྙོམས་པར་ཞུགས་པ་ལས་ལངས་ཏེ། དེ་ལ་ལྷ་ཞིག་གིས་འཕགས་པ་ཟླ་སྒུར་ཅིའི་ཕྱིར་ཐུགས་ལས་ཆུང་ངུས་བཞུགས། ཁྱོད་དང་མཁན་པོ་གཅིག་པ་དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་ནི་ཡངས་པ་ཅན་ན་བསྟན་པ་གནས་པར་བྱ་བའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པས་རིངས་པར་བཞུད་ཅིག་ཅེས་སྨྲས་པ་དང་། དེས་རྫུ་འཕྲུལ་གྱིས་གྲོང་ཁྱེར་དམར་བུ་ཅན་ནས་མི་སྣང་བར་གྱུར་ཏེ། ཡངས་པ་ཅན་དུ་ཕྱིན་ནས་འཁོར་གྱི་ཁྱམས་ཀྱི་སྒོར་ འདུག་སྟེ་སྒོ་ལ་བརྡུངས་པ་དང་། དགེ་སློང་དག་གིས་ཁྱོད་སུ་ཡིན་ཞེས་དྲིས་སོ། །དེས་ཚིགས་སུ་བཅད་དེ་སྨྲས་པ། གང་དག་དམར་བུ་ཅན་ན་གནས་པ་ཡི། །དགེ་སློང་མང་དུ་ཐོས་པ་འདུལ་བ་འཛིན། །


DKG011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལས་ནི་གཞན་ཞིག་འདིར་འོངས་ཏེ། །དབང་པོ་དུལ་ཞེས་བྱ་བ་སྒོ་ན་འདུག །དགེ་སློང་དག་གིས་སྨྲས་པ། དབང་པོ་དུལ་བ་ནི་གཞན་དག་ཀྱང་ཡོད་ན་ཁྱོད་སུ་ཡིན་སྨྲོས་ཤིག །དེས་ཡང་ཚིགས་སུ་བཅད་དེ་སྨྲས་པ། གང་དག་དམར་བུ་ཅན་ན་གནས་པ་ཡི། །དགེ་སྦྱོང་མང་དུ་ཐོས་པ་འདུལ་བ་འཛིན། །དེ་དག་ལས་ནི་གཞན་ཞིག་འདིར་འོངས་ཏེ། །ཐེ་ཚོམ་བཅད་ཅེས་བྱ་བ་སྒོ་ན་འདུག །དགེ་སློང་དག་གིས་ཐེ་ཚོམ་བཅད་པ་ནི་གཞན་དག་ཀྱང་ཡོད་དོ་ཞེས་སྨྲས་པ་དང་། དེས་ཡང་ཚིགས་སུ་བཅད་དེ་སྨྲས་པ། གང་དག་དམར་བུ་ཅན་ན་གནས་པ་ཡི། །དགེ་སྦྱོང་མང་དུ་ཐོས་པ་འདུལ་བ་འཛིན། །དེ་དག་ལས་ནི་གཞན་ཞིག་འདིར་འོངས་ཏེ། །འགྱོད་པ་མེད་ཅེས་བྱ་བ་སྒོ་ན་འདུག །དགེ་སློང་དག་གི་འགྱོད་པ་མེད་པ་ནི་གཞན་དག་ཀྱང་ཡོད་ན་སུ་ཡིན་ཞེས་སྨྲས་པ་དང་། དེས་ཡང་ཚིགས་སུ་བཅད་དེ་སྨྲས་པ། གང་དག་དམར་བུ་ཅན་ན་གནས་པ་ཡི། །དགེ་སྦྱོང་མང་དུ་ཐོས་པ་འདུལ་བ་འཛིན། །དེ་དག་ལས་ནི་གཞན་ཞིག་འདིར་འོངས་ཏེ། །ཟླ་སྒུར་ཞེས་བྱ་བ་ནི་སྒོ་ན་འདུག །དགེ་སློང་རྣམས་ཀྱིས་ལེགས་པར་འོངས་སམ་ལེགས་པར་འོངས་སམ། ནང་དུ་ཞུགས་ཤིག་ཅེས་སྨྲས་པ་དང་། དེ་ནང་དུ་ཞུགས་སོ། །དེ་ནས་དགེ་སློང་རྣམས་འཁོར་གྱི་ཁྱམས་ནས་བྱུང་ནས་ཚེ་དང་ལྡན་པ་ཟླ་སྒུར་དོན་དུ་གཉེར་བར་བསྐོར་ཏེ། དེའི་འོག་ཏུ་འཁོར་གྱི་ཁྱམས་སུ་ཞུགས་ནས་འདི་ལྟར་རང་རང་གི་སྟན་ལ་འདུག་གོ །ཚེ་དང་ལྡན་པ་གྲགས་པས་དེ་བཞིན་རྒན་རིམས་སུ་འདུག་པ་ལ་དངོས་པོ་བཅུ་བཟླས་པར་ཞུགས་ཏེ། ཚེ་དང་ལྡན་པ་དག་ཨ་ལ་ལ་ཞེས་རུང་བར་བྱེད་པ་རུང་ངམ། ཚེ་དང་ལྡན་པ་ཨ་ལ་ལ་ཞེས་རུང་བ་ཞེས་བྱ་བ་ཅི་ཡིན། ཚེ་དང་ལྡན་པ་དག་འདི་ལྟར་དགེ་སློང་ཁ་ཅིག་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ་ཨ་ལ་ལ་ཞེས་རུང་བར་བགྱིད་དོ། །ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། ཙམ་པར་རོ། །གང་ལས་བརྟེན། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །ཚེ་དང་ལྡན་པ་དག་འདི་ནི་གཞི་དང་


DKG011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་འདི་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་བསྒྲགས་ནས་ཀུན་དུ་སྤྱོད་རབ་ཏུ་སྤྱོད་དེ། དེ་དག་བདག་ཅག་གིས་དོར་བར་བགྱིའོ། །ཚེ་དང་ལྡན་པ་དག་དེ་ནི་དེར་བས་ཏེ་གཞན་དག་ཞུ་བར་བགྱིའོ། །རྗེས་སུ་ཡི་རང་བས་རུང་བར་བགྱིད་པ་རུང་ངམ། ཚེ་དང་ལྡན་པ་རྗེས་སུ་ཡི་རང་བས་རུང་བར་བྱེད་པ་ཅི་ཡིན་ཞེས་བྱ་བའི་བར་སྔ་མ་བཞིན་དུ་གཞི་བཅུ་པོ་རྒྱས་པར་བརྗོད་དོ། །དེ་དག་གིས་ཡང་དག་པར་བརྗོད་ནས་འཁོར་གྱི་ཁྱམས་ནས་བྱུང་སྟེ། ཡང་གཎྜཱི་བརྡུངས་ནས་ཡངས་པ་ཅན་ན་གནས་པའི་དགེ་སློང་དག་དྲིས་པའི་ཚིག་གིས་བསྡུས་ནས་དེ་དག་དང་ལྷན་ཅིག་ཏུ་འདུག་པ་དང་། ཚེ་དང་ལྡན་པ་གྲགས་པས་དེ་ལྟར་རྒན་རིམས་སུ་འདུག་པ་ལ་གཞི་བཅུ་པོ་མིང་ནས་ཕྱུང་སྟེ་བཟླས་པ་བྱ་བར་ཞུགས་ཏེ། ཚེ་དང་ལྡན་པ་དག་ཨ་ལ་ལ་ཞེས་བྱ་བ་རུང་བར་བྱེད་པ་རུང་ངམ། ཚེ་དང་ལྡན་པ་ཨ་ལ་ལ་ཞེས་རུང་བར་བྱེད་པ་ཞེས་བྱ་བ་ཅི་ཡིན། ཚེ་དང་ལྡན་པ་དག་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་མཐུན་པས་ཆོས་མ་ཡིན་པ་དང་། མཐུན་པས་ཆོས་མ་ཡིན་པ་དང་། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ། ཨ་ལ་ལ་ཞེས་བྱ་བ་རུང་བར་བགྱིད་དོ། ། ཚེ་དང་ལྡན་པ་རུང་བ་མ་ཡིན་ནོ། །གང་དུ་བཅས། ཙམ་པར་རོ། །གང་ལས་བརྟེན། དགེ་སློང་དྲུག་སྡེ་དག་ལས་སོ། །ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །ཚེ་དང་ལྡན་པ་དག་འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། དེ་དག་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པ་རུང་ངོ་ཞེས་ཡོངས་སུ་བསྒྲགས་ནས་ཀུན་དུ་སྤྱོད་པ་རབ་ཏུ་སྤྱོད་དེ། དེ་དག་བདག་ཅག་གིས་དོར་བར་བགྱིའོ། །ཚེ་དང་ལྡན་པ་དག་དེ་ནི་དེར་བས་ཏེ་འདི་ཞུ་


DKG011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའོ། །ཚེ་དང་ལྡན་པ་དག་རྗེས་སུ་ཡི་རང་བས་རུང་བར་བྱེད་པ་རུང་ངམ། ཚེ་དང་ལྡན་པ་རྗེས་སུ་ཡི་རང་བས་རུང་བར་བྱེད་པ་ཞེས་བྱ་བ་ཅི་ཡིན་ཞེས་བྱ་བའི་བར་སྔ་མ་བཞིན་དུ་གཞི་བཅུ་པོ་རྒྱས་པར་བརྗོད་དོ། །དེ་དག་བདག་ཅག་གིས་དོར་བར་བྱའོ་ཞེས་དགྲ་བཅོམ་པ་བདུན་བརྒྱས་ཡང་དག་པར་བརྗོད་པས་བདུན་བརྒྱས་ཡང་དག་པར་བརྗོད་པ། བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་བྱ་བའི་མིང་དུ་གྱུར་ཏོ།། །།བར་སྡོམ་ནི། ཨ་ལ་ལ་དང་རྗེས་སུ་ཡི་རང་སྤྱོད་པ་དང་། །བརྟགས་པ་དང་ནི་ལན་ཚྭ་དག་དང་ལམ་དང་ནི། །སོར་མོ་གཉིས་ཀྱིས་རུང་དང་དཀྲུགས་དང་གདིང་བ་དང་། །གསེར་དངུལ་བྱས་པ་འདི་ནི་བར་སྡོམ་ཡང་དག་བསྡུས། །གྲོང་ཁྱེར་ཡངས་པ་ཅན་དང་ནོར་ཅན་དང་། །ལྷ་ལས་བབས་དང་དེ་བཞིན་དམར་བུ་ཅན། །སྲུག་ན་དང་ནི་མ་ཧེ་ལྡན་པ་དང་། །ལྷན་ཅིག་སྐྱེས་གྱུར་པ་ནི་ཕྱི་མ་ཡིན། །ཐམས་ཅད་འདོད་དང་གྲགས་དང་གཡོ་ལྡན་དང་། །ནོར་ཅན་དང་ནི་ཡིད་དགའ་དག་དང་ཡང་། །ཟླ་སྒུར་དང་ནི་དེ་བཞིན་མ་ཕམ་པ། །ཡང་དག་བྱུང་དང་ནམ་གྲུ་ལ་སོགས་པའོ། །འདིར་འགྲེལ་པ་ལས་སྒོ་བརྒྱད་པའོ་ཞེས་སྒོ་བརྒྱད་ཅར་ཚང་བར་བྱས་སོ། །འདུལ་བ་ཕྲན་ཚེགས་ཀྱི་གཞི་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲབྷ་དང་། དྷརྨྨ་ཤྲཱི་པྲབྷ་དང་། ལོཙྪ་བ་བན་དེ་དཔལ་འབྱོར་གྱིས་བསྒྱུར།། །། འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་འདི་སྒྱུར་བའི་དུས་སུ་ལོཙྪ་བ་མང་པོས་དུམ་བུ་མང་པོར་བགོས་ཏེ་སོ་སོར་ཐ་དད་དུ་བསྒྱུར་བས་གླེགས་བམ་དུ་སྡོམ་པའི་དུས་སུ་གནས་ཐ་དད་དུ་འཐོར་ནས་མ་ཚང་བཞིན་དུ་བསྡེབས་པས། ལུང་ཕྲན་ཚེགས་ཕལ་ཆེ་བ་མ་ཚང་བར་བཞུགས་པ་ལ། སླད་ཀྱིས་ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དར་མ་སེང་གེས་ལུང་སྡེ་བཞི་བཞེངས་པའི་ཚེ་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཞིང་མོ་ཆེ་བ་བྱང་ཆུབ་སེང་གེས་ཕྱག་ལེན་མཛད་ནས་སྤྱིར་དབུས་གཙང་གི་གཙུག་ལག་ཁང་


DKG011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ན་བཞུགས་པ་དང་། ཁྱད་པར་དུ་བསམ་ཡས་མཆིམས་ཕུ་ནས་དགས་ཆུང་བ་དང་། དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱིས་རྙེད་པའི་ལུང་རྣམས་དཔེ་ཡོན་དང་འབད་རྩོལ་ཆེན་པོས་འཚལ་ཏེ། དེ་དག་ལ་གཏུགས་པས། ལུང་ཕྲན་ཚེགས་ཁ་ཅིག་ལ་མི་བཞུགས་པ། ཁ་ཅིག་ལ་བཞུགས་པ་རྣམས་ཀྱིས་བསྐངས་ནས་བསབས་པ་ནི་བམ་པོ་སུམ་བཅུ་རྩ་གསུམ་པའི་དབུ་སྨན་ཆེན་པོའི་གཏམ་རྒྱུད་ཀྱི་སྐབས་ནས། སྨན་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སྐྱུགས་ཤིག་དང་། བདེན་ནམ་བརྫུན་བལྟའོ་ཞེས་སྨྲས་པ་དང་ཞེས་བྱ་བ་ནས་བམ་པོ་སུམ་ཅུ་རྩ་བཞི་པའི་དབུ། ཇི་ཙམ་ན་དེ་གྲོང་ཁྱེར་ནས་བྱུང་བ་དང་། བྲམ་ཟེ་མོང་རྟུལ་ཞེས་བྱ་བས་གོས་ཀྱི་མཐའ་མ་ནས་འཇུས་ནས་ཞེས་བྱ་བའི་བར་དུ་བམ་པོ་གཅིག་ཆད་པ་བསྐངས།། །།སྡོམ་ནི། ང་ཡང་སྨན་གྱིས་དེ་བཞིན་ནོ་ཞེས་བྱ་བའི་འོག་ཏུ་ཡིག་ཚར་གཅིག་ཆད་པ་བསྐངས། དེ་ནས་བམ་པོ་སུམ་བཅུ་རྩ་བཞི་པའི་སྨད་ནེ་ཙོ་སྤྱོད་གསལ་གྱི་སྐབས་རྫོགས་པའི། ཨེ་མའོ་འདི་ལྟར་ཁྱོད་མཁས་པ་ཤ་སྟག་དང་ཕྲད་པ་ནི་བསོད་ནམས་དང་ལྡན་ནོ་ཞེས་སྨྲས་སོ། །ཞེས་བྱ་བ་ནས་བམ་པོ་བཞི་བཅུ་རྩ་གསུམ་པའི་སྟོད།། །།སྤྱིའི་སྡོམ་ནི། དགེ་སློང་མའི་ བཀུར་སྟི་བྲི་ཞེས་བྱ་བའི་བར་དུ་བམ་པོ་སུམ་བཅུ་རྩ་བཞི་པའི་སྨད་ནས་བཞི་བཅུ་རྩ་གསུམ་པའི་སྟོད་ཀྱི་བར་བམ་པོ་དགུ་ཆད་པ་བསྐངས། སྡོམ་ཚིག་དེའི་འོག་ཏུ་སྡོམ་ཚིག་ཡིག་ཚར་གཅིག་ཆད་པ་བསྐངས། དེ་ནས་བམ་པོ་བཞི་བཅུ་རྩ་དྲུག་པའི་མཇུག །བྲམ་ཟེའི་ཁྱེའུ་མ་སྡུག་གི་གླེང་གཞིའི་སྐབས་ཀྱི། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་སྤྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ་ཞེས་བྱ་བ་ནས། བམ་པོ་བཞི་བཅུ་རྩ་བརྒྱད་པའི་དབུ། དེ་ནས་དེའི་ཚེ། བྲམ་ཟེ་པད་མའི་སྙིང་པོ་ཁྱིམ་མཆོག་གི་ས་མཐོན་པོ་ཞིག་ན་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྣམས་དང་ལྷན་ཅིག་འདུས་ཤིང་འཁོད་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་བམ་པོ་བཞི་བཅུ་རྩ་བདུན་པ་ཆད་པ་


DKG011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བསྐངས་སོ། །དེ་ནས་བམ་པོ་ལྔ་བཅུ་པའི་མཇུག །ཀུན་དགའ་བོ་ལ་གདམས་པའི་སྐབས་ཀྱི། ཀུན་དགའ་བོ་དགེ་སློང་འདི་ལྟ་བུ་ནི་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའི། གླིང་གཞན་དང་། སྐྱབས་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནས་བམ་པོ་ལྔ་བཅུ་གཉིས་པའི་སྟོད།། །།བར་སྡོམ་ནི། ཙ་པ་ལ་དང་ཚེའི་འདུ་བྱེད་མཛད་ཅེས་བྱ་བའི་བར་དུ་བམ་པོ་གཅིག་ཆད་པ་བསྐངས་ཏེ། སྤྱིར་བསྡོམས་ན་བམ་པོ་བཅུ་གཉིས་དང་། སྡོམ་ཚིག་ཡིག་ཚར་གཉིས་ཆད་པ་བསྐངས་པ་གང་ཡིན་པ་དེ་ཉིད་གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་སྡོམ་བརྩོན་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཅིང་། འདུལ་བ་དང་། མདོ་སྡེ་དང་། སྡེ་སྣོད་ཀྱི་མ་མོ་འཛིན་པ་ཤཱཀྱའི་དགེ་སློང་ཤེས་བྱའི་ནམ་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་ཤིང་། སྙན་གྲགས་ཀྱི་འོད་ཟེར་གྱིས། ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པ་མཆིམས་ཐམས་ཅད་མཁྱེན་པས། ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་ནས་དཔེ་ཕྱི་གདན་དྲངས་ནས་ བསྟན་པའི་འབྱུང་གནས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་ལུང་སྡེ་བཞི་ཚང་ལ་དག་པར་བཞེངས་ཤིང་། དེ་ཉིད་ལ་དཔེ་ཕྱི་བྱས་ཤིང་། ཁྱད་པར་དུའང་མ་ཚང་བ་ཁ་བསྐངས་པའི་ཕྲན་ཚེགས་དེ་ཉིད་ལ་དཔེ་ཕྱི་བྱས་ནས། ཤཱཀྱའི་དགེ་སྦྱོང་འཇམ་པའི་དབྱངས་ཀྱིས་བཞེངས་པའི་བཀའ་འགྱུར་དཔེ་ཕྱི་ལ་གདན་དྲངས་ནས། དཔལ་ལྡན་རྒྱལ་བའི་སྡེ་ཡིས། རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་པར་བྱ་བའི་ཕྱིར། ཐུབ་པ་ཆེན་པོའི་བཀའ། ལུང་གཞི་དང་། དགེ་སློང་ཕ་མའི་རྣམ་འབྱེད་རྣམ་པ་གཉིས་དང་། གཞུང་བླ་མ་རྣམས་ཀྱི་མ་ཚང་བ་ཁ་བསྐོང་བར་བྱེད་པའི་ལུང་ཕྲན་ཚེགས་འདི་དག་ཅིང་ཚང་བར་དཔལ་གུང་ཐང་གི་གཙུག་ལག་ཁང་དུ་བཞེངས་སོ། །སླད་ནས་ལུང་བཞེངས་པ་རྣམས་ཀྱིས་ཀྱང་བམ་པོའི་གྲངས་དབུ་ནས་རིམ་པ་བཞིན་དུ་གྲངས་འདི་བཞིན་དུ་བྲི་བར་བྱའོ།། །


previousཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན། no next