Nitartha Digital Library
Tibetan
 
previousམ་ངེས་པ་དང་ལྡན་པ་འཆད་པ།next

མ་ངེས་པ་དང་ལྡན་པ་འཆད་པ།


DKG012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། མཐའ་དང་ལམ་དང་རྒྱལ་རིགས་དང་། །ཕུང་པོ་དེ་བཞིན་ལྷག་མ་དང་། །ཁ་དང་ཤ་ཁ་ར་དང་ཧྭགས་དང་། །བུ་རམ་མར་གསར་མ་ངེས་གཉིས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་


DKG012_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན། ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ནི། མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་། དབེན་པ་སྐྱབས་ཡོད་པ་ན། འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་དིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་དགེ་སློང་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས། དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་མཐའ་དང་པོ་འབྱིན་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་སྐད་ཅེས། འདི་མཐའ་དང་པོ་ནི། མ་བྱུང་གི་།འོན་ཀྱང་བདག་གིས་མཐའ་གཉིས་པ་དང་། གསུམ་པ་དང་། བཞི་པ་བྱུང་བ་མཐོང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །དང་པོ་ཇི་ལྟ་བར་མཐའ་གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམས་ལ་ཡང་


DKG012_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གིས་ཁའི་ལམ་དུ་ཉམས་པར་བགྱིས་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། འདིས་ཁའི་ལམ་དུ་ནི། ཉམས་པར་མ་བྱས་ཏེ། འོན་ཀྱང་བཤང་བའི་ལམ་དང་། གཅི་བའི་ལམ་དུ་ཉམས་པར་བྱས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །ཁའི་ལམ་དུ་ཇི་ལྟ་བར་བཤང་བའི་ལམ་དང་། གཅི་བའི་ལམ་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།དགེ་སློང་ཞིག་རྒྱལ་རིགས་མ་ཞིག་དང་ལྷན་ཅིག་ཏུ་ཉམས་པར་བགྱིད་པ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། འདིས་རྒྱལ་རིགས་དང་ལྷན་ཅིག་ཏུ་ཉམས་པར་ནི། མ་བྱས་ན། འོན་ཀྱང་བྲམ་ཟེ་མོ་དང་ལྷན་ཅིག་ཏུ་ཉམས་པར་གྱུར་ཏོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །རྒྱལ་རིགས་མོ་དང་ཇི་ལྟ་བར་བྲམ་ཟེ་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོ་དང་། དཀར་མོ་དང་། སྔོན་མོ་དང་། སྔོ་སངས་མོ་དང་། རིང་མོ་དང་། ཐུང་དུ་མོ་དང་། སྡུག་གུ་མ་དང་།


DKG012_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྐེམ་མོ་དང་། ཚོན་མོ་དང་། ལུས་ངན་མ་དང་། འགྲོ་བ་དང་། འདུག་པ་དང་། འགྲེང་བ་དང་།འགྱེལ་བ་དང་ཡང་རྒྱས་པར་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་མཐའ་དང་པོའི་ཕུང་པོ་འབྱིན་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་དུ་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། མཐའ་དང་པོའི་ཕུང་པོ་ནི། མ་བྱུང་གི་།འོན་ཀྱང་ལྟུང་བའི་ཕུང་པོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་བྱུང་ངོ་། །ཞེས་བྱ་བ་རྒྱས་པར་བརྗོད་དོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དགེ་འདུན་ལྷག་མ་དང་པོ་འབྱིན་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིག་།དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། དགེ་འདུན་ལྷག་མ་དང་པོ་ནི། མ་བྱུང་གི་།འོན་ཀྱང་དགེ་འདུན་ལྷག་མ་གཉིས་པ་དང་། གསུམ་པ་དང་། བཞི་པ་ནས་བཅུ་གསུམ་པའི་བར་བྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །དང་པོ་ལ་ཇི་ལྟ་བར་དགེ་འདུན་ལྷག་མ་གཉིས་པ་དང་། གསུམ་པ་ནས་བཅུ་གསུམ་པའི་བར་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་


DKG012_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་པའི་ཚིག་དང་ལྡན་པས། དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གིས་ཁར་ཉམས་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་རང་བཞིན་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། ཁར་ནི། ཉམས་པར་མ་བྱས་ཀྱི། འོན་ཀྱང་འདིས་སོའི་ཕྱི་རོལ་མཆུའི་ནང་དུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གཅི་བའི་ལམ་དུ་ཉམས་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། གཅི་བའི་ལམ་དུ་ནི། ཉམས་པར་མ་བྱས་ཀྱི། འོན་ཀྱང་འདིས་བརླ་ཕྲག་ཏུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གིས་བཤང་བའི་ལམ་དུ་ཉམས་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་ད་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན།


DKG012_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། བཤང་བའི་ལམ་དུ་ནི། ཉམས་པར་མ་བྱས་ཀྱི། འོན་ཀྱང་འདིས་རྐུབ་ཚོས་ཀྱི་ཕྲག་ཏུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དུས་མ་ཡིན་པར་སྐྱོ་མ་འཐུང་བ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། དུས་མ་ཡིན་པར་སྐྱོ་མ་ནི། མ་འཐུངས་ཀྱི། འོན་ཀྱང་འདིས་ཤ་ཁ་རའི་ཆུ་འཐུངས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་བུ་རམ་གྱི་ཆང་འཐུང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། འདི་དུས་མ་ཡིན་པར་བུ་རམ་གྱི་ཆང་མ་འཐུངས་ཀྱི། འོན་ཀྱང་འདིས་ཧྭགས་ཀྱི་ཆུ་འཐུངས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ། །།འདུལ་བ་གཞུང་བླ་མ། བམ་པོ་བཞི། བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་


DKG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དུས་མ་ཡིན་པར་ཤ་ཟ་བ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིག་།དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། དུས་མ་ཡིན་པར་ཤ་ནི། མ་ཟོས་ཀྱི། འོན་ཀྱང་འདིས་བུ་རམ་ཞིག་ཟོས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པར་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དུས་མ་ལགས་པར་ཁ་ཟས་ཟ་བ་མཐོང་ངོ་།། ཞེས་མཆི་ན། དགེ་བསྙེན་མ་ཡིས་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། དུས་མ་ཡིན་པའི་ཟས་ནི། མ་ཟོས་ཀྱི། འོན་ཀྱང་འདིས་མར་ཟོས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །དེ་ལྟ་བུའི་དངོས་པོ་མ་ངེས་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ། བདེན་པ་མཐོང་བ་སྨྲ་བ་གང་དག་ཡིན་པ་དེ་དག་ལ། དགེ་སློང་ལ་རྨེད་དུ་གཞུག་གོ །ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ལས། མ་ངེས་པ་དང་ལྡན་པ་རྫོགས་སོ།། །།


previousམ་ངེས་པ་དང་ལྡན་པ་འཆད་པ།next