Nitartha Digital Library
Tibetan
 
previousསྤང་བའི་ལྟུང་བྱེད་འཆད་པ། next

སྤང་བའི་ལྟུང་བྱེད་འཆད་པ།


DKG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། དེ་ཉིད་སྟོར་དང་ཚིག་པ་དང་། །སེམས་འཁྲུགས་བྱིན་གྱིས་མ་བརླབས་དང་། །རུང་བ་དང་ནི་དུས་ལས་འདས། །མཚན་དང་བཞི་དང་བཏིང་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ།


DKG012_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་ཟིན་པས་ཆོས་གོས་སྲ་བརྐྱང་ཕྱུང་ནས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བར་བྱའོ། །དེ་ལས་འདས་པར་བཅངས་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། ཆོས་གོས་དེ་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་དགུང་གཅིག་བྲལ་བ་ཡང་ལགས་པ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་ཞག་བཅུ་འདས་པའི་ཆོས་གོས་བྱིན་གྱིས་བརླབས་ནས་ཆོས་གོས་མེད་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་བྱེད་ན། ཆོས་གོས་འདི་ནི། ཞག་བཅུ་འདས་པ་ཡང་ཡིན་ལ། ཞག་གཅིག་བྲལ་བ་ཡང་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གི་སྤང་བའི་ཆོས་གོས་ཉམས་པར་གྱུར་ན། ལྟུང་བ་བཤགས་པར་བགྱིའམ། ཉེ་བར་འཁོར། འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ། །གལ་ཏེ་ལྟུང་བ་བཤགས་ལགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གི་སྤང་པའི་ཆོས་གོས་མེས་ཚིག་གམ། ཟོས་པར་གྱུར་ན། དུམ་བུ་དེ་དག་སྤང་བར་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ཏེ། འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ། །འོན་ཏེ་ཀུན་ནས་ཁྲུ་གང་བ་ཞིག་ཡིན་ན། སྤང་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལོན་པ་དང་། སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་དགུང་བཅུ་བགྲང་བར་བགྱི་ལགས། གང་ནས་བཟུང་སྟེ་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །བཙུན་པ། དགེ་སློང་གིས་ཆོས་གོས་བརྒྱད་དམ་དགུ་ཞིག་བྱིན་གྱིས་མ་བརླབས། རུང་བར་མ་བགྱིས་པར་ནམ་འཚོའི་བར་དུ་བཅངས་ན། ནོངས་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། དགེ་སློང་གིས་ཉི་མ་རེ་རེ་ཞིང་ཆོས་གོས་ལས་ཕྱུང་སྟེ། གཞན་བྱིན་གྱིས་རློབ་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཞག་བཅུ་ལས་འདས་པའི་ཆོས་གོས་སྤང་བའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ཆོས་གོས་ལྷག་མ་དགུ་བཅུ་ལས་འདས་པར་བཅངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར་ལོ་་དེ། འདི་


DKG012_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གོས་ཀྱི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བར་གྱུར་པ་དང་། གཉི་ག་མི་རུང་བར་གྱུར་ཏེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བ་ལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་སྟེ། དེ་ལྟ་བུའི་ཆོས་གོས་ནི། ཞག་བཅུ་ལས་ལྷག་པར་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཞག་བཅུའི་བར་དུ་གོས་ལྷག་པ་བཅང་བར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དེ་དགེ་སློང་གིས་ནམ་འཚོའི་བར་དུ་ཆོས་གོས་ལྷག་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཞག་བཅུ་ཚུན་ཆད་དུ་དུས་ལས་འདས་པར་གྱུར་ནའོ། །བཙུན་པ། ཆོས་གོས་དེ་ཉིད་བཅངས་ན། ལྟུང་བར་ཡང་མི་འགྱུར་ལ། ཆོས་གོས་དེ་ཉིད་བཅངས་ན། ལྟུང་བར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་དེ་ཆོས་གོས་རིན་ཆེན་པོ་འཆང་ན། ལྟུང་བ་མེད་ལ། མཚན་གྱུར་ཏེ་དགེ་སློང་མར་རེད་དེ་འཆང་ན། ལྟུང་བར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་བཅུ་ལགས་པ་དང་། དེའི་མཚན་གྱུར་ནས་དགེ་སློང་མར་རེད་ནས་དགུང་བཅུ་འདས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་ཤིག་རྙེད་ནས་དགུང་བཅུ་ལགས་པ་དང་། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་དགུང་བཅུ་འདས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། བཙུན་པ། རེ་ཞིག་དགེ་སློང་གིས་དགུང་བཅུ་ལ་དགུང་བཅུར་འདུ་ཤེས་ཏེ་སྐྱ་རེངས་འཆར་བར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགུང་བཅུ་ལ་དགུང་བཅུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྲ་བརྐྱང་བཏིང་བའི་གནས་སུ་ཆོས་གོས་ཤིག་རྙེད་ལ། ཆོས་གོས་དེ་


DKG012_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤང་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ།འདི་ལྟར་དགེ་སློང་གིས་ཆོས་གོས་སྤང་བ་ཡིན་ལ། དགེ་སློང་དེས་ཀྱང་ཆོས་གོས་དེ་མ་སྤངས། བྲལ་བར་མ་བྱས། ཉེས་པ་མ་བཤགས་པའི་སྐབས་སུ་དགེ་འདུན་གྱིས་སྲ་བརྐྱང་བཏིང་བར་གྱུར་ལ། སྲ་བརྐྱང་བཏིང་ནས་དགེ་སློང་དེས་ཆོས་གོས་གཞན་ཞིག་རྙེད་ནའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགུང་བཅུ་ལས་ལྷག་པར་ཆོས་གོས་ལྷག་པ་བཅངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་དགུང་བཅུ་ལས་ལྷག་པར་ཆོས་གོས་ལྷག་པ་བཅངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་དགུང་བཅུ་ལས་འདས་པར་ཆོས་གོས་ལྷག་པ་བཅངས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སྡོམ་ལ། དགེ་འདུན་གྱི་དང་ས་དང་མཚམས། །མནན་པ་དང་ནི་མ་གནང་དང་། །མཚམས་མ་བཅད་དང་མ་གཡོགས་དང་། །བཞི་ཚན་དང་ནི་དེ་བཞིན་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་བྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབ་པར་གནང་ལགས་སམ། ཉེ་བར་འཁོར། མི་གནང་ངོ་། །བཙུན་པ། དེ་ལྟ་བུའི་རྐྱེན་ཞིག་མཆིས་ན། གནང་ལགས་སམ། ཉེ་བར་འཁོར། གནང་ངོ་། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ཏེ་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་བྲལ་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱི་ལགས་སམ། ཉེ་བར་འཁོར་མ་


DKG012_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འབའ་ཞིག་པའི་ལྟུང་བྱེད་བཤགས་པར་བྱའོ། །བཙུན་པ། དགེ་སློང་གིས་ཆོས་གོས་ས་ལ་བཞག་སྟེ་ནམ་མཁའ་ལ་སྐྱ་རེངས་འཆར་བར་བགྱིད་དམ། ཆོས་གོས་ནམ་མཁའ་ལ་བཞག་སྟེ་ས་ལ་སྐྱ་རེངས་འཆར་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་མཚམས་ཀྱི་ནང་དུ་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་དམ། ཆོས་གོས་མཚམས་ཀྱི་སླད་རོལ་ཏུ་བཞག་སྟེ་མཚམས་ཀྱི་ནང་དུ་སྐྱ་རེངས་འཆར་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཚམས་མནན་ཏམ། མཚམས་བཟུང་ནས་མཚམས་སུ་བགྲེང་ངམ་མཆིས་ཏེ་མཚམས་ཀྱི་བར་དུ་ཆོས་གོས་བཞག་ནས་སྐྱ་རེངས་འཆར་བར་བགྱིད་ན། ཆོག་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་མ་བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་ཡང་མཚམས་ཀྱི་ནང་ན་མཆིས་ལ། ཆོས་གོས་ཀྱང་མཚམས་ཀྱི་ནང་ན་མཆིས་པ་ལས། ཆོས་གོས་དེ་དང་བྲལ་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ་མཚམས་གཅད་པར་བྱ་བ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་མ་བྱིན་ནའོ། །བཙུན་པ། རེ་ཞིག་མཚམས་མ་བཅད་པའི་གནས་སུ་གང་ཚུན་ཆད་དགེ་སློང་ཆོས་གོས་དང་བྲལ་བ་ཞེས་བགྱི། ཉེ་བར་འཁོར། ཇི་ཙམ་གཙུག་ལག་ཁང་གི་ཉེ་འཁོར་ཆབ་ཁུང་སའམ། སྒོ་ཁྱམས་སམ། ཁང་ཕྲན་ནམ། ཀུན་དགའ་ར་བའམ། དགེ་སློང་གིས་ཀུན་ཏུ་སྤྱད་པའམ། ར་བའམ། འགྲེང་རིབ་བམ། འོབས་ཡོད་པའོ། །བཙུན་པ། དགེ་སློང་ཡང་གནས་གཅིག་ལ་སྟེང་གཡོགས་ཀྱང་གཅིག་པ་ཞིག་ན་མཆིས་ལ། དེ་ཉིད་ན་ཆོས་གོས་ཀྱང་མཆིས་ན་ཆོས་གོས་དེ་དང་བྲལ་བར་འགྱུར་བ་ལྟ་མཆིས་ལགས་སམ།ཉེ་བར་འཁོར། ཡོད་དེ། འདི་ལྟར་གནས་དེ་མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་།


DKG012_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་། ཀུན་ཏུ་རྒྱུ་རྣམས་སམ། སྤུན་ནོར་བགོས་པ་རྣམས་ཀྱི་ཡིན་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་པས། སྐྱ་རེངས་འཆར་བར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་སླད་རོལ་དུ་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །མཚམས་ཀྱི་སླད་རོལ་ན་མཚམས་ཀྱི་ནང་དུ་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་གིས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་ལ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱིད། ཉེ་བར་འཁོར། དགེ་སློང་གིས་ནི་དགེ་སློང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །བཙུན་པ། དགེ་སློང་མས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཉེ་བར་འཁོར། དགེ་སློང་མས་ནི་དགེ་སློང་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ། དབྱུང་བ་དང་། རུང་བར་བྱ་བ་ཡང་དེ་བཞིན་དུ་བྱའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་གྱུར་ཏེ། དེ་བཞིན་དུ་དགེ་སློང་མ་ལ་ནི་ཆོས་གོས་ལྔས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ལ་ནི་ཉེས་པ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སྡོམ་ལ།སེམས་འཁྲུགས་པ་དང་དུས་ལས་འདས། དེ་བཞིན་རུང་བ་ཉིད་དང་ནི། མི་རུང་པ་དང་གདིང་བ་དང་། །ཚད་དང་བཞི་ཚན་དག་དང་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་


DKG012_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་ཟིན་པས་ཆོས་གོས་སྲ་བརྐྱང་ཕྱུང་ནས་དུས་མ་ཡིན་པའི་གོས་རྙེད་པ་འདོད་ན། དགེ་སློང་དེས་ཆོས་གོས་དེ་བླང་བར་བྱའོ། །བླངས་ནས་གལ་ཏེ་ལོངས་ན། མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཏེ་བཅད་བར་བྱའོ། །གལ་ཏེ་མི་ལོངས་ལ་ཁ་མ་ལོངས་པ་སྐོང་པའི་གོས་ལ་རེ་བ་ཡོད་ན་ཡང་། དགེ་སློང་དེས་ཆོས་གོས་དེ་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །དེ་ལ་འདས་པར་འཇོག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་ཤིག་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་ཟླ་བ་བགྲང་བར་བགྱི། གང་ནས་བཟུང་སྟེ་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཟླ་བ་གཅིག་གི་བར་དུ་ཆོས་གོས་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་ཆོས་གོས་བཞག་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུ་དུས་བྱས་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཆོས་གོས་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། ཆོས་གོས་དེ་ཇི་ལྟ་བུ་ཞིག་ལགས། བདུན་པོ་དག་ལས་བརྟགས་པ་གང་ཡང་རུང་པ་ངས་རྗེས་སུ་གནང་ཞིང་མ་བཀག་པ་གང་ཡིན་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་ཆོས་གོས་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགུང་ཟླ་གཅིག་ལས་ལྷག་པར་བཞག་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། དེ་འདི་ལྟར་ཆོས་གོས་ཀྱི་སྤུན་རུང་བར་གྱུར་བ་རྒྱུ་མི་རུང་བར་གྱུར་པ་དང་། སྤུན་མི་རུང་བར་གྱུར་ལ་རྒྱུ་རུང་བར་གྱུར་པ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་སྟེ། དེ་ལྟ་བུའི་ཆོས་གོས་ནི། ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བཅོམ་ལྡན་


DKG012_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་དགེ་སློང་གིས་ཆོས་གོས་དེ་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགུང་ཟླ་དྲུག་ཏུ་ཆོས་གོས་བཞག་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཆོས་གོས་དེ་རྙེད་ནས་ཞག་སུམ་ཅུ་ལོན་པ་དང་། དགེ་འདུན་གྱི་སྲ་བརྐྱང་བཏིང་བར་གྱུར་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་དུ་མ་ཚང་ན་ཟླ་བ་གཅིག་གི་བར་དུ་གཞག་གོ། ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གང་ཆོས་གོས་གསུམ་ཚང་པར་གྱུར་པ་དེས་ཆོས་གོས་མི་ལོངས་པ་ཞིག་རྙེད་ན་དེས་ཀྱང་དགུང་ཟླ་གཅིག་གི་བར་དུ་གཞག་པར་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར། ཆོས་གོས་གསུམ་ཚང་ན་ཆོས་གོས་གཞན་རྙེད་པ་གང་ཡིན་པ་ནི་ལོངས་ཀྱང་རུང་། མི་ལོངས་ཀྱང་རུང་སྟེ། དེ་ཐམས་ཅད་ནི་ཞག་བཅུ་པ་ཡིན་ནོ། །ཆོས་གོས་གསུམ་དུ་མ་ཚང་བ་ལས་གལ་ཏེ་ཆོས་གོས་སུ་ལོངས་པ་ཞིག་རྙེད་ན་དེ་ཡང་ཞག་བཅུ་པ་ཡིན་ནོ། །འོན་ཏེ་མ་ལོངས་པ་ཞིག་རྙེད་ན་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །དེ་ལས་འདས་པར་བཞག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་ཟླ་གཅིག་ལ་གཅིག་ཏུ་འདུ་ཤེས་པས་སྐྱ་རེངས་འཆར་པར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགུང་ཟླ་གཅིག་ལ་དགུང་ཟླ་གཅིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དགུང་ཟླ་གཅིག་མ་ལགས་པ་ལ་དགུང་ཟླ་གཅིག་ཏུ་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དགུང་ཟླ་གཅིག་མ་ལགས་པ་ལ་དགུང་ཟླ་གཅིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ཟླ་གཅིག་ལགས་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་དགུང་ཟླ་གཅིག་ལས་འདའ་བར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་རྙེད་ནས་དགུང་ཟླ་གཅིག་ལགས་པ་ལས་མཚན་གྱུར་ཏེ། དགེ་སློང་དུ་རེད་ནས་ཟླ་བ་གཅིག་ལས་འདའ་བར་བགྱིད་ན་ཅིར་


DKG012_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལགས།སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་བས། ཆོས་གོས་དགུང་ཟླ་གཅིག་པས་རིང་དུ་བཞག་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་དགུང་ཟླ་གཅིག་པས་རིང་དུ་བཞག་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་ཆོས་གོས་དགུང་ཟླ་གཅིག་གི་བར་དུ་བཞག་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི་ཉེས་བྱས་ཏེ། སྔ་མ་བཞིན་ནོ། །


previousསྤང་བའི་ལྟུང་བྱེད་འཆད་པ། next