Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
མ་ངེས་པའི་ཆོས་གཉིས་པ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousམ་ངེས་པའི་ཆོས་གཉིས་པ་བཤད་པ། next

མ་ངེས་པའི་ཆོས་གཉིས་པ་བཤད་པ།


DKG012_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། ཐ་མ་ལམ་དང་རྒྱལ་རིགས་དང་། །ཕུང་པོ་ལྷག་མ་དེ་བཞིན་ཏེ། །ཁ་དང་ཤ་ཁ་ར་དང་ཧྭགས། །བུ་རམ་མར་དང་མི་མངོན་པའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་གི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། བདག་གིས་དགེ་སློང་ཞིག་ལ་ཐ་མ་དང་པོ་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་བགྱིའམ། མི་བགྱི། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་སྩལ། མི་གཞུག་སྟེ། དེ་ན་ཟླ་ལྟ་ཡོད་དམ་ཞེས་དེ་ལ་དྲི་བར་བྱའོ། །དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་གྱིས་ཤིག་།དེ་དེའི་ངོ་བོ་ཚོལ་དུ་ཡང་ཆུག་ཅིག་།འོན་ཏེ་དེས་འདི་སྐད་སྨྲས་ཏེ། ཐ་མ་དང་པོའི་ཉེས་པ་ནི། མ་བྱུང་གི་།བདག་གིས་གཉིས་པའམ། གསུམ་པའམ། བཞི་པ་ཡང་རུང་། ཉེས་པ་བྱུང་བ་ནི། མཐོང་ངོ་། །ཞེས་སྨྲས་ན། དགེ་སློང་དེ་དམ་འཆར་ཆུག་ཅིག་།ཇི་ལྟར་དང་པོ་པ་དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་པའི་ཐ་མ་རྣམས་ལ་ཡང་དེ་ལྟར་བྱའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་ཁའི་སྒོར་མ་རུང་པར་བགྱིས་པ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ།


DKG012_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཞུག་གོ །དེ་ལ། དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ལ། དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ཤིག་།དེ་སྟེ་མཐུན་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་ཏུ་ཡང་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་ཁའི་སྒོར་ནི་མ་རུང་བར་ཡང་མ་གྱུར་མོད་ཀྱི། བཤང་བའི་སྒོར་མ་རུང་ངོ་། །ཞེས་ཟེར་ན། དགེ་སློང་དེ་དམ་འཆར་ཆུག་ཅིག་།ཁའི་སྒོར་ཇི་ལྟ་བ་དེ་བཞིན་དུ་གཅི་བའི་སྒོ་དང་། བཤང་བའི་སྒོར་ཡང་དེ་བཞིན་བྱའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་རྒྱལ་རིགས་མ་ཞིག་དང་ལྷན་ཅིག་ཏུ་མ་རུང་བར་གྱུར་པ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ་དེ་ནི་ཅི་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་གཞུག་གོ །འོན་ཏེ་དེས་འདི་སྐད་དུ། རྒྱལ་རིགས་མ་དང་ལྷན་ཅིག་ཏུ་མ་རུང་བར་མ་གྱུར་གྱི། འདི་ནི། བྲམ་ཟེ་མོ་དང་མ་རུང་བར་གྱུར་ཏོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།རྒྱལ་རིགས་མ་ལ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་མོ་དང་། རྗེའུ་རིགས་མོ་དང་། དཀར་མོ་དང་། སྔོན་མོ་དང་། སེར་སྐྱ་མོ་དང་། རིང་མོ་དང་། ཐུང་ངུ་དང་། ཤིན་ཏུ་ལེགས་པ་མོ་དང་། རིད་དེ་མ་དང་། ཚོན་མོ་དང་། ལུས་མཉམ་པ་དང་། འགྲོ་བ་དང་། འདུག་པ་དང་། འགྲེང་བ་དང་། འཕྲེས་པ་རྣམས་ལ་ཡང་རྒྱས་པར་བྱའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་ལྟུང་བའི་ཕུང་པོ་དང་པོའི་ཉེས་པ་བྱུང་བ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། དེ་ན་ཅི་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་པར་ཟེར་ན།


DKG012_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་ཆུག་ཅིག་།འོན་ཏེ་དེས་འདི་སྐད་འདིས་ལྟུང་བའི་ཕུང་པོ་དང་པོ་ནི། མ་བྱུང་གི། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པའི་ཕུང་པོ་རྣམས་ནི། བྱུང་ངོ་། །ཞེས་ཟེར་ན། དེ་བཞིན་དུ་ལྔ་པའི་བར་དུ་སྨྲོས་ཤིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་ལྷག་མ་བྱུང་བ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་པར་སྨྲས་ན་ནི། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱོས་ཤིག་།དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། དགེ་འདུན་གྱི་ལྷག་མ་དང་པོ་ནི། མ་བྱུང་གི་།གཉིས་པ་དང་། གསུམ་པ་དང་། བཞི་པ་ནས་དགེ་འདུན་གྱི་ལྷག་མ་བཅུ་གསུམ་པའི་བར་དུ་བྱུང་ངོ་། །ཞེས་ཟེར་ན། དེ་དགེ་སློང་དམ་འཆར་ཆུག་ཅིག་།དང་པོ་ལ་ཇི་ལྟ་བ་བཞིན་གཉིས་པ་དང་། གསུམ་པ་ནས་དགེ་འདུན་གྱི་ལྷག་མ་བཅུ་གསུམ་པའི་བར་དུ་ཡང་དེ་བཞིན་ནོ། །དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་ཁར་ཁུ་བ་ཕྱུང་བ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲས་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་གཞུག་གོ །འོན་ཏེ་དེས་འདི་སྐད་དུ། ཁར་མ་རུང་བར་ནི་མ་གྱུར་ཀྱི། སོའི་ཕྱི་རོལ་མཆུར་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་གཅི་བའི་ལམ་དུ་ཁུ་བ་ཕྱུང་བར་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་


DKG012_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲས་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་གཞུག་གོ །འདིས་གཅི་བའི་ལམ་དུ་ནི། མ་རུང་བར་མ་བྱས་ཀྱི། བརླའི་ནང་དུ་ཁུ་བ་བླུགས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། དགེ་སློང་ཞིག་གིས་བཤང་བའི་ལམ་དུ་ཁུ་བ་ཕྱུང་བར་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་ངམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་གཞུག་གོ །འོན་ཏེ་དེས་འདི་སྐད་དུ་བཤང་བའི་ལམ་དུ་ནི། མ་རུང་བར་མ་གྱུར་ཀྱི། འདིས་སྣའི་ནང་དུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། བདག་གིས་དགེ་སློང་ཞིག་དུས་མ་ཡིན་པར་སྐྱོ་མ་འཐུང་བ་མཐོང་ངོ་། །ཞེས་མཆི་ན། དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདི་དུས་མ་ཡིན་པར་སྐྱོ་མ་ནི། མ་མཐུངས་ཀྱི། ཤ་ཁ་རའི་ཆུ་ཞིག་ནི། འདིས་འཐུངས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་བུ་རམ་ཆང་ཞིག་འཐུངས་པ་བདག་གིས་མཐོང་ངོ་། །ཞེས་ཟེར་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་


DKG012_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་དུ་སྩལ་ཏམ། མི་གཞུག་གོ། དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་བུ་རམ་ཆང་ནི། མ་མཐུངས་ཀྱི། འདིས་ཧྭགས་ཀྱི་ཆུ་ཞིག་འཐུངས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་དུས་མ་ལགས་པར་ཤ་ཟ་བ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལའང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་དུས་མ་ཡིན་པར་ཤ་ནི་མ་ཟོས་ཀྱི། འདིས་བུ་རམ་ཞིག་ཟོས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ན་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་དུས་མ་ལགས་པར་ཁ་ཟས་ཟ་བ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ །དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལའང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་དུས་མ་ཡིན་པར་ཁ་ཟས་ནི་མ་ཟོས་ཀྱི། འདིས་མར་ཞིག་ཟོས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།དགེ་བསྙེན་མ་དད་པ་བདེན་པ་མཐོང་བས་མི་མངོན་པའི་དངོས་པོ་གང་སྨྲས་ཀྱང་རུང་སྟེ། དགེ་སློང་དམ་འཆར་ཆུག་ཅིག་།མི་མངོན་པ་རྫོགས་སོ།། །།


previousམ་ངེས་པའི་ཆོས་གཉིས་པ་བཤད་པ། next