Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
གསོ་སྦྱོང་གི་དངོས་པོ་བཤད་པ།
   
   
   
   
   
   
   
   
   
   
   
  expand section


 
previousགསོ་སྦྱོང་གི་དངོས་པོ་བཤད་པ། next

གསོ་སྦྱོང་གི་དངོས་པོ་བཤད་པ།


DKG012_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། ཕྱེད་དང་གསུམ་དང་བསྐོར་བ་དང་། །བཞི་པ་དང་ནི་མཚམས་དང་མཚན། །ཞིག་དང་སྔ་མ་མཚམས་དང་ཤིང་། །དབྱུང་བ་མི་རུང་ཁྱིམ་པ་དག་།དབྱུང་བ་ཐ་མར་སྨྲས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མཚམས་ཆེན་པོ་ཆོད་ཅིག་།ཅེས་གསུངས་ན། བཙུན་པ། མཚམས་ཆེན་པོའི་ཚད་ཇི་ཙམ། ཨུ་པ་ལི། དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུལ་ཆད་ནི། ཐམས་ཅད་ཀྱང་ཆུང་ངུ་སྟེ། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་བསྐོར་བར་ཤོང་བའོ། །བཙུན་པ་དཔག་ཚད་ཕྱེད་


DKG012_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ་ལས་འདས་པར་མཚམས་བཀུམ་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་སོ། །དེ་ལས་འདས་པ་ནི། མཚམས་མ་ཡིན་ནོ། །དེ་སྟེ་མཚམས་བཅད་ན་ཡང་མ་བཅང་པ་ཞེས་བྱའོ། །དགེ་སློང་རྣམས་ཀྱང་འདས་བ་དང་བཅས་པ་སྟེ། དེ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །བཙུན་པ། འོག་གི་མཚམས་གང་ལགས། ཨུ་པ་ལི། ཆུ་ཡོད་པའི་བར་དུའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པ་ན་ཆབ་མཆིས་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་སོ། །དེ་མན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། སྟེང་གི་ནམ་མཁའ་ལ་མཚམས་གང་ལགས། ཨུ་པ་ལི། ཇི་ཙམ་རྩིག་སྒལ་ལམ། ཤིང་གི་རྩེ་མོ་ཡོད་པའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པ་ན་རྩིག་སྒལ་ལམ། ཤིང་གི་རྩེ་མོ་མཆིས་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་ཞེས་བྱའི། དེ་ཡན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། རིའི་རྩེ་མོའི་མཚམས་གང་ལགས། ཨུ་པ་ལི། ཆུ་མིག་ཡོད་པའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པ་ན་ཆབ་མིག་མཆིས་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་སོ། །དེ་ཡན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། མཚམས་ལ་ཡང་མཚམས་ཀྱིས་བསྐོར་བར་གནང་ངམ། ཨུ་པ་ལི། མི་གནང་སྟེ། རྒྱད་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་དང་། ཆུས་བསྐོར་བའི་དཀྱིལ་འཁོར་ནི། མ་གཏོགས་སོ། །བཙུན་པ། ལས་བགྱིད་པ་འཕགས་པས་འཕགས་པའི་སྐད་དུ་མཚམས་བཀུམ་བ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ།ཨུ་པ་ལི། བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། འཕགས་པས་མཐའ་འཁོབ་པའི་སྐད་དུ་མཚམས་བཀུམ་པ་དང་། དགེ་སློང་དེ་དག་གིས་


DKG012_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འཁོབ་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་མཚམས་བཀུམ་པ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པས་འཕགས་པའི་སྐད་དུ་མཚམས་བཀུམ་པ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལ། མཚམས་བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། སྟེང་གི་ནམ་མཁའ་ལ་མཚམས་དགུ་མ་པར་རུང་ངམ། ཨུ་པ་ལི། མི་རུང་སྟེ། ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། མཚན་མ་བསྟན་དུ་མེད་པའི་ཕྱིར་རོ། །བཙུན་པ། ཉི་མ་དང་། ཟླ་བ་དང་། སྐར་མས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཉི་མ་དང་། ཟླ་བ་དང་། སྐར་མ་ནི། མི་བརྟན་ཞིང་གཡོ་བའི་ཕྱིར་རོ། །བཙུན་པ། ཆུ་རླབས་དང་། ཆུ་རླབས་ཀྱི་རྒྱུད་དམ། ཀླུང་གི་འགྲམ་དུ་ནི། མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཆུ་རླབས་དང་། ཆུ་རླབས་ཀྱི་རྒྱུད་དང་། ཀླུང་གི་འགྲམ་ནི། གཡོ་ཞིང་མི་བརྟན་པའི་ཕྱིར་རོ། །བཙུན་པ། དེ་སྟེ་ཀླུང་གི་འགྲམ་བརྟན་པར་གྱུར་ན། མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། རྫུ་འཕྲུལ་ལམ། སྒྱུ་མས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་རྫུ་འཕྲུལ་དང་། སྒྱུ་མ་ནི། ཐ་སྙད་དུ་མི་འདོགས་པའི་ཕྱིར་རོ། །བཙུན་པ། ཀླུང་ངམ་ཡུར་བ་ལས་མཚམས་བཟླར་རུང་ངམ། ཨུ་པ་ལི། མི་རུང་སྟེ། དེ་ཀླུང་ངམ། ཡུར་ཆུ་རྟག་ཏུ་མི་འབབ་པར་གྱུར་པའོ། །བཙུན་པ། རྟག་ཏུ་འབབ་པའི་ཆུ་གཏིང་ཟབ་པ་ལས་མཚམས་བཟླ་བར་རུང་ངམ། ཨུ་པ་ལི། རུང་སྟེ།འདི་ལྟར་ཡང་ཀླུང་དང་། ཡུར་ཆུ་དེ་ལ་ཤིང་ངམ། རྩིག་པའམ། རེ་ལྡེ་རྣམས་ཀྱིས་བཀབ་པར་གྱུར་


DKG012_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཙུན་པ། དེ་སྟེ་ཤིང་ངམ། རེ་ལྡེ་འཇིག་པའི་ཆོས་སུ་གྱུར་ན། ཞིག་པ་ཞེས་བགྱིའམ། དེ་སྟེ་སྦྱོར་བ་བཏང་ན། ཞིག་པ་ཞེས་བྱའོ། །འོན་ཏེ་སླར་དགའ་བར་སྦྱོར་བམ་བཏང་ན། མ་ཞིག་པ་ཞེས་བྱའོ། །བཙུན་པ། ལས་བགྱིད་པ་མཚམས་གཅོད་པ་ན་མཚན་གྱུར་ན། མཚམས་བཅད་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱའོ། །བཙུན་པ། མཚམས་ཀྱིས་མཚམས་དགྲོལ་དུ་རུང་ངམ། ཨུ་པ་ལི། རྒྱང་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་མ་གཏོགས་པར་གཞན་མི་རུང་ངོ་། །བཙུན་པ། མཚམས་འཇིག་པ་རྣམ་པ་དུ་མཆིས། ཨུ་པ་ལི། ལྔ་སྟེ། མཚམས་མེད་པ་དང་། དགེ་སློང་མེད་པ་དང་། རེ་བ་མེད་པ་དང་། གསོལ་བ་དང་། ལས་དང་ལྔ་ཡིན་ནོ། །བཙུན་པ། སྔོན་གྱི་མཚམས་མ་བཀྲོལ་པར་མཚམས་གཞན་དགུམ་དུ་རུང་ངམ། ཨུ་པ་ལི། རྒྱང་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་དང་། དཀྱིལ་འཁོར་གྱི་མཚམས་མ་གཏོགས་པར་མི་རུང་ངོ་། །ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། གསོལ་པ་དང་། ལས་ཀྱིས་མཚམས་གཅད་དོ། །གསོལ་པ་དང་། ལས་ཀྱིས་མཚམས་དགྲོལ་ལོ། །བཙུན་པ། མཚམས་བཀུམ་པས་མཚམས་དགྲོལ་བའམ། མཚམས་བཀྲོལ་བས་མཚམས་བཀུམ་པར་འགྱུར་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ལས་ཀྱིས་མཚམས་བཅད་ན། རྒྱང་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་དགྲོལ་པ་ཞེས་བྱའོ། །ལས་ཀྱིས་མཚམས་བཀྲོལ་ན། རྒྱང་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་བཅད་པ་ཞེས་བྱའོ། །བཙུན་པ། མཆིས་པའི་རྗེས་སུ་མཆི་པ་གང་། ཨུ་པ་ལི། མཚམས་སོ། །བཙུན་པ། མཆིས་པའི་རྗེས་སུ་མཆིས་པ་གང་། ཨུ་པ་ལི། མཚམས་སོ། །བཙུན་པ། གནས་བཞིའམ། གནས་ལྔའམ། དེ་ལས་མང་ཡང་རུང་། ཤིང་གཅིག་གིས་མཚམས་དགུམ་པར་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ཙམ་དུ་མཚན་མ་བསྒྲག་ཅིང་གཞག་པར་ནུས་པའི་བར་དུའོ། །བཙུན་པ། མཚམས་ནས་མཚམས་སྤོ་བར་རུང་ངམ།ཨུ་པ་ལི། མི་རུང་སྟེ། རྒྱང་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་ནི། མ་གཏོགས་སོ། །བཙུན་པ། སྤོ་མི་འཚལ་བའི་མཚམས་དུ། ཨུ་པ་ལི་གཅིག་སྟེ། ལས་ཀྱི་


DKG012_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སམ། ཆུ་མིག་གམ། ཁྲོན་པའོ། །བཙུན་པ། རུང་བའི་ས་དང་། མི་རུང་བའི་སའོ། །ཞེས་བགྱི་ན། བཙུན་པ། རུང་བའི་ས་གང་ལགས། ཨུ་པ་ལི། གནས་གང་ན་མཚམས་ཀྱི་ནང་ན་རུང་བའི་གནས་སུ་བྱིན་གྱིས་བརླབས་པར་གྱུར་པ་འདི་ནི། རུང་བའི་ས་ཞེས་བྱའོ། །ཨུ་པ་ལི། གནས་གང་ན་མཚམས་ཀྱི་ནང་དུ་རུང་བའི་གནས་བྱིན་གྱིས་མ་བརླབས་པར་གྱུར་པ་འདི་ནི། མི་རུང་བའི་ས་ཞེས་བྱའོ། །ཨུ་པ་ལི། དམ་པའི་ཆོས་ཡོད་པའི་བར་དུ་ནི། མི་རུང་བའི་ས་ཡང་ཡོད་དོ། །ཨུ་པ་ལི། དམ་པའི་ཆོས་མེད་པར་གྱུར་ན། ཐམས་ཅད་ཀྱང་རུང་བའི་སའོ། །བཙུན་པ། ཇི་ཙམ་གྱིས་ན། དམ་པའི་ཆོས་མཆིས་པ་ཞེས་བགྱི། ཨུ་པ་ལི། གང་གི་ཚེ་ནན་ཏན་བྱེད་པ་རྣམས་ནན་ཏན་བྱེད་ཅིང་ལས་ཀྱང་བྱེད་དེ། ནན་ཏན་དུ་བྱ་བས་ནན་ཏན་བྱེད་ལ། ལས་ཀྱང་བྱེད་པའི་བར་དུ་ནི། དམ་པའི་ཆོས་ཡོད་པ་ཞེས་བྱའོ། །བཙུན་པ། ཇི་ཙམ་གྱིས་ན། དམ་པའི་ཆོས་མ་མཆིས་པར་གྱུར་པ་ཞེས་བགྱི། ཨུ་པ་ལི། གང་གི་ཚེ་ནན་ཏན་བྱེད་པ་རྣམས་ནི། ནན་ཏན་མི་བྱེད་ཅིང་། ལས་ཀྱང་མི་བྱེད་དེ། ནན་ཏན་བྱེད་པས་ནན་ཏན་མི་བྱེད་ལ་ལས་ཀྱང་མི་བྱེད་པའི་ཚེ་དམ་པའི་ཆོས་མེད་པར་གྱུར་པ་ཞེས་བྱའོ། །བཙུན་པ། ལས་བགྱིད་པ་ཁྱིམ་པས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་ལས་བྱེད་པ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་འཁྲུགས་པ་རྣམས་ཀྱིས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལས་བགྱིད་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ཀྱིས་མཚམས་བཀུམ་ན། བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་ནི། བྱ་ལ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ་ལས་བགྱིད་པ་སྨྱོན་པས་མཚམས་


DKG012_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་དགེ་སློང་གི་འདུ་ཤེས་དང་ལྡན་ལ་མཚན་མ་རྣམས་ཀྱང་སྟོན་ནུས་ཤིང་གསོལ་པའང་བྱས་ཏེ་ལས་མ་ཉམས་ན། མཚམས་བཅད་པ་ཞེས་བྱའོ། །དེ་བཞིན་དུ་ལས་བྱེད་པ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། འོན་པ་རྣམས་ཀྱང་བརྗོད་པར་བྱའོ། །བཙུན་པ། ལས་བྱེད་པ་འགྲོ་བ་གཞན་དུ་གནས་པས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཚམས་འགུམ་པ་ན་ལས་བགྱིད་པའི་དགེ་སློང་དུས་ལས་འདས་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་མཚན་མ་བསྒྲགས་པར་ཡང་རྟོགས་ལ། ལས་ཀྱང་མང་དུ་བྱས་བར་གྱུར་ན། མཚམས་བཅད་པ་ཞེས་བྱའོ།། ཨུ་པ་ལི། དེ་སྟེ་མཚན་མ་བསྒྲགས་པར་ཡང་མ་རྟོགས་ལ། ལས་ཀྱང་མང་དུ་མ་བྱས་པར་གྱུར་ན། མཚམས་མ་བཅད་པ་ཞེས་བྱའོ། །དེ་བཞིན་དུ་ཁྱིམ་པ་ཡིན་པར་ཤེས་པ་དང་། མ་ནིང་ཡིན་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་ཡིན་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཡིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་ཡིན་པ་དང་། རྐུན་གནས་དང་། མི་གནས་པ་ཡིན་པ་དང་། སོ་སོར་གནས་པ་ཡིན་པ་དང་། སྔར་ཉེས་པ་བྱུང་བ་ཡིན་པ་དང་། སྔར་འཁྲུགས་པ་ཡིན་པར་ཤེས་པ་ནས། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་བདག་ཉིད་ཡིན་པར་ཤེས་པའང་རྒྱས་པར་བརྗོད་པར་བྱའོ། །བཙུན་པ། མཚམས་འགུམ་པ་ན་དགེ་འདུན་གྱི་དབྱེན་བགྱིས་པར་འཚལ་བ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་ལགས་པར་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཁྱིམ་པས་གྲངས་སུ་བསྐང་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི།


DKG012_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །དེ་བཞིན་དུ་མ་ནིང་ནས་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་དེ་དག་གིས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ་དགེ་སློང་ཟ་མས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། བཅད་པ་ཞེས་མི་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། མཚམས་དང་རུང་བའི་གནས་དག་དང་། །ལས་གཅིག་ཀླུང་ཡང་དེ་བཞིན་ཏེ། །ཞིག་པ་དང་ནི་གླིང་གསུམ་དང་། །གྲོང་དང་གསུམ་པ་དེ་བཞིན་ནོ། །བཙུན་པ། མཚམས་ཀྱི་མཚན་མ་མ་མཆིས་པར་གྱུར་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། ཞིག་པ་ཞེས་བྱའོ། །བཙུན་པ། མཚམས་ཞིག་ན། རུང་བའི་གནས་ཀྱང་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། ཞིག་པ་ཞེས་བྱའོ། །བཙུན་པ། ལས་གཅིག་དང་། གསོལ་པ་གཅིག་གིས་ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ཏེ་གནས་བཞིར་མཚམས་དགུམ་པར་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ལྟར་ཡང་ལས་བྱེད་པའི་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེ་ལ་མནན་ཏེ་མཚམས་བཅད་པའོ། །བཙུན་པ། མཚམས་དགུམ་པའི་གནས་སུ་ཀླུང་ངམ། ཡུར་ཆུས་མཚམས་ནོན་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་མཚམས་ཀྱི་མཚན་མ་བརྟན་པོ་ཡོད་ན། མ་ཞིག་པ་ཞེས་བྱའོ། །དེ་སྟེ་མཚམས་ཀྱི་མཚན་མ་མེད་པར་གྱུར་ན། ཞིག་པ་ཞེས་བྱའོ། །བཙུན་པ། མཚམས་ཞིག་ན། ཆོས་གོས་དང་མི་འབྲལ་བའི་སྡོམ་པ་ཡང་མ་མཆིས་པ་ཞེས་བགྱིའམ། མཆིས་པ་ཞེས་བགྱི། ཨུ་པ་ལི། ཡོད་པ་ཞེས་བྱའོ། །བཙུན་པས་ནི། ལས་ཀྱི་མཚམས་སུ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་སྐོས་ཤིག་།ཅེས་གསུངས་ན། བཙུན་པ། རྒྱང་གྲགས་ཀྱི་མཚམས་དང་། རྩིག་པའི་མཚམས་ལ་ཡང་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོ་བར་བགྱིའམ། དེ་སྟེ་དགོས་པར་གྱུར་ན། སྐོས་ཤིག་།བཙུན་པ། གྲོང་དང་། གཙུག་ལག་ཁང་


DKG012_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་ཏུ་མཆིས་ཏེ་མཚམས་འབྲལ་བར་གྱུར་ན། དེ་ལ་ཆོས་གོས་དང་ནི། འབྲལ་བ་གང་ཚུན་ཆད་བསྒོ་བར་བགྱི། གྲོང་གི་ཉེ་འཁོར་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི་གྲོང་ངམ་གྲོང་གི་ཉེ་འཁོར་མ་གཏོགས་བར་ཆོས་གོས་དང་མི་འབྲལ་བའི་སྡོམ་པའོ། །ཞེས་གསུངས་ན། ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོས་པ་ལས། གྲོང་ཞིག་དེར་བཙུགས་ན། དེ་ཕྱོགས་སུ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་ཞིག་པར་འགྱུར་རམ། ཨུ་པ་ལི། ཞིག་པ་ཞེས་བྱའོ། །བཙུན་པ། ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོས་པ་ལས་གྲོང་གུད་དུ་འཕོས་ན། བཙུན་པ། ཅིའི་ཕྱིར་ཕྱོགས་དེར་ཆོས་གོས་དང་། མི་བྲལ་བར་སྡོམ་པ་བསྐོ་བར་བགྱིའམ། ཨུ་པ་ལི། མི་དགོས་ཏེ། སྔོན་གྱི་སྡོམ་པ་གསོས་པས་ཆོག་གོ། མདོར་ན། དྲན་པ་བཞི་པ་གསུམ་པ་དང་། ལྔ་པ་དང་ནི་གཉིས་ཚན་དང་། །ཉེས་པ་གཉིས་དང་སྐབས་འབྱེད་དང་། །སེམས་པ་འདུག་པ་ལངས་པ་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །སྨྱོན་པ་འཆད་དང་མང་པོའོ། །བཙུན་པ། དགེ་འདུན་གྱིས་སྐྱ་རེངས་ཤར་བའི་ཚེ་དེང་ནི། བདག་ཅག་གི་གསོ་སྦྱོང་ངོ་། །ཞེས་དྲན་པར་གྱུར་ན། དགེ་སློང་དེ་དག་གིས་གསོ་སྦྱོང་ཇི་ལྟར་བགྱི། དེང་བདག་ཅག་གི་གསོ་སྦྱོང་ངོ་། །ཞེས་སེམས་ལས་ཚིག་ཏུ་བརྗོད་ཅིང་། འོན་ཏེ་དེ་ན་སོ་སོར་ཐར་པ་ཀློག་ན། བཀླགས་པ་ཞེས་བྱ་སྟེ། དགེ་སློང་དག་གིས་གསོ་སྦྱོང་ཡང་བྱས་མོད་ཀྱི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་གི་ལས་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་དང་། ཆོས་བཞིན་མ་ཡིན་པ་ལ་འདུས་པ་དང་། ཆོས་བཞིན་ལ་མ་འདུས་པ་དང་། ཆོས་བཞིན་ལ་འདུས་པ་རྣམས་སོ། །ཞེས་གསུངས་ན། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་གང་ཞེ་ན། གང་གི་ཚེ་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་མི་ཀློག་།གང་གིས་བཀླག་པར་བྱ་བ་དེས་མི་ཀློག་།ཇི་ལྟར་བཀླག་པར་བྱ་བ་དེ་ལྟར་མི་ཀློག་།ཇི་སྲིད་དུ་བཀླག་པ་དེ་སྲིད་དུ་མི་ཀློག་པ་དང་མ་འདུས་པར་གྱུར་པའོ། །ཆོས་བཞིན་


DKG012_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ལ་འདུས་པ་གང་ཞེ་ན། གང་གི་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་མི་ཀློག་པ་ནས་རྒྱ་ས་པར་ཇི་སྲིད་དུ་བཀླག་པར་བྱ་བ་དེ་སྲིད་དུ་མི་ཀློག་ཅིང་འདུས་པར་གྱུར་པའོ། །ཆོས་བཞིན་ལ་མ་འདུས་པ་གང་ཞེ་ན། གང་གི་ཚེ་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་ཀློག་།གང་གིས་བཀླག་པར་བྱ་བ་དེས་ཀློག་།ཇི་ལྟར་བཀླག་པར་བྱ་བ་དེ་ལྟར་ཀློག་།ཇི་ཙམ་དུ་བཀླག་པར་བྱ་བ་དེ་ཙམ་བཀླགས་པ་དང་མ་འདུས་པར་གྱུར་པའོ། །ཆོས་བཞིན་ལ་འདུས་པ་གང་ཞེ་ན། གང་གི་ཚེ་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་ཀློག་པ་ནས་རྒྱས་བར་ཇི་སྲིད་དུ་བཀླག་པར་བྱ་བ་དེ་སྲིད་དུ་ཀློག་ཅིང་འདུས་པར་གྱུར་བའི་བར་དུའོ། །བཙུན་པ། འཕགས་པས་འཕགས་པའི་སྐད་དུ་སོ་སོར་ཐར་པ་བཀླགས་པ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་སོ་སོར་ཐར་པ་བཀླགས་པ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་བའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་སོ་སོར་ཐར་པ་བཀླགས་པ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་སོ་སོར་ཐར་པའི་མདོ་བཀླགས་པ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པའི་གྲངས་ནམ་མཁའ་ལ་གནས་པས་བསྐངས་ཏེ་སོ་སོར་ཐར་པའི་མདོ་ཀློག་པ་བཀླགས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་


DKG012_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པའི་གྲངས་ས་ལ་གནས་པས་བསྐངས་ཏེ་སོ་སོར་ཐར་པའི་མདོ་ཀློག་པ་བཀླགས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པ་རྣམས་ལ་ནམ་མཁའ་ལ་གནས་པས་སོ་སོར་ཐར་པའི་མདོ་ཀློག་ཅིང་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པ་རྣམས་ལ་ས་ལ་གནས་པས་སོ་སོར་ཐར་པའི་མདོ་ཀློག་ཅིང་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འདུག་པ་དང་། མཚམས་ཀྱི་ཕྱི་རོལ་ན་འདུག་པར་ལྷན་ཅིག་རྒྱས་པས་བཞིར་བྱའོ། །བཙུན་པ། སོ་སོར་ཐར་པ་ཀློག་པ་ལ་རྣམ་པ་དུ་མཆིས། ཨུ་པ་ལི། རྣམ་པ་ལྔ་སྟེ། གསོལ་བ་བྱས་ནས་གླེང་གཞི་བཀླགས་ཏེ་ལྷག་མ་རྣམས་ཐོས་པར་ཟད་དོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་དང་པོའོ། །གསོལ་བ་བྱས་ནས་གླེང་གཞི་བཀླགས་ཏེ་ཕས་ཕམ་པ་བཞི་བཀླགས་ནས་ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་གཉིས་པའོ། །གསོལ་བ་བྱས་ཏེ་གླེང་གཞི་བཀླགས། ཕས་བམ་པ་བཞི་བཀླགས། དགེ་འདུན་གྱི་ལྷག་མ་བཅུ་གསུམ་བཀླགས་ལ་ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་གསུམ་པའོ། །གསོལ་བ་བྱས་ཏེ་གླེང་གཞི་བཀླགས། ཕས་ཕམ་པ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང་། མི་མངོན་པ་གཉིས་བཀླགས་ནས་ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་བཞི་པ་སྟེ། རྒྱས་པ་ཀློག་པ་དང་འདི་ལྔའོ། །བཙུན་པ། གསོ་སྦྱོང་གི་ལས་ལ་རྣམ་པ་དུ། ཨུ་པ་ལི། ལྔ་སྟེ། བཀླག་པ་དང་། མི་བཀླག་པར་སེམས་བསྐྱེད་པ་དང་། བྱིན་གྱིས་བརླབ་པ་དང་། ཡོངས་སུ་དག་པ་དང་། སྐབས་འབྱེད་པ་དང་རྣམ་


DKG012_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔའོ། །བཙུན་པ། སོ་སོར་ཐར་པའི་མདོ་ཀློག་པས་སོ་སོར་ཐར་པའི་མདོ་ཀློག་པ་ཀློག་པའི་ཚེ་མཚན་གྱུར་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །བཙུན་པ། དགེ་སློང་ཕྱོགས་གཅིག་ཏུ་མཆིས་པས་གནས་བཞིར་སོ་སོར་ཐར་པའི་མདོ་བཀླགས་ལ། གསོ་སྦྱོང་ཡང་བགྱིས་ན། དགེ་སློང་དེ་དག་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ།ཨུ་པ་ལི། ཡོད་དེ། འདི་ལྟར་སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་དེ་གནས་པའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་སོ་སོར་ཐར་པའི་མདོ་བཀླགས་པའོ། །བཙུན་པ། གནས་གཅིག་པའི་མཚམས་ཀྱི་ནང་ན་གནས་གཅིག་པའི་དགེ་སློང་རྣམས་ཀྱིས་ཕྱོགས་བཞིར་སོ་སོར་གསོ་སྦྱོང་བགྱིས་ན། གསོ་སྦྱོང་ཡང་བགྱིས་ལ་དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གཅིག་གིས་གཅིག་ལ་དད་པ་བྱིན་པའོ། །བཙུན་པ། སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་ཕྱོགས་གཅིག་ཏུ་མཆིས་པ་མཚམས་ཀྱི་ནང་དང་། མཚམས་ཀྱི་སླད་རོལ་ན་གནས་པ་རྣམས་ལ་སོ་སོར་ཐར་པ་བཀླགས་ན། གསོ་སྦྱོང་ཡང་བགྱིས་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་གིས་མཚམས་ནོན་ཏེ་མནན་ནས་མཚམས་སུ་འགྲེང་ངམ་འདུག་ལ། མཚམས་ཀྱི་ནང་དང་། མཚམས་ཀྱི་ཕྱི་རོལ་ན། གནས་པ་རྣམས་ལ་སོ་སོར་ཐར་པ་བཀླགས་པའོ། །བཙུན་པ། དགེ་སློང་གིས་སོ་སོར་ཐར་པའི་མདོ་ཀློག་པ་ལྔ་ལས་གང་ཡང་རུང་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་མ་བཀླགས་ཀྱང་གསོ་སྦྱོང་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྐབས་འབྱེད་པའི་ཚེ་སྐབས་འབྱེད་པས་སྐབས་ཕྱེ་བའོ། །བཙུན་པ། དགེ་སློང་གིས་ཚིག་ཏུ་མ་སྨྲས་ཀྱང་གསོ་སྦྱོང་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སེམས་བསྐྱེད་པས་སོ། །བཙུན་པས་འཁོར་རྣམས་མ་ལངས། དགེ་སློང་རྣམས་ནི། མ་དོང་པའོ། །ཞེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་ན། འཁོར་མ་ལོངས་པ་ཞེས་བགྱི། ཨུ་པ་ལི། གང་དུ་དགེ་སློང་བཞིའམ། དེ་ལས་མང་དུ་འདུག་པར་གྱུར་


DKG012_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ལངས་པ་ཞེས་བྱའོ། །བཞིར་མ་ཚང་ན་ནི། ལངས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སོ་སོར་ཐར་པའི་མདོ་ཀློག་པ་བཀླགས་པ་དང་། སྟན་ལས་ལངས་ཏེ་མཆིས་ནས་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་ཀྱང་ཀུན་ཏུ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། བཤང་བ་དང་། གཅི་བའི་སར་སོང་སྟེ། དེ་ཡང་ཐོས་པའི་ཉེ་འཁོར་ལས་མ་འདས་པའོ། །ཁྱིམ་པས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། གསོ་སྦྱོང་མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། འགྲོ་བ་གཞན་དུ་གནས་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ནི། ཨུ་པ་ལི། གསོ་སྦྱོང་མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་སློང་རྣམས་ནི། འདས་པ་དང་། བཅས་པའོ། །བཙུན་པ། སྨྱོན་པས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། འོན་པས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། གསོ་སྦྱོང་བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་ཀློག་པ་དེ་བཞིན་དུ་མང་པོར་བསྐང་པ་ཡང་རྒྱས་པར་སྦྱར་རོ། །མདོར་ན། མ་ཕུལ་བླངས་བ་དགེ་འདུན་དང་། །བཞི་པ་དང་ནི་གཉིས་པ་མཚན། །འཁོར་བ་དང་ནི་གཅིག་ནས་གཅིག་།བྱིན་དང་ལམ་དང་དེ་བཞིན་མང་།། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ་དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་བླངས་ཏེ་


DKG012_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གི་ནམ་མཁའ་ལས་རེ་བ་མེད་པར་མཆིས་སམ་མཚམས་ཀྱི་སླད་རོལ་དུ་མཆིས་ན། དད་པ་དང་། ཡོངས་སུ་དག་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དེ་སྟེ་རེ་བ་དང་བཅས་པས་མཆིས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ས་ལ་གནས་པས་ནམ་མཁའ་ལ་གནས་པ་རྣམས་ལ་དད་པ་དང་། ཡོངས་སུ་དག་པ་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བླང་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ལ་དད་པ་དང་། ཡོངས་སུ་དག་པ་སྩལ་པར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བླང་བར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །དེ་བཞིན་དུ་མཚམས་ཀྱི་ནང་དུ་འདུག་པ་དང་། མཚམས་ཀྱི་ཕྱི་རོལ་ན་འདུག་པ་རྣམས་ལ་ཡང་བཞིར་བྱའོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཐམས་ཅད་འདུས་ཤིང་ཚོགས་པ་ལ་དད་པ་དང་། ཡོངས་སུ་དག་པ་ཕུལ་ན། དེས་དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །སུས་རྨ་བར་བགྱི། སུས་ཀྱང་མ་ཡིན་ནོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དད་པ་དང་། ཡོངས་སུ་དག་པ་ཕུལ་བ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང་། ཡོངས་སུ་དག་པ་ཕུལ་བ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང་། ཡོངས་སུ་དག་པ་ཕུལ་བ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མཐའ་འཁོབ་བས་འཕགས་པའི་སྐད་དུ་དད་པ་དང་། ཡོངས་སུ་དག་པ་ཕུལ་བ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་སྐད་མ་བརྗོད་ན། དད་པ་དང་། ཡོངས་སུ་དག་པ་


DKG012_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །ཚིག་གིས་སྨྲས་ལ་ལུས་ཀྱིས་མ་ལགས་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །ལུས་དང་ཚིག་གིས་སྨྲས་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །ལུས་ཀྱིས་ཀྱང་མ་ལགས། ཚིག་གིས་ཀྱང་མ་ལགས་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང་། ཡོངས་སུ་དག་པ་སྩལ་པ་ལས་དད་པ་དང་། ཡོངས་སུ་དག་པ་ལེན་པའི་དགེ་སློང་མཚན་འཕོས་ན། མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། གཅིག་ནས་གཅིག་ཏུ་བརྒྱུད་དེ་དད་པ་དང་། ཡོངས་སུ་དག་པ་ཕུལ་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། ཆད་པ་འཁོར་བས་དད་པ་དང་། ཡོངས་སུ་དག་པ་ཕུལ་ན། དད་པ་དང་། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་ཕུལ་ནས་ཁྱིམ་པར་ཁས་བླངས་ན། དད་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་པ་ནས་སྔར་འཁྲུགས་ཁ་ལགས་པར་ཁས་བླངས་པའི་བར་དུ་རྒྱས་པར་དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་ཕུལ་ནས་ཟམ་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་སྟེ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་བླངས་ནས་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་ནས་སྔར་འཁྲུགས་པ་


DKG012_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པར་ཁས་བླངས་པའི་བར་དུ་རྒྱས་པར་དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་བླངས་པ་དང་། ཟ་མ་དང་། མི་གནས་པ་དང་། སོ་སོར་གནས་པ་རྣམས་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་པར་ཁས་བླངས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མཆིས་ནས་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ནས་སྔར་འཁྲུགས་པ་ལགས་པར་ཁས་བླངས་པའི་བར་དུ་རྒྱས་པར་དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དད་པ་དང་། ཡོངས་སུ་དག་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མཆིས་ནས་ཟ་མ་ལགས་པར་ཁས་བླངས་ན། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་ལགས་པར་ཁས་བླངས་ན། བཙུན་པ། དད་པ་དང་། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གསོ་སྦྱོང་གི་དངོས་པོ་རྫོགས་སོ།། །།


previousགསོ་སྦྱོང་གི་དངོས་པོ་བཤད་པ། next