Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
སྐབས་འབྱེད་པའི་དངོས་པོ་བཤད་པ།
   
   
   
   
   
   
   
   
   
   
  expand section


 
previousསྐབས་འབྱེད་པའི་དངོས་པོ་བཤད་པ། next

སྐབས་འབྱེད་པའི་དངོས་པོ་བཤད་པ།


DKG012_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་གཞུང་དམ་པ་བམ་པོ་བཅུ་བདུན་པ། མདོར་ན། བཞི་པ་རྣམ་པ་བཞི་དག་དང་།། དངོས་པོ་གནས་གཉིས་དེ་བཞིན་ཏེ། །དྲན་པ་འགྲོ་བ་སྤངས་པ་དང་། །འདུག་པ་དག་དང་ལངས་པ་མཚན། །ཁྱིམ་པ་དག་ལ་སོགས་པ་དང་། །སྨྱོན་པ་དང་ནི་ཆད་པ་གྲངས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྐབས་འབྱེད་པའི་ལས་ལ་རྣམ་པ་དུ་མཆིས། ཨུ་པ་ལི། བཞི་སྟེ། ཆོས་བཞིན་མ་ཡིན་པས་སྐབས་འབྱེད་


DKG012_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མ་འདུས་པ་དང་། ཆོས་བཞིན་མ་ཡིན་པར་འདུས་པ་དང་། ཆོས་བཞིན་དུམ་འདུས་པ་དང་། ཆོས་བཞིན་དུ་འདུས་པའོ། །ཆོས་བཞིན་མ་ཡིན་པས་སྐབས་འབྱེད་པ་གང་ཞེ་ན། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་མི་བྱེད་པ་དང་། ཇི་ལྟར་སྐབས་དབྱེ་བ་དེ་ལྟར་སྐབས་འབྱེད་པ་དེ་མི་བྱེད་པ་དང་། ཇི་ཙམ་དུ་སྐབས་དབྱེ་བར་བྱ་བ་དེ་ཙམ་སྐབས་འབྱེད་པར་མི་བྱེད་པ་དང་། གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་མི་བྱེད་པ་དང་། མ་འདུས་པར་ཡང་གྱུར་པའོ། །ཆོས་མ་ཡིན་པས་འདུས་པ་གང་ཞེ་ན། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་མི་བྱེད་པ་ནས་གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་མི་བྱེད་པའི་བར་དུ་རྒྱས་པར་བརྗོད་དེ། འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། གང་གི་ཚེ་ན་སྐབས་འབྱེད་པར་བྱེད་པ་དང་། ཇི་ལྟར་སྐབས་དབྱེ་བར་བྱ་བ་དེ་ལྟར་སྐབས་འབྱེད་པར་བྱེད་པ་དང་། ཇི་ཙམ་དུ་སྐབས་དབྱེ་བར་བྱ་བ་དེ་ཙམ་དུ་སྐབས་འབྱེད་པར་བྱེད་པ་དང་། གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་བྱེད་ཅིང་མ་འདུས་པར་གྱུར་པའོ། །ཆོས་བཞིན་དུ་འདུས་པ་གང་ཞེ་ན། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་བྱེད་པ་ནས་གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་བྱེད་པའི་བར་དུ་རྒྱས་པར་བརྗོད་དེ། འདུས་པར་ཡང་གྱུར་པའོ། །བཙུན་པ། འཕགས་པས་འཕགས་པའི་སྐད་དུ་སྐབས་ཕྱེ་བ་དང་། དགེ་སློང་དེ་དག་གིས་ཀྱང་འཕགས་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་སྐབས་ཕྱེ་བ་དང་། དགེ་སློང་དེ་དག་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་སྐབས་ཕྱེ་བ་དང་། དགེ་སློང་དེ་དག་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི་སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་


DKG012_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པའོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་སྐབས་ཕྱེ་བ་དང་། དགེ་སློང་དེ་དག་ཀྱང་འཕགས་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པའི་གྲངས་ནམ་མཁའ་ལ་གནས་པས་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པའི་གྲངས་ལ་གནས་པས་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པས་ནམ་མཁའ་ལ་གནས་པ་རྣམས་ལ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ལ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འཁོད་པ་དང་། མཚམས་ཀྱི་ཕྱི་རོལ་ན་འཁོད་པ་རྣམས་ལྷན་ཅིག་ཏུ་རྣམ་པ་བཞིར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་སྐབས་འབྱེད་པ་དེ་ཉིད་ཀྱི་ཚེ་དངོས་པོ་ནི། ཡོད། གང་ཟག་ནི། མེད་དོ། །ཞེས་གསུངས་ན། བཙུན་པ། དངོས་པོ་ནི། གང་ལགས། གང་ཟག་ནི། གང་ལགས།ཉེས་པ་ནི། དངོས་པོའོ། །ཉེས་པར་བྱེད་པ་ནི། གང་ཟག་ཅེས་བྱའོ། །བཙུན་པ། ཚིག་ཏུ་མ་བརྗོད་ཀྱང་སྐབས་ཕྱེ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེས་སྤྲིང་ཡིག་གམ། ལག་བརྡས་སྐབས་ཕྱེ་བའོ། །བཙུན་པ། དགེ་སློང་ཞིག་ཕྱོགས་གཅིག་ཏུ་འགྲེང་ནས་གནས་བཞིར་སྐབས་འབྱེད་ན། སྐབས་ཕྱེ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་སྐབས་འབྱེད་པའི་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ་རེ་ལྡེས་མནན་ཏེ་སྐབས་འབྱེད་པའོ། །བཙུན་པ། གནས་ཀྱང་གཅིག་།མཚམས་ཀྱང་གཅིག་པར་ལྷན་ཅིག་གནས་པའི་དགེ་སློང་དག་གིས་ཕྱོགས་བཞིར་སྐབས་ཕྱེ་ན། སྐབས་ཕྱེ་བར་ཡང་འགྱུར་ལ།


DKG012_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གཅིག་ལ་གཅིག་དད་པ་བྱིན་པའོ། །བཙུན་པ། དགེ་འདུན་ཐམས་ཅད་ཀྱིས་སྐྱ་རེངས་ཤར་པ་ན་དྲན་པར་གྱུར་ན། དགེ་སློང་དག་གིས་ཇི་ལྟར་སྐབས་དབྱེ་བར་བགྱི། དེང་ནི། བདག་ཅག་གིས་དབྱེའོ། །ཞེས་ཚིག་ཏུ་བརྗོད་པར་བྱའོ། །ཡང་ན་ནི། ཚིག་གསུམ་པས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་གཉེན་གྱི་དོན་གྱི་སླད་དུ་དབྱར་གྱི་ནང་དུ་སྐབས་ཕྱེ་ཞིག་།ཅེས་གསུངས་ན། བཙུན་པ། ཐབས་ཇི་ལྟར་སྩལ་བར་བགྱི། ཨུ་པ་ལི། གང་རིང་དུ་གནས་ལ་སྐབས་འབྱེད་པའི་ཚེ་འོང་མི་ནུས་པའོ། །བཙུན་པ། དགེ་སློང་གིས་གཉེན་གྱི་དོན་གྱི་སླད་དུ་དབྱར་གྱི་ནང་དུ་སྐབས་ཕྱེ་སྟེ་ཞག་བདུན་ནམ། བཞི་བཅུར་ཡང་རུང་བྱིན་གྱིས་བརླབས་ནས་མཆིས་པ་ལས། དེ་སྟེ་སྐབས་འབྱེད་པ་བཅོ་ལྔ་པའི་སྐབས་འབྱེད་པ་དེ་ཉིད་ཀྱི་ཚེ་སླར་མཆིས་ན། ཅི། དེས་ཡང་སྐབས་དབྱེ་བར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་ལ་ནི། སྐབས་ཕྱེ་བ་དེས་ཆོག་གོ །བཙུན་པ། དགེ་སློང་ཞིག་སྐབས་འབྱེད་པ་ཚེས་བཅོ་ལྔ་པ་ཉིད་ཀྱི་ཚེ་སྤངས་ན། དེ་དང་ལྷན་ཅིག་སྐབས་དབྱེ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གི་འཁོར་རྣམས་མ་ལངས་མ་དོང་པའོ། །ཞེས་གསུངས་ན།བཙུན་པ། ཇི་ཙམ་གྱིས་ན། འཁོར་མ་ལངས་པ་ཞེས་བགྱི། ཨུ་པ་ལི། གང་དུ་དགེ་སློང་བཞིའམ། ལྔའམ། དེ་ལས་མང་ཡང་རུང་སྟེ་འཁོད་པར་གྱུར་ན། མ་ལངས་པ་ཞེས་བྱའོ། །བཞི་ལས་ཉུང་ན། ལངས་པ་ཞེས་བྱའོ། །བཙུན་པ། སྐབས་དབྱེ་བ་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་སྟན་ལས་ལངས་ཏེ་སོང་ན། དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་བཤང་བ་དང་། གཅི་བའི་སར་སོང་ལ། དེ་ཡང་ཐོས་པའི་ཉེ་འཁོར་ལས་མ་འདས་པའོ། །བཙུན་པ། སྐབས་འབྱེད་པར་བགྱི་བ་སྐབས་འབྱེད་པའི་ཚེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེ་བྱའོ། །བཙུན་པ། སྐབས་འབྱེད་པ་ཁྱིམ་པས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་


DKG012_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། མི་གནས་པ་དང་། འགྲོ་བ་གཞན་དུ་གནས་པ་ནས་རྒྱས་པར་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་ཡང་སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། སྐབས་འབྱེད་པ་སྨྱོན་པས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སྐབས་འབྱེད་པ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། འཕྲིན་གྱིས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཞན་ཟེར་རོ། །ཞེས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཁྱིམ་པས་གྲངས་སུ་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། འགྲོ་བ་གཞན་དུ་གནས་པ་ནས་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་སྦྱར་བར་བྱའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་


DKG012_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འོན་པ་དང་། གཉིད་ལོག་པ་དང་། མྱོས་པ་དང་། ར་རོ་བ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། ཕུལ་དང་བླངས་དང་དགེ་འདུན་དང་། །བཞི་པ་དང་ནི་གཉིས་དང་མཚན། །ཆད་པ་བྲལ་བ་གཅིག་ནས་གཅིག་།ལམ་དང་མང་པོ་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་དད་པ་དང་། སྐབས་ཕྱེ་བ་བླངས་ཏེ་སྟེང་གི་ནམ་མཁའ་ལ་མཚམས་ཀྱི་སླད་རོལ་དུ་རེ་བ་མ་མཆིས་པར་མཆིས་ན། དད་པ་དང་། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དེ་སྟེ་རེ་བ་དང་བཅས་པས་མཆིས་ན། མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་མོད་ཀྱི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། ས་ལ་གནས་པ་རྣམས་ཀྱིས་ནམ་མཁའ་ལ་གནས་པ་རྣམས་ལ་དད་པ་དང་། སྐབས་དབྱེ་བ་དབུལ་དུ་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བླང་བར་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་རྣམས་ཀྱིས་ས་ལ་གནས་པ་རྣམས་ལ་དད་པ་དང་། སྐབས་དབྱེ་བ་དབུལ་དུ་རུང་ངམ།ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འཁོད་པ་རྣམས་དང་། མཚམས་ཀྱི་ཕྱི་རོལ་ན་འཁོད་པ་རྣམས་ཀྱང་རྣམ་པ་བཞིར་བརྗོད་པར་བྱའོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཐམས་ཅད་ཚོགས་ཤིང་འཁོད་པ་ལ་དད་པ་དང་། སྐབས་དབྱེ་བ་ཕུལ་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །སུས་བསྒྲག་པར་བགྱི། སུས་ཀྱང་མ་ཡིན་ནོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དད་པ་དང་། སྐབས་དབྱེ་བ་ཕུལ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་


DKG012_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའམ། ཨུ་པ་ལི། མ་ཡིན་ནོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང་། སྐབས་དབྱེ་བ་ཕུལ་བ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང་། སྐབས་དབྱེ་བ་ཕུལ་བ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཐའ་འཁོབ་པས་འཕགས་པའི་སྐད་དུ་དད་པ་དང་། སྐབས་དབྱེ་བ་ཕུལ་བ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང་། སྐབས་དབྱེ་བ་ཕུལ་བའི་དགེ་སློང་གིས་ལུས་ཀྱིས་དམིགས་ཀྱི། ཚིག་གིས་མ་ལགས་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་ཚིག་ཏུ་སྨྲས་ཀྱི། ལུས་ཀྱིས་མ་ལགས་པ་དང་། ཚིག་དང་ལུས་ཀྱིས་དམིགས་པས་ཀྱང་དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །བཙུན་པ། དེ་སྟེ་ལུས་ཀྱིས་ཀྱང་མ་དམིགས། ཚིག་གིས་མ་སྨྲས་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང་། སྐབས་དབྱེ་བ་འབུལ་བའི་དགེ་སློང་མཚན་གྱུར་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཆད་པ་བྲལ་བས་དད་པ་དང་། སྐབས་དབྱེ་བ་ཕུལ་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་བའོ། །བཙུན་པ། དད་པ་དང་། སྐབས་དབྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨྲས་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །དད་པ་དང་། སྐབས་ཕྱེ་བ་ཕུལ་ནས་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང་། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་པ་ནས་རྒྱས་པར་སྔར་འཁྲུགས་པ་ལགས་པའི་བར་དུ་ཁས་བླངས་ན། དད་པ་དང་། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དད་པ་དང་། སྐབས་འབྱེད་པ་འབུལ་བའི་དགེ་སློང་དད་པ་དང་། སྐབས་དབྱེ་བ་འབུལ་བའི་ཚེ་ཟ་མ་


DKG012_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པར་ཁས་བླངས་ན། དད་པ་དང་། སྐབས་དབྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་སྟེ་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་པར་ཁས་བླངས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་ལགས་པར་ཁས་བླངས་ན། དད་པ་དང་། སྐབས་ཕྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང་། སྐབས་དབྱེ་བ་ལེན་པའི་དགེ་སློང་གིས་དད་པ་དང་། སྐབས་ཕྱེ་བ་བླངས་ནས་དགེ་འདུན་གྱི་ནང་དུ་མཆིས་ཏེ་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང་། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་མི་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་པ་ནས་རྒྱས་པར་སྔར་འཁྲུགས་པ་ལགས་པའི་བར་དུ་ཁས་བླངས་ན། དད་པ་དང་། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་མི་བྱའོ། །བཙུན་པ། དེ་སྟེ་ཟ་མ་ལགས་པར་ཁས་བླངས་ན། དད་པ་དང་། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་ནས་བསླབ་པ་སྩལ་པ་ལགས་པར་བར་དུ་ཁས་བླངས་ན། དད་པ་དང་། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །སྐབས་འབྱེད་པའི་དངོས་པོ་རྫོགས་སོ།། །།


previousསྐབས་འབྱེད་པའི་དངོས་པོ་བཤད་པ། next