Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
དབྱར་གྱི་དངོས་པོ་བཤད་པ།
   
   
   
   
   
   
   
   
   
  expand section


 
previousདབྱར་གྱི་དངོས་པོ་བཤད་པ། next

དབྱར་གྱི་དངོས་པོ་བཤད་པ།


DKG012_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། གྲུ་དང་ནམ་མཁའ་གསུམ་པ་དང་། །སྤྱོད་ཡུལ་ཐེ་ཚོམ་སོང་བ་དང་། །མཚན་དང་གསུམ་པ་གནས་རྣམས་དང་། །དབྱར་གསུམ་པ་དང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་ཕུར་པ་ལ་བཏགས་པའི་གྲུར་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་དབྱར་གྱི་ནང་ལོགས་སུ་གྲུ་བཏང་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་ཞིག་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་སྟེང་གི་ནམ་མཁའ་ལས་མཚམས་ཀྱི་སླད་རོལ་དུ་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། དབྱར་མ་ཞིག་པ་ཞེས་བགྱི། ཨུ་པ་ལི། དབྱར་མ་ཞིག་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སྟེང་གི་ནམ་མཁའ་ལ་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ནོ། །བཙུན་


DKG012_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་སློང་གིས་སྟེང་གི་ནམ་མཁའ་ལ་གཞལ་མེད་ཁང་དུ་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་གཞལ་མེད་ཁང་དེ་ནས་གནས་གཞན་དུ་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་སྤྱོད་ཡུལ་ལ་བརྟེན་ཏེ་ཚུལ་དུ་ཞུགས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་སྤྱོད་ཡུལ་མ་མཆིས་པར་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སྤྱོད་ཡུལ་ལ་བརྟེན་ཏེ་དབྱར་ཚུལ་དུ་ཞུགས་པར་གྱུར་ན། ཅི། དེས་དེར་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་མཆི་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེས་དེ་ཉིད་ལ་བརྟེན་ནས་དབྱར་ཚུལ་དུ་ཞུགས་པའི་ཕྱིར་རོ། །བཙུན་པ། དགེ་སློང་གིས་དབྱར་ཚུལ་དུ་ཞུགས་ཏེ་བདག་ཚུལ་དུ་ཞུགས་སམ་མ་ཞུགས་ཞེས་ཐེ་ཚོམ་ཟ་ཞིང་དོགས་པར་གྱུར་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་ཐེ་ཚོམ་དང་དོགས་པ་ལས་ཐེ་ཚོམ་དང་དོགས་པ་བསལ་མ་ནུས་ན། དེས་སླར་ཡང་དབྱར་ཚུལ་དུ་འཇུག་པར་བགྱིའམ། ཨུ་པ་ལི། ཚུལ་དུ་འཇུག་པར་བྱའོ། །བཙུན་པ། དེའི་དབྱར་གྱི་ཚུལ་གང་ལགས། ཨུ་པ་ལི། སྔ་མའོ། །བཙུན་པ། དགེ་སློང་གིས་གནས་འདིར་དབྱར་གནས་པར་བྱའོ། །སྙམ་དུ་སོང་སྟེ་བསམ་ནས་གཙུག་ལག་ཁང་ཞིག་ཏུ་སོང་སྟེ་དེ་དེར་ཕྱིན་པ་དང་། སྐྱ་རེངས་ཤར་ནས་དབྱར་ཕྱི་མར་གྱུར་ན། ཚུལ་དུ་ཞུགས་པ་ཞེས་


DKG012_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། དེས་དེར་ཚུལ་དུ་འཇུག་པར་བསམ་པའི་ཕྱིར་རོ། །བཙུན་པ། དགེ་སློང་གིས་གཙུག་ལག་ཁང་ཞིག་ཏུ་སོང་སྟེ་གནས་འདིར་བདག་ཚུལ་དུ་འཇུག་གོ །ཞེས་བསམ་ནས་དེས་རྐང་པ་ཡ་གཅིག་ནི། མཚམས་ཀྱི་ནང་དུ་བཞག་།རྐང་པ་ཡ་གཅིག་ནི། མཚམས་ཀྱི་སླད་རོལ་དུ་བཞག་པ་དང་། སྐྱ་རེངས་ཤར་ནས་དབྱར་ཕྱི་མར་གྱུར་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ།ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། དེས་དེ་ལྟར་དེར་ཚུལ་དུ་འཇུག་པར་བསམ་པའི་ཕྱིར་རོ། །བཙུན་པ། དགེ་སློང་གིས་དབྱར་ཚུལ་དུ་ཞུགས་པ་ན་མཚན་གྱུར་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །དེས་གནས་དེར་གནས་པར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་སློང་མའི་དབྱར་མོ་ཁང་དུ་སོང་ལ་གནས་པར་གྱིས་ཤིག་།བཙུན་པ། དགེ་སློང་གིས་གནས་བཞིར་དབྱར་ཚུལ་དུ་ཞུགས་ཀྱང་དབྱར་ཚུལ་དུ་ཞུགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། འོད་མའམ། རེ་ལྡེས་མནན་ཏེ་དབྱར་ཚུལ་དུ་ཞུགས་པའོ། །དེ་གང་དུ་གནས་པར་བགྱི། གང་དགའ་བར་རོ། །བཙུན་པ། དེ་སྟེ་ཤིང་ངམ། འོད་མའམ། རེ་ལྡེ་ནི། འཇིག་པའི་ཆོས་ཅན་དུ་གྱུར་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེས་དབྱར་གང་དུ་གནས་པར་བགྱི། གང་དགའ་བའི་གནས་གཅིག་ཏུའོ། །དེའི་དབྱར་གང་དུ་གཏོགས། །སེམས་ཀྱིས་གང་དུ་གནས་པར་བསམ་པའོ། །ལྷག་མ་རྣམས་ནི། བཏང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་དེ་ཕན་ཆད་ཞག་བདུན་དུ་བྱིན་གྱིས་བརླབས་པར་གནས་དེ་ནས་གཉིས་པོར་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་གནས་བཞིའམ། དེ་ལས་མང་བ་རྣམས་མཚམས་གཅིག་ཏུ་བགྱིས་ཏེ་དབྱར་ཚུལ་དུ་ཞུགས་ན། གནས་དེ་དག་ཐམས་ཅད་དུ་དབྱར་ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཚུལ་དུ་ཞུགས་པ་ཞེས་བྱའོ། །དེས་གང་དུ་གནས་པར་བགྱི། གང་དགའ་བར་རོ། །བཙུན་པ། དགེ་སློང་གིས་གནས་གཅིག་ཏུ་དབྱར་ཚུལ་དུ་ཞུགས་ཏེ་དེ་སླན་ཆད་གནས་གཉིས་པ་དང་། གསུམ་པ་དང་། བཞི་པར་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །གནས་གང་དུ། ཕྱི་མར་རོ། །བཙུན་པ། གང་ལ་དབྱར་གྱི་ཚུལ་སྔ་མ་ཡང་མ་མཆིས། ཕྱི་མ་ཡང་མ་མཆིས་ན། དེའི་མིང་ཇི་སྐད་ཅེས་བགྱི། ཨུ་པ་ལི། དབྱར་ཞིག་པ་


DKG012_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །བཙུན་པ། གང་ལ་སྔ་མ་དང་། ཕྱི་མའི་དབྱར་གྱི་ཚུལ་མཆིས་ལ། དེས་ཀྱང་ཞག་བདུན་དུ་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་སླད་རོལ་དུ་དོན་ཞིག་གི་སླད་དུ་མཆིས་ཏེ་སླར་མཆིས་བསམ་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །ཅི། དེས་ཡང་སླར་དབྱར་ཚུལ་དུ་འཇུག་པར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་ཡི་དམ་ལས་འགལ་བས་ན། ཉེས་བ་འཆགས་སུ་ཆུག་ཅིག་།བཙུན་པ། ཇི་སྲིད་དུ་དབྱར་ཚུལ་དུ་འཇུག་།ཨུ་པ་ལི། ཟླ་བ་གསུམ་མོ། །བཙུན་པ། གང་དབྱར་སླད་མར་ཚུལ་དུ་ཞུགས་པར་གྱུར་པ་དེས་ཇི་ལྟར་ཚུལ་ནས་འབྱུང་བར་བགྱི། ནམ་ཞུགས་པ་ན་ཟླ་བ་གསུམ་དུ་གནས་པའི་གྲངས་ཚང་བའམ། ཡང་ན་རྐྱེན་ཞིག་བྱུང་ན་ཡང་རུང་ངོ་། །མདོར་ན། སྐྱ་རེངས་བསམ་པ་སྤངས་པ་དང་། །གནས་དང་ཤིང་རྟ་བ་ལང་ཁྱིམ། །ཤིང་དང་གྲོག་པོ་ཕུག་དེ་བཞིན། །ཞིག་པ་འགྲོ་ཡང་དེ་བཞིན་ཏེ། །སྡེ་ལྔ་དང་ནི་བསམ་པ་དང་། །བདུན་པོ་དང་ནི་མི་གནས་པའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་འདུན་འཁྲུགས་ནས་དེར་ཡང་དགེ་སློང་གིས་བསམ་བཞིན་དུ་ཆོས་ཀྱི་ཕྱོགས་དང་ཆོས་མ་ལགས་པའི་ཕྱོགས་ལ་གནས་ན། །དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལྟ་བ་སྒྲོག་བཞིན་པ་ལས་སྐྱ་རེངས་ཤར་ན་ནི། དབྱར་ཞིག་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གི་མདུན་དུ་དབྱར་ཚུལ་དུ་ཞུགས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་མ་མཆིས་ནས་སེམས་བསྐྱེད་དེ་དབྱར་ཚུལ་དུ་ཞུགས་ན། དབྱར་ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། དགེ་སློང་ཡོད་བཞིན་ན་ནི། འདས་པ་དང་བཅས་པའོ། །བཙུན་པ། དགེ་སློང་དབྱར་གྱི་ནང་ལོགས་སུ་སྤངས་པ་དེ་དང་ལྷན་ཅིག་གནས་སུ་གནས་པར་བགྱིའམ། ཨུ་པ་ལི། གནས་པར་བྱ་སྟེ། སྐབས་ཕྱེ་ནས་མ་གནས་ཤིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། གང་དགེ་སློང་གིས་གནས་འདི་ན་བདག་ལ་དགེ་སློང་མདོ་སྡེ་འཛིན་པ་དང་། མ་ལྟ་བུ་འཛིན་པའི་དགེ་སློང་དེ་ལྟ་བུ་དག་གིས་ཐེ་ཚོམ་མ་སྐྱེས་པ་དག་ནི། མི་སྐྱེད། ཐེ་ཚོམ་སྐྱེས་པ་ནི། སེལ་བར་བྱེད། ཡོད་དམ་མེད་པའི་གནས་རྟོགས་ལ་དབྱར་ཚུལ་དུ་ཞུགས་ཤིག་།ཅེས་གསུངས་ན། བཙུན་པ། མདོ་སྡེ་འཛིན་པ་དང་། མ་ལྟ་བུ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ་འདུལ་བ་འཛིན་པ་མ་


DKG012_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །དེ་སྟེ་བཙུན་པ། འདུལ་བ་འཛིན་པ་མ་མཆིས་ན། སོ་སོར་ཐར་པའི་མདོ་འདོན་པའི་དགེ་སློང་བཙལ་འཚལ་ལམ། སོ་སོར་ཐར་པ་འདོན་པ་མེད་ན། དབྱར་ཚུལ་དུ་འཇུག་ཏུ་མི་གནང་ངོ་། །བཙུན་པ། ཤིང་རྟ་སྤྱོད་པའི་ཁྱིམ་མམ། བ་ལང་རྫིའི་ཁྱིམ་དུ་གནས་ཏེ་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། དེ་སྟེ་དེས་འདི་སྙམ་དུ་དབྱར་ཚུལ་གནས་འདི་ནས་གུང་དུ་མི་འདོང་བར་དེས་བསམ་ན། རུང་ངོ་། །བཙུན་པ། དེ་སྟེ་ཚུལ་དུ་ཞུགས་པ་ལས་དོང་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཤིང་དྲུང་ངམ། རི་བྲག་གམ། ཕུག་གམ། སྤྱིལ་པོར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། དགེ་སློང་གིས་དོན་ཞིག་གི་སླད་དུ་ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཆིས་པ་ལས། དེ་ཡང་དུས་འདས་པར་གྱུར་ན། ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་པ་དེ་ཞིག་ཅེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དོན་གཞན་གྱི་ཟད་པར་གྱིས་ཤིག་།བཙུན་པ། དགེ་སློང་གིས་ཞག་བདུན་ན་སྐབས་འབྱེད་པར་འགྱུར་རོ། །སྙམ་ནས་བྱིན་གྱིས་མ་བརླབས་པར་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། དེ་སྟེ་ཞག་དྲུག་གམ། ལྔའམ། བཞིའམ། གཅིག་ན་ཚུལ་ནས་འབྱུང་བར་འགྱུར་རོ། །སྙམ་ནས་བྱིན་གྱིས་བརླབས་པར་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་བྱིན་གྱིས་རློབས་ལ་སོང་ཤིག་།ཅེས་གསུངས་ན། བཙུན་པ། གང་གིས་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། སྡེ་ལྔས་སོ། །གང་དུ་བྱིན་གྱིས་བརླབ་པར་བགྱི། མཚམས་ཀྱི་ནང་དུའོ། །ཇི་ལྟར་བྱིན་གྱིས་བརླབ་པར་བགྱི། སེམས་བསྐྱེད་ལ་ཚིག་ཏུ་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་གི་གནས་འདིར་དབྱར་སྔ་མ་གསུམ་ཚུལ་དུ་ཞུགས་ཏེ་བདག་མིང་འདི་ཞེས་བགྱི་བ་དོན་འདི་ལྟ་བུའི་ཕྱིར་མཚམས་ཀྱི་སླད་རོལ་དུ་མཆི་བར་བྱིན་གྱིས་བརླབས་ཏེ་བདག་གི་དབྱར་ནི་འདི་ཉིད་དེ་དབྱར་འདི་ཉིད་


DKG012_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་སོ། །བཙུན་པ། གང་གི་དོན་དུ་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། སྡེ་བདུན་གྱི་ཕྱིར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཞག་བཞི་བཅུའི་སྡོམ་པ་སྩོལ་ཅིག་།ཅེས་གསུངས་ན། གང་ལ་སྩལ་བར་བགྱི། ཨུ་པ་ལི། སྡེ་ལྔ་ལའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། དགེ་འདུན་གྱི་དོན་གྱི་སླད་དུ་ནི། ཞག་བཞི་བཅུའི་སྡོམ་པ་བྱིན་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་པ་དང་། དགེ་བསྙེན་མ་དང་། དགེ་བསྙེན་ཕ་དང་། བསྙེན་གནས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང་། སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་ཀྱི་དོན་གྱི་སླད་དུ་ཞག་བཞི་བཅུའི་སྡོམ་པ་སྩལ་བར་བགྱིའམ། ཨུ་པ་ལི། རུང་ངོ་། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། །ཞག་བཞི་བཅུར་བསྐོ་བར་བྱའོ། །ཞེས་གསུངས་ན། བཙུན་པ། ཞག་སུམ་ཅུ་རྩ་དགུའམ། ཞག་སུམ་ཅུའམ། ཞག་ཉི་ཤུར་བསྐོ་བར་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། ཞག་བཞི་བཅུའི་སྟེང་དུ་ཡང་ཞག་སུམ་ཅུ་རྩ་དགུའམ། ཞག་སུམ་ཅུའམ། ཞག་ཉི་ཤུའམ། ཞག་བཅུའམ། ཞག་བདུན་དུ་བསྐོར་བར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ཞག་སུམ་ཅུ་རྩ་དགུའི་སྟེང་དུ་ཞག་སུམ་ཅུའམ། ཞག་ཉི་ཤུའམ། ཞག་བཅུའམ། ཞག་བདུན་དུ་བསྐོ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ཞག་བཞི་བཅུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་ནི། ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི། ཞག་ཉུང་ངུ་གནས་པར་བྱའོ། །བཙུན་པ། ཞག་སུམ་རྩ་དགུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་།། བཙུན་པ། ཞག་སུམ་ཅུའམ། ཉི་ཤུའམ། ཞག་བདུན་གྱི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། ཞག་བདུན་གྱི་སྟེང་དུ་ཞག་བཞི་བཅུར་བསྐོ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཨུ་པ་ལི་དེ་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་


DKG012_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི། ཞག་ཉུང་དུ་གནས་པར་བྱའོ། །བཙུན་པ། ཞག་བདུན་གྱི་སྟེང་དུ་ཞག་སུམ་ཅུ་རྩ་དགུར་བསྐོ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ཞག་བདུན་གྱི་སྟེང་དུ་ཞག་སུམ་ཅུའམ། ཞག་ཉི་ཤུའམ། ཞག་བཅུའམ། ཞག་བདུན་དུ་བསྐོར་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། དགེ་སློང་དབྱར་ཚུལ་དུ་ཞུགས་པ་ལས་སློབ་དཔོན་དང་། མཁན་པོ་དུས་བགྱིས་ནས་དེས་གནས་བཅའ་བ་མ་རྙེད་དེ་མཆིས་ན། དེ་དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །དབྱར་གྱི་དངོས་པོ་རྫོགས་སོ།། །།


previousདབྱར་གྱི་དངོས་པོ་བཤད་པ། next