Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
པགས་པའི་དངོས་པོ་བཤད་པ།
   
   
   
   
   
   
   
   
  expand section


 
previousཔགས་པའི་དངོས་པོ་བཤད་པ། next

པགས་པའི་དངོས་པོ་བཤད་པ།


DKG012_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། ལྷམ་གཉིས་པགས་པ་རྣམ་གཉིས་དང་། །དོམ་ལྤགས་ཡང་ན་མཇུག་མ་དང་། །མལ་སྟན་མཐོ་དང་མལ་སྟན་ཆེ། །ལྷམ་ཡུ་ཅན་དང་ཤིང་ལྷམ་མོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལྷམ་མི་རུང་བ་རྣམ་པ་ལྔ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། གཞན་ཡང་གཅན་གཟན་མི་སུན་པ་དང་། བ་ལང་ངན་པ་དང་། རྟ་ངན་བ་གཞན་དག་ཀྱང་མཆིས་ན། དེ་དག་གི་པགས་པའི་ལྷམ་ཡང་བཅང་བར་མི་བགྱིའམ། ཨུ་པ་ལི། ལྷམ་དེ་དག་ཀྱང་མ་འཆང་ཞིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བས་བགོས་པའི་ལྷམ་དམན་མ་བོར་བ་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་ཁྱིམ་བས་བོར་བའི་ལྷམ་དམན་མ་བཅངས་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །འདི་ལྟར་ཡང་དགེ་སློང་དེས་ཐམས་ཅད་རི་མོ་ཅན་ནམ། གསེར་གྱིས་བརྒྱན་པའམ། དངུལ་གྱིས་བརྒྱན་པ་བཅངས་པའོ། །བཙུན་པ། དགེ་སློང་གིས་མི་རུང་བ་རྣམ་པ་ལྔ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དེས་རི་དྭགས་ཕྲ་མོའམ། ཀླུས་འཇིག་པར་གྱུར་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་པགས་པ་མ་འཆང་ཞིག་།པགས་པའི་སྟེང་དུ་མ་འདུག་ཅིག་།ཅེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་པགས་པའི་སྟེང་དུ་འདུག་པ་ཞེས་བགྱི། ཨུ་པ་ལི། ཇི་ཙམ་རྐུབ་


DKG012_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཚོས་བཞག་པར་གྱུར་པའོ། །བཙུན་པ་ཇི་ཙམ་གྱིས་ན། ཉལ་བ་ཞེས་བགྱི། ཨུ་པ་ལི། ལུས་ཀྱིས་འཕྲེས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་པགས་པ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་པགས་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ནད་པས་ནི། པགས་པ་ཆོངས་ཤིག་།མི་ན་བས་ནི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དོམ་གྱི་པགས་པ་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། ཅི། ནད་བས་བཅང་བར་བགྱིའམ། འོན་ཏེ་མི་ན་བས་ཀྱང་བཅང་བར་བགྱི། ཨུ་པ་ལི། ན་བ་དང་། མི་ན་བ་གཉིས་ཀས་ཆོངས་ཤིག་བཙུན་པ། བཅོམ་ལྡན་འདས་ཀྱིས་མཇུག་མ་ལྔ་ལ་འཇུས་ཏེ་ཀླུང་རྒོལ་ཅིག་།ཅེས་གསུངས་ན། བཙུན་པ། རྐང་པ་བཞི་པ་གཞན་དག་ཀྱང་མཆིས་ན། དེ་དག་གི་ལས་རྒལ་བར་ཡང་རུང་ངམ། ཨུ་པ་ལི། རྒོལ་ཅིག་།བཙུན་པ། དེ་སྟེ་ཕོ་མ་མཆིས་ན། མོའི་ལས་རྒལ་བར་བགྱིའམ། ཨུ་པ་ལི། དེ་ནི། བར་ཆད་ཅིག་བྱུང་ན། རྒལ་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མལ་སྟན་མཐོན་པོར་མ་འདུག་ཅིག་།ཅེས་གསུངས་ན། བཙུན་པ། མལ་སྩན་མཐོན་པོའི་ཚད་ཇི་ཙམ། བདེ་བར་གཤེགས་པའི་སོར་བརྒྱད་ལས་ལྷག་པ་ནི། མལ་སྩན་མཐོན་པོའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་མལ་སྟན་མཐོ་ཞིང་ཆེ་བ་ལམ་འདུག་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་མལ་སྟན་མཐོ་ཞིང་ཆེ་བ་ལ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །ལྷའི་ཁྱིམ་དང་། ཀླུའི་ཁྱིམ་དང་། གནོད་སྦྱིན་གྱི་ཁྱིམ་དང་། རྒྱལ་པོའི་ཁྱིམ་དང་། རྒྱལ་པོའི་བློན་པོའི་ཁྱིམ་དེ་དག་ཏུ་སྟན་གཞན་མེད་ནའོ། །བཙུན་པ། དགེ་སློང་གིས་བཞོན་པ་ལ་འཚལ་ན། ནོངས་པ་གསུམ་དུ་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་བཞོན་པ་དེ་མོ་ཡིན་པ་དང་། གསེར་གྱིས་བརྒྱན་པར་གྱུར་པའོ།། བཙུན་པ། བཅོམ་ལྡན་འདས་ཀྱིས་ལྗོངས་ཁ་བ་ཅན་དུ་ལྷམ་ཡུ་བ་ཅན་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དེ་ལས་གཞན་པའི་ལྗོངས་སུ་ལྷམ་ཡུ་བ་ཅན་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་དུ་ལྷམ་ཡུ་


DKG012_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན་མེད་ན། འཚོ་བར་མི་ནུས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལྷམ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་ཤིང་ལྷམ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །ཆུ་ཡོད་པའི་ཡུལ་ཆུས་གང་བས་ཤིང་ལྷམ་མེད་པར་འགྲོ་བར་མི་ནུས་པ་དེར་རོ། །པགས་པའི་དངོས་པོ་རྫོགས་སོ།། །།


previousཔགས་པའི་དངོས་པོ་བཤད་པ། next