Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
སྨན་གྱི་དངོས་པོ་བཤད་པ།
   
   
   
   
   
   
   
  expand section


 
previousསྨན་གྱི་དངོས་པོ་བཤད་པ། next

སྨན་གྱི་དངོས་པོ་བཤད་པ།


DKG012_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། སྨན་གཉིས་ལན་ཚྭ་རྣམ་པ་གཉིས། །མར་ལ་རྣམ་གཉིས་དེ་བཞིན་ཏེ། །ས་དང་བཙོས་དང་བུ་རམ་དང་། །འབྲུ་མར་ཕན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྨན་དེ་ཉིད་སྔ་དྲོའི་ལགས་ལ། དེ་ཉིད་སླད་དྲོའི་ཡང་ལགས། དེ་ཉིད་ཞག་བདུན་པའི་ཡང་ལགས། དེ་ཉིད་ནམ་འཚོ་བའི་བར་དུ་བཅང་བ་ལགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཨུ་པ་ལི། བུ་རམ་ཤིང་ནི། སྔ་དྲོའི་འོ། །ཁུ་བ་ནི། ཕྱི་དྲོའི་འོ། །བུ་རམ་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ཨུ་པ་ལི། ཞོ་ནི། སྔ་དྲོའི་འོ། ཆུ་ནི། ཕྱི་དྲོའི་འོ། །མར་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ཨུ་པ་ལི། ཤ་ནི། སྔ་དྲོའི་འོ། །ཞག་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་པ་ནི། ནམ་འཚོའི་བར་དུའོ། །ཨུ་པ་ལི། འབྲུ་ནི། སྔ་དྲོའི་འོ། །འབྲུ་མར་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །བཙུན་པ། སྔ་དྲོ་བ་དང་། ཕྱི་དྲོ་བ་དང་། ཞག་བདུན་པ་དང་། ནམ་འཚོའི་བར་གྱི་སྨན་འདི་དག་རྣམ་ཕན་ཚུན་འདྲེས་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། བླངས་པ་དང་། བྱིན་ལེན་མ་བགྱིས་པ་དང་། བླངས་པ་ལ་བྱིན་ལེན་བགྱིས་པ་དང་། ནང་དུ་བཞག་པ་དང་།


DKG012_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བཙོས་པ་དང་། རང་གིས་བཙོས་པའི་རྣམས་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། དགེ་སློང་གིས་སྔ་དྲོའི་དང་། སླད་དྲོའི་དང་། ཞག་བདུན་པའི་དང་། ནམ་འཚོའི་བར་གྱི་སྨན་གང་ལགས་པ་དེ་དག་བླངས་པ་དང་། བྱིན་ལེན་མ་བགྱིས་པ་དང་། བླངས་པ་ལ་བྱིན་ལེན་བགྱིས་པ་དང་། ནང་དུ་བཞག་པ་དང་། ནང་དུ་བཙོས་པ་དང་། རང་གིས་བཙོས་པ་དང་། དགེ་སློང་གིས་བཙོས་པའི་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་སྔ་དྲོ་བའི་དང་། སླད་དྲོ་བའི་དང་། ཞག་བདུན་པའི་དང་། ནམ་འཚོའི་བར་གྱི་སྨན་གང་ལགས་པ་དེ་དག་བླངས་པ་དང་། བྱིན་ལེན་མ་བགྱིས་པ་དང་། བླངས་པ་ལ་བྱིན་ལེན་བྱས་པ་དང་། ནང་དུ་བཞག་པ་དང་། ནང་དུ་བཙོས་པ་དང་། རང་གིས་བཙོས་པ་དང་། དགེ་སློང་མས་བཙོས་པ་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བླངས་པ་ལ་བྱིན་ལེན་བགྱིས་པ་དང་། ནང་དུ་བཞག་པ་དང་། ནང་དུ་བཙོས་པ་དང་། རང་གིས་བཙོས་པ་དང་། དགེ་སློང་གིས་བཙོས་པ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་བླངས་པ་ལ་བྱིན་ལེན་བགྱིས་དང་། ནང་དུ་བཞག་པ་དང་། ནང་དུ་བཙོས་པ་དང་། རང་གིས་བཙོས་པ་དང་། དགེ་སློང་མས་བཙོས་པ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། སྔ་དྲོ་བ་གང་ལགས་པ་དང་། སླད་དྲོ་བ་གང་ལགས་པ་དང་། ཞག་བདུན་པ་གང་ལགས་པ་དང་། ནམ་འཚོའི་བར་གྱི་སྨན་རྣམས་གང་ལགས་པ་ཕན་ཚུན་འདྲེས་ཏེ་མ་ཕྱེ་ན། ནམ་འཚོའི་བར་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། སྔ་དྲོ་བ་དང་། ཕྱི་དྲོ་བ་དང་། ཞག་བདུན་པ་དེ་རྣམས་ཀྱིས་ནམ་འཚོའི་བར་དུ་བྱ་བ་བྱར་མི་རུང་སྟེ། བྱིན་གྱིས་བརླབ་ཏུ་མི་རུང་ངོ་། །དེ་སྟེ་ཡང་སྔ་དྲོ་བའི་དང་། ཕྱི་དྲོ་བའི་དང་། ཞག་བདུན་པའི་རྣམས་དབྱེ་བར་ནུས་ན། བྱིན་གྱིས་བརླབ་ཏུ་རུང་ངམ། བཙུན་པ། མི་རུང་བ་ཞིག་གིས་ལན་ཚྭ་བཙོས་ནས་འཚལ་བར་བགྱིའམ། ཨུ་པ་ལི། མི་ན་བས་བཟའ་བར་མི་བྱའོ། །ཤ་ལས་བཙོས་པའམ། མར་ལས་བཙོས་པའམ། འབྲུ་མར་ལས་བཙོས་པ་ཡང་དེ་བཞིན་ནོ། །བཙུན་པ། མི་རུང་བའི་ལན་ཚྭས་འབྲུ་མར་རམ། མར་བཙོས་པ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། མར་རམ། འབྲུ་མར་ཆང་དང་ལྷན་ཅིག་བཙོས་པ་འཚལ་དུ་རུང་ངམ། ཨུ་པ་ལི། བཟར་རུང་ངོ་། །བཙུན་པ། མར་རམ། འབྲུ་མར་ཆང་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་པ་འཚལ་


DKG012_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། ཆང་གིས་སྤངས་པའི་སྨན་འཚལ་དུ་རུང་ངམ། ཨུ་པ་ལི། ན་བ་ལ་ནི། རུང་གི་།མི་ན་བ་ལ་ནི། མ་ཡིན་ནོ། །བཙུན་པ། མི་རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ། མི་རུང་བའི་སར་འབྲས་བུ་ཞིག་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །མི་རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ། མི་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། དེ་སྟེ་ཞག་གཅིག་ལོན་པར་མ་གྱུར་ན་ནི། བཟའ་བར་བྱའོ། །རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། བཟར་རུང་ངོ་། །རུང་བའི་ས་ན་ཞུགས་མཆིས་ལ། མི་རུང་བའི་ས་ན་མཆིས་བས་ཞུགས་སམ། ཞུགས་ལྕེའམ། ཞུགས་ལྕེ་ཆད་པས་རུང་བར་བགྱིད་ན། རུང་ཞེས་བགྱིའམ། བགྱིས་པ་ཞེས་བརྗོད་དམ། འཚལ་བར་བགྱིའམ། ཨུ་པ་ལི། མི་རུང་ངོ་། །རུང་པའི་ས་ན་ཞུགས་མཆིས་ལ། མི་རུང་བའི་ས་ན་མཆིས་པས་ཞུགས་སུ་བཅུག་ན། རུང་ཞེས་བགྱིའམ། བགྱིས་པ་ཞེས་བགྱིའམ། འཚལ་དུ་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །མི་རུང་བའི་ས་ན་ཞུགས་མཆིས་ལ། རུང་བའི་ས་ན་མཆིས་པས་ཞུགས་སམ། ཞུགས་ལྕེའམ། ཞུགས་ལྕེ་ཆད་པས་རུང་བར་བགྱིས་ན། རུང་བར་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། རུང་བར་བྱས་པ་ཞེས་བྱ་སྟེ། བཟའ་བར་བྱའོ། །མི་རུང་བའི་ས་ན་ཞུགས་མཆིས་ལ། རུང་བའི་ས་ན་མཆིས་པས་ཞུགས་སུ་སྩལ་ན། རུང་བར་བགྱིས་པ་ཞེས་བགྱིའམ། རུང་བར་བྱས་པ་ཞེས་བྱའོ། །འཚལ་དུ་རུང་ངམ། ཨུ་པ་ལི། བཟའ་བར་བྱའོ། །མི་རུང་བའི་ས་ན་སྒྱེད་པུ་གསུམ་མཆིས་ལ། རུང་བའི་ས་ན་ཞུགས་མཆིས་པའི་ཞུགས་ལྕེ་དེས་བསྒྲལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །མི་རུང་བའི་ས་ན་ཞུགས་མཆིས་ལ་རུང་བའི་ས་ན་སྒྱེད་པུ་གཉིས་མཆིས་པ་དང་། མི་རུང་བའི་ས་ན་སྒྱེད་པུ་གཅིག་མཆིས་པ་ཞུགས་ལྕེ་དེས་བསྒྲལ་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །མི་རུང་བའི་ས་ན་སྒྱེད་བུ་གཅིག་མཆིས་


DKG012_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རུང་བའི་ས་ན་ཞུགས་མཆིས་པ་དེའི་ཞུགས་ལྕེས་བསྒྲལ་ན། དེ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །རུང་བའི་ས་ན་ཞུགས་མཆིས་ལ་རུང་བའི་ས་ན་སྒྱེད་བུ་གཉིས་མཆིས་པ་དང་། མི་རུང་པའི་ས་ན་སྒྱེད་པུ་གཅིག་མཆིས་ལ་ཞུགས་ལྕེ་དེས་བསྒྲལ་ན། འཚལ་དུ་རུང་ངམ། ཨུ་པ་ལི། བཟའ་བར་བྱའོ། །རུང་བའི་ས་ན་སྒྱེད་པུ་གསུམ་མཆིས་ལ་རུང་བའི་ས་ན་ཞུགས་མཆིས་ན་ཞུགས་ལྕེ་དེས་བསྒྲལ་ན། འཚལ་དུ་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། དགེ་སློང་གིས་ས་བོན་གྱི་རིགས་ལྔ་ལ་ཞུགས་སམ། མཚོན་ཏམ། སེན་མོས་རུང་བར་བགྱིད་ན། རུང་བར་བགྱིས་པ་ཞེས་བགྱིའམ། རུང་བར་བྱས་པ་ཞེས་བྱ་སྟེ། རུང་བར་བྱས་པས་ན། བཟའ་བར་བྱའོ། །མེས་རུང་བར་བྱས་པ་མ་གཏོགས་ཏེ། ལྷག་མ་རྣམས་ནི། བཟའ་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བཏུང་བ་རྣམ་པ་བརྒྱད་འཐུང་ཞིག་།ཅེས་གསུངས་ན། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། འབྲས་བུ་དང་། བསྔལ་བར་བསྲེས་པ་འདི་དག་འཚལ་དུ་རུང་ངམ།ཨུ་པ་ལི། རུང་ངོ་། །བཙུན་པ། བུ་རམ་ཆབ་དགུང་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཇི་སྲིད་དུ་བཏུང་བར་བགྱི། དངོས་པོར་མ་གྱུར་པའི་བར་དུའོ། །བཙུན་པ། མི་རུང་བའི་སྨན་འབྲུ་མར་དུ་བསྒྲལ་བ་འཚལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནད་པའི་གཡོག་ཇི་ལྟར་བགྱི། སྟོན་པའི་འདུ་ཤེས་པས་སྨན་ཕན་པ་དང་མཐུན་པས་གཡོག་བྱའོ། །བཙུན་པ། ནད་པ་ལ་ཅི་སྩལ་བར་བགྱི། ཨུ་པ་ལི། རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་པར་གང་གིས་ནད་པ་སོས་པར་འགྱུར་བ་དེ་དག་བྱིན་ཅིག་།མདོར་ན། འུག་པ་འོལ་བ་བྱ་རྒོད་དང་། །བྱ་རོག་ཀངྐ་ཆུ་སྐྱར་མོ། །མི་རོ་ཟའི་བྱ་རྣམས་དང་། །སེན་མོ་མཆུ་སྟོབས་གང་ལྡན་པའོ། །བཙུན་པ། འུག་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །འོལ་བའི་ཤ་དང་། བྱ་རྒོད་ཀྱི་ཤ་དང་། བྱ་རོག་གི་ཤ་དང་། བྱ་ཀངྐའི་ཤ་དང་། ཆུ་སྐྱར་མོའི་ཤ་དང་། གཞན་ཡང་མི་རོ་འཚལ་བ་རྣམས་དང་། སེན་མོ་དང་། མཆུ་སྟོབས་དང་ལྡན་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི་མི་རུང་ངོ་།། །།མདོར་ན། སྲོག་


DKG012_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀན་དུ་ཤ་ད་པད་པ་དང་། །སྲིན་བུ་སྦལ་པའང་དེ་བཞིན་ཏེ། །སྲེ་མོ་སྦྲུལ་དང་གོ་དྷ་དང་། །སྤལ་པ་དཀར་པོ་རྔ་མོ་སྲམ། །བཙུན་པ། སྲོག་ཆགས་ཀནྟུའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། པད་པའི་ཤ་དང་། སྦལ་པའི་ཤ་དང་། སྲེ་མོའི་ཤ་དང་། སྦྲུལ་གྱི་ཤ་དང་། གོ་དྷའི་ཤ་དང་། སྤལ་པ་དཀར་པོའི་ཤ་དང་། སྲམ་གྱི་ཤ་དང་། བྱ་རོག་གི་ཤ་དང་། གཞན་ཡང་ཆུ་ན་གནས་པ་དང་། སེན་མོ་དང་མཆེ་བའི་སྟོབས་དང་ལྡན་པ་དང་། གཞན་ཡང་མི་རོ་ཟ་བ་དེ་དག་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །མདོར་ན། བལ་གླང་དང་ཡང་ཝ་དང་རྟ། །སྤྲེའུ་དང་མི་ཡང་དེ་བཞིན་ཏེ། །སེངྒེ་སྟག་དང་དོམ་དག་དང་། །སེན་མོ་མཆེ་བ་གང་མཐུ་ལྡན། །བཙུན་པ། བ་ལང་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། རྟ་དང་། ཝའི་ཤ་དང་། སྤྲེའུའི་ཤ་དང་། མིའི་ཤ་དང་། སེངྒེའི་ཤ་དང་། སྟག་གི་ཤ་དང་། དོམ་གྱི་ཤ་དང་། གཞན་ཡང་རྐང་བཞི་པ་སེན་མོ་དང་མཆེ་བའི་སྟོབས་དང་ལྡན་པ་དེ་དག་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། གང་གི་ཤ་འཚལ་དུ་མི་རུང་བ་དེའི་ཞག་དང་། འོ་མ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། གང་གིས་ཤ་མི་རུང་བ་དེའི་ཐམས་ཅད་ཀྱང་མི་རུང་བའོ། །བཙུན་པ། ཤ་རྗེན་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བདག་གི་ཕྱིར་བསད་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །སྨན་གྱི་དངོས་པོ་རྫོགས་སོ།། །།


previousསྨན་གྱི་དངོས་པོ་བཤད་པ། next