Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
གོས་ཀྱི་དངོས་པོ་བཤད་པ།
   
   
   
   
   
   
  expand section


 
previousགོས་ཀྱི་དངོས་པོ་བཤད་པ། next

གོས་ཀྱི་དངོས་པོ་བཤད་པ།


DKG012_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་གཞུང་དམ་པ། བམ་པོ་བཅོ་བརྒྱད་པ། མདོར་ན། དབྱར་གཉིས་བྱེ་བར་གྱུར་པ་གནས། །རྙེད་དང་དགེ་འདུན་དག་གི་གཉིས། །སྨྱོས་པ་ཆད་པ་གསུམ་པ་དང་། །སྦྱོར་བ་མགྲོན་པོ་མང་པོ་དབྱར། །བཙུན་པ། ཁྱིམ་བདག་ཅིག་གིས་དབྱར་ཚུལ་དུ་ཞུགས་པ་ལ་ཆོས་གོས་འདི་འབུལ་ལོ། །ཞེས་མཆི་སྟེ། དབྱར་གནས་པ་རྣམས་ལ་ཆོས་གོས་ཤིག་ཕུལ་ན། དེ་ལ་དབྱར་གྱི་ཟླ་བ་ཐ་མར་ཡང་མ་གྱུར་ལ། གཏན་པ་ཡང་མ་བཏིང་ན། གང་གིས་འཐོབ། ཨུ་པ་ལི། དབྱར་གནས་པ་རྣམས་ཀྱིས་སོ། །


DKG012_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ། ཁྱིམ་བདག་ཅིག་གིས་ཆོས་གོས་འདི་ནི། དབྱར་ཚུལ་དུ་ཞུགས་པ་རྣམས་ལ་འབུལ་ལོ། །ཞེས་མཆི་སྟེ། དབྱར་ཚུལ་དུ་ཞུགས་པའི་དགེ་འདུན་རྣམས་ལ་ཕུལ་བ་དེར་དབྱར་གྱི་ཟླ་བ་ཡང་ཐ་མར་གྱུར་ལ་གནས་དེར་གཏན་པ་བཏིང་ན། གང་གིས་འཐོབ། དབྱར་གནས་པ་རྣམས་ཀྱིས་སོ། །བཙུན་པ། ཁྱིམ་བདག་ཅིག་གིས་དགེ་འདུན་ལ་གནས་འདིར་དགེ་སློང་གང་གནས་པ་དེ་དག་ལ་ཆོས་གོས་འདི་འབུལ་ལོ། །ཞེས་མཆི་སྟེ། གོས་ཤིག་ཕུལ་ན། གང་གིས་འཐོབ་།གང་ལ་བྱིན་པས་སོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་ནས་བཅུ་པའི་བར་དུ་རྒྱས་པར་དེ་དག་ལ་ཕུལ་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །བཙུན་པ། ཁྱིམ་བདག་ཅིག་གིས་དགེ་འདུན་ལ་གོས་ཤིག་ཕུལ་ཏེ་གོས་འདི་ནི། གནས་འདིར་སང་ཕོད་གནས་པའི་དགེ་སློང་དེ་དག་ལ་དབུལ་ལོ། །ཞེས་མཆི་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་ནས་ལོ་བཅུའི་བར་དུ་གནས་པ་དེ་དག་ལ་དབུལ་ལོ། །ཞེས་མཆི་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །འོན་ཏེ་གནས་དེ་ན་ད་ལྟར་མི་གནས་པར་གྱུར་ན། དགེ་སློང་དེ་དག་གིས་གོས་དེ་དག་བགོ་བར་བགྱིའམ། ཨུ་པ་ལི། བགོ་བར་གྱིས་ཤིག་།བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་འདུན་དག་བྱེ་ན། དབྱར་གྱི་རྙེད་པ་དེ་དག་སྩལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབྱར་གྱི་གནས་སུ་རིང་དུ་གནས་པར་གྱུར་པ་ལས་དགེ་འདུན་བྱེ་ན། དབྱར་གྱི་རྙེད་པ་དེ་དག་སྩལ་བར་བགྱིའམ། བྱིན་ཅིག་།སུ་ལ། ཕྱོགས་གཉིས་ཀ་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་གིས་ལྷུང་བཟེད་དང་། ཆོས་གོས་བཙལ་ཏེ་མཆིས་ན། དེའི་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ན། དེའི་དབྱར་གྱི་རྙེད་པ་སྩལ་ཏམ། ཨུ་པ་ལི། བྱིན་ཅིག་།སུ་ལ། གང་ལ་བཅོལ་པའམ་བསྔོས་པར་གྱུར་པའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་དུས་བགྱིས་ན། དེ་ལ་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། མ་སྦྱིན་ཅིག་།དེ་སྟེ་དབྱར་གྱི་ནང་ལོགས་སུ་ཡུན་རིང་དུ་གནས་པར་གྱུར་ཏེ་དུས་འདས་ན།


DKG012_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་གྱི་རྙེད་པ་སྩལ་ཏམ། ཨུ་པ་ལི། བྱིན་ཅིག་།སུ་ལ། གང་ལ་བསྔོས་པར་གྱུར་པ་ལའོ། །འོན་ཏེ་སུ་ལའང་བསྔོས་པར་གྱུར་པ་མ་མཆིས་ན། སུ་ལ་སྩལ། དགེ་འདུན་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་དགེ་ཚུལ་ཕ་ལགས་པར་ཁས་བླངས་ན། དེ་ལ་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། སྦྱིན་པར་བྱའོ། །དེ་ལ་ཇི་ཙམ་ཞིག་སྩལ། དགེ་ཚུལ་ཕའི་སྐལ་པའོ།། དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ནས་དགེ་ཚུལ་ཕ་ལགས་པར་ཁས་བླངས་ན། ཇི་ཙམ་སྩལ་བར་བགྱི། དགེ་སློང་གི་སྐལ་པའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་ཁྱིམ་པ་ལགས་པར་ཁས་བླངས་ན། དེ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། མི་སྦྱིན་ནོ། །དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ནས་ཁྱིམ་པ་ལགས་པར་ལས་བླངས་ན། དེ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། བྱིན་ཅིག་།སུ་ལ། གང་ལ་བསྔོས་པར་གྱུར་པ་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་མ་ནིང་ལགས་པར་ཁས་བླངས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སྔར་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་རྣམས་ལགས་པར་ཁས་བླངས་ན། དེ་དག་ལ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། ཨུ་པ་ལི། མི་སྦྱིན་ནོ། །བཙུན་པ། དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ནས་རབ་ཏུ་ཤེས་ན། དེ་ལ་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་མ་ལགས་པར་ཁས་བླངས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ལགས་པར་ཁས་བླངས་ན། དེ་དག་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། མི་སྦྱིན་ནོ། །བཙུན་པ། དེ་སྟེ་ཡང་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་སམ། དབྱར་རངས་པར་གནས་པ་དེ་


DKG012_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཁས་བླངས་ན། དེ་དག་ལ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དགེ་སློང་གིས་གནས་བཞི་ནས་ཆོས་གོས་ཀྱི་སྐལ་པ་བདག་གིར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེས་གནས་བཞི་ཆར་མཚམས་གཅིག་ཏུ་བྱས་ནས་དབྱར་ཚུལ་དུ་ཞུགས་པའོ། །བཙུན་པ། ཇི་ཙམ་གྱིས་ན། ཆོས་གོས་རྙེད་པ་ཞེས་བགྱི། ཨུ་པ་ལི། འདི་ལྟ་སྟེ། འདི་ནི། བདག་གི་ཆོས་གོས་སོ། །སྙམ་ནས་མིག་གིས་མཐོང་བར་གྱུར་པའམ། ལག་པའམ། ཕྲག་པའམ། པང་པར་བཞག་པར་གྱུར་པའོ། །བཙུན་པ། དགེ་སློང་གཅིག་པུས་དགེ་འདུན་གྱི་རྙེད་པ་བདག་གིར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་གཅིག་པུ་གནས་པར་གྱུར་ལ་དེ་ཡང་མི་དག་གིས་དགེ་འདུན་གྱི་ཕྱིར་གོས་ཕུལ་ནའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་རྙེད་པ་བརྟགས་པ་བདག་གིར་བགྱིས་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་འདུན་ལ་བསྔོས་པར་གྱུར་པའོ། །བཙུན་པ། དགེ་སློང་སྨྱོན་པ་ཆོས་གོས་བགེད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པའང་དེ་བཞིན་ནོ། །བཙུན་པ། དགེ་སློང་དམུས་ལོང་ཆོས་དགེ་སློང་སྨྱོན་པའི་ཆོས་གོས་གང་ནས་བཟུང་དགེ་སློང་སྨྱོན་པའི་ཆོས་གོས་གང་ནས་བཟུང་སྟེ་བསྔོ་བར་བགྱི། ནམ་རང་གི་སེམས་སོར་ཆུད་པ་ཚུན་ཆད་དོ། །བཙུན་པ། སྨྱོན་པ་ལས་ཆོས་གོས་བླང་བར་བགྱིའམ། མི་བླང་བར་བགྱི། ཁ་ཅིག་ལས་ནི། བླང་བར་བྱ། ཁ་ཅིག་ལས་ནི། མི་བླང་བར་བྱའོ། །གང་ལས་བླང་བར་བྱ། གང་ལ་ཕའམ། མའམ། སྤུན་ནམ། སྲིང་མོ་གསོན་པའམ། རང་གི་ཁྱིམ་ནས་བྱུང་ཡང་རུང་སྟེ། ཡོངས་སུ་གཏོང་བའི་འདུ་ཤེས་ཀྱང་ཡོད་པའོ། །བཙུན་པ། དབྱར་ཞིག་པ་ལས་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། ཁ་ཅིག་ལ་ནི། སྦྱིན། ཁ་ཅིག་ལ་ནི། མི་སྦྱིན་ནོ། །གང་ལ་མི་


DKG012_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཞེ་ན། གང་ལ་དབྱར་སྔ་མའི་ཚུལ་ཡང་མེད་ལ་ཕྱི་མའི་ཚུལ་ཡང་མེད་པར་ཤེས་པའོ། །གང་ལ་སྦྱིན་པར་བྱ་ཞེ་ན། གང་ལ་དབྱར་སྔ་མའི་ཚུལ་ཡང་ཡོད་ལ་ཕྱི་མའི་ཡང་ཡོད་པར་ཤེས་པའོ། །བཙུན་པ། ནད་གཡོག་གི་སྦྱོར་བ་བཏང་བར་གྱུར་ཏེ་གཞན་ལ་ཡང་སྤྲོ་བར་བགྱིས་ལ་ནད་པ་ཡང་དུས་བགྱིས་ན། ནད་གཡོག་གང་ལ་གོས་སྩལ་པར་བགྱི། ཕྱི་མ་ལའོ། །བཙུན་པ། ནད་གཡོག་མཚམས་ཀྱི་སླད་རོལ་དུ་མཆིས་པ་ལས་ནད་པ་དུས་བགྱིས་ན། ནད་གཡོག་དེ་ལ་གོས་སྩལ་པར་བགྱིའམ། དེ་སྟེ་ནད་པའི་དོན་ཞིག་ལ་སོང་བར་གྱུར་ན། དེ་ལ་ནད་གཡོག་གི་གོས་སྦྱིན་པར་བྱའོ། །འོན་ཏེ་གཞན་གྱི་དོན་ཞིག་ལ་སོང་ན་ནི། མི་སྦྱིན་ནོ། །བཙུན་པ། ནད་གཡོག་གནས་གཞན་དུ་དབྱར་དུ་ཞུགས་པར་གྱུར་ན། དེ་ལ་ནད་གཡོག་གི་གོས་སྩལ་པར་བགྱིའམ། མི་སྩལ་བར་བགྱི། སྦྱིན་པར་བྱའོ། །བཙུན་པ། དགེ་ཚུལ་ཕས་ནད་གཡོག་བགྱིས་ན། དེ་ལ་ནད་གཡོག་གི་གོས་སྩལ་བར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དགེ་སློང་མས་ནད་གཡོག་བགྱིས་པ་ལས་ནད་པ་དུས་བགྱིས་ན། དེ་ལ་ནད་གཡོག་གི་གོས་སྩལ་པར་བགྱིའམ། མི་སྦྱིན་ནོ། །དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། མགྲོན་པོ་མང་པོ་བཅོམ་པའི་གོས་རྙད་ན། བླང་བར་བགྱིའམ། མི་བླང་བར་བགྱི། ཨུ་པ་ལི། དེ་སྟེ་ཚོང་པས་བྱིན་ན། བླང་བར་བྱའོ། །འོན་ཏེ་རྐུན་པོས་བྱིན་ན། དེའི་ཚེ་མི་བླང་ངོ་། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དབྱར་གྱི་ནང་ལོགས་སུ་དབྱར་གྱི་རྙེད་པ་མ་བགོད་ཅིག་།ཅེས་གསུངས་ན། བཙུན་པ། ཁྱིམ་བདག་ཅིག་གིས་གནས་མང་ཞིག་ནས་དགེ་སློང་དག་མགྲོན་དུ་བོས་ཏེ་གནས་གཅིག་ཏུ་འཚལ་མ་འཚལ་ནས་དགེ་འདུན་དག་ལ་མངོན་སུམ་དུ་གོས་ཕུལ་ན། དགེ་སློང་དེ་དག་གིས་གོས་བགོ་བར་བགྱིའམ། ཨུ་པ་ལི། གོས་དེ་དག་ནི། རྐྱེན་འབྱུང་བའི་གོས་པས་བགོ་བར་བྱའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་དུས་བགྱིས་ན། དགེ་སློང་དེ་དག་གིས་གོས་དེ་དག་བགོ་བར་བགྱིའམ། ཤི་བའི་གོས་བས་ན། བགོ་བར་བྱའོ།། །།མདོར་ན། གྲོང་གཉིས་སྤུ་ཅན་ཕྱི་རོལ་མཚམས། །


DKG012_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཡང་མཆོད་རྟེན་ནོ། །མཚམས་ལས་བསྔོས་པར་བྱས་པ་དང་། །ཆད་པ་ཐ་མར་གྱུར་པའོ། །བཙུན་པ། གྲོང་གི་ནང་ན་གཙུག་ལག་ཁང་ཞིག་མཆིས་ལ་དེར་དབྱར་ཚུལ་དུ་ཞུགས་པའི་དགེ་འདུན་རྣམས་དོན་ཞིག་གི་སླད་དུ་མཚམས་ཀྱི་སླད་རོལ་དུ་མཆིས་པར་གྱུར་པ་དང་། དེའི་མཐའ་ན་འཁོད་པའི་དགེ་སློང་དག་གྲོང་ཁྱེར་གྱི་མཚམས་ཀྱི་ནང་ན་མཆིས་པ་ལས། དེར་མི་དག་གིས་དགེ་འདུན་ལ་དབྱར་གྱི་རྙེད་པ་ཞིག་ཕུལ་ན། གང་གིས་འཐོབ། གྲོང་ཁྱེར་གྱི་དགེ་འདུན་གྱིས་སོ། །བཙུན་པ། གྲོང་ཁྱེར་དུ་དགེ་འདུན་ཚུལ་དུ་ཞུགས་ནས་དབྱར་གྱི་ནང་ལོགས་སུ་བྱེ་ན། དབྱར་གྱི་རྙེད་པ་གང་གིས་འཐོབ། ཨུ་པ་ལི། ཆོས་ལ་ཕྱོགས་པས་སོ། །བཙུན་པ། དགེ་སློང་གིས་སྤུ་ཅན་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་ན། བྱིན་གྱིས་བརླབས་པ་ཞེས་བགྱིའམ། གོས་གཞན་ཞིག་ཡོད་ན་ནི། བྱིན་གྱིས་མ་རློབས་ཤིག་།བྱིན་གྱིས་བརླབས་ན་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྙེད་པ་བདག་ཉིད་ཀྱིས་བདག་གིར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པའི་དགེ་འདུན་དབྱར་གྱི་ནང་ལོགས་སུ་མཆོད་རྟེན་གྱི་རྙེད་པ་བགོས་ཀྱང་ནོངས་པར་མི་འགྱུར་ཞིང་རུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཉན་ཐོས་ཀྱི་མཆོད་རྟེན་ལ་བསྔོས་པར་གྱུར་པ་ནི། ཤི་བའི་ཡོ་བྱད་པས་ན། བགོ་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གུམ་པའི་ཡོ་བྱད་མཚམས་ཀྱི་ནང་ན་འཁོད་པས་བགོ་བར་གྱིས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་གུམ་པའི་ཡོ་བྱད་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་སླད་རོལ་དུ་མཆིས་ན། གུམ་པའི་ཡོ་བྱད་ཀྱི་སྐལ་བ་སྩལ་ཏམ། ཨུ་པ་ལི། སྦྱིན་ནོ། །དེ་སྟེ་བྱིན་གྱིས་མ་བརླབས་པར་མཆིས་ན། སྩལ་ཏམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། གུམ་པའི་ཡོ་བྱད་དང་གོས་བྱིན་གྱིས་མ་བརླབས་པར་དགེ་སློང་གཞན་དག་ཅིག་མཆིས་ན། དེ་དག་ལ་གུམ་པའི་ཡོ་བྱད་ཀྱི་སྐལ་པ་སྩལ་པར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དེ་སྟེ་བྱིན་གྱིས་བརླབས་ནས་མཆིས་ན། སྩལ་པར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གུམ་པའི་ཡོ་བྱད་རྣམས་གསོལ་


DKG012_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ལས་ཀྱིས་བྱིན་གྱིས་རློབས་ཤིག་།ཅེས་གསུངས་ན། བཙུན་པ། གནས་གང་ན་དགེ་སློང་གཅིག་པུ་མཆིས་ན། དེ་ཇི་ལྟར་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། དགེ་སློང་དེས་སེམས་བསྐྱེད་ནས་ཚིག་ཏུ་སྨྲ་བར་བྱ་སྟེ། བགོ་བའི་ལས་རྫས་འདི་ནི། བདག་གིས་འཐོབ་པས་ན། བདག་གིས་ཆོས་གོས་འདི་བསྡུ་བར་བགྱིའོ། །བདག་གིར་བྱའོ། །འདི་ནི། བྱིན་གྱིས་བརླབ་པར་བྱའོ། །ཞེས་བྱིན་གྱིས་བརླབ་པར་བྱའོ། །གནས་གང་ན་དགེ་སློང་གཉིས་སམ་གསུམ་ཡང་རུང་གནས་ན། དེ་དག་ཀྱང་གཅིག་ལ་གཅིག་སྨྲ་བར་བྱའོ། །བཙུན་པ། གོས་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། དེ་དང་འདྲ་བའི་རྐྱེན་ཞིག་བྱུང་ན། རུང་ངམ། ཨུ་པ་ལི། མི་རུང་ངོ་། །གོས་ཀྱི་དངོས་པོ་རྫོགས་སོ།། །།


previousགོས་ཀྱི་དངོས་པོ་བཤད་པ། next