Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
གཏན་པའི་དངོས་པོ་བཤད་པ།
   
   
   
   
   
  expand section


 
previousགཏན་པའི་དངོས་པོ་བཤད་པ། next

གཏན་པའི་དངོས་པོ་བཤད་པ།


DKG012_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། རྙིང་པ་གཉིས་དང་བཞག་པ་དང་། །གསར་པ་བརྟན་པ་ཞིག་པ་དང་། །ཟིན་པ་དང་ནི་མ་ཟིན་པ། །དུས་སུ་རྙེད་པའང་མ་བགོས་གཉིས། །མི་རུང་མཚམས་ཀྱི་ཕྱི་རོལ་དང་། །མ་བགོས་གང་ཟག་དེ་བཞིན་བཅུ། །བཙུན་པ། གོས་རྙིང་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གོས་རྙིང་པ་གང་ཞེ་ན། གང་གིས་སྔར་དགེ་འདུན་གྱིས་གཏན་པ་བཏིང་བར་གྱུར་པའོ། །གོས་རྙིང་པ་བཅངས་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གོས་རྙིང་པར་བཅངས་པ་གང་ཞེ་ན། གང་དགེ་སློང་གིས་སྤྱད་པའོ། །བཙུན་པ། ཉེ་བར་བཞག་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །ཉེ་བར་བཞག་པའི་གོས་གང་ཞེ་ན། སྤངས་པའོ། །བཙུན་པ། གོས་གསར་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །གོས་གསར་པ་གང་ཞེ་ན། གང་དགེ་འདུན་གྱིས་ཐོག་མར་གཏན་པར་བཏིང་བའོ། །བཙུན་པ། བརྟན་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ།


DKG012_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ནི། འདས་པ་དང་བཅས་པའོ། །བརྟན་པའི་གོས་གང་ཞེ་ན། གོས་གང་དབྱར་ཐ་མའི་ཟླ་བ་ལ་རྙེད་པའོ། །བཙུན་པ། གོས་ཞིག་པ་ཞིག་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གོས་ཞིག་པ་གང་ཞེ་ན། གོས་རུལ་པའོ། །བཙུན་པ། གོས་མ་ལགས་པ་ཞིག་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གོས་ལགས་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དུས་སུ་རྙེད་པའི་གོས་གཏན་པར་ཐིངས་ཤིག་།ཅེས་གསུངས་ན། དུས་སུ་རྙེད་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དུས་ཀྱི་གོས་གང་ཞེ་ན། གོས་གང་ཟླ་བ་གསུམ་འདས་ནས་དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་རྙེད་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་གྱོན་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་གསུངས་ན། མ་གྱོན་པའི་གོས་གང་ལགས། གསར་པ་བཏགས་མ་ཐག་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་གྱོན་པའི་གོས་རུང་བ་གཏན་པར་ཐིངས་ཤིག་།ཅེས་གསུངས་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱའོ། །གོས་མ་གྱོན་པ་རུང་བ་གང་ཞེ་ན། ཁ་དོག་ཅན་ནོ། །བཙུན་པ། མི་རུང་བའི་གོས་ཤིག་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མི་རུང་བའི་གོས་གང་ཞེ་ན། རང་གི་རྒྱུས་མི་རུང་བའོ། །བཙུན་པ། གོས་གསར་པ་གཏན་པ་འདིང་བར་མ་བསྐོས་པས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། མཚམས་ཀྱི་སླད་རོལ་དུ་བསྐོས་པའི་ཆོས་གོས་གཏན་པར་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་བཏིང་བ་ཆད་


DKG012_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཅད་པས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་གཏན་པ་བཏིང་བ་ཆད་པ་འཁོར་བ་དང་། ཡིད་མགུ་བར་སྤྱོད་པ་དང་། ཡིད་མགུ་བར་སྤྱད་པ་ལགས་པ་དང་། བསླབ་པ་སྩལ་པ་དང་། དབྱར་མ་མཆིས་པ་དང་། ཞིག་པ་དང་། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང་། དབྱར་གཞན་དུ་གནས་པ་དང་། སྨྱོན་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། ལྔ་པ་གཉིས་དང་སེམས་གཉིས་དང་། །ཤོལ་བོར་གཉིས་ཀྱང་དེ་བཞིན་ཏེ། །བུད་མེད་མཚན་དང་བརྟན་པ་དང་། །གནས་ལ་རྣམ་པ་དྲུག་ཏུ་བྱ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། དེ་ནི། ཆད་པ་བགྱི་པ་དང་། ཆད་པ་འཁོར་བ་དང་། ཡིད་མགུ་བར་སྤྱོད་པ་དང་། ཡིད་མགུ་བར་སྤྱོད་པ་ལགས་པ་དང་། བསླབ་པ་སྩལ་པ་རྣམས་སོ། །ཞེས་གསུངས་ན། བཙུན་པ། ཆད་པ་བགྱིད་པའི་གང་ཟག་ཅིག་གིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་ཆད་པ་འཁོར་བ་དང་། ཡིད་མགུ་བར་སྤྱོད་པ་དང་། ཡིད་མགུ་བར་སྤྱད་པ་ལགས་པ་དང་། བསླབ་པ་སྩལ་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། དབྱར་མེད་པ་དང་། དབྱར་ཞིག་པ་དང་། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང་། དབྱར་གཞན་དུ་གནས་པ་དང་། སྤངས་པ་རྣམས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གཞན་ཡང་གང་ཟག་ལྔ་སྟེ། དབྱར་མེད་པ་དང་། དབྱར་ཞིག་པ་དང་། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང་། དབྱར་གཞན་དུ་གནས་པ་དང་། སྤངས་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བར་བྱའོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་དབྱར་མ་མཆིས་པས་གཏན་པ་བཏིང་ན། གཏན་པ་


DKG012_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་བཏིང་བ་ལགས། གང་གིས་མ་བཏིང་བ་ལགས། ཨུ་པ་ལི། འདི་ལྟར་དགེ་ཚུལ་ཕ་དབྱར་ཚུལ་དུ་ཞུགས་པ་ལ་དབྱར་ཕྱི་མའི་གནས་སུ་བསྙེན་པར་རྫོགས་ཏེ་ཟླ་བ་གསུམ་འདས་པས་གཏན་པ་བཏིང་ན། དེ་ལ་གཏན་པ་བཏིང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཟླ་བ་གསུམ་འདས་ནས་གཏན་པ་ཞེས་བྱ་སྟེ། དེ་ཡང་ཟླ་བ་གསུམ་དུ་མངོན་ནོ། །ཨུ་པ་ལི། གང་ཕྱི་མར་ཞུགས་པ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ལ་དེ་ཡང་ཟླ་བ་གསུམ་དུ་གནས་པའི་དགེ་སློང་དང་ལྷན་ཅིག་གཏན་པ་བཏིང་ན། དེ་ནི། གཏན་པ་མ་བཏིང་བ་ཞེས་བྱའོ། །ཨུ་པ་ལི། ཟླ་བ་གསུམ་ལོན་ནས་གཏན་པ་བཏིང་བ་ཞེས་བྱ་སྟེ། དེ་ཟླ་བ་གསུམ་མ་ལོན་པར་མངོན་ནོ། །བཙུན་པ། དབྱར་ཞིག་པ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་བཏིང་བ་ཞེས་བགྱི། གང་གིས་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། གང་གིས་དབྱར་སྔ་མར་ཡང་ཤེས་པ་མེད་ལ། དབྱར་ཕྱི་མའི་ཚུལ་ཡང་མེད་པ་སྟེ། དེ་ཟླ་བ་གསུམ་དུ་དགེ་སློང་དང་ལྷན་ཅིག་གནས་པ་དང་གཅིག་ཅར་གཏན་པ་བཏིང་ན། དེའི་གཏན་པ་མ་བཏིང་བ་ཞེས་བྱའོ། །ཨུ་པ་ལི། ཟླ་བ་གསུམ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་ལ་ནི། ཟླ་བ་གསུམ་དུ་ཤེས་པའང་མེད་དོ། །ཨུ་པ་ལི། གང་དབྱར་སྔ་མར་གནས་པའམ། ཕྱི་མར་ཡང་ཤེས་ལ། དེས་ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སྐྱ་རེངས་ཤར་བ་དེ་ཡང་ཟླ་བ་གསུམ་དུ་གནས་པའི་གཏན་པ་བཏིང་ན། དེའི་གཏན་པ་བཏིང་བ་ཞེས་བྱའོ། །ཨུ་པ་ལི། ཟླ་བ་གསུམ་དུ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་ལ་ཡང་ཟླ་བ་གསུམ་དུ་མངོན་ནོ། །ཡིད་མ་ལས་འགལ་བས་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་ཞིག་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། གཏན་པ་བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་གཏན་པ་བཏིང་བ་ཞེས་བགྱི། ཨུ་པ་ལི། གང་


DKG012_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་སྔ་མར་ཚུལ་དུ་ཞུགས་པའི་དགེ་སློང་གི་དགེ་འདུན་གཏན་པ་འདིང་བའི་དགེ་སློང་དང་། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དེ་དག་ལྷན་ཅིག་ཏུ་གཏན་པ་བཏིང་ན། དེའི་གཏན་པ་བཏིང་བ་ཞེས་བྱའོ། །ཨུ་པ་ལི། ཟླ་བ་གསུམ་དུ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་ནི། ཟླ་བ་གསུམ་དུ་ཤེས་པའང་མེད་དོ། །ཨུ་པ་ལི། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཚུལ་དུ་ཞུགས་ལ་ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་ན། དེ་དག་ནི། གཏན་པ་བཏིང་བ་ཞེས་བྱའོ། །ཨུ་པ་ལི། ཟླ་བ་གསུམ་དུ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་དག་ནི། ཟླ་བ་གསུམ་དུ་མངོན་ནོ། །བཙུན་པ། དབྱར་གཞན་དུ་གནས་པ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། གཏན་པ་བཏིང་བ་ཞེས་བྱའོ།། ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་གཏན་པ་བཏིང་བ་ཞེས་བགྱི། གང་གིས་གཏན་པ་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། དགེ་སློང་དག་མཚམས་སོ་སོར་བཅད་པའི་གནས་ན་དབྱར་གཞན་དུ་གནས་ལ། གཞན་དུ་སོང་སྟེ་གཏན་པ་བཏིང་ན། དེའི་གཏན་པ་མ་བཏིང་བ་ཞེས་བྱའོ། །ཨུ་པ་ལི། གཏན་པ་གང་ཞེ་ན། ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་བ་དེ་ལ་ནི། ཟླ་བ་གསུམ་དུ་ཤེས་པ་ཡང་མེད་དོ། །ཨུ་པ་ལི། གང་ཟླ་བ་གསུམ་དུ་གནས་པའི་དགེ་སློང་གི་དགེ་འདུན་རྣམས་དབྱར་ཟླ་བ་གསུམ་འདས་པ་དང་། དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་མཚམས་ཆེན་པོ་བཀྲོལ་ཏེ་གནས་བཞིའམ། ལྔའི་མཚམས་གཅིག་ཏུ་བྱས་ནས་གཏན་པ་བཏིང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་གནས་ལ་གནས་གཞན་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། སྤངས་པས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་གཏན་པ་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་གང་ལ་དགེ་འདུན་འདུས་པ་རྣམས་ཀྱིས་སྤངས་པའི་ལས་བྱས་པ་དེ་དག་ཀྱང་བཟོད་པ་མ་གསོལ་བར་དབྱར་གནས་པ་དག་ཀྱང་ལྷན་ཅིག་གཏན་པ་བཏིང་ན། དེའི་གཏན་པ་ནི། མ་བཏིང་བ་ཞེས་བྱའོ། །གང་གི་བཏིང་བ་ཞེས་བགྱི། ཨུ་པ་ལི། དགེ་སློང་གང་


DKG012_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་ཚུལ་དུ་ཞུགས་པ་ལ་དགེ་འདུན་འདུས་པ་རྣམས་ཀྱིས་མཉམ་དུ་མི་སྤྱོད་པའི་སྡོམ་པ་བཅས་པར་གྱུར་ཏམ། དཀར་པའི་ལས་བྱས་པར་གྱུར་ལ། དེས་ཀྱང་བཟོད་པ་གསོལ་ན། དབྱར་གནས་པའི་དགེ་འདུན་རྣམས་དང་ལྷན་ཅིག་ཏུ་གཏན་པ་བཏིང་ན། དེའི་གཏན་བ་བཏིང་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གཏན་པ་འདིང་བས་གཏན་པ་བླངས་ནས་བཀྲུ་བ་དང་། བརྐྱང་བ་དང་། དྲ་བ་དང་། བཙེམ་པ་ཐམས་ཅད་དང་། ཁབ་སོ་ཐ་མའི་བར་དུ་ཐོག་མར་འགྲོ་བར་བྱོས་ལ། བདག་གིས་ཆོས་གོས་འདིས་དགེ་འདུན་གྱི་གཏན་པ་འདིང་བར་བྱ་བ་འདིང་ངོ་། །བདག་གིས་གདིང་ངོ་། །ཞེས་སེམས་རྣམ་པ་གསུམ་སྐྱེད་ཅིག་།སེམས་རྣམ་པ་གསུམ་བསྐྱེད་ཀྱང་ཆོས་གོས་འདིས་དགེ་འདུན་གྱི་གཏན་པ་འདིང་བར་བྱ། བདག་གིས་གདིང་ངོ་། །ཞེས་སེམས་རྣམ་པ་གཉིས་བསྐྱེད་ན། གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། སེམས་བསྐྱེད་པ་གཅིག་གིས་གཏན་པ་འདིང་དུ་རུང་ངམ། ཨུ་པ་ལི། རུང་སྟེ། འདི་ལྟར་ཡང་གཏན་པ་འདིང་བའི་དགེ་སློང་གིས་གཏན་པ་གདིང་བར་བདག་མིང་འདི་ཞེས་བགྱི་བས་གོས་འདིས་དགེ་འདུན་གྱི་གཏན་པ་གདིང་ངོ་། །ཞེས་སེམས་བསྐྱེད་ན། གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། ཚུལ་ནས་འབྱུང་བའི་ཚེ་རྒྱལ་པོས་ཤོལ་བོར་ན་དགེ་སློང་དེ་དག་གིས་གཏན་པ་ཇི་ལྟར་གདིང་བར་བགྱི། ཇི་ལྟར་ཚུལ་ནས་བྱུང་བ་བཞིན་ནོ། །བཙུན་པ། གཏན་པ་དེ་ཉིད་རུང་ལ་དེ་ཉིད་མི་རུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་དག་ཁ་ཅིག་ནི། ཤོལ་བོར། ཁ་ཅིག་ཤོལ་མ་བོར་བར་ཚུལ་དུ་ཞུགས་ཏེ་དེ་ཉིད་དུ་ཁྱིམ་བདག་གིས་ཤོལ་མ་བོར་བའི་གནས་སུ་ཚུལ་ནས་འབྱུང་བ་དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་དགེ་འདུན་གཉི་ག་ལ་ཟན་བྱིན་ཏེ་གཏན་པའི་གོས་ཕུལ་ན། གོས་དེ་ཤོལ་མ་བོར་བ་ལ་ནི། རུང་ངོ་། ཤོལ་བོར་བ་ལ་ནི། མི་རུང་ངོ་། །བཙུན་པ། གང་མ་ལྟ་བུའི་ཚིག་བརྒྱད་པོ་འདི་དག་གིས་ནི། གཏན་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་ཐུན་མོང་བ་ནི། དུ། ཐུན་མོང་མ་ལགས་པ་ནི། དུ། ཨུ་པ་ལི། ཐོག་མ་དང་ཐ་མ་མ་གཏོགས་པར་ལྷག་མ་རྣམས་ནི། ཐུན་མོང་པའོ། །བཙུན་པ། གཏན་པ་འདིང་བའི་དགེ་སློང་གིས་གཏན་པ་འདིང་བའི་


DKG012_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མཚན་གྱུར་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། གཏན་པ་སྦེད་པའི་དགེ་སློང་དད་པར་བྱོས་ཤིག་།བཙུན་པ། གཏན་པ་ཞེས་ཀྱང་བགྱི། གཏན་པ་འདིང་བ་ཞེས་ཀྱང་བགྱི། གཏན་པ་འབྱིན་པ་ཞེས་ཀྱང་བགྱི་ན། བཙུན་པ། གཏན་པ་ནི། གང་། གཏན་པ་འདིང་བ་ནི། གང་། གཏན་པ་འབྱིན་པ་ནི། གང་ལགས།ཨུ་པ་ལི། གོས་ནི། གཏན་པའོ། །སེམས་བསྐྱེད་པ་ནི། གཏན་པ་འདིང་བའོ། །མ་ལྟ་བུའི་ཚིག་བརྒྱད་པོ་ནི། གཏན་པ་འབྱིན་པའོ། །བཙུན་པ། དགེ་སློང་རྣམས་ཀྱིས་གནས་བཞིའམ། ལྔ་མཚམས་ཀྱི་ནང་དུ་བགྱིས་ནས་དབྱར་ཚུལ་དུ་ཞུགས་ཏེ་དེ་དག་ཚུལ་ནས་བྱུང་སྟེ་གཏན་པ་བཏིང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་གཏན་པ་བཏིང་ནས་མཚམས་ཆེན་པོ་བཀྲོལ་ཏེ་སོ་སོར་མཚམས་བཀུམ་ན། གཏན་པ་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གནས་དེ་དག་ཐམས་ཅད་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། གཏན་པ་བཏིང་བ་ཞེས་བྱའོ། །དེ་སྟེ་སོ་སོར་མཚམས་བཅད་ནས་གཏན་པ་ཕྱུང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། གང་དག་འབྱིན་པ་དེ་དག་ནི། གཏན་པ་ཕྱུང་བ་ཞེས་བྱའོ། །གང་དག་མི་འབྱིན་པ་དེ་དག་ནི། གཏན་པ་མ་ཕྱུང་བ་ཞེས་བྱའོ། །བཙུན་པ། ཚུལ་ནས་བྱུང་བ་དང་། དགེ་སློང་རྣམས་ཀྱིས་གནས་བཞིའམ། ལྔ་མཚམས་གཅིག་ཏུ་བྱས་ནས་གཏན་པ་བཏིང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་གཏན་པ་བཏིང་ནས་མཚམས་ཆེན་པོ་བཀྲོལ་ཏེ་སོ་སོར་མཚམས་བཀུམ་ན། གཏན་པ་མ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་སོ་སོར་མཚམས་བཀུམ་ནས་གཏན་པ་ཕྱུང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། གང་འབྱིན་པ་དེ་


DKG012_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི། གཏན་པ་ཕྱུང་བ་ཞེས་བྱའོ། །གང་མི་འབྱིན་པ་དེ་དག་ནི། གཏན་པ་མ་ཕྱུང་བ་ཞེས་བྱའོ། །མདོར་ན། ཟླ་བ་གསུམ་དང་ལྔ་པ་དང་། །གསོ་སྦྱོང་གི་ནི་མཐའ་ལྔ་གསུམ། །སྦྱར་མ་དང་ནི་རས་ཆེན་རྐྱེན། །འབྱིན་པ་གཉིས་དང་བྱེ་བ་གཉིས། །ཚད་གཉིས་པ་ཡང་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མ་འོ། །བཙུན་པ། ཇི་སྲིད་ཅིག་ཏུ་གཏན་པ་གདིང་བར་བགྱི། ཨུ་པ་ལི། ཟླ་བ་གསུམ་སྟེ། ཇི་ལྟར་ཟླ་བ་གསུམ་དུ་གནས་པར་ཚུལ་དུ་ཞུགས་པའོ། །བཙུན་པ། ཇི་སྲིད་ཅིག་ཏུ་གཏན་པ་བཅང་བར་བགྱི། ཟླ་བ་ལྔའོ། །བཙུན་པ། གང་དབྱར་ཕྱི་མའི་མཐར་གཏན་པ་བཏིང་བ་ན། དེ་དག་ཀྱང་ཟླ་བ་ལྔར་གཏན་པ་བཏིང་བར་འགྱུར་རམ། ཨུ་པ་ལི། གང་གིས་གཏན་པ་ཇི་ལྟར་བཏིང་བར་གྱུར་པ་དེ་དག་གི་གྲངས་བཞིན་ཟླ་བ་ལྔར་བཅང་བར་བྱའོ། །བཙུན་པ། གསོ་སྦྱོང་གི་མཐར་གཏན་པ་འདིང་བར་བགྱིའམ། ཨུ་པ་ལི། གསོ་སྦྱོང་གི་མཐར་བྱའོ། །བཙུན་པ། གསོ་སྦྱོང་གི་མཐར་དབྱུང་བར་བགྱིའམ། ཨུ་པ་ལི། གསོ་སྦྱོང་གི་མཐར་བྱའོ། །བཙུན་པ། དབྱར་མ་རུང་བར་གཞག་པ་ལ་རྒྱུ་དུ། རྐྱེན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་ལྔ་དང་། རྐྱེན་ལྔའོ། །ལྔ་པོ་དེ་དག་གང་ཞེ་ན། དགེ་སློང་དང་བཅས། སྒོ་གླེགས་དང་བཅས་པའི་གནས་སུ་གྱུར་པ་དང་། འཇིགས་པ་དང་བཅས། དོགས་པ་དང་བཅས་པའི་ཡུལ་དང་། ཆར་འབབ་པའམ། ཆར་འབབ་པར་དོགས་པར་གྱུར་པ་དང་། དུས་མ་ཡིན་པར་གྲོང་གཞན་དུ་འགྲོ་བར་འདོད་པར་གྱུར་པ་དང་། གནས་ན་གཏན་པ་བཏིང་བར་གྱུར་པ་དང་། གསོལ་བ་དང་ལས་ནི། ཐ་མའོ། །བཙུན་པ། དབྱར་གྱི་གོས་རས་ཆེན་རུང་བར་གཞག་པ་ལ་རྒྱུ་དུ། རྐྱེན་དུ་ཨུ་པ་ལི། གསུམ་སྟེ། ཆར་པ་མི་འབབ་ཅིང་ཆར་པ་འབབ་པར་མི་དོགས་པར་གྱུར་པ་དང་། དུས་མ་ཡིན་པར་གྲོང་གཞན་ནམ། གྲོང་ཁྱེར་གཞན་ནམ། ཀླུང་རྒལ་འདོད་པར་གྱུར་པ་དང་། ཀླུང་གི་དྲུང་ངམ་ཁྲོན་པའི་དྲུང་ན་མི་གནས་པའོ། །བཙུན་པ། དབྱར་གྱི་གོས་རས་ཆེན་ཇི་སྲིད་དུ་བཅང་བར་བགྱི། ཟླ་བ་ཕྱེད་དང་ལྔའོ། །བཙུན་པ། གཏན་པ་འདིང་བའི་གནས་སུ་རྐྱེན་མེད་པར་འགྱུར་བ་དུ། ཨུ་པ་ལི། བཅུ་སྟེ། ཞག་གཅིག་གིས་འབྲལ་བ་མེད་པ་དང་། ཞག་


DKG012_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ལས་འདའ་བ་མེད་པ་དང་། ཟླ་བ་གཅིག་ལས་འདའ་བ་མེད་པ་དང་། གོས་མ་བསྔོས་པ་རྣམས་བཅང་བ་དང་། ཆོས་གོས་སྟོད་གཡོགས་དང་མཐང་གོས་གཉིས་པུས་ལྗོངས་སྤྱོད་དུ་འགྲོ་བ་དང་། མང་པོ་ཟ་བ་མེད་པ་དང་། ཡང་ཡང་ཟ་བ་མེད་པ་དང་། སྤྱན་མ་དྲངས་པར་འགྲོ་བ་དང་། གོས་རྣམས་ཅི་བདེར་ཚོལ་བ་དང་། སྟོན་ཟླ་ཐ་ཆུང་ནས་དཔྱད་ཟླ་ར་བའི་བར་དུ་སྟེ། གང་གི་རྙེད་པ་ཐོབ་པ་དེ་དག་ནི། དབྱར་གནས་པའི་དགེ་འདུན་གྱིས་བགོ་བར་བྱའོ། །བཙུན་པ། ཅི་བསླབ་པའི་གནས་སམ། ཆོས་གོས་བྱིན་གྱིས་བརླབས་པ་དེ་དག་མ་མཆིས་པར་འགྱུར་རམ། ཨུ་པ་ལི། མ་ཡིན་ཏེ། འདི་དག་ནི། ཡོན་ཏན་ནོ། །བཙུན་པ། གསོལ་བ་དང་། ལས་མ་བྱས་པས་སྔར་གཏན་པ་དབྱུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་གཞི་པ་དེ་དག་གིས་དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་གཏན་པ་བཏིང་བར་གྱུར་པ་དང་། དགེ་སློང་གློ་བུར་པ་མང་ཞིག་ལྷགས་ནས་དེ་དག་ནི། དེའི་ཉིན་མོ་བཅོ་ལྔར་གྱུར་ཏེ་གསོ་སྦྱོང་བྱེད། སོ་སོར་ཐར་པ་ཀློག་པ་དང་། དེ་སྟེ་དགེ་སློང་གཞི་པ་རྣམས་ཀྱང་དེ་དག་གི་རྗེས་སུ་ཞུགས་ནས་གསོ་སྦྱོང་བྱས་ན། གསོལ་བ་དང་ལས་མ་བྱས་པར་གཏན་པ་ཕྱུང་བ་ཞེས་བྱའོ། །བཙུན་པ། དགེ་སློང་གཞི་པ་རྣམས་ཀྱིས་གཏན་པ་བཏིང་སྟེ་མཚམས་ཀྱི་སླད་རོལ་དུ་མཆིས་པ་དང་། གློ་བུར་དུ་དགེ་སློང་རྣམས་ལྷགས་ཏེ་གཏན་པ་ཕྱུང་ན། ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། གང་གིས་གཏན་པ་བཏིང་བ་དེ་ཉིད་ཀྱིས་གཏན་པ་ཕྱུང་བ་ཞེས་བྱའོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པ་ལས་དགེ་འདུན་བྱེ་ན། གང་གིས་གཏན་པ་གདིང་། ཆོས་བཞིན་དུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། དབྱར་གྱི་རྙེད་པ་སུས་འཐོབ། ཕྱོགས་གཉིས་ཀས་སོ། །བཙུན་པ། དེ་སྟེ་མངོན་དུ་གྱུར་པ་ལས་རྙེད་ན། སུས་འཐོབ། ཆོས་ཀྱི་ཕྱོགས་ཀྱིས་སོ། །བཙུན་པ། ཚད་ལས་ཆུང་བའི་ཆོས་གོས་དུམ་བུར་སྦྱར་ཏེ་གོས་སུ་བཙེམ་ཞིང་གཏན་པར་བཏིང་ན། གཏན་པར་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །བཙུན་པ། ཚད་ལས་ཆུང་


DKG012_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་གཏན་པར་བཏིང་ན། གཏན་པར་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གོས་ཇི་ལྟ་བུས་གཏན་པ་གདིང་བར་བགྱི། ཨུ་པ་ལི། མཆུར་ལྔ། ཞེང་དུ་གསུམ་པས་སོ། །བཙུན་པ། གཏན་པ་བཏིང་བ་ཁྱིམ་པ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །དེ་བཞིན་དུ་གཏན་པ་འདིང་བ་མ་ནིང་དང་། མི་གནས་པ་དང་། སོ་སོར་གནས་པ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་བཏིང་བ་ཟ་མ་ཞིག་གིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་འདིང་བ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་།བསླབ་པ་སྩལ་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་འདིང་བ་སྨྱོན་བ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །དེ་སྟེ་དགེ་སློང་གི་འདུ་ཤེས་ཡོད་ལ། བདག་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་གཏན་པ་གདིང་ངོ་། །བདག་གིས་བཏིང་ངོ་། །ཞེས་སེམས་བསྐྱེད་ན། གཏན་པ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་རྣམས་སུ་ཤེས་པར་བྱའོ། །བཙུན་པ། གཏན་པ་འདིང་བ་གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་འདིང་བ་གཞན་དུ་གནས་པས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གཏན་པའི་དངོས་པོ་རྫོགས་སོ།། །།


previousགཏན་པའི་དངོས་པོ་བཤད་པ། next