Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཡུལ་ཀོའུ་ཤམ་བི་ཀའི་དངོས་པོ་བཤད་པ།
   
   
   
   
  expand section


 
previousཡུལ་ཀོའུ་ཤམ་བི་ཀའི་དངོས་པོ་བཤད་པ། next

ཡུལ་ཀོའུ་ཤམ་བི་ཀའི་དངོས་པོ་བཤད་པ།


DKG012_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། གང་དུ་གང་གིས་མཚམས་བཞི་དང་། །བསྒོ་བ་གོས་དང་གསོ་སྦྱོང་བཞི། །གཏན་བཞི་བྱེ་བ་གང་ཟག་གོ །བཙུན་པ། ཡུལ་ཀོའུ་ཤམྦྷིའི་དགེ་འདུན་གང་གི་ཚེ་བྱེ་བར་གྱུར། ནམ་མཚམས་ཀྱི་ནང་ན་གཅིག་པུ་གནས་པ་ལས་གསོ་སྦྱོང་བྱེད་པ་དང་། དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་དོན་རྣམས་ཐ་དད་པར་བྱས་པ་ནའོ། །བཙུན་པ། ཡུལ་ཀོའུ་ཤམྦྷིར་དང་པོ་དགེ་འདུན་གང་གིས་ཕྱེ། ཆོས་མ་ཡིན་པར་སྨྲས་པས། དེ་དག་གིས་ཐོག་མར་མཚམས་ཀྱི་ནང་དུ་གསོ་སྦྱོང་དང་། དགེ་འདུན་གྱི་བྱ་བ་དང་དགེ་འདུན་གྱི་དོན་རྣམས་ཐ་དད་པར་བྱས་པས་སོ། །བཙུན་པ། ཡུལ་ཀོའུ་ཤམྦྷི་པས་མཚམས་བཤིག་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་སྟེ་ཡུལ་ཡངས་པ་ཅན་ན་གནས་པས་མཚམས་བཤིག་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་དང་། གཞན་གྱི་ཕྱོགས་སུ་གནས་པ་ལ་ཟླ་བ་ཕྱེད་ཕྱེད་ཅིང་ལུང་དབོག་པ་དང་བསྟན་པར་བགྱིའམ། བཙུན་པ། འདི་སྐད་དུ། སྲིང་མོ་རྣམས་ཇེ་མཐུན་པར་གྱིས་ཤིག་།ཅེས་སྒོས་ཤིག་།བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་སུ་གནས་པའི་དགེ་སློང་མ་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་ལུང་འབོག་ཅིང་བསྟན་པ་བཙལ་བར་བགྱིའམ། བཙལ་བར་བྱའོ། །སུ་ལས་བཙལ། ཆོས་ཕྱོགས་པ་ལས་སོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་ནས་ཕྱོགས་གཉིས་སུ་གནས་པ་དག་གིས་དགེ་སློང་མ་དག་ལ་ལུང་འབོག་ཅིང་བསྟན་པ་སྩལ་བར་བགྱིའམ། དགེ་སློང་མའི་དགེ་འདུན་མི་བྱེ་བར་བྱ་བའི་ཕྱིར་བྱིན་ཅིག་།བཙུན་པ། ཡུལ་ཀོའུ་ཤམྦྷིར་ཕྱོགས་གཉིས་ཀ་འདུས་ཤིང་འཁོད་པར་བྱེད་ན། གཟུ་བོས་གང་དུ་དགེ་སློང་མ་ལ་ལུང་དབོག་པར་བགྱི། མཚམས་ཀྱི་ཕྱི་རོལ་སོང་བའོ། །བཙུན་པ། ཡུལ་ཀོའུ་ཤམྦྷིར་ཕྱོགས་གཉིས་ཀ་འདུས་ཤིང་འཁོད་པར་གྱུར་ལ། དགེ་སློང་གཟུ་བོ་དག་ཀྱང་མཚམས་ཀྱི་སླད་རོལ་ཏུ་མཆིས་པར་གྱུར་བ་དང་། ཁྱིམ་བདག་ཅིག་མཆིས་ནས་དགེ་འདུན་ལ་གོས་ཤིག་ཕུལ་ན། གང་གིས་འཐོབ། ཕྱོགས་གཉིས་ཀས་སོ། །ཡུལ་ཀོའུ་ཤམྦྷི་ན་གནས་པས་ཡུལ་ཡངས་པ་ཅན་ན་གནས་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ཡུལ་ཡངས་པ་ཅན་ན་གནས་པས་ཡུལ་ཀོའུ་ཤམྦྷི་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་


DKG012_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལི། མ་ཡིན་ནོ། །གཟུ་བོ་རྣམས་ཡུལ་ཀོའུ་ཤམྦྷི་ན་གནས་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གཟུ་བོ་དག་ཡུལ་ཡངས་པ་ཅན་ན་གནས་པ་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་སྟེ་བྱེད་ན། གཟུ་བོའི་དངོས་པོ་མེད་དོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། གཏན་པ་གང་གིས་གདིང་བར་བགྱི། ཆོས་སུ་སྨྲ་བ་དག་གིས་སོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། གཏན་པ་གང་གིས་དབྱུང་བར་བགྱི། ཆོས་སུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ། གང་ཉེ་བར་ཕྱོགས་པ་དེ་ཐམས་ཅད་སོ་སོར་གནས་པ་ལགས་སམ། ཉེ་བར་ཕྱོགས་པ་གནས་པ་མ་ཡིན་པའང་ཡོད། སོ་སོར་གནས་ལ་ཉེ་བར་ཕྱོགས་པ་ཡང་ཡོད། ཉེ་བར་ཕྱོགས་ལ་སོ་སོར་གནས་པའང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་སོ་སོར་གནས་པ་མ་ཡིན་པའང་ཡོད་དོ། །ཉེ་བར་ཕྱོགས་ལ་སོ་སོར་གནས་པ་མ་ཡིན་པ་ནི། གང་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་པ་སྟེ། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པར་མ་གྱུར་པ་དང་། སླར་ལས་མ་བྱས་པའི་ཕྱིར་སྤངས་པར་མ་གྱུར་པ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་མ་གྱུར་པའོ། །སོ་སོར་གནས་ལ་ཉེ་བར་མ་ཕྱོགས་པ་ནི། འདི་ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པར་གྱུར་པ་དང་། སླར་ལས་མ་བྱས་པའི་ཕྱིར་དང་། སྡིག་པར་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་པ་དང་། དངོས་པོ་ལྔ་ལ་ཡང་ཉེ་བར་ཕྱོགས་པར་མ་གྱུར་པའོ། །ཉེ་བར་ཡང་ཕྱོགས་ལ་སོ་སོར་ཡང་གནས་པ་ནི། དེ་འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་ཡང་གྱུར་ལ། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་ཀྱང་སྤངས་པར་གྱུར་པ་དང་། སླར་ལས་མ་བྱས་པའི་ཕྱིར་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་པའོ། །ཉེ་བར་ཕྱོགས་པའང་


DKG012_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ་སོ་སོར་གནས་པའང་མ་ཡིན་པ་ནི། རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །གང་ཉེ་བར་ཕྱོགས་པ་དེ་ན། ཅང་མི་གནས་པ་ལགས་སམ། ཉེ་བར་ཕྱོགས་པ་མི་གནས་པ་མ་ཡིན་པ་ཡང་ཡོད། མི་གནས་ལ་ཉེ་བར་ཕྱོགས་པ་ཡང་ཡོད། ཉེ་བར་ཡང་ཕྱོགས་ལ་མི་གནས་པ་ཡང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད་དོ། །ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པ་ནི། འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ལ་ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་མ་གྱུར་པའོ། །མི་གནས་ལ་ཉེ་བར་ཡང་མ་ཕྱོགས་པ་ནི། དེ་འདི་ལྟར་དགེ་སློང་དེ་ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བར་གྱུར་ལ། དངོས་པོ་ལྔ་ལ་ནི། ཉེ་བར་མ་ཕྱོགས་པ་ཡིན་ནོ། །ཉེ་བར་ཡང་ཕྱོགས་ལ་མི་གནས་པ་ཡང་ཡིན་པ་ནི། འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ཅིང་། ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བ་ཡིན་ནོ། །ཉེ་བར་ཕྱོགས་པ་ཡང་མ་ཡིན་ལ་མི་གནས་པ་ཡང་མ་ཡིན་པ་ནི། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །གང་སོ་སོར་གནས་པ་དེ་ཐམས་ཅད་མི་གནས་པ་ལགས་སམ།སོ་སོར་གནས་པ་ལ་མི་གནས་པ་མ་ཡིན་པའང་ཡོད། མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད། སོ་སོར་ཡང་གནས་ལ་མི་གནས་པ་ཡང་ཡོད། གནས་ལ་སོ་སོར་ཡང་མི་གནས་པ་ཡང་ཡོད་དོ། །སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་ནི། འདི་ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་སྤངས་པར་གྱུར་ཅིང་། །སླར་ལས་མ་བྱས་པ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་ལ། ཕས་ཕམ་པ་བཞི་ལས་ཉེས་པ་གང་ཡང་རུང་བ་མ་བྱུང་བ་ཡིན་ནོ། །མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ནི། གང་འདི་ལྟར་དགེ་སློང་དེས་ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་གྱུར་གྱི། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པ་མ་བྱས་པར་གྱུར་ཅིང་། སླར་ལས་མ་བྱས་པ་དང་། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་མ་གྱུར་བའོ། །མི་གནས་ལ་སོ་སོར་ཡང་གནས་པ་ནི། དེ་འདི་ལྟར་དགེ་


DKG012_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དེ་མ་མཐོང་བའི་ཕྱིར་སྤངས་པ་ཡང་ཡིན་ལ། ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་གྱུར་བའོ། །མི་གནས་པའང་མ་ཡིན་ལ་སོ་སོར་གནས་པའང་མ་ཡིན་པ་ནི། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། བཙུན་པ། དགེ་སློང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་པས་མ་ལགས་སམ། ཨུ་པ་ལི། དགེ་སློང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་མོད་ཀྱི། འོན་ཀྱང་དགེ་སློང་རྣམས་ནི། དགེ་འདུན་དབྱེ་བའི་ཕྱིར་རྩོལ་ལོ། །བཙུན་པ། དགེ་སློང་མ་ཉིད་ཀྱིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་གིས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་མ་ལགས་སམ། ཨུ་པ་ལི། དགེ་སློང་མ་ཉིད་ཀྱིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་ཕས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་མོད་ཀྱི། འོན་ཀྱང་དགེ་སློང་རྣམས་ནི། དགེ་འདུན་དབྱེ་བའི་ཕྱིར་རྩོལ་ལོ། །བཙུན་པ། དབྱེ་བ་ནི། གང་ཁ་ན་མ་ཐོ་དང་ལྡན་པ་ནི། གང་ལགས། དབྱེ་བ་ནི། དགེ་འདུན་ནོ། །ཁ་ན་མ་ཐོ་བ་དང་ལྡན་པ་ནི། འབྱེད་པའོ། །བཙུན་པ། དགེ་འདུན་ཕྱེ་ན། ཅིར་འགྱུར། སྦོམ་པོ་སྟེ། གསོལ་པ་དང་། ལས་མ་མཉན་ན། དགེ་འདུན་གྱི་ལྷག་མའོ། །བཙུན་པ། ཇི་ཙམ་གྱིས་ན། དགེ་འདུན་ཕྱེ་བ་ཞེས་བགྱི། ཨུ་པ་ལི། གང་གི་ཚེ་ཇི་སྙེད་པའི་དགེ་སློང་རྣམས་མཚམས་སུ་བྱི་ན། བྱ་བ་ལ་བབ་པར་གྱུར། དེ་དག་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པ་བླངས་པར་གྱུར། དགེ་སློང་རྣམས་ཀྱིས་ཀྱང་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་ཡིན་པར་འདུ་ཤེས་ཏེ་གསོ་སྦྱོང་དང་ལས་ཐ་དད་དུ་བྱེད་པ་དེ་ལྟར་ན། དགེ་འདུན་བྱེ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བས་ནོངས་པ་གང་བཤགས་པར་བགྱི། ཉེ་པ་སྦོམ་པོའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་གང་ཟག་ལ་གླེང་བར་མ་བྱེད་ཅིག།


DKG012_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པར་མ་བྱ་ཞིག་།ཅེས་གསུངས་ན། དེ་ལྟ་བུའི་གང་ཟག་གང་ལགས། གང་ཟག་གང་མདོ་སྡེ་འཛིན་པ། མ་ལྟ་བུ་འཛིན་པ། བསོད་ནམས་ཆེན་པོ། འཁོར་གཡོགས་མང་པོ། གྲགས་པ་དེའོ། །དེ་ལྟ་བུའི་གང་ཟག་ཅིག་སྤངས་ན། ཅིར་འགྱུར། ཉེས་པ་སྦོམ་བོར་འགྱུར་རོ། །ཡུལ་ཀོའུ་ཤམྦྷིའི་དངོས་པོ་རྫོགས་སོ།། །།


previousཡུལ་ཀོའུ་ཤམ་བི་ཀའི་དངོས་པོ་བཤད་པ། next