Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
དམར་སྐྱའི་དངོས་པོ་བཤད་པ།
   
   
   
  expand section


 
previousདམར་སྐྱའི་དངོས་པོ་བཤད་པ། next

དམར་སྐྱའི་དངོས་པོ་བཤད་པ།


DKG012_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་གཞུང་དམ་པ། བམ་པོ་བཅུ་དགུ་པ། མདོར་ན། སྐད་དང་ནམ་མཁའ་མཚམས་དང་ས། །ཆོས་གཉིས་དང་ནི་མ་འདུས་པ། །ཆད་པ་འཁོར་དང་གཅིག་ནས་གཅིག། མ་འདུས་གང་ཟག་གནས་དེ་བཞིན། བཙུན་པ། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་ཀྱང་འཕགས་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པའི་དགེ་སློང་ནི། འདས་པ་དང་བཅས་པའོ། །བཙུན་པ། འཕགས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་། བཅས་པའོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང་། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པས་ནམ་མཁའ་ལ་གནས་པའི་གྲངས་སུ་བསྐངས་ན། ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ནམ་མཁའ་ལ་གནས་པས་ས་ལ་གནས་པའི་གྲངས་སུ་བསྐངས་ན། ལས་བགྱིས་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ལས་བགྱིད་པ་ས་ལ་གནས་པས་ནམ་


DKG012_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་གནས་པ་རྣམས་ཀྱི་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། བཙུན་པ། ལས་བགྱིད་པ་ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ཀྱི་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །དེ་བཞིན་དུ་མཚམས་ཀྱི་ནང་ན་གནས་པ་དང་། མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་དང་ལྷན་ཅིག་བཞིར་བྱའོ། །བཙུན་པ། ས་ལ་གནས་པས་ས་ལ་གནས་པ་རྣམས་དང་ལྷན་ཅིག་ལས་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། འདི་ལྟར་ཡང་དེས་ས་ལ་གནས་པས་གྲངས་བསྐངས་ཤིང་ས་ལ་གནས་པ་རྣམས་ལས་དད་པ་བླངས་པར་གྱུར་པའོ། །ཇི་ལྟར་ས་ལ་གནས་པས་ས་ལ་གནས་པ་དང་ལྷན་ཅིག་པ་དེ་བཞིན་དུ་ས་ལ་གནས་པ་དང་རྩིག་པ་ལ་གནས་པར་རོ། །སལ་གནས་པ་དང་ཤིང་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་རྩིག་པ་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་ས་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་ཤིང་ལ་གནས་པར་རོ། །ཤིང་ལ་གནས་པ་དང་ཤིང་ལ་གནས་པར་རོ། །ཤིང་ལ་གནས་པ་དང་ས་ལ་གནས་པར་རོ། །ཤིང་ལ་གནས་པ་དང་རྩིག་པ་ལ་གནས་པ་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ལྟར་ཡང་ཤིང་ལ་གནས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་ས་ལ་གནས་པ་རྣམས་ལས་དད་པ་བླངས་པར་གྱུར་པའོ། །ལས་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་དང་། ཆོས་བཞིན་མ་ཡིན་པར་འདུས་པ་དང་། ཆོས་བཞིན་དུ་མ་འདུས་པ་དང་། ཆོས་བཞིན་དུ་འདུས་པའོ། །ཆོས་བཞིན་མ་ཡིན་པར་མ་འདུས་པ་གང་ཞེ་ན། གསོལ་བ་བྱས་ནས་ལས་མ་བསྒྲགས་ཏེ་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་མ་ཡིན་པར་འདུས་པ་གང་ཞེ་ན། གསོལ་བ་བྱས་ནས་ལས་མ་བསྒྲགས་པར་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། གསོལ་བ་བྱས་ལ་ལས་བསྒྲགས་པ་དང་། མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་འདུས་པ་གང་ཞེ་ན། གསོལ་བ་བྱས་ཤིང་ལས་བསྒྲགས་ལ་འདུས་པར་ཡང་གྱུར་པའོ། །གཞན་ཡང་ལས་རྣམ་པ་བཞི་སྟེ། ཆོས་


DKG012_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་ཡིན་པར་མཐུན་ལ་མ་འདུས་པ་དང་། ཆོས་བཞིན་མ་ཡིན་པར་མཐུན་ལ་འདུས་པ་དང་། ཆོས་བཞིན་དུ་མཐུན་ལ་མ་འདུས་པ་དང་། ཆོས་བཞིན་དུ་མཐུན་ལ་འདུས་པའོ། །ཆོས་བཞིན་མ་ཡིན་པར་མཐུན་ལ་མ་འདུས་པ་གང་ཞེ་ན། སྔར་ལས་བསྒྲགས་ལ་ཕྱིས་གསོལ་བ་བྱེད་ཅིང་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་མ་ཡིན་པར་མཐུན་ཞིང་འདུས་པ་གང་ཞེ་ན། སྔར་བསྒྲགས་ལ་ཕྱིས་གསོལ་བ་བྱེད་ཅིང་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མཐུན་ལ་མ་འདུས་པ་གང་ཞེ་ན། ལས་དེ་ཉིད་ཀྱིས་གསོལ་བ་བྱས་ཏེ་ལས་གཞན་བསྒྲགས་ལ་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མཐུན་ལ་འདུས་པ་གང་ཞེ་ན། ལས་དེ་ཉིད་ཀྱིས་གསོལ་བ་བྱས་ཤིང་ལས་གཞན་བསྒྲགས་ལ་འདུས་པར་ཡང་གྱུར་པའོ། །བཙུན་པ། མ་འདུས་པའི་ལས་ཞེས་ཀྱང་བགྱི། འདུས་པའི་ལས་ཞེས་ཀྱང་བགྱི་ན། བཙུན་པ། མ་འདུས་པའི་ལས་གང་ལགས། ཨུ་པ་ལི། དགེ་སློང་ཇི་སྙེད་པ་རྣམས་ཀྱིས་མཚམས་སུ་ཡང་ཕྱིན། ལས་ལ་ཡང་བབ་པར་གྱུར། ཐམས་ཅད་མངོན་སུམ་དུ་འདུས་པར་གྱུར། དད་པ་བླང་བའི་རིགས་པ་ཡང་དད་པ་བླངས་པར་གྱུར་ན། དགེ་སློང་རྣམས་ནི། ཟློག་ཅིང་འཁྱལ་ཏེ། དེ་དག་སླར་ཟློག་ཅིང་འཁྱལ་བཞིན་དུ་ལས་བྱས་ན། དེ་ནི། མ་འདུས་པའི་ལས་ཞེས་བྱའོ། །འདུས་པའི་ལས་གང་ཞེ་ན། དགེ་སློང་ཇི་སྙེད་པ་རྣམས་མཚམས་སུ་ཕྱིན་ཅིང་ལས་ལ་བབ་པར་གྱུར། ཐམས་ཅད་ཀྱང་མངོན་སུམ་དུ་འདུས་པར་གྱུར། དད་པ་བླང་བའི་རིགས་པ་ཡང་དད་པ་བླངས་པར་གྱུར། དགེ་སློང་དག་སླར་མི་ཟློག་ཅིང་འཁྱལ་བར་མི་བྱེད་དེ། དེ་དག་སླར་མི་ཟློག་ཅིང་མི་འཁྱལ་བཞིན་དུ་ལས་བྱེད་པས་ན། དེ་ནི། འདུས་པའི་ལས་ཞེས་བྱའོ། །བཙུན་པ། དགེ་འདུན་ཐམས་ཅད་འདུས་ཏེ་འཁོད་ནས་ལས་བགྱིས་ཀྱང་ལས་དེ་མ་འདུས་པའི་ལས་སུ་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་གསོལ་བ་དང་། ལས་བྱེད་བ་ན། དགེ་སློང་དག་སླར་ཟློག་ཅིང་འཁྱལ་ཏེ་དགེ་སློང་སླར་ཟློག་ཅིང་འཁྱལ་བཞིན་ལས་བྱེད་པའོ། །བཙུན་པ། ལས་བགྱིད་པ་ཆད་པ་འཁོར་བ་ཞིག་གིས་ལས་བགྱིས་ན།


DKG012_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། ཆད་པ་འཁོར་བ་ཞིག་གིས་དད་པ་བླངས་ནས་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། དད་པ་གཅིག་ནས་གཅིག་ཏུ་བླངས་ཏེ་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། མ་འདུས་པར་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། གཅིག་གིས་གཅིག་ལ། གཅིག་གིས་གཉིས་ལ། གཅིག་གིས་གསུམ་ལ། གཅིག་གིས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། གཉིས་ཀྱིས་གཅིག་ལ། གཉིས་ཀྱིས་གཉིས་ལ། གཉིས་ཀྱིས་གསུམ་ལ། གཉིས་ཀྱིས་མང་པོ་ལ་ལས་རྣམས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། གསུམ་གྱིས་གཅིག་ལ། གསུམ་གྱིས་གཉིས་ལ། གསུམ་གྱིས་གསུམ་ལ། གསུམ་གྱིས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། མང་པོས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ལས་བགྱིད་པ་གནས་གཅིག་ཏུ་མཆིས་ལ་གནས་བཞིར་ལས་ཐམས་ཅད་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། དེ་འདི་ལྟར་ལས་བྱེད་པའི་དགེ་སློང་དེས་གནས་བཞི་ཆར་གྱི་མཚམས་ཤིང་ངམ། འདམ་བུའམ།རེ་ལྡེས་མནན་ཏེ་ལས་བྱེད་པའོ། །བཙུན་པ། ལས་བགྱིད་པས་མཚམས་གཅིག་པར་གསོལ་བ་གཅིག་དང་། ལས་གཅིག་གིས་གང་ཟག་བཞི་ལ་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཚམས་གཅིག་པར་མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ་། །བཙུན་པ། དགེ་སློང་གིས་མཚམས་གཅིག་ལ་མཚུངས་པར་གནས་པའི་དགེ་སློང་རྣམས་ལ་ལས་བགྱིས་ཀྱང་ནོངས་པར་ཡང་མི་འགྱུར་ལ། དགེ་འདུན་མ་འདུས་པར་ཡང་མི་


DKG012_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དད་པ་བྱིན་པས་སོ། །བཙུན་པ། ལས་བགྱིད་པའི་དགེ་སློང་གནས་གཅིག་ན་མཆིས་པས་གང་ཟག་བཞི་ལ་ལས་བགྱིས་ན། ལས་དེ་ཡང་བགྱིས་པར་འགྱུར་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ལས་བྱེད་པའི་དགེ་སློང་དེ་མཚམས་མནན། མཚམས་བཟུང་ནས་མཚམས་སུ་འགྲེང་ངམ། འདུག་ནས་མཚམས་ཀྱི་ནང་དུ་གཉིས་འདུག་།མཚམས་ཀྱི་ཕྱི་རོལ་ཏུ་གཉིས་འདུག་པ་ལ་ལས་བྱེད་པའོ། །མདོར་ན། མངོན་སུམ་གྱུར་དང་སྔ་མ་དག་།ལས་རྣམ་གསུམ་དང་ཤི་བ་དང་། །མི་སྤྱད་དང་ནི་བདེ་བ་མཚམས། །ཉེས་པ་ལས་ཀྱང་དེ་བཞིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་གྱུར་པ་ལ་ལས་རྣམས་གྱིས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་འདུན་གྱིས་མངོན་སུམ་དུ་མ་གྱུར་པར་ལས་རྣམས་བགྱིས་ཀྱང་ལས་རྣམས་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་མའི་དགེ་འདུན་གྱིས་ཕྱག་མི་བྱ་བའི་སྡོམ་པ་དང་། ལོངས་སྤྱོད་དང་བྲལ་བའི་སྡོམ་པ་བྱིན་པ་དང་། དགེ་སློང་གི་དགེ་འདུན་གྱིས་དགེ་སློང་ལ་སྨྱོན་པའི་སྡོམ་པ་བྱིན་པར་གྱུར་པའོ། །བཙུན་པ། སྔར་ལས་བསྒྲགས་ཏེ་ཕྱིས་གསོལ་བ་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། བདག་ཉིད་ཀྱིས་བདག་སྤངས་ན། སྤངས་པ་ཞེས་བགྱིའམ། ཨུ་པ་ལི། སྤངས་པ་ཞེས་བྱའོ། །བཙུན་པ། བདག་ཉིད་ཀྱིས་སྤངས་ཏེ་བདག་ཉིད་ཀྱིས་བདག་ཉིད་ལ་བཟོད་པར་བགྱིད་ན། བཟོད་པ་བགྱིད་པ་ཞེས་བགྱིའམ། ཨུ་པ་ལི། བཟོད་པ་བྱས་པ་ཞེས་བྱའོ། །བཙུན་པ། བསྡིགས་པའི་ལས་བགྱིས་པ་ལ་བསྡིགས་པའི་ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སྨད་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིས་པ་དང་། བསྐྲད་པའི་ལས་བགྱིས་པ་དང་། སླར་སྡུམ་པའི་ལས་བགྱིས་པ་དང་། མ་མཐོང་བའི་ཕྱིར་སྤངས་པའི་ལས་བགྱིས་


DKG012_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སླར་གྱི་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་བགྱིས་པ་དང་། ཆད་པས་བཅད་པ་ལ་ཆད་པའི་དང་། ཡིད་མགུ་བའི་སྤྱོད་པ་ལ་ཡིད་མགུ་བའི་དང་། དབྱུང་བའི་ཕྱིར་ལས་བགྱིས་པ་ལ་དབྱུང་བའི་ཕྱིར་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད། བསྐྲད་པ་དང་། སླར་སྡུམ་པའི་དང་། མ་མཐོང་བའི་ཕྱིར་སྤངས་པ་དང་། སླར་གྱི་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་དང་། ཆད་པས་བཅད་པའི་དང་། ཡིད་མགུ་བའི་དང་། དབྱུང་བའི་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་ཀྱང་འཁོར་ལོའི་རྒྱུད་བཞིན་དུ་བྱའོ། །བཙུན་པ། བསྡིགས་པའི་ལས་སུ་འོས་པ་ཞིག་ལ་སྨད་པ་དང་། བསྐྲད་པ་དང་། སླར་སྡུམ་པའི་ལས་རྣམས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། སྨ་དབབ་པའི་ལས་སོ། །བཙུན་པ། བསྡིགས་པའི་ལས་སུ་འོས་པ་ཞིག་ལ་མ་མཐོང་པའི་སླད་དུ་སྤངས་པ་དང་། སླར་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤངས་པའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སྨ་དབབ་པའི་ལས་ནི། གཞན་ནོ། །སྤང་བའི་ལས་ནི། གཞན་ནོ། །བཙུན་པ། བསྡིགས་པའི་ལས་སུ་འོས་པ་ཞིག་ལ་ཆད་པས་བཅད་པ་དང་། ཡིད་མགུ་བ་དང་། དབྱུང་བའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨ་དབབ་པའི་ལས་ནི། གཞན་ནོ། །རྣམ་པར་དག་པའི་ལས་ནི། གཞན་ནོ། །བཙུན་པ། མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་སླར་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤང་པའི་ལས་ཤིག་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །དེ་


DKG012_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི། སྤང་པའི་ལས་སོ། །བཙུན་པ། མ་མཐོང་བའི་ཕྱིར་སྤང་བའི་ལས་སུ་འོས་པ་ཞིག་ལ་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་སྡུམ་པའི་ལས་ཤིག་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སྤང་བའི་ལས་ནི། གཞན། སྨ་དབབ་པའི་ལས་ནི། གཞན་ནོ། །བཙུན་པ། མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་ཆད་པས་བཅད་པ་དང་། ཡིད་མགུ་བ་དང་། དབྱུང་བའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སྤང་བའི་ལས་ནི། གཞན་ནོ། །རྣམ་པར་དག་པའི་ལས་ནི། གཞན་ནོ། །བཙུན་པ། ཆད་པས་གཅད་པར་འོས་པ་ཞིག་ལ་ཡིད་མགུ་བ་དང་། དབྱུང་བའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། འདི་དག་ཐམས་ཅད་ནི། རྣམ་པར་དག་པའི་ལས་སོ། །བཙུན་པ། ཆད་པས་གཅད་པར་འོས་པ་ཞིག་ལ་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་སྡུམ་པའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རྣམ་པར་དག་པའི་ལས་ནི། གཞན། སྨ་དབབ་པའི་ལས་ནི། གཞན་ནོ། །བཙུན་པ། ཆད་པས་གཅད་པར་འོས་པ་ཞིག་ལ་མ་མཐོང་བའི་ཕྱིར་སྤང་བའི་ལས་བགྱིས་སམ། སླར་གྱི་ལས་མ་བགྱིས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤང་བའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རྣམ་པར་དག་པའི་ལས་ནི། གཞན། སྤང་བའི་ལས་ནི། གཞན་ནོ། །བཙུན་པ། ལས་གཞན་གྱིས་གསོལ་བ་བགྱིས་ལ། ལས་གཞན་གྱིས་བསྒྲགས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། གང་ཟག་


DKG012_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་དང་། གླེན་པ་དང་། མི་གསལ་བ་དང་། མི་མཁས་པ་དང་། ངོ་ཚ་མེད་པ་དང་། ཚིག་མི་བརྟན་པ་དང་། ཡི་དམ་ལས་ཉམས་པ་དང་། སྔོན་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་དང་། སྨྱོན་པ་དང་རྣམ་པ་བཅུས་དཀྲུགས་ཀྱང་འཁྲུགས་པར་མི་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་ཆོས་བཞིན་མ་ལགས་པར་ལས་བགྱིད་ཅིང་། དེ་དག་ཀྱང་སླར་བཟློག་།སླར་དཀྲུགས་ཏེ། དེ་དག་གིས་སླར་བཟློག་།སླར་དཀྲུགས་ན། སླར་དཀྲུགས་པ་མི་བཙན་ནམ། ཨུ་པ་ལི། བཙན་ཏེ། ངས་ཆོས་བཞིན་གྱི་ལས་ལ་དགོངས་ཏེ་གསུངས་པས་ན། གང་ལ་ཆོས་བཞིན་གྱི་ལས་བྱེད་པ་དེ་ལ་སླར་བཟློག་པ་དང་། དཀྲུགས་པ་ནི། མི་བཙན་ནོ། །བཙུན་པ། གང་ཟག་བཅུ་གཉིས་ཀྱི་ལས་བསྐོ་བའི་ཚེ་དང་། བསྙེན་པར་རྫོགས་པར་རིགས་པ་ལ་བསྙེན་པར་རྫོགས་པར་བགྱིད་པའི་ཚེ་དབྱུང་བར་རིགས་པ་ལ་འབྱིན་པའི་ཚེ་སླར་ཟློག་ཅིང་སླར་དཀུགས་ཏེ་བདག་ལ་ལས་མ་བྱེད་ཅིག་།ཅེས་མཆི་ན། དེ་དག་གིས་སླར་བཟློག་པ་དང་། སླར་དཀྲུགས་པ་མི་བཙན་ནམ། ཨུ་པ་ལི། བཙན་ནོ། །ཆད་པའི་ལས་ལ་ངས་དགོངས་ཏེ་གསུངས་སོ། །བཙུན་པ། ལས་བགྱིད་པ་ཞིག་ལས་བགྱིད་པའི་ཚེ་དུས་འདས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལས་མང་དུ་བྱས་པ་དེའང་དུས་འདས་ན། ལས་བྱས་པ་ཞེས་བྱའོ། །བཙུན་པ། ཉེ་བར་ཕྱོགས་པ་དང་ལྷན་ཅིག་ཀུན་ཏུ་སྤྱད་པར་བགྱིའམ། ཀུན་ཏུ་མི་སྤྱད་པར་བགྱི། ཨུ་པ་ལི། ཉེ་བར་ཕྱོགས་པ་དང་ལྷན་ཅིག་ཀུན་ཏུ་མི་སྤྱད་པར་བྱའོ། །བཙུན་པ། སྤངས་པ་དེ་གྲོགས་ཞེས་བགྱིའམ། གྲོགས་མ་ལགས་པ་ཞེས་བགྱི། ཨུ་པ་ལི། སྤངས་པ་ཐམས་ཅད་ནི། གྲོགས་མ་ཡིན་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བསྡིགས་པའི་ལས་བགྱིས་པ་ལ་བཟོད་པ་སྩོལ་ཅིག་།ཅེས་གསུངས་ན། བཙུན་པ། གང་དུ་བཟོད་པ་སྩལ་བར་བགྱི། མཚམས་ཀྱི་ནང་དུའོ། །ཇི་ལྟར་བཟོད་པ་གསོལ་བར་བགྱི། སྤུ་འགྲེང་བ་ཉལ་བཞིན་དུ་དགེ་འདུན་ལ་སྤུ་བསྙལ་ཏེ་འབྱུང་བར་རྩོལ་ཞིང་ཕྱག་འཚལ་བར་སྟོན། མཚམས་ཀྱི་ནང་དུ་འདུག་ནས་བཟོད་པ་གསོལ་ཏེ་


DKG012_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མཐོལ་བའོ། །བཙུན་པ། སུ་གང་ལ་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོའང་སླར་མ་བཏང་བ་དེ་དག་ཐམས་ཅད་ནོངས་པར་འགྱུར་རམ། སུ་གང་ལ་ནོངས་པ་བྱུང་བ་དེ་དག་ཐམས་ཅད་ཀྱང་ལན་གསུམ་དུ་བསྒོ་བར་བགྱི་འམ། སུ་གང་ལ་ཞིག་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་ཡང་སླར་མ་བཏང་བ་དེ་དག་ཐམས་ཅད་ལ་ཉེས་བར་འགྱུར་རོ། །ནོངས་པ་བྱུང་ཡང་དེ་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་མི་འཚལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། བསྒོ་བའི་རིགས་པ་ཞིག་བསྒོ་བར་འོས་པ་མ་གཏོགས་པར་དེ་ལས་ཉེས་པ་གཞན་བྱུང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཆོས་གང་དང་ལྡན་པའི་དགེ་སློང་དེ་ལ་སྨ་དབབ་པའི་ལས་དང་། སྤང་བའི་ལས་དང་། རྣམ་པར་དག་པའི་ལས་རྣམས་བྱའོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་དགེ་སློང་མ་ལ་ཡང་དེ་ལྟ་བུའི་ཆོས་དང་ལྡན་པར་གྱུར་ན། དེ་དག་ལ་ཡང་ལས་དེ་རྣམས་བགྱིའམ། ཨུ་པ་ལི། བྱའོ། །བཙུན་པ། དེ་སྟེ་དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཆོས་དེ་དག་དང་ལྡན་པར་གྱུར་ན། དེ་དག་ལ་ཡང་ལས་དེ་རྣམས་བགྱིའམ། ཨུ་པ་ལི། རྣམ་པར་དག་པའི་ལས་མ་གཏོགས་པར་ལས་གཞན་རྣམས་ནི། མི་བྱའོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང་། འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་སྨྱོས་པ་དང་། །སྙོམས་ཞུགས་འགྲོ་བ་དེ་བཞིན་མཚན། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། སྨྱོན་པ་ལ་སྡོམ་པ་བྱིན་པ་མ་གཏོགས་པའི་ལས་ལྷག་མ་རྣམས་ནི། དེ་སྟེ་སླར་དགེ་སློང་དུ་འདུ་ཤེས་ཡོད་ཅིང་། ལས་འདི་ནི། བདག་ལ་བྱེད་དོ་བར་ཤེས་ན། ལས་བྱས་བ་ཞེས་བྱའོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། གཉིད་ཀྱིས་ལོག་པ་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལུས་སམ། ངག་གིས་དམིགས་ནས་གསོལ་བ་དང་ལས་བྱ་བའི་ཚེ་གཉིད་ལོག་ན།


DKG012_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པ་ཞེས་བྱའོ། །དེ་བཞིན་དུ་མྱོས་པ་དང་། ར་རོ་བ་དང་། སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལྷུང་བཟེད་ཁས་དབུབ་པ་མ་གཏོགས་ཏེ། ལྷག་མ་རྣམས་ནི། བྱས་པ་ཞེས་བྱའོ། །བཙུན་པ། གང་ལ་ལས་བགྱིད་པ་དེའི་མཚན་གྱུར་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །བཙུན་པ། མ་ནིང་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་བརྗོད་པར་བྱའོ། །བཙུན་པ། ཟ་མ་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་དང་དེ་བཞིན་མཚན། །བཙུན་པ། ལས་བགྱིད་པ་སྨྱོན་པ་ཞིག་གིས་ལས་བགྱིད་ན། བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། ཨུ་པ་ལི། དེ་སྟེ་དགེ་སློང་དུ་འདུ་ཤེས་སླར་རྙེད་ཅིང་གསོལ་བ་བྱས་ཏེ་ལས་མ་ཉམས་ན། བྱས་པ་ཞེས་བྱའོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། ལས་བགྱིད་པ་འགྲོ་བ་གཞན་དུ་གནས་པ་ཞིག་གིས་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་བཞིན་ནོ། །དེ་བཞིན་དུ་ལས་བགྱིད་པ་ཁྱིམ་པ་དང་། ཟ་མ་དང་། མ་ནིང་དང་། ལྷན་ཅིག་མི་གནས་པ་དང་། སོ་སོར་གནས་པ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་གིས་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་


DKG012_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པས་ལས་བགྱིད་པ་དེ་མཚན་གྱུར་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །ཇི་ལྟར་ལས་བྱེད་པ་དེ་བཞིན་དུ་གྲངས་སུ་བསྐངས་པས་ཀྱང་བརྗོད་པར་བྱའོ། །ལས་ཀྱི་དངོས་པོ་སྟེ། དམར་སྐྱའི་དངོས་པོ་རྫོགས་སོ།། །།


previousདམར་སྐྱའི་དངོས་པོ་བཤད་པ། next