Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
གང་ཟག་གི་དངོས་པོ་དང་ཆད་པའི་དངོས་པོ་བཤད་པ།
   
   
  expand section


 
previousགང་ཟག་གི་དངོས་པོ་དང་ཆད་པའི་དངོས་པོ་བཤད་པ།next

གང་ཟག་གི་དངོས་པོ་དང་ཆད་པའི་དངོས་པོ་བཤད་པ།


DKG012_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། ཆད་པ་རྣམ་པ་བདུན་དུ་བྱས། །གནས་གསུམ་དང་ནི་མུ་སྟེགས་ཅན། །བསྒྲགས་པ་དང་ནི་ཉེས་པ་དང་། །མཚན་དང་སྦྱིན་པ་མ་ཡིན་པའོ། །བཙུན་པ། གང་ཟག་དེ་ཉིད་ཆད་པ་བགྱིད་པ་ལགས་ལ། དེ་ཉིད་ཆད་པ་འཁོར་བ་ཡང་ལགས། དེ་ཉིད་མགུ་བར་སྤྱོད་པ་ལགས་ལ། གང་ཟག་དེ་ཉིད་ཀྱིས་ཡིད་མགུ་བར་སྤྱད་ལགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་འདི་ལྟར་གང་ཟག་ཡིད་མགུ་བར་སྤྱད་ཟིན་པ་ལས་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དགེ་འདུན་ལ་ཡིད་མགུ་བར་བྱ་བ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་ཡིད་མགུ་བར་བྱ་བ་བྱིན་ཏེ། དེ་ཡིད་མགུ་བར་བྱ་བ་སྤྱོད་པ་ན། དེ་ཡང་དགེ་འདུན་གྱི་ལྷག་མའི་ཉེས་པ་གཉིས་བྱུང་སྟེ། གཅིག་ནི། ཞག་གཅིག་ཏུ་བཅབས་ལ། གཅིག་ནི། ཞག་གཉིས་སུ་བཅབས་ནས་དེ་ཉེས་པ་དེ་དག་གིས་ཕྱིར་དགེ་འདུན་ལས་ཆད་པར་བྱ་བ་གསོལ་པ་དང་། དེ་ལ་དགེ་འདུན་གྱིས་ཀྱང་ཆད་པར་བྱེད་པ་ཡིན་ནོ། །དེས་ཞག་གཅིག་ཏུ་ཆད་པ་བྱས་ཏེ་དེའི་ཉེས་པ་གཅིག་གི་ཆད་པ་ནི། བྱས་སོ། །གཉིས་པའི་ཆད་པ་ནི། བྱེད། གསུམ་དུ་ནི། ཡིད་མགུ་བར་བྱ་བ་སྤྱོད། །བཞི་པ་ནི། ཡིད་མགུ་བར་བྱ་བ་སྤྱད་པའོ། །བཙུན་པ། ཆད་པ་བགྱིད་པའི་རིགས་པ་ཞིག་ལ་ཡིད་མགུ་བར་བགྱིད་པ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། བྱིན་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཆད་པ་བགྱིད་པའི་རིགས་པའི་གང་ཟག་ཅིག་ཕྱུང་ན། ཕྱུང་པ་ཞེས་བགྱིའམ། ཨུ་པ་ལི། ཕྱུང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཡིད་མགུ་བར་བགྱིད་པར་རིགས་པའི་གང་ཟག་ལ་ཆད་པ་


DKG012_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། ཡིད་མགུ་བར་བགྱིད་པར་རིགས་པའི་གང་ཟག་ཅིག་ཕྱུང་ན། ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། ཕྱུང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དབྱུང་བར་རིགས་པའི་གང་ཟག་ལ་ཆད་པ་བགྱིད་དུ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། དབྱུང་བར་རིགས་པའི་གང་ཟག་ཅིག་ཡིད་མགུ་བར་བགྱིད་པ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ལ་གནས་བཞིར་ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པ་སྩོལ་ཅིང་དབྱུང་བའི་ལས་ཀྱང་བགྱིད་པར་རུང་ངམ། ཨུ་པ་ལི། དེ་འདི་ལྟར་ལས་བྱེད་པའི་དགེ་སློང་དེ་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་ལས་བྱེད་ན། རུང་ངོ་། །བཙུན་པ། ལས་བགྱིད་པས་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་གསོལ་པ་གཅིག་དང་། ལས་གཅིག་གིས་གང་ཟག་བཞི་ལ་ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པ་དང་། དབྱུང་བའི་ལས་རྣམས་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། མཚམས་གཅིག་པ་ལ་མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ་། །བཙུན་པ། དགེ་སློང་ཞིག་གིས་མཚམས་གཅིག་ན་གནས་ཤིང་ལྷན་ཅིག་ཏུ་འཁོད་པའི་དགེ་སློང་དེ་དག་མ་མཆིས་བཞིན་དུ་ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པ་དང་། དབྱུང་བའི་ལས་བགྱིད་ཀྱང་ནོངས་པར་མི་འགྱུར་ལ། དེས་དགེ་འདུན་ལ་ཡང་མི་མཐུན་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དད་པ་རྗེས་སུ་ཕུལ་བའོ། །བཙུན་པ། ལས་བགྱིད་པའི་དགེ་སློང་ཕྱོགས་གཅིག་ཏུ་མཆིས་ནས་གང་ཟག་བཞི་ལ་ཆད་པ་བགྱིད་པ་དང་། ཡིད་མགུ་བར་བགྱིད་པའི་ལས་བགྱིད་ན། ལས་ཀྱང་བགྱིས་པར་འགྱུར་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་


DKG012_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ལས་བྱེད་པའི་དགེ་སློང་དེས་མཚམས་མནན། མཚམས་བཟུང་སྟེ་མཚམས་སུ་འགྲེང་ངམ། འདུག་ཀྱང་རུང་། གཉིས་ནི། མཚམས་ཀྱི་ནང་དུ་བཞག་།གཉིས་ནི། མཚམས་ཀྱི་ཕྱི་རོལ་ཏུ་བཞག་སྟེ་བྱེད་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཆད་པ་བགྱིད་པ་གཉིས་ཐོག་གཅིག་པའི་གནས་སུ་མ་གནས་ཤིག་།ཅེས་གསུངས་ན། བཙུན་པ། ཆད་པ་བགྱིད་པ་གཉིས་ཐོག་གཅིག་པའི་གནས་སུ་གནས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྔོན་མུ་སྟེགས་ཅན་དང་ལྷན་ཅིག་གནས་ནའོ། །བཙུན་པ། ནོངས་པ་གང་ཡང་མ་བྱུང་བ་དེའང་ཆད་པ་བགྱིད་པ་མཆིས་སམ། ཨུ་པ་ལི། ཡོད་དེ། སྔོན་མུ་སྟེགས་ཅན་ནོ། །བཙུན་པ། དགེ་འདུན་གྱི་ལྷག་མ་མ་བྱུང་བ་ཞིག་ལ་ཆད་པ་བགྱིད་དུ་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མུ་སྟེགས་ཅན་ལའོ། །བཙུན་པ། དགེ་སློང་ཞིག་གིས་ནོངས་པའི་མིང་དང་རིགས་མ་བསྒྲགས་ན། བཅབས་པ་ཞེས་བགྱིའམ། ཨུ་པ་ལི། བཅབས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་རིགས་བསྒྲགས་ལ་མིང་མ་བསྒྲགས་ན། བཅབས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་འདུན་གྱི་ལྷག་མ་དུ་ལས་བྱུང་། ཨུ་པ་ལི། བཅུ་གསུམ་ལས་སོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མ་ཞིག་བྱུང་བར་གྱུར་ལ་དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། དེ་ལ་དགེ་འདུན་གྱི་ལྷག་མ་ལས་ནི། བྱུང་གི་།ཉེས་བྱས་ཀྱི་ལྟུང་བ་ནི། བཤགས་པར་བྱའོ། །བཙུན་པ། དགེ་སློང་མ་ཞིག་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་མ་དེ་ཐུང་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བར་གྱུར་ལ་དེའི་མཚན་


DKG012_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་ཏེ་དགེ་སློང་ཕར་གྱུར་ན། དགེ་འདུན་གྱི་ལྷག་མ་ལས་ནི། བྱུང་གི། ཉེས་བྱས་ཀྱི་ལྟུང་བ་ནི། བཤགས་པར་བྱའོ། །བཙུན་པ། དགེ་འདུན་གྱི་ལྷག་མའི་ནོངས་པ་ལས་བྱུང་བ་བཞིན་སླར་ཡང་ནོངས་པ་དེ་བཤགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེས་ཐུན་མོངས་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བར་གྱུར་པ་དང་། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་དགེ་འདུན་གྱི་ལྷག་མ་བྱུང་བ་དང་། དེ་སླར་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཉེས་པ་དེ་བཤགས་དགོས་སོ། །བཙུན་པ། དགེ་སློང་ཞིག་ཆད་པ་སྤྱོད་པ་ལས་དེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་སློང་མ་ལ་ཆད་པ་བྱའོ། །བཙུན་པ། དགེ་སློང་དེ་ཡིད་མགུ་པར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཇི་ཙམ་དུ་སྤྱད་པ་དེ་བགྲངས་ལ་དགེ་འདུན་སྡེ་གཉིས་ལ་ཟླ་བ་ཕྱེད་དུ་སྐོངས་ཤིག་།བཙུན་པ། དགེ་སློང་མ་ཞིག་ཆད་པ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་སློང་ཕ་ལ་ཆད་པ་བྱོས་ཤིག་།བཙུན་པ། དགེ་སློང་མ་ཞིག་ཡིད་མགུ་བར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཞག་དྲུག་ཏུ་བགྲངས་ལ་ཕྱུང་ཞིག་།བཙུན་པ། བསླབ་པ་སྩལ་པས་དགེ་སློང་ལ་ཆད་པ་བགྱི་བ་དང་། ཡིད་མགུ་བར་བགྱི་བ་སྩལ་པར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། བསླབ་པ་སྩལ་པ་ལ་ཆད་པ་བགྱི་བ་དང་། ཡིད་མགུ་བར་བགྱི་བ་སྩལ་བ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །མདོར་ན། ཉེས་དང་དེ་བཞིན་མཚན་མོ་དང་། །སྐད་རྣམས་དང་ཡང་བཞི་པ་དང་། །ལུས་དང་དབེན་དང་དེ་བཞིན་སྔགས། །བཞི་པ་གཉིས་དང་སྦྱངས་པའོ། །བཙུན་པ། ནོངས་པ་དང་བཅས་པས་དགེ་སློང་ལ་ཆད་པ་བགྱི་བ་དང་། ཡིད་མགུ་བར་བགྱི་བ་སྩལ་པར་རུང་ངམ། ཨུ་པ་ལི། མི་རུང་ངོ་། །བཙུན་པ། ནོངས་པ་དང་བཅས་པ་ལས་ཆད་པར་


DKG012_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའམ། ཡིད་མགུ་བར་བགྱི་བ་སྤྱད་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །དེ་བཞིན་དུ་གྲངས་སུ་སྐོང་བའང་བརྗོད་པར་བྱའོ། །བཙུན་པ། ཆད་པ་བགྱིད་པ་བཞི་གནས་གཅིག་ན་ཆད་པ་བགྱིད་དམ། ཡིད་མགུ་བར་བགྱི་བ་སྤྱོད་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། མང་པོས་མང་པོ་ལ་ཆད་པར་བྱ་བའམ། ཡིད་མགུ་བར་བྱ་བ་མི་སྤྱད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཆད་པ་བྱེད་པ་གནས་གཞན་དུ་མ་གནས་ཤིག་།ཅེས་གསུངས་ན། བཙུན་པ། དེ་སྟེ་གནས་གཞན་དུ་གནས་ན། ཞག་བགྲང་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པར་སྨྲས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། འཕགས་པའི་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། ནོངས་པ་ལུས་ཀྱིས་དམིགས་ཤིང་སྟོན་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། དགེ་སློང་ཞིག་གིས་སྨན་ནམ། སྔགས་ཀྱིས་བདག་མི་སྣང་བར་བགྱིས་ཏེ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །


DKG012_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། ས་ལ་གནས་པ་དག་གིས་ནམ་མཁའ་ལ་གནས་པ་རྣམས་ལ་ཆད་པ་བགྱིའམ། ཡིད་མགུ་བར་བགྱིའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་དག་གིས་ས་ལ་གནས་པ་རྣམས་ལ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ས་ལ་གནས་པ་དག་གིས་ནམ་མཁའ་ལ་གནས་པ་རྣམས་ཀྱི་གྲངས་སུ་བསྐངས་ཏེ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་དག་གིས་ས་ལ་གནས་པ་རྣམས་ཀྱི་གྲངས་སུ་བསྐངས་ཏེ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱི་བའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་གནས་པ་དང་། མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་སུ་ལྷན་ཅིག་རྣམ་པ་བཞིར་བྱོས་ཤིག།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་པོ་འདི་རྣམས་ལས། ཁུ་བ་ལས་བྱུང་བ་ཞག་གཅིག་བཅབས་པ་ནས་ཆིག་བཀའ་བློ་མི་བདེ་བ་ལས་བྱུང་བ་ཞག་བཅུ་གསུམ་བཅབས་པའི་བར་དུ་སྟེ། བཙུན་པ། ནོངས་པ་བཅུ་གསུམ་པོ་དེ་དག་དུས་ཐ་དད་པ་མི་འདྲ་བར་བཅབས་བ་རྣམས་ལ་གསོལ་བ་གཅིག་དང་། ལས་གཅིག་གིས་ཆད་པ་བགྱིད་དུ་སྩལ་བར་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུན་པ། ཆད་པ་འཁོར་ནས་ཡིད་མགུ་བར་བགྱིད་དུ་སྩལ་བར་རུང་ངམ། ཨུ་པ་ལི། རུང་ངོ་། །ཡིད་མགུ་བར་བགྱི་བ་སྤྱད་ལགས་པ་ལས། དབྱུང་བ་སྩལ་དུ་རུང་ངམ། ཨུ་པ་ལི། རུང་ངོ་། །བཙུ9ན་པ། དགེ་འདུན་གྱི་ལྷག་མ་ནོངས་པ་མང་པོ་མི་འདྲ་བ་ལས་བྱུང་བ་རྣམས་གསོལ་པ་གཅིག་དང་། ལས་གཅིག་གིས་དུས་གཅིག་ཏུ་གཞན་


DKG012_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆད་པ་བགྱིད་པ་དང་། གཞན་ལ་ཡིད་མགུ་བར་བགྱིད་པ་དང་། གཞན་ལ་དབྱུང་བ་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་།། བཙུན་པ། དགེ་འདུན་གྱི་ལྷག་མ་ནོངས་པ་མང་པོ་མི་འདྲ་བ་ལས་བྱུང་བ་རྣམས་གསོལ་བ་གཅིག་དང་། ལས་གཅིག་གིས་དུས་གཅིག་ཏུ་གང་ཟག་གཅིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་པ་དང་། དབྱུང་བ་རྣམས་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་། །མདོར་ན། སྨྱོན་པ་སེམས་འཁྲུགས་ནད་ཀྱིས་གཟིར། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་དང་སྙོམས་ཞུགས་འགྲོ་བ་མཚན།། ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ཞིག་གིས་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་རྣམས་སོ། །བཙུན་པ། སྨྱོན་པ་ཞིག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་།གླེན་པ་དང་། འོན་པ་དང་། ལྐུགས་པ་དང་། གཉིད་ལོག་པ་དང་། མྱོས་པ་དང་། ར་རོ་བ་དང་། སྙོམས་པར་ཞུགས་པ་རྣམས་ལ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་ཞིག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །དེ་བཞིན་དུ་མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། དགེ་སློང་གིས་ཟ་མ་ཞིག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ།། དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་


DKG012_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་རྣམས་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། དགེ་སློང་གིས་ནོངས་པ་སྨྲ་བ་ན་མཚན་འཕོས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ན། ནམ་འཚོའི་བར་དུ་དབྱུང་དུ་མི་རུང་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གིས་ཕས་ཕམ་པ་བཞིའི་ཉེས་པ་ལས་གང་ཡང་རུང་སྟེ། འདས་པ་དེའི་འོག་ཏུ་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བའོ།། །།མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་དང་སྙོམས་ཞུགས་འགྲོ་བ་མཚན། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བའི་ལས་རྣམས་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་སླར་དགེ་སློང་དུ་འདུ་ཤེས་པ་དེ་ཉིད་དམ། ལུས་དང་ངག་གིས་ཀྱང་དམིགས་ཤིང་ལས་འདི་ནི། བདག་ལ་བྱེད་པར་ཤེས་ན། ལས་བྱས་པ་ཞེས་བྱའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ལའང་བརྗོད་པར་བྱའོ། །བཙུན་པ། གཉིད་ལོག་པ་དང་། ར་རོ་བ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བའི་ལས་རྣམས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལུས་སམ། ངག་གིས་དམིགས་པ་ལས་གསོལ་པ་བྱེད་པའི་ཚེ་གཉིད་ཀྱིས་ལོག་ནའང་བྱས་པ་ཞེས་བྱའོ། །དེ་བཞིན་དུ་ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བའང་རུང་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མ་ནིང་དང་། དགེ་སློང་མ་སུན་


DKG012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་བ་དང་། མི་གནས་པ་དང་། སོ་སོར་གནས་པ་ནས་སྔར་འཁྲུགས་པའི་བར་དུ་བརྗོད་པར་བྱའོ། །བཙུན་པ། དགེ་སློང་གིས་ཟ་མ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བའང་རུང་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པའི་དགེ་སློང་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་ཞིག་ལ་ཆད་པ་དང་། ཡིད་མགུ་བར་བགྱི་བ་དང་། དབྱུང་བའང་རུང་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་དག་ཀྱང་འདས་པ་དང་བཅས་པའོ། །གང་ཟག་གི་དངོས་པོ་དང་ཆད་པའི་དངོས་པོ་རྫོགས་སོ།། །།


previousགང་ཟག་གི་དངོས་པོ་དང་ཆད་པའི་དངོས་པོ་བཤད་པ།next