Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོ་སྦྱོང་དགག་པའི་དངོས་པོ་བཤད་པ།
   
  expand section


 
previousགསོ་སྦྱོང་དགག་པའི་དངོས་པོ་བཤད་པ། next

གསོ་སྦྱོང་དགག་པའི་དངོས་པོ་བཤད་པ།


DKG012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་དག་དང་གླེན་པ་དང་། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། དགེ་སློང་ཞིག་གིས་འཕྲིན་གྱིས་གསོ་སྦྱོང་བཀག་ན། བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། ཉེ་བར་ཕྱོགས་པ་དང་། སྔོན་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། བསླབ་པ་སྩལ་བ་ཞིག་གིས་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཟ་མ་ཞིག་གིས་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ནོ།། །།མདོར་ན། སྨྱོན་པར་གྱུར་དང་


DKG012_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཁྲུགས་དང་། །ནད་ཀྱིས་གཟིར་དང་འོན་གླེན་པ། །གཉིད་ལོག་ང་རོ་མྱོས་པ་དང་། །སྙོམས་པར་ཞུགས་དང་འགྲོ་བ་མཚན། །མ་ནིང་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ཞིག་ལ་གསོ་སྦྱོར་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་ལ་ཡར་བརྗོད་པར་བྱའོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་ཞིག་ལ་གསོ་སྦྱོང་བཀ་ཤ་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། བཀག་པ་ཞེས་བྱའོ། །བཙུན་པ། དེ་བཞིན་དུ་མ་ནིང་ནས་བསླབ་པ་སྩལ་པ་རྣམས་ཀྱི་བར་དུ་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། གསོ་སྦྱོང་བཀག་པ་ཞེས་བྱའོ། །བཙུན་པ། ཟ་མ་ཞིག་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། བཀག་པ་ཞེས་བྱའོ། །མདོར་ན། སྐད་དང་ལུས་དང་དབེན་དང་སྔགས། །མིག་དང་རྣ་བ་དེ་བཞིན་ཏེ། །མཚམས་དང་ས་དང་དེ་བཞིན་གནས། །གསོ་སྦྱོང་ཡིན་ཏེ་ཐ་མ་འོ། །བཙུན་པ། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་གསོ་སྦྱོང་བཀག་པ་དང་། དགེ་སློང་དེ་དག་ཀྱང་འཕགས་པའི་སྐད་མ་འཚལ་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་བཞིར་རྒྱས་པར་བྱའོ། །བཙུན་པ། དགེ་སློང་ཞིག་གིས་ལུས་ཀྱིས་དམིགས་པས་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གསོ་སྦྱོང་བཀག་ན། བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ཞིག་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལྷའི་མིག་གིས་མཐོང་སྟེ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་བཀག་པ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ་ལྷའི་རྣ་


DKG012_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཐོས་ཏེ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཚམས་ཀྱི་སླད་རོལ་ན་མཆིས་པ་ཞིག་གིས་མཚམས་ཀྱི་ནང་ན་མཆིས་པ་རྣམས་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ས་ལ་གནས་པ་ཞིག་གིས་ནམ་མཁའ་ལ་གནས་པ་རྣམས་ཀྱི་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་ཞིག་གིས་ས་ལ་གནས་པ་རྣམས་ཀྱི་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ཞིག་ཕྱོགས་གཅིག་ཏུ་མཆིས་ནས་གནས་བཞིར་གང་ཟག་བཞི་ལ་གསོ་སྦྱོང་བཀག་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །འདི་ལྟར་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། འདམ་བུའམ། རེ་ལྡེས་མཚམས་སུ་མནན་ཏེ་གསོ་སྦྱོང་བཀག་ན། བཀག་པ་ཞེས་བྱའོ། །བཙུན་པ། དགེ་སློང་ཞིག་གིས་དགེ་སློང་ལ་གསོ་སྦྱོང་བཀག་ཀྱང་བཀག་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་བཀྲ་ཤིས་ཀྱི་གསོ་སྦྱོང་གདོན་པའོ། །མདོར་ན། གླེང་བ་དྲན་པར་བྱ་དེ་བཞིན། །སྐབས་འབྱེད་པ་དང་སྨྲ་བར་བྱ། །ལུང་དབོག་པ་དང་འགོག་པ་དང་། །གསོ་སྦྱོང་དག་དང་སྐབས་དབྱེ་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་གླེང་བར་བྱའོ། །དྲན་པར་བྱའོ། །ཞེས་གསུངས་ན། བཙུན་པ། སྐབས་ཕྱེ་བ་ལ་གླེང་ཞིང་དྲན་པར་བགྱིས་ན། ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྐབས་ཕྱེ་བ་བཏང་ནས་གླེང་བ་དང་། དྲན་པར་བྱས་པའོ། །བཙུན་པ། ཆོས་བཞིན་དུ་གང་དུ་གླེང་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གང་དུ་དྲན་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གང་དུ་སྐབས་དབྱེ་བར་


DKG012_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གང་དུ་སྨྲ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་ལུང་དཔོག་པ་གང་དུ་དགག་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་སྐབས་འབྱེད་པ་གང་དུ་དགག་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། སྐབས་དབྱེ་བར་གསོལ་བ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། གང་དུ་སྐབས་དབྱེ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་བགྱི་བ་རྣམས་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་རྩོད་པ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་གྱི་ཡི་དམ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གསོ་སྦྱོང་དགག་པ་ནི། དུ། ཆོས་བཞིན་མ་ལགས་པ་ནི། དུ། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་དགག་པ་ནི། གཅིག་གོ། ཆོས་བཞིན་པའང་གཅིག་གོ །ཆོས་བཞིན་མ་ཡིན་པ་ནི། གཉིས་ཏེ། ཆོས་བཞིན་པའང་གཉིས་སོ། །ཆོས་བཞིན་མ་ཡིན་པ་ནི། གསུམ་སྟེ། ཆོས་བཞིན་པའང་གསུམ་མོ། །ཆོས་བཞིན་མ་ཡིན་པ་ནི། བཞི་སྟེ། ཆོས་བཞིན་པའང་བཞིའོ། །ཆོས་བཞིན་མ་ཡིན་པ་ནི། ལྔ་སྟེ། ཆོས་བཞིན་པའང་ལྔའོ། །ཆོས་བཞིན་མ་ཡིན་པ་ནི། དྲུག་སྟེ། ཆོས་བཞིན་པའང་དྲུག་གོ །ཆོས་བཞིན་མ་ཡིན་པ་ནི། བདུན་ཏེ། ཆོས་བཞིན་པའང་བདུན་ནོ། །ཆོས་བཞིན་མ་ཡིན་པ་ནི། བརྒྱད་དེ། ཆོས་བཞིན་པའང་བརྒྱད་དོ། །ཆོས་བཞིན་མ་ཡིན་པ་ནི། དགུ་སྟེ། ཆོས་བཞིན་པའང་དགུའོ། །ཆོས་བཞིན་མ་ཡིན་པ་ནི། བཅུ་སྟེ། ཆོས་བཞིན་པའང་བཅུའོ། །ཆོས་བཞིན་མ་ཡིན་པས་གསོ་སྦྱོང་དགག་པ་གཅིག་གང་ཞེ་ན། བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །འདི་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པ་གཅིག་དང་། ཆོས་བཞིན་ཡང་གཅིག་གོ །ཆོས་བཞིན་མ་ཡིན་པ་གཉིས་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གཉིས་པོ་གང་ཞེ་ན། ཇི་ལྟར་ཡང་དེ་ནི། དགེ་སློང་གིས་དགེ་སློང་ལ་བྱས་པ་ལ་


DKG012_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེད་པ་དང་། མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པ་དང་། མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་གསུམ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གསུམ་གང་ཞེ་ན། ཇི་ལྟར་ཡང་དེ་ནི། དགེ་སློང་གིས་དགེ་སློང་ལ་བྱས་པ་ལ་གཞི་མེད་པ་དང་། མ་བྱས་པ་ལ་གཞི་མེད་པ་དང་། བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པ་དང་། མ་བྱས་པ་ལ་གཞི་ཡོད་པ་དང་། བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བཞི་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གཞི་མེད་པ་བཞིས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གཞི་ཡོད་པ་བཞིས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་ལྔ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ལྔ་པོ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་རྣམས་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་རྣམས་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་དྲུག་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དྲུག་པོ་གང་ཞེ་ན། ལྷག་མ་ཡོད་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་ཡོད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་ཡོད་པ་བྱས་པ་དང་། མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་


DKG012_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དྲུག་པོ་གྲང་ཞེ་ན། ལྷག་མ་ཡོད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་ཡོད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་ཡོད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བདུན་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བདུན་པོ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བརྒྱད་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བརྒྱད་གང་ཞེ་ན།ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པས་བྱས་པ་ལ་གཞི་མེད་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པར་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། ལྟ་བ་ཉམས་པ་དང་། འཚོ་བ་ཉམས་པར་བྱས་པ་ལ་གཞི་ཡོད་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པར་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་བའོ། །ཆོས་བཞིན་མ་ཡིན་


DKG012_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གང་ཞེ་ན། ལྷག་མ་དང་བཅས་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་མེད་པ་དང་ལྷག་མ་མེད་པ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་དང་། མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ལྷག་མ་དང་བཅས་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང་། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བཅུ་དང་། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བཅུ་གང་ཞེ་ན། ཕས་ཕམ་པ་ཡིན། ཕས་ཕམ་པའི་གཏམ་ལ་ཞུགས་པ་ཡིན། ཚུལ་ཁྲིམས་ཉམས་པ་ཡིན། ལྟ་བ་ཉམས་པ་ཡིན། སྤྱོད་པ་ཉམས་པ་ཡིན། འཚོ་བ་ཉམས་པ་ཡིན། བསླབ་པ་ཕུལ་བ་ཡིན། བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་ཡིན། དགེ་འདུན་ལ་དཔྱས་འདོགས་པ་ཡིན། དགེ་འདུན་ལ་དཔྱས་འདོགས་པའི་གཏམ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཇི་ལྟར་ན། ཕས་ཕམ་པ་ཡིན་ཞེ་ན། གང་གི་རྣམ་པ་དང་། གང་གི་ཚུལ་དང་། གང་གི་མཚན་མས་དགེ་སློང་ཕས་ཕམ་པའི་ཉེས་པ་བྱུང་བ་དེའི་རྣམ་པ་དང་། དེའི་ཚུལ་དང་། དེའི་མཚན་མས་དགེ་སློང་


DKG012_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཕས་ཕམ་པའི་ཉེས་པ་བྱུང་པར་མཐོང་བ་ཡིན་ནོ། །དེ་དེས་མཐོང་བས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ཡིན་ཏེ། དེ་ལྟར་ན། ཕས་ཕམ་པ་ཡིན་ནོ། །ཇི་ལྟར་ན། ཕས་ཕམ་པའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི། གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ཡང་རུང་། དགེ་སློང་མང་པོ་འདུས་ཤིད་འཁོད་པར་གྱུར་པ་རྣམས་ཀྱང་དེ་ལས་བྱུང་བ། དེ་དང་མཐུན་པ། དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང་། བདག་རང་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང་། དོགས་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། ཚུལ་ཁྲིམས་ཉམས་པ་ཡིན་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་ཕས་ཕམ་པ་ཤིན་ཏུ་འདས་པར་གྱུར་པའོ། །ཇི་ལྟར་ན། ལྟ་བ་ཉམས་པ་ཡིན་ཞེ་ན། ལྟ་བ་དྲུག་ཅུ་རྩ་གཉིས་ལས་གང་ཡང་རུང་སྟེ། ལྟ་བར་འགྱུར་བ་རབ་ཏུ་ཐོབ་པ་ཡིན་ནོ། །ཇི་ལྟར་ན་སྤྱོད་པ་ཉམས་པར་གྱུར་པ་ཡིན་ཞེ་ན། མི་སྤྱོད་པ་རྣམས་སྤྱོད་པ་སྟེ། དགེ་སློང་གི་བསླབ་པ་རྣམས་ལ་མི་སློབ་པའོ། །ཇི་ལྟར་ན། འཚོ་བ་ཉམས་པ་ཡིན་ཞེ་ན། འཚོ་བ་ཡོངས་སུ་མ་དག་པ་ཡིན་ནོ། །ཇི་ལྟར་བསླབ་པ་ཕུལ་བ་ཡིན་ཞེ་ན། གང་གི་རྣམ་པ་དང་། གང་གི་ཚུལ་དང་། གང་གི་མཚན་མས་དགེ་སློང་བསླབ་པ་འབུལ་བདེའི་རྣམ་པ་དང་། དེའི་ཚུལ་དང་། དེའི་མཚན་མས་དགེ་སློང་དུ་མཐོང་བ་ཡིན་ཏེ། དེ་དེས་མཐོང་ནས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི། གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ནའང་རུང་། དགེ་སློང་རྣམས་འདུས་ཏེ་འཁོད་པ་དེ་དག་ཀྱང་དེ་ལས་བྱུང་བ། དེ་དང་མཐུན་པ། དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང་། བདག་ཉིད་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང་། དེའི་དོགས་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། དགེ་འདུན་ལ་དཔྱས་འདོགས་པ་ཡིན་ཞེ་ན། གང་གི་རྣམ་པ་དང་། གང་གི་ཚུལ་དང་། གང་གི་མཚན་མས་དགེ་སློང་གི་དགེ་འདུན་ལ་སྨོད་པ་དེ་ལྟ་བུའི་རྣམ་པ་དང་། དེ་ལྟ་བུའི་ཚུལ་དང་། དེ་ལྟ་བུའི་མཚན་མས་དགེ་འདུན་ལ་


DKG012_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་པའི་དགེ་སློང་དུ་མཐོང་བ་ཡིན་ཏེ། དེ་དེས་མཐོང་ནས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། དགེ་འདུན་ལ་དཔྱས་འདོགས་པའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི། གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ཏུའང་རུང་། དགེ་སློང་རྣམས་འདུས་ཏེ་འཁོད་པ་དེ་དག་ཀྱང་དེ་ལས་བྱུང་བ། དེ་དང་མཐུན་པ། དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང་། བདག་རང་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང་། དེ་ལྟ་བུའི་དོགས་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་བཅུ་པོ་འདི་དག་ལྡོག་པ་ནི། ཆོས་བཞིན་མ་ཡིན་པར་སྦྱར་བར་བྱའོ། །གསོ་སྦྱོང་དགག་པའི་དངོས་པོ་རྫོགས་སོ།། །།


previousགསོ་སྦྱོང་དགག་པའི་དངོས་པོ་བཤད་པ། next