Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཅུ་གཉིས་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མལ་སྟན་གྱི་དངོས་པོ་བཤད་པ།
  expand section


 
previousམལ་སྟན་གྱི་དངོས་པོ་བཤད་པ། next

མལ་སྟན་གྱི་དངོས་པོ་བཤད་པ།


DKG012_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། དགེ་ཚུལ་ལོ་མ་ལོན་པ་གཅིག་།ཁ་དོག་ངན་དང་གནས་དེ་བཞིན། །མ་བསྐོས་པ་དང་ཕྱག་བྱ་བ། །མངོན་སུམ་རྡུལ་གཟན་མེད་པའོ། །བཙུན་པ། དགེ་ཚུལ་པ་ཉི་ཚེ་དབྱར་ཚུལ་དུ་ཞུགས་ན། དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པ་ལི། བླང་བར་ནི། བྱའོ། །བཙུན་པ། ལོ་མ་ལོན་པ་དག་ཅིག་ཉི་ཚེ་དབྱར་ཚུལ་དུ་ཞུགས་ན། དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པ་ལི། བླང་བར་ནི། བྱའོ། །བཙུན་པ། དགེ་སློང་གཅིག་གམ། གཉིས་སམ། གསུམ་མམ། བཞི་དབྱར་ཚུལ་དུ་ཞུགས་ན། དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པ་ལི། བླང་བར་ནི། བྱའོ། །ཨུ་པ་ལི། གང་དུ་དགེ་སློང་ལྔའམ། དེ་ལས་ལྷག་པར་གནས་ན། དེ་དག་གིས་གསོལ་བ་བྱས་ལ་མལ་སྟན་བགེད་བ་སྐོས་ཤིག་།བསྐོས་པ་དེས་མལ་སྟན་བགོའོ། །བཙུན་པ། མལ་སྟན་དེ་ཉིད་སྤྱད་པས་ནོངས་པར་འགྱུར་བ་དང་། དེ་ཉིད་སྤྱད་པས་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་ཟག་གིས་མལ་སྟན་ཁ་དོག་ངན་པར་མ་གྱུར་པའམ། ཁ་ཚར་རིང་བ་སྤྱད་ན། ཉེས་པ་དང་། བཅས་པའོ། །དགེ་འདུན་གྱི་སྤྱད་ན། ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་མལ་སྟན་


DKG012_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཞན་དུ་ཁྱེར་ཞིང་མ་སྤྱོད་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་མལ་སྟན་གནས་གཞན་དུ་འཚལ་ཏེ་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བར་ཆད་བརྒྱད་ལས་གང་ཡང་རུང་སྟེ་བར་ཆད་གཅིག་བྱུང་བར་གྱུར་པ་དང་། གནས་དེ་ཉིད་དུ་མལ་སྟན་སྲུང་བར་མི་ནུས་པ་དང་། གནས་དེར་མི་གནས་པར་སྡོམ་པ་བཅས་པ་ལ་ནི། ཉེས་པ་མེད་དོ། །བཙུན་པ། མ་བསྐོས་པས་མ་ལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་མལ་སྟན་དེ་ཉིད་སྤྱད་ན། ནོངས་པར་འགྱུར་བ་དང་། དེ་ཉིད་སྤྱད་པས་ནོངས་པར་མི་འགྱུར་བ་མ་ཆིས་སམ། ཨུ་པ་ལི། ཡོད་དེ། སྤུ་ཕྱིར་ཟློག་སྟེ་གྱོན་ན། ཉེས་པ་དང་བཅས་པའོ། །བཏིང་ན། ཉེས་པ་མེད་དོ།། རྡུལ་གཟན་མེད་པར་གྱོན་ན། ཉེས་པ་དང་བཅས་པའོ། །རྡུལ་གཟན་དང་བཅས་པར་གྱོན་ན། ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་ཉེ་བར་ཕྱོགས་པ་དང་གནས་པར་མི་བྱའོ། །ཞེས་གསུངས་ན། བཙུན་པ། ཅི། ཉེ་བར་མ་ཕྱོགས་པས་ཉེ་བར་ཕྱོགས་པ་རྒན་པ་ལ་ཡང་ཕྱག་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཉེ་བར་ཕྱོགས་པ་ཐམས་ཅད་ཀྱིས་ཉེ་བར་མ་ཕྱོགས་པ་རྣམས་ལ་ཕྱག་བྱོས་ཤིག་།དགེ་སློང་རྣམས་ཀྱི་ཐ་མར་གཞག་གོ །བཙུན་པ། ཅི། དེ་དག་ལ་མལ་སྟན་ཀྱང་དགེ་སློང་དེ་དག་གི་ཐ་མར་སྩལ་ཏམ། ཨུ་པ་ལི། ཉེ་བར་ཕྱོགས་པ་ལ་རྙེད་པ་དང་མལ་སྟན་བྱིན་པ་མེད་དོ། །བཙུན་པ། མངོན་སུམ་དུ་མ་གྱུར་པ་ལ་མལ་སྟན་སྩལ་པར་བགྱིའམ། ཁ་ཅིག་ལ་བྱིན་ཅིག་།ཁ་ཅིག་ལ་མ་སྦྱིན་ཅིག་།གང་ལ་སྩལ་བར་བགྱི། སོང་ནས་ཕྱིར་འོང་བ་ལ་ནི། བྱིན་ཅིག་།སུ་ལ་མི་སྩལ། སོང་ནས་ཕྱིར་འོང་བ་ལ་ནི། མ་སྦྱིན་ཅིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་རྫས་རྡུལ་གཟན་མ་མཆིས་པར་མ་སྤྱད་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་འདུན་གྱི་རྫས་རྡུལ་གཟན་མ་མཆིས་པར་སྤྱད་ཀྱང་ནོངས་པར་མི་འགྱུར་བ་མཆིས་དམ། ཨ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། ཁྱིམ་བདག་གཅིག་གིས་གཡོགས་པའམ་བགོ་བཞིག་རྡུལ་གཟན་མེད་པར་སྤྱད་པར་དགེ་འདུན་ལ་ཕུལ་བ་ཡིན་ནོ། །མདོར་ན། ཀུན་དགའ་བོ་དང་གང་ཟག་དང་། །དེ་ལྟར་ཕྱག་དང་རུང་བ་དང་། །ཐ་མ་དབྱར་དུ་གནས་པ་དང་། །


DKG012_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཆ་དབྲི་བ་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མ་འོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཁྱོད་ཀྱིས་མལ་སྟན་ལྷག་མ་རྣམས་བགོས་ཤིག་།ཅེས་གསུངས་ན། ལྷག་པ་གང་ལགས། གང་གཅིག་དང་། གཉིས་པོའི་ཕྱོགས་ལས་ལྷག་པར་གྱུར་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་མལ་སྟན་རྡུལ་གཟན་མ་མཆིས་པར་མ་སྤྱད་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གང་ཟག་གིས་མལ་སྟན་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གློ་བུར་དུ་ལྷགས་པ་དང་། གཞི་པ་རྣམས་ཇི་ལྟར་རྒན་རིམ་བཞིན་ཕྱག་བྱོས་ཤིག་།ཅེས་གསུངས་ན། བཙུན་པ། དེ་སྟེ་ཆད་པ་བགྱིད་པའི་དགེ་སློང་རྒན་པ་ལའང་ཕྱག་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཕྱག་བྱ་བའི་མི་རིགས་པ་ཐམས་ཅད་ལ་ཕྱག་མི་བྱ་སྟེ། འཁོན་ཡོད་པ་ནི། མ་གཏོགས་སོ། །ཨུ་པ་ལི། དགེ་འདུན་གྱི་ནང་ན་ཕྱག་བྱ་བའི་མི་རིགས་པའི་གང་ཟག་རྣམས་གང་ཞེ་ན། བསྡིགས་པའི་ལས་བྱས་པ་དང་། སྨད་པའི་ལས་བྱས་པ་དང་། བསྐྲད་པའི་ལས་བྱས་པ་དང་། སླར་སྡུམ་པའི་ལས་བྱས་པ་དང་། མ་མཐོང་བའི་ཕྱིར་སྤང་བའི་ལས་བྱས་པ་དང་། ལས་སླར་མི་བྱེད་པའི་ཕྱིར་སྤང་བའི་ལས་བྱས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་སྦངས་པའི་ཕྱིར་སྤང་བའི་ལས་བྱས་པ་དང་། ཆད་པ་བྱེད་པ་དང་། གཞི་ནས་བསླངས་ཏེ་ཆད་པ་བྱེད་པ་དང་། ཆད་པ་འཁོར་བ་དང་། ཡིད་མགུ་བར་བྱ་བ་སྤྱོད་པ་དང་། གཞི་ནས་བསླངས་ཏེ་ཡིད་མགུ་བར་བྱ་བ་སྤྱོད་པ་དང་། ཁྱིམ་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་དང་། སྔོན་འཁྲུགས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་པ་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། ཤིན་ཏུ་


DKG012_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་པ་རྣམས་ལ་ཕྱག་མ་བྱེད་ཅིག་།བཤང་བ་བྱེད་པ་ལ་ཕྱག་མི་བྱའོ། །བཤང་བ་བྱེད་པས་ཕྱག་མི་བྱའོ། །གཅི་བ་བྱེད་པ་ལ་ཕྱག་མི་བྱའོ། །གཅི་བ་བྱེད་པས་ཕྱག་མི་བྱའོ། །སོ་ཤིང་ཟ་བ་ལ་ཕྱག་མི་བྱའོ། །སོ་ཤིང་ཟ་བས་ཕྱག་མི་བྱའོ། །ཟས་ཟ་བ་ལ་ཕྱག་མི་བྱའོ། །ཟས་ཟ་བས་ཕྱག་མི་བྱའོ། །འཐུང་བ་ལ་ཕྱག་མི་བྱའོ། །འཐུང་བས་ཕྱག་མི་བྱའོ། །སྒྲེན་མོ་ལ་ཕྱག་མི་བྱའོ། །སྒྲེན་མོས་ཕྱག་མི་བྱའོ།། གོས་གཅིག་པ་ལ་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་མི་བྱའོ། །མི་སྣང་བར་འདུག་པས་ཕྱག་མི་བྱའོ། །མི་བདེ་བར་འདུག་པ་ལ་ཕྱག་མི་བྱའོ། །མི་བདེ་བར་འདུག་པས་ཕྱག་མི་བྱའོ། །ལུང་ནོད་པ་ལ་ཞུགས་པའམ། ཡིད་ལ་བྱེད་པ་ལ་ཞུགས་པའམ། ཆོས་ཉན་པར་ཞུགས་པ་ལ་ཕྱག་མི་བྱའོ། །ལུང་ནོད་པ་དང་། ཡིད་ལ་བྱེད་པ་དང་། ཆོས་ཉན་པར་ཞུགས་པས་ཕྱག་མི་བྱའོ། །ཡེངས་པ་ལ་ཕྱག་མི་བྱའོ། །ཁྱིམ་གྱི་ནང་དུ་ཞུགས་པ་ལ་ཕྱག་མི་བྱ་སྟེ། གང་ཟག་འདི་དག་ནི། ཕྱག་བྱ་བར་མི་རིགས་པའོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་མཆིས་སམ། ཉལ་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བ་ལ་འདུག་གམ། ཉལ་བ་སྟེ། གང་དགེ་སློང་རྣམས་ཀྱིས་སྤྱད་པར་མི་རུང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ཆད་པ་བགྱིད་པའི་དགེ་སློང་ནི། དགེ་སློང་རྣམས་ཀྱིས་ཐ་མར་སྩལ་ཏམ། ཨུ་པ་ལི། མ་ཡིན་ཏེ། རིམ་གྱིས་སྦྱིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དབྱར་མེད་པ་དང་། རང་བཞིན་དུ་གནས་པ་རྣམས་ལ་མལ་སྟན་སྔར་བྱིན་ཅིག་།དེའི་འོག་ཏུ་སྤངས་པའི་རྣམས་ལའོ། །ཞེས་གསུངས་ན། དེ་སྟེ་མལ་སྟན་ལྷག་པར་གྱུར་ན། རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་སྩལ་ཏམ། ཨུ་པ་ལི། མི་སྦྱིན་ནོ།། བཙུན་པ། དགེ་སློང་ཞིག་གིས་གནས་བཞི་ནས་མལ་སྟན་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། དགེ་སློང་ཞིག་གིས་གནས་བཞིའི་མཚམས་ཤིང་ངམ། འདམ་བུའམ། རེ་ལྡེས་མནན་ཏེ་དབྱར་ཚུལ་དུ་ཞུགས་པ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་པ་རྣམས་ལ་


DKG012_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྙེད་པའི་སུམ་ཆ་བྱིན་ཅིག་ཅེས་གསུངས་ན། བཙུན་པ། ཅི། མལ་སྟན་ཡང་སུམ་ཆ་སྩལ་ཏམ། ཨུ་པ་ལི། མ་ཡིན་ཏེ། སྐལ་པ་མཉམ་པར་བྱིན་ཅིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གསར་བུ་རྣམས་ཀྱིས་རྒན་པོ་རྣམས་ལས་སྔོན་དུ་མལ་སྟན་མ་བླང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གཞོན་ནུས་རྒན་པ་ལས་སྔར་མལ་སྟན་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་གིས་དགེ་འདུན་ལས་གནས་ཀྱི་གནང་བ་ཐོབ་པ་དང་། ཉེ་གཡོག་གི་གནང་བ་ཐོབ་པ་ཡིན། འཇིགས་པའི་ས་ནས་ཐོས་ཏེ་འོངས་པ་ཡིན་ནོ། །བཙུན་པ། ཁྱིམ་པ་མལ་སྟན་འགོད་པར་བསྐོའམ་ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་ཟམ་ནས་བསླབ་པ་སྩལ་པའི་བར་དུ་རྒྱས་པར་མལ་སྟན་འགོད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། སྨྱོན་པ་མལ་སྟན་འགོད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་སོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་དག་མལ་སྟན་འགོད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མ་ནིང་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང་། བསླབ་པ་སྩལ་པ་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། བྱིན་ཅིག་།བཙུན་པ། སྨྱོན་པ་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། དེ་སྟེ་སྤྱད་པ་བཞིན་དུ་མི་སྤྱད་ན། མ་སྤྱིན་ཅིག་།དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། མལ་སྟན་འགོད་པར་དགེ་སློང་བསྐོ་བའི་ཚེ་མཚན་འཕོས་ན། བསྐོས་པ་ཞེས་བགྱིའམ། ཨུ་པ་ལི། བསྐོས་པ་ཞེས་བྱའོ། །དེས་མལ་སྟན་བསྐོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མལ་སྟན་གྱི་དངོས་པོ་རྫོགས་སོ།། །།


previousམལ་སྟན་གྱི་དངོས་པོ་བཤད་པ། next