Nitartha Digital Library
Tibetan
 
previousདགེ་འདུན་གྱི་དབྱེན་གྱི་དངོས་པོ་བཤད་པ། next

དགེ་འདུན་གྱི་དབྱེན་གྱི་དངོས་པོ་བཤད་པ།


DKG012_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བ་གཞུང་དམ་པ། བམ་པོ་ཉེར་གཅིག་པ། མདོར་ན། གསུམ་དུ་བྱས་པའི་གཟུ་བོ་དང་། །རྣམ་པར་ཞི་བའི་མཚན་དེ་བཞིན། །གསོ་སྦྱོང་དག་གི་མངོན་སུམ་དག་།འབྱུང་བ་དག་ཀྱང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། གཟུ་རྩོད་པ་བསྡུ་བ་ཤེ། རྩོད་པ་རྣམ་པར་ཞི་བ་ཤེས། རྩོད་པ་ཤིན་ཏུ་ཞི་བས་ཕྱིས་མི་འབྱུང་བར་ཤེས། འབྱུང་བ་ཤེས། བཅས་པ་ཤེས། རྫེས་སུ་བཅས་པ་ཤེས། དགག་པ་ཤེས། མངོན་པར་རྗེས་སུ་གནང་བ་ཤེས། ལས་བྱས་པ་དང་མ་བྱས་པ་ཤེས་པ་སྟེ། ཨུ་པ་ལི། ཆོས་བཅུ་གཅིག་བོ་འདི་དག་དང་ལྡན་པའི་གཟུ་བོ་ནི། འདུལ་བ་འཛིན་པ། རྩོད་པ་རྣམ་པར་ཞི་བར་བྱེད་ནུས་པ་ཡིན་ནོ། །གཞན་ཡང་ཆོས་བཅུ་གཅིག་སྟེ། བཅུ་གཅིག་པོ་གང་ཞེ་ན། ཉེས་པ་ཤེས། ཉེས་པ་མེད་པ་ཤེས། ཉེས་པ་ལྕི་བ་ཤེས། ཉེས་པ་ཡང་བ་ཤེས། ཉེས་པ་བྱུང་བ་ཤེས། ཉེས་པ་ལས་དབྱུང་བ་ཤེས། འདོད་པའི་ཕྱིར་མི་འགྲོ། ཞེ་སྡང་དང་། འཇིགས་པ་དང་། གཏི་མུག་གི་ཕྱིར་མི་འགྲོ་བ་དང་། ཆད་པའི་ལས་བྱ་བ་དང་མི་བྱ་བ་ཤེས་པ་སྟེ། ཨུ་པ་ལི། བཅུ་གཅིག་པོ་འདི་དག་གིས་རྣམ་པར་ཞི་བར་བྱ་བའི་བར་དུ་རྒྱས་པར་རོ། །གཞན་ཡང་ཆོས་བཅུ་གཅིག་གི་བར་དུ་སྟེ། བཅུ་གཅིག་པོ་གང་ཞེ་ན། མདོ་སྡེ་ལ་མཁས་པ་ཡིན། འདུལ་བ་ལ་མཁས་པ་ཡིན། རྣམ་པར་འབྱེད་པ་ལ་མཁས་པ་ཡིན། ལུང་ལ་ཞུགས་པ་ཡིན། མདོ་སྡེ་འབྱེད་པ་ཡིན། འཁྲུལ་བ་མི་འཛིན་པ་ཡིན། གསང་བའི་ཚིག་མི་འཛིན་པ་ཡིན། གདོན་མི་ཟ་བར་འཛིན་པ་ཡིན། ཚིག་མང་པོ་མི་འཛིན་པ་ཡིན། དམ་བཅས་པ་འཛིན་པ་ཡིན། ལན་གསུམ་གྱི་བར་དུ་གཞོག་པ་ཡིན་ཏེ། ཨུ་པ་ལི། ཆོས་བཅུ་གཅིག་པོ་འདི་དག་དང་ལྡན་པའི་གཟུ་བོ་ནི། འདུལ་བ་འཛིན་པ། རྩོད་པ་རྣམ་པར་ཞི་བར་བྱེད་ནུས་པ་ཡིན་ནོ། །ཆོས་དུ་དང་ལྡན་པས་རྩོད་པ་ཤིན་ཏུ་ཞི་བ་ལགས། ཨུ་པ་ལི། ཉི་ཤུ་རྩ་གཅིག་སྟེ། ཉི་ཤུ་རྩ་གཅིག་པོ་གང་ཞེ་ན། དགེ་འདུན་ལ་བསྒོ་བ་ཡིན། ཆོས་དང་བཅས་པས་རྒྱལ་པོའི་བཀའ་དང་


DKG012_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ཡིན། ཕྱོགས་དང་ཕ་རོལ་གྱི་ཕྱོགས་ཀྱི་དགེ་སློང་དག་གོ་བར་བྱེད་པ་ཡིན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་ལ་ཆོས་དང་མཐུན་པས་རྒོལ་བ་དང་། ཕྱིར་རྒོལ་བའི་དགེ་སློང་ལ་འདུལ་བ་མ་ཉམས་པར་བྱེད་པ་ཡིན། མི་གཙང་བའི་གང་ཟག་གི་ཉེས་པ་དང་མ་བཅས་པ་ཡིན། བྱུང་བ་ཆུད་མ་གསན་པ་ཡིན། བཅས་པ་ཆུད་མ་གསན་པ་ཡིན། རྗེས་སུ་བཅས་པ་ཆུད་མ་གསན་པ་ཡིན། དགག་པ་ཆུད་མ་གསན་པ་ཡིན། མངོན་པར་རྗེས་སུ་གནང་བ་ཆུད་མ་གསན་པ་ཡིན། ཉེས་པ་ཆུད་མ་གསན་པ་ཡིན། རྒོལ་བའི་དགེ་སློང་གི་ཡི་དམ་ཤིན་ཏུ་བཟུང་བ་ཡིན། ལན་འདེབས་པའི་ཡི་དམ་ཤིང་ཏུ་བཟུང་བ་ཡིན། མདོ་སྡེའི་ཚིག་ཀྱང་བསྟན་པ་ཡིན། འདུལ་བ་དང་མཐུན་པ་ཡིན། ཆོས་ཀྱི་མིག་རྗེས་སུ་བཟུང་བ་ཡིན། བསྐོས་ནས་རྣམ་པར་ཞི་བར་བྱེད་པ་ཡིན། ཉེས་པ་སྟོན་པ་ཡིན། ཆད་པའི་ལས་དམིགས་སུ་བབ་པ་ཡིན། རྣམ་པར་དག་པ་སྟོན་པ་ཡིན། ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པས་རྩོད་པ་རྣམ་པར་ཞི་བ་ཡིན་ཏེ། ཨུ་པ་ལི། ཆོས་ཉི་ཤུ་རྩ་གཅིག་པོ་འདི་རྣམས་དང་ལྡན་ན། རྩོད་པ་རྣམ་པར་ཞི་བ་ཞེས་བྱའོ། །བཙུན་པ། རྒོལ་བའམ། སླར་རྒོལ་བའི་དགེ་སློང་མཚན་འཕོས་ན། རྩོད་བཞི་བ་ཞེས་བགྱིའམ། ཨུ་པ་ལི། ཞི་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྩོད་པ་བྱུང་བ་བྱུང་མ་ཐག་ཏུ་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་གྱིས་རྣམ་པར་ཞི་བར་བྱའོ། །ཞེས་གསུངས་ན། བཙུན་པ། རྩོད་པ་རྣམ་པ་བཞི་ལས་གང་ཡང་རུང་སྟེ། རྩོད་པ་ཞིག་བྱུང་ན། རྩོད་པ་ཞི་བར་བགྱིད་པའི་ཆོས་བདུན་པོ་ལས་གང་ཡང་རུང་བའི་རྩོད་པ་ཞི་བར་བགྱིད་པའི་ཆོས་ཀྱིས་རྣམ་པར་ཞི་བར་མ་བགྱིས་པར་རྣམ་པར་ཞི་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། མཐུན་པའི་གསོ་སྦྱོང་ངོ་། །བཙུན་པ། རྩོད་པ་བཞི་ལས་གང་ཡང་རུང་སྟེ་རྩོད་པ་ཞིག་བྱུང་ན། རྒོལ་བ་དང་། སླར་རྒོལ་བའི་དགེ་སློང་རྣམས་ལས་གང་གི་ཚིག་གཟུང་བར་བགྱི། རྒན་རིམ་གྱིས་གཟུང་ངོ་། །བཙུན་པ། དེ་སྟེ་གཉིས་ཀའི་ལོ་གྲངས་མཉམ་ན། གང་གི་ཚིག་གཟུང་བར་བགྱི། གང་མང་དུ་ཐོས་པ་ཡིན་ནོ། །བཙུན་པ། དེ་སྟེ་གཉིས་ཀའང་གཞུང་ལ་མཚུངས་པར་གྱུར་


DKG012_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ན། གང་གི་ཚིག་གཟུང་བར་བགྱི། གང་བྱང་བ་ཡིན་ནོ། །དེ་སྟེ་གཉིས་ཀ་བྱང་བར་གྱུར་ན། གང་གི་ཚིག་གཟུང་བར་བགྱི། གང་བྱང་བའི་ཤས་ཆེ་བ་ཡིན་ཏེ། དེའི་ཚིག་གིས་རྩོད་པ་རྣམས་རྣམ་པར་ཞི་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ཚུལ་ཤིང་མང་པོས་རྩོད་པ་ཞི་བར་བྱ་བ་ལས། གང་གི་ཕྱོགས་སུ་ཚུལ་ཤིང་གཅིག་གིས་ཀྱང་ལྷག་པར་གྱུར་ན། དེའི་ཕྱོགས་དེས་རྣམ་པར་ཞི་བར་བྱའོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་ཕྱོགས་གཉིས་ཀ་ཚུལ་ཤིང་མཉམ་པར་གྱུར་ན། གང་གི་དབང་གིས་རྩོད་པ་རྣམས་རྣམ་པར་ཞི་བར་བགྱི། ཨུ་པ་ལི། ཕྱོགས་གང་གི་དགེ་སློང་དག་ཕལ་ཆེར་བྱང་བའི་ཤས་ཆེ་བ་ཡིན་ནོ། །བཙུན་པ། གང་དགེ་སློང་རྣམས་རྩོད་པ་དགེ་སློང་རྣམས་ཀྱིས་རྣམ་པར་ཞི་བར་བགྱིད་མ་ནུས་ན། བཙུན་པ། དགེ་སློང་མས་རྣམ་པར་ཞི་བར་བགྱིར་རུང་ངམ། ཨུ་པ་ལི། རུང་ངོ་། །དེ་བཞིན་དུ་སྡེ་ལྔའི་རྣམས་ཕན་ཚུན་གཅིག་ལ་གཅིག་སྦྱར་བར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིན་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་གླེན་ཁྱིམ་པ་དག་ལ་སོགས། །བསླབ་པ་བྱིན་པ་ཐ་མ་འོ། །བཙུན་པ། འཕྲིན་གྱིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། སྨྱོན་པ་ཞིག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཁྱིམ་པ་ཞིག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན་རྣམ་པར་ཞི་བ་ཞེས་


DKG012_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་མནིང་ནས་བསླབ་པ་སྩལ་པ་རྣམས་ཀྱི་བར་དུ་རྒྱས་པར་དེ་དག་གི་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། རྒོལ་བའམ། སླར་རྒོལ་བ་དུས་བགྱིས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱའོ། །དེ་བཞིན་དུ་ཁྱིམ་པ་ལགས་པར་ཁས་བླངས་པ་ནས་བསླབ་པ་སྩལ་པ་ལགས་པའི་བར་དུ་རྒྱས་པར་ཁས་བླངས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱའོ། །བཙུན་པ། རྒོལ་བའམ། སླར་རྒོལ་བའི་དགེ་སློང་མཚན་འཕོས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱའོ། །རྩོད་པའི་དངོས་པོ་རྫོགས་སོ།། །།མདོར་ན། བྱེ་འབྱེད་དགེ་འདུན་ཅ་ཅོ་དང་། །ཐ་དད་པ་དང་ཚུལ་བཞིན་དང་། །བསྐལ་པ་ཁ་ན་མ་ཐོ་ལོག་དགེ་འདུན་དབྱེ་དང་མི་མཁས་པའོ། །བཙུན་པ། དགེ་འདུན་བྱེ་བ་ཞེས་ཀྱང་བགྱི། །བཙུན་པ། དགེ་འདུན་འདུས་པ་ཞེས་ཀྱང་བགྱི་ན། བཙུན་པ། དགེ་འདུན་བྱེ་བ་གང་ལགས། ཨུ་པ་ལི། གང་དབྱེན་བྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས། འདུལ་བ་མ་ཡིན་པ་ལ་འདུལ་བ་མ་ཡིན་པར་འདུ་ཤེས་པར་གྱུར་བཞིན་དུ་དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་བཅབས། བློ་གྲོས་དང་། ལྟ་བ་དང་། རྟོག་པ་རྣམས་བཅབས་ཏེ་འདི་སྐད་དུ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། །ཞེས་སྨྲས་ནས་དེས་དགེ་སློང་དག་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག་།བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་རྗེས་སུ་བསྒྲགས་ཏེ། འདི་ལྟར། ཚེ་དང་ལྡན་པ། ཁྱེད་ཅག་ལག་གང་དད་ཅིང་བཟོད་དེ་མོས་པ་དེ་དག་གིས་ནི། ཚུལ་ཤིང་ལོངས་ཤིག་།དེ་གང་གིས་བརྟུལ་ཞུགས་ཀྱི་གནས་ལྔ་བསྒྲགས་ཏེ་གསོལ་བ་བྱས། ཚུལ་ཤིང་བྲིམས་ཏེ་མང་པོ་ཁྲིད་དེ་འགྲོ་བ་འདི་ནི། དགེ་འདུན་བྱེ་བ་ཞེས་བྱའོ། །དགེ་འདུན་


DKG012_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་གང་ཞེ་ན། དགེ་སློང་མཚམས་ཀྱི་ནང་ན་ཇི་སྙེད་འཁོད་པར་གྱུར་པ་དེ་དག་ལས་བྱེད་པ་ན། དེ་དག་ཐམས་ཅད་འདུས་པར་གྱུར། མངོན་སུམ་དུ་གྱུར། དད་པ་བླང་བར་རིགས་པའི་རྣམས་ལས་དད་པ་བླངས་པར་གྱུར། དགེ་སློང་རྣམས་ཀྱང་འཐབ་པ་མེད། རྩོད་པ་མེད་ལ། དེ་དག་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་གསོ་སྦྱོང་གི་ལས་བྱེད་པ་འདི་ནི། དགེ་འདུན་འདུས་པ་ཞེས་བྱའོ། །བཙུན་པ། དགེ་འདུན་འབྱེད་པས་བསྟིར་མེད་པའི་ཁ་ན་མ་ཐོབ་པ་བསྐྱེད་ལ་མཚམས་མེད་པའི་ལས་སུ་འགྱུར་བ་གང་ལགས། ཨུ་པ་ལི། ནམ་འབྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་ཡིན། བྱེ་བ་ལའང་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ་དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་དང་། བློ་གྲོས་དང་། ལྟ་བ་དང་། རྟོག་པ་རྣམས་བཅབས་ཏེ་འདི་སྐད་དུ། ཆོས་ནི། འདིའོ། །འདུལ་བ་ནི། འདིའོ། །སྟོན་པའི་བསྟན་པ་ནི། འདིའོ།། ཞེས་སྨྲས་ནས་དེས་དགེ་སློང་དག་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག་།བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་རྗེས་སུ་བསྒྲགས་ཏེ་གང་དབྱེན་བྱེད་པ་དེས་བརྟུལ་ཞུགས་ཀྱི་གཞི་ལྔ་རྗེས་སུ་བསྒྲགས་ཏེ་གསོལ་བ་བྱས། ཚུལ་ཤིང་བྲིམས་ནས་མང་པོ་ཁྲིད་དེ་སོང་བ་འདི་ནི། དགེ་འདུན་འབྱེད་པ་ཡིན་ཏེ། བསྟིར་མེད་པའི་ཁ་ན་མ་ཐོ་བའང་བསྐྱེད། ཡང་དག་པར་བསྒོ་བ་བླངས་ཤིང་ལེན་དུ་འཇུག་པས་མཚམས་མེད་པའི་ལས་སུ་འང་འགྱུར་རོ། །དགེ་འདུན་འབྱེད་པས་བསྟིར་མེད་པའི་ཁ་ན་མ་ཐོབ་ནི། སྐྱེ་ལ། དེ་མཚམས་མེད་པའི་ལས་སུ་མི་འགྱུར་བ་གང་ཞེ་ན། ཨུ་པ་ལི། གང་དབྱེན་བྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ། བྱེ་བ་ལ་ནི། ཆོས་སུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ། བྱེ་བ་ལ་ཡང་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ། བྱེ་བ་ལ་ཐེ་ཚོམ་ཟ་བ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཡང་ཆོས་སུ་འདུ་ཤེས་པ་དང་།


DKG012_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཆོས་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཡང་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཆོས་དང་ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་ཡང་ཐེ་ཚོམ་དུ་གྱུར་པ་དང་། ཆོས་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང་། ཆོས་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཡང་ཐེ་ཚོམ་དུ་གྱུར་པ་སྟེ། དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་བཅབས། བློ་གྲོས་དང་། ལྟ་བ་དང་རྟོག་པ་རྣམས་བཅབས་ཏེ་འདི་སྐད་དུ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། །ཞེས་སྨྲས་ནས་དེས་ཡང་དགེ་སློང་རྣམས་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག་།དགེ་འདུན་བྱེ་བའི་ཕྱིར་བརྩོན་པ་འདི་ནི། དགེ་འདུན་འབྱེད་པར་བྱེད་པ་སྟེ། བསྟིར་མེད་པའི་ཁ་ན་མ་ཐོ་བ་ནི། སྐྱེ་ལ། དེ་མཚམས་མེད་པའི་ལས་སུ་མི་འགྱུར་བ་ཞེས་བྱའོ། །བཙུན་པ། གང་ལ་ལ་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཅ་ཅོར་འགྱུར་རམ། དགེ་འདུན་བྱེ་ལ་དགེ་འདུན་ཅ་ཅོ་མེད་པ་ཡང་ཡོད། དགེ་འདུན་ཅ་ཅོར་གྱུར་ལ་དགེ་འདུན་མི་འབྱེ་བ་ཡང་ཡོད། དགེ་འདུན་ཡང་བྱེ་ལ་དགེ་འདུན་ཅ་ཅོར་ཡང་འགྱུར་བ་ཡོད། དགེ་འདུན་ཡང་མི་འབྱེ་ལ་དགེ་འདུན་ཅ་ཅོར་ཡང་མི་འགྱུར་བ་ཡོད་དེ། དགེ་འདུན་བྱེ་ལ་དགེ་འདུན་ཅ་ཅོ་མེད་པ་གང་ཞེ་ན། གང་ཆོས་སུ་འདུ་ཤེས་ལ་དགེ་འདུན་འབྱེད་


DKG012_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དགེ་འདུན་ཅ་ཅོར་གྱུར་ལ་དགེ་འདུན་མི་བྱེ་བ་གང་ཞེ་ན། དབྱེ་ན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ། དབྱེན་དུ་འགྱུར་བའི་དངོས་པོ་ཞིག་ཤིན་ཏུ་གདོན་མི་ཟ་བར་བཟུང་བར་གྱུར་ལ། དགེ་འདུན་ནི། བྱེ་བར་མ་གྱུར་པའོ། །དགེ་འདུན་ཡང་བྱེ་ལ་དགེ་འདུན་གྱི་ཅ་ཅོར་ཡང་འགྱུར་པ་གང་ཞེ་ན། འདི་ལྟར་དགེ་འདུན་དེ་དག་བྱེ་བར་གྱུར་ལ། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ། དབྱེན་དུ་འགྱུར་བའི་དངོས་པོ་ཞིག་ཤིན་ཏུ་གདོན་མི་ཟ་བར་བཟུང་བར་གྱུར་པའོ། །དགེ་འདུན་ཡང་མི་འབྱེ་ལ་དགེ་འདུན་གྱི་ཅ་ཅོར་ཡང་མི་འགྱུར་བ་གང་ཞེ་ན། རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །བཙུན་པ། གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་པར་གྱུར་པ་ལགས་སམ། དགེ་འདུན་ཐ་དད་པར་འགྱུར་ལ། དགེ་འདུན་མི་འབྱེ་བ་ཡང་ཡོད། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ཡང་ཡོད། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་འགྱུར་བ་ཡང་ཡོད། དགེ་འདུན་མི་འབྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ཡང་ཡོད་དེ་དགེ་འདུན་ཐ་དད་པར་གྱུར་ལ་དགེ་འདུན་མི་དབྱེ་བ་ནི། འདི་ལྟར། དགེ་འདུན་རྣམ་གཉིས་སོ་སོའི་གཞི་ལ་གནས་པར་གྱུར། རྙེད་པ་ཡང་ཐ་དད། གནས་ཀྱང་ཐ་དད། མཚམས་ཀྱང་ཐ་དད་པར་གྱུར་ལ། དགེ་འདུན་ནི། མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ནི། གང་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་ནི། འདི་ལྟར་དགེ་འདུན་བྱེ་བར་གྱུར་ལ། དགེ་འདུན་རྣམ་གཉིས་སོ་སོ་ན་གནས་པར་གྱུར། རྙེད་པ་ཐ་དད་པ་དང་། གནས་ཐ་དད་པ་དང་། མཚམས་ཐ་དད་པར་གྱུར་པའོ། །དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་པར་ཡང་མ་གྱུར་པ་ནི། རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །ཇི་ལྟར་དགེ་འདུན་ཐ་དད་པ་ལ་རྣམ་པ་བཞིར་གྱུར་པ་བཞིན་དུ་དགེ་འདུན་གྱི་ཚུལ་ལ་ཡང་རྣམ་པ་བཞིར་བརྗོད་པར་བྱའོ། །བཙུན་པ། གང་ལ་ལས་དགེ་འདུན་གྱི་དབྱེན་བགྱིད་པ་དེ་དག་ཐམས་ཅད་བསྐལ་པར་གནས་སམ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་ཡང་ཡོད། བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་མ་བྱས་པའང་ཡོད། དགེ་འདུན་གྱི་


DKG012_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེན་བྱས་ལ་བསྐལ་པར་གནས་པའང་ཡོད། དགེ་འདུན་གྱི་དབྱེན་མ་བྱས་ལ་བསྐལ་པར་མི་གནས་པ་ཡང་ཡོད་དེ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་ནི། གང་གིས་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བའོ། །བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་མ་བྱས་པ་ནི། བླང་པོའི་རྒྱལ་པོ་ཨེ་ར་བ་ན་དང་། གླང་པོའི་རྒྱལ་པོ་ཤིན་ཏུ་བརྟན་པ་དང་། གླང་པོའི་རྒྱལ་པོ་ཡིད་དུ་འོང་བ་དང་། གླང་པོའི་རྒྱལ་པོ་གཤིན་རྗེ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སོ། །དགེ་འདུན་ཕྱེ་ལ་བསྐལ་བར་གནས་པ་ནི། ལྷ་སྦྱིན་ནོ། །དགེ་འདུན་ཡང་མ་ཕྱེ་ལ་བསྐལ་པར་ཡང་མི་གནས་པ་ནི། རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །གང་ལ་ལས་དགེ་འདུན་ཕྱེ་ན། དེ་དག་ཐམས་ཅད་བསྐལ་པར་གནས་པའི་ཁ་ན་མ་ཐོ་བ་སྐྱེ་བ་ཡང་རྣམ་པ་བཞིར་བརྗོད་པར་བྱ་སྟེ། དེ་ཡང་དེ་བཞིན་དུ་དབྱེ་བར་བྱའོ། །གང་ལ་ལ་དགེ་འདུན་འབྱེད་པ་དེ་དག་ཐམས་ཅད་ལོག་པར་ངེས་པ་ལགས་སམ། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་མ་ཡིན་པ་ཡང་ཡོད། ལོག་པར་ངེས་ལ་དགེ་འདུན་མི་འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་ལོག་པར་ངེས་པའང་ཡོད། དགེ་འདུན་འབྱེད་པ་ཡང་མ་ཡིན་ལ་ལོག་པར་ངེས་པ་མ་ཡིན་པའང་ཡོད་དེ། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་མ་ཡིན་པ་ནི། གང་ཆོས་སུ་འདུ་ཤེས་ཤིང་དགེ་འདུན་འབྱེད་པའོ། །ལོག་པར་ངེས་ལ་དགེ་འདུན་འབྱེད་པ་མ་ཡིན་པ་དེ་ནི། མཚམས་མེད་པ་བཞིའོ། །དགེ་འདུན་འབྱེད་ལ་ལོག་པར་ཡང་ངེས་པ་ནི། ལྷས་བྱིན་ནོ། །དགེ་འདུན་འབྱེད་པའང་མ་ཡིན་ལ་ལོག་པར་ངེས་པར་འང་མ་ཡིན་པ་ནི། རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །གང་ལ་ལ་དགེ་འདུན་འབྱེད་པ་དེ་དག་ཐམས་ཅད་མི་མཁས་པ་དང་མ་རིག་པར་གྱུར་པ་ལགས་སམ། དགེ་འདུན་འབྱེད་ལ་མི་མཁས་པ་མ་ཡིན་ཞིང་མ་རིག་པར་གྱུར་པ་མ་ཡིན་པའང་ཡོད། མི་མཁས་པ་དང་མ་རིག་པ་ཡིན་ལ་དགེ་འདུན་མི་འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་མི་མཁས་པ་དང་མ་རིག་པར་གྱུར་པའང་ཡོད། དགེ་འདུན་ཡང་མི་འབྱེད་ལ་མཁས་པའང་ཡིན་མ་རིག་པར་གྱུར་པ་མ་ཡིན་པའང་ཡོད་དེ། དགེ་འདུན་འབྱེད་ལ་


DKG012_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཁས་པའང་མ་ཡིན་མ་རིག་པར་གྱུར་པ་མ་ཡིན་པ་ནི། གང་ཆོས་སུ་འདུ་ཤེས་པས་དགེ་འདུན་འབྱེད་པའོ། །མི་མཁས་པ་དང་མ་རིག་པར་གྱུར་ལ་དགེ་འདུན་མི་འབྱེད་པ་ནི། སྟོན་པ་དྲུག་གོ །དགེ་འདུན་འབྱེད་ལ་མི་མཁས་པ་དང་མ་རིག་པ་ནི། ལྷས་བྱིན་ནོ། །དགེ་འདུན་ཡང་མི་འབྱེད་ལ་མི་མཁས་པའང་མ་ཡིན། མ་རིག་པར་གྱུར་པའང་མ་ཡིན་པ་ནི། རྣམ་པ་འདི་དག་མ་གཏོགས་པའོ། །མདོར་ན། ཕྱེ་བ་རྣམ་པ་དྲུག་ཏུ་བྱས། །རྒོལ་བ་རྣམ་བཞི་གསོ་སྦྱོང་དང་། །མཚམས་ལ་རྣམ་བཞི་གསུམ་པ་དང་། །བསྐལ་པ་བརྟན་མིན་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། ཕྱེ་བ་དང་ལྡན་པ་གང་ལགས། ཁ་ན་མ་ཐོ་བ་གང་ལགས། ཨུ་པ་ལི། དགེ་འདུན་ནི། ཕྱེ་བ་དང་ལྡན་པའོ། །འབྱེད་པ་ནི། ཁ་ན་མ་ཐོ་བའོ། །བཙུན་པ། དགེ་འདུན་ཕྱེ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་འདུན་ཕྱེ་ན། ནོངས་པ་གང་བཤགས་པར་བགྱི། ཉེས་པ་སྦོམ་པོའོ། །བཙུན་པ། འདི་ལྟར་དགེ་སློང་དག་གིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་མ་ལགས་སམ། ཨུ་པ་ལི། དེ་བཞིན་ཏེ། དགེ་སློང་དག་གིས་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་ནོ། །ཨུ་པ་ལི། དེ་བཞིན་དུ་དགེ་སློང་མ་དག་གིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་གིས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་ཏེ། འོན་ཀྱང་དགེ་འདུན་འབྱེད་པའི་ཕྱིར་ནི། རྩོལ་ལོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་ཀྱི་སླད་དུ་དགེ་འདུན་འབྱེད་དེ། རྗེས་སུ་བསྒྲགས་པ་དང་། ཚུལ་ཤིང་ལེན་པའོ། །ཞེས་གསུངས་ན། བཙུན་པ། གང་རྩེད་མོར་འཚལ་བའམ། མ་འཚལ་བ་ཞིག་གིས་རྗེས་སུ་བསྒྲགས་ཤིང་ཚུལ་ཤིང་བྲིམས་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །འོ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་འདུན་འབྱེད་པའི་དགེ་སློང་གིས་དགེ་འདུན་འབྱེད་པ་ན་མཚན་འཕོས་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་


DKG012_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལི་མ་ཡིན་ནོ། །བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མ་ལ་ཟླ་བ་ཕྱེད་ཕྱེད་ཅིང་བསྟན་པའི་ལུང་སྩལ་ཏམ། ཨུ་པ་ལི། མ་སྦྱིན་པར་འདི་སྐད་དུ། སྲིང་མོ་རྣམས་རྗེས་སུ་མཐུན་པར་གྱིས་ཤིག་།ཅེས་སྒོས་ཤིག་།བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་བསྟན་པའི་ལུང་གསོལ་བར་བགྱིའམ། ཨུ་པ་ལི། གསོལ་བར་བྱའོ། །གང་ལས་གསོལ། རྗེས་སུ་མ་ཕྱོགས་པ་རྣམས་ལས་སོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མ་ལ་བསྟན་པའི་ལུང་སྩལ་བར་བགྱིའམ། ཨུ་པ་ལི། དགེ་སློང་མ་ཡང་བྱེ་བར་མི་འགྱུར་བའི་ཕྱིར་བས་ན། བྱིན་ཅིག་།བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་སྟེ་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་པ་ལ་གང་གིས་དགེ་སློང་མ་ལ་ལུང་སྩལ་བར་བགྱི། རྗེས་སུ་མ་ཕྱོགས་པ་རྣམས་ཀྱིས་སྦྱིན་ནོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མས་གསོ་སྦྱོང་བགྱིའམ། ཨུ་པ་ལི། བྱའོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་ན། ཉེ་བར་ཕྱོགས་པའི་དགེ་སློང་རྣམས་ཀྱིས་གསོ་སྦྱོང་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་འདུས་པ་ལས་གསོ་སྦྱོང་བྱའོ། །བཙུན་པ། ཉེ་བར་ཕྱོགས་པས་ཉེ་བར་མ་ཕྱོགས་པ་རྣམས་ཀྱི་མཚམས་བཀྲོལ་ན། མཚམས་བཀྲོལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཉེ་བར་མ་ཕྱོགས་པ་རྣམས་ཀྱིས་ཉེ་བར་ཕྱོགས་པ་རྣམས་ཀྱི་མཚམས་བཀྲོལ་ན། མཚམས་བཀྲོལ་བ་ཞེས་བགྱིའམ། ཨུ་པ་ལི། བཀྲོལ་བ་ཞེས་བྱའོ། །བཙུན་པ། གང་ལ་ལ་ཞིག་ཉེ་བར་ཕྱོགས་པ་དེ་དག་ཐམས་ཅད་སོ་སོར་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་བརྗོད་དོ། །བཙུན་པ། གང་ལ་ལ་ཞིག་ཉེ་བར་ཕྱོགས་ནས་དེ་དག་ཐམས་ཅད་མི་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་བརྗོད་དོ། །བཙུན་པ། གང་ལ་ལ་སོ་སོར་གནས་ན། དེ་དག་ཐམས་ཅད་མི་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་


DKG012_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལྕགས་རྣམ་པར་བརྒྱར་གྱེས་པའི་དུམ་བུ་ཡང་སྩལ་བར་བྱའོ། །ཞེས་གསུངས་ན། ལྕགས་ཀྱི་དུམ་བུ་ཞེས་བགྱི་བ་གང་ལགས། དད་པ་སྩལ་བར་བྱ་བ་དང་། མོས་པ་སྩལ་བར་བྱ་བ་དང་། འདུན་པ་སྩལ་བར་བྱ་བ་དང་། དགེ་འདུན་འདུས་པ་སྩལ་བར་བྱ་སྟེ། དགེ་འདུན་དབྱེ་བའི་ཕྱིར་ནི་སྩལ་བར་མི་བྱའོ། །བཙུན་པ། དགེ་འདུན་བྱེ་སྟེ་ཕྱོགས་དང་། ཕ་རོལ་གྱི་ཕྱོགས་སུ་གནས་ན། གཏན་པ་གང་གིས་དབྱུང་བར་བགྱི། ཉེ་བར་མ་ཕྱོགས་པ་རྣམས་ཀྱིས་སོ། །བཙུན་པ། མ་ནིང་ཞིག་གིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་བསླབ་པ་སྩལ་བའི་བར་དུ་རྒྱས་པར་དེ་དག་གིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། སྨྱོན་པ་ཞིག་གིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་རྣམས་ཀྱིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རང་བཞིན་དུ་གནས་པ་མ་ཡིན་པས་ན། དགེ་འདུན་དབྱེ་བར་མི་ནུས་སོ། །ཇི་ལྟར་དགེ་འདུན་འབྱེད་པ་དེ་བཞིན་དུ་གྲངས་སུ་མི་འགྱུར་བར་ཡང་བརྗོད་པར་བྱའོ། །དགེ་འདུན་གྱི་དབྱེན་གྱི་དངོས་པོ་རྫོགས་ཏེ། ཨུ་པ་ལིས་ཞུས་པ་རྫོགས་སོ།། །།


previousདགེ་འདུན་གྱི་དབྱེན་གྱི་དངོས་པོ་བཤད་པ། next