Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
ཞེ་གཉིས་པ། ཐབས་ལ་མཁས་པའི་ལེའུ།
   
   
   
   
   
   
   
   
   
   


 
previousཞེ་གཉིས་པ། ཐབས་ལ་མཁས་པའི་ལེའུ།next

ཞེ་གཉིས་པ། ཐབས་ལ་མཁས་པའི་ལེའུ།


DKG023_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་


DKG023_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གསུམ་ལ་སྙོམས་པར་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྨྱི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མྱེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོད་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྨྱི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡང་ཡོད་པར་འགྱུར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་ལས་ཤིག་བྱས་ན། ལས་དེ་ལ་སོགས་པའམ་འབྲི་བར་འགྱུར་བ་ཡོད་དམ། རབ་འབྱོར་ཀྱིས་སྨྲས་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུར་གསུངས་ན། དེ་ལ་སྩོགས་པའམ་འབྲི་བར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨྱི་ལམ་གྱི་ཆོས་གང་ཡང་སྩོགས་པའམ་འབྲི་བ་མྱི་དམྱིགས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི། ལས་དེ་ལ་སྩོགས་པའམ་འབྲི་བར་ཡང་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ་ཉིན་པར་སྲོག་བཅད་པ་དང་རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ་དེ་བདག་གིས་བསད་པ་ལེགས་སོ་ཞེས་སད་དེ་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལས་དེ་ལ་ཁྱོད་ཅི་སྐད་ཟེར་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དམྱིགས་པ་མྱེད་པར་ལས་མྱི་སྐྱེའོ། །དམྱིགས་པ་མྱེད་པ་སེམས་མྱི་འབྱུང་


DKG023_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དམྱིགས་པ་མྱེད་པར་ལས་མྱི་སྐྱེའོ། །དམྱིགས་པ་མྱེད་པར་སེམས་པ་མྱི་འབྱུང་ངོ་། །དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བ་ཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །མཐོང་བ་དང་ཐོས་པ་དང་བསམས་པ་དང་རྣམ་པར་རིག་པའི་ཆོས་རྣམས་ལ་བློ་འཇུག་སྟེ། མ་མཐོང་མ་ཐོས་མ་བསམས། རྣམ་པར་མ་རིག་པའི་ཆོས་རྣམས་ལ་ནི་བློ་མི་འཇུག་གོ་དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ལ་ནི་རྣཱམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །དེ་བས་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་ད་དང་། སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། དེ་ཇི་ལྟར་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན། དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན]ི། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མཚན་མར་བྱས་ནས་དམྱིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །དམྱིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམྱིགས་པ་མྱེད་པར་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨྱི་ལམ་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མ་ཉམ་པར་བཞག །ཤེས་རབ་བསྒོམས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་རྟིའི་བུ་བྱང་


DKG023_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་བཅོམ་ལྡན་འདས་ཀྱིས་ཕྱིར་མྱི་ལྡོག་པར་ལུང་བསྟན་པ་འདི་མངོན་དུ་གྱུར་ན། འདི་ལ་དྲིས་ཤིག་དང་། འདི་ལན་གློན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གནས་བརྟན་རབ་འབྱོར་འདི་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་མངོན་དུ་གྱུར་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཕྱིར་མྱི་ལྡོག་པར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་སྟེ། འདི་ལ་དྲིས་ཤིག་དང་། འདི་ལན་གློན་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མྱིང་འདི་ལན་གློན་ན་ནམ། འོན་ཏེ་གཟུགས་ལན་ཀློན་ན་ནམ། འོན་ཏེ་ཚོར་བ་ལན་གློན་ནམ། འོན་ཏེ་འདུ་ཤེས་ལན་གློན་ནམ། འོན་ཏེ་འདུ་བྱེད་ལན་གློན་ནམ། འོན་ཏེ་རྣམ་པར་ཤེས་པ་ལན་གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་ཀློན་པར་འགྱུར་རམ། འོན་ཏེ་ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་བྱེད་ཀྱི་དེ་བཞིན་


DKG023_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་ཀློན་པར་འགྱུར་རམ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་ཀློན་པའི་མཐུ་མྱེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་ཀློན་པའི་མཐུ་མྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མྱེད་དོ། །བདག་གིས་ནི་གང་ལན་ཀློན་པ་དང་། གང་གིས་ལན་གློན་པ་དང་། གང་གི་ལན་གློན་པ་དང་། གང་ལ་ལན་ཀློན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །གང་བླཱ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་། གང་ལ་ལུང་བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་དུ་བྱས་སམ། བྱམས་པས་སྨྲས་པ། ཆོས་དེ་དག་ཇི་སྐད་བཤད་པ་དེ་ལྟར་ཆོས་དེ་དག་བདག་གིས་མངོན་དུ་བྱས་པ་མྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་


DKG023_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལྟར་འདི་ཡང་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བབྲོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་བསྟན་པ་སྟེ། འདི་ནི་མྱི་དམྱིགས་པར་སྤྱོད་པས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངང་མ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་ནི་འདི་སྙམ་དུ་ལུང་བསྟན་པའི་ཆོས་དེ་ནི་འདིའོ། །ལུང་བསྟན་པར་གྱུར་པའི་ཆོས་དེ་ནི་འདིའོ། །ལུང་བསྟན་པར་འགྱུར་བའི་ཆོས་དེ་ནི་འདིའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི། ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཏེ། དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་སྟེ། དེ་ལ་བྲེ་ཙོམ་སྐྱེ་བ་མྱེད་ཅིང་། བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་གང་དེ་ལྟར་སྦྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG023_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཞིང་། བདག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་རྨོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ལགས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང་། སེམས་ཅན་སྐོམ་པ་དང་། གོས་ངན་པ་དང་། ཟས་དང་གོས་དང་། མལ་ཆས་ཕོངས་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྦྱོད་དང་། སྐྱིད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལོངས་སྤྱོད་དང་། སྐྱིད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད།


DKG023_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སེམས་ཅན་སྲོག་གཅོད་པ་དག་མཐོང་ངམ། སེམས་ཅན་མ་བྱིན་པར་ལེན་པ་དག་མཐོང་ངམ། སེམས་ཅན་འདོད་པས་ལོག་པར་གཡེམ་པ་དག་མཐོང་ངམ། སེམས་ཅན་རྫུན་དུ་སྨྲ་བ་དག་མཐོང་ངམ། སེམས་ཅན་ཕྲ་མ་ཟེར་བ་དག་མཐོང་ངམ། སེམས་ཅན་ཞེ་གཅོད་པའི་ཚིག་ཅན་དག་མཐོང་ངམ། སེམས་ཅན་ཚིག་ཀྱལ་པ་སྨྲ་བ་དག་མཐོང་ངམ། སེམས་ཅན་ཆགས་སེམས་ཅན་དག་མཐོང་ངམ། སེམས་ཅན་གནོད་སེམས་ཅན་དག་མཐོང་ངམ། སེམས་ཅན་ལོག་པར་ལྟ་བ་ཅན་དག་མཐོང་ངམ། སེམས་ཅན་ཚེ་ཐུང་བ་དག་མཐོང་ངམ། སེམས་ཅན་ནད་མང་བ་དག་མཐོང་ངམ། སེམས་ཅན་མདོག་ངན་པ་དག་མཐོང་ངང་མ། སེམས་ཅན་མཐུ་ཆུང་བ་དག་མཐོང་ངམ། སེམས་ཅན་ལོངས་སྦྱོད་ཆུང་བ་དག་མཐོང་ངམ། སེམས་ཅན་རིགས་དམའ་བ་དག་མཐོང་ངམ། སེམས་ཅན་ཡན་ལག་དང་ཉིང་ལག་མ་ཚང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་


DKG023_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱད་པའི་ཚེ། སེམས་ཅན་ཕན་ཚུན་དུ་གནོད་པར་སེམས་པ་རྡོ་དང་དབྱིག་པ་དང་། མཚོན་གྱིས་འདེབས་ཤིང་རྡེག་པ་དང་། གསོད་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་མ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕ་ལྟ་བུའི་སེམས་སུ་འགྱུར་བ་དང་། ཕུ་ནུ་ལྟ་བུའི་སེམས་སུ་འགྱུར་བ་དང་། སྲིང་མོ་ལྟ་བུའི་སེམས་སུ་འགྱུར་བ་དང་། བྱམས་པའི་སེམས་སུ་འགྱུར་བ་དང་། ཕན་པའི་སེམས་སུ་འགྱུར་བ་དེ་ལྟ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སེམས་ཅན་བརྩོན་འགྲུས་ཞན་པ་དང་། ལེ་ལོའི་སེམས་དང་ལྡན་པ་དང་། ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཛེག་པ་དང་། སངས་རྒྱས་ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་


DKG023_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་བརྩམས་ཤིང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སེམས་ཅན་འདོད་པའི་སྲེད་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་དང་། སྒྲིབ་པ་ལྔས་བསྒྲིབས་པ་མཐོང་ངམ། བསམ་གཏན་དང་པོ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་གཉིས་པ་དང་མི་ལྡན་པ་མཐོང་ངམ། བསམ་གཏན་གསུམ་པ་དང་མྱི་ལྡན་པ་མཐོང་ངམ། བསམ་གཏན་བཞི་པ་དང་མྱི་ལྡན་པ་མཐོང་ངམ། བྱམས་པ་དང་མྱི་ལྡན་པ་མཐོང་ངམ། སྙིང་རྗེ་དང་མྱི་ལྡན་པ་མཐོང་ངམ། དགའ་བ་དང་མྱི་ལྡན་པ་མཐོང་ངམ། བཏང་སྙོམས་དང་མྱི་ལྡན་པ་མཐོང་ངམ། ནམ་མ། །ཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་མཐོང་ངམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དག་


DKG023_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བསམ་གཏན་ཐོབ་པར་འགྱུར་བ་དང་། ཚད་མྱེད་པ་ཐོབ་པར་འགྱུར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཤེས་རབ་འཆལ་པ་ཅན་གྱི་སེམས་ཅན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་དང་བྲལ་བ། བྱ་བ་མ་ཡིན་པར་སྨྲ་བ། མེད་པར་སྨྲ་བ། ཆད་པར་སྨྲ་བ། རྟག་པར་སྨྲ་བ། སེམས་ཅན་དུ་སྨྲ་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་ལྟ་བའི་རྣམ་པ་ཐམས་ཅད་སྤངས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད། བླ་ན་


DKG023_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་ཕུང་པོ་གསུམ་ལ་གནས་པ་ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་སེམས་ཅན་མ་ངེས་པ་དང་། ལོག་པར་ངེས་པའི་སྒྲ་ཡང་མི་གྲག་ཅིང་མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་ངན་སོང་གསུམ་གྱི་སྒྲ་ཡང་མྱི་གྲག་ཅིང་། མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་


DKG023_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། ས་ཆེན་པོ་འདི་ལ་སྡོང་དུ་མ་དང་། ཚེར་མ་དང་། སབ་སུབ་དང་། གཅོང་རོང་དང་། གཡང་ས་དང་། ལྗན་ལྗིན་དང་། ལུད་ཁུང་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གྱི་ཉེས་པ་དེ་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མྱི་སྲིད་པ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་དང་། གསེར་དངུལ་དང་མྱི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ས་ཆེན་པོ་འདི་གཞི་བཻ་ཌཱུ་རྱ་སྡོན་པོའི་རྒྱུ་ལས་གྲུབ་པ། གསེར་གྱི་བྱེ་མ་བདལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་


DKG023_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་བདག་ཏུ་བྱ་བའི་ཡོངས་སུ་འཛིན་པ་ལ་གནས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་བདག་གིར་བྱ་བ་ལ་ཡོངས་སུ་འཛིན་པ་མྱི་འབྱུང་ཞིང་མྱི་སྲིད་པ་དང་། སེམས་ཅན་ཐམས་ཅད་བདག་གི་མྱེད་པ་དང་། ཡོངས་སུ་འཛིན་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། རིགས་བཞི་པོ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་རིགས་བཞིའི་སྒྲ་ཡང་མྱི་གྲག་ཅིང་། མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་


DKG023_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་པར་བྱའོ། །ཞེས་དེ་ལྟར་ཡོང་ས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་ང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རབ་དང་འབྲིང་དང་། ཐ་མ་མཐོང་བ་དང་། སེམས་ཅན་རིགས་མཐོ་བ་དང་རིགས་ད་མའ་བ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བད་ག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་མྱི་འབྱུང་ཞིང་མྱི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཁ་དོག་ཐ་ད་ད་པ་ད་ག་མཐོང་ན་། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བད་ག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཁ་དོག་ཐ་དད་པ་མྱི་འབྱུང་ཞིང་མི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་དང་། ཁ་དོག་བཟང་བའི་མཆོག་རྒྱས་པ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་


DKG023_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་དག་ལ་བདག་པོ་ཡོད་པར་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། བདག་པོར་གདགས་པ་མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་ལམ་ཐ་དད་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ལྷ་དང་། མྱི་དང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་


DKG023_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་འཇིག་རྟེན་པའི་ལམ་ཐ་དད་པ་མྱེད་ཅིང་མྱི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་ལས་གཅིག་ཏུ་འགྱུར་ཞིང་དྲན་པ་ཉེ་བར་གཞག་པ་བཞི་དང་མ་བྲལ་བ་དང་། ཡང་དག་པར་སྤོང་བ་བཞི་དང་མ་བྲལ་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་མ་བྲལ་བ་དང་། དབང་པོ་ལྔ་དང་མ་བྲལ་བ་དང་། སྟོབས་ལྔ་དང་མ་བྲལ་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་མ་བྲལ་བ་ད་ང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་བྲལ་བ་དང་། འཕགས་པའི་བདེན་པ་བཞི་དང་མ་བྲལ་བ་དང་། བསམ་གཏན་བཞི་དང་མ་བྲལ་བ་དང་། ཚད་མེད་པ་བཞི་དང་མ་བྲལ་བ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མ་བྲལ་བ་དང་། རྣམ་པར་ཐར་པ་བརྒྱད་དང་མ་བྲལ་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་མ་བྲལ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་མ་བྲལ་བ་དང་། མངོན་པར་ཤེས་པ་ལྔ་དང་མ་བྲལ་བ་དང་། ཏིང་ངེ་འཛིན་རྣམས་དང་མ་བྲལ་བ་དང་། གཟུངས་ཀྱི་སྒོ་རྣམས་དང་མ་བྲལ་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་བྲལ་བ་དང་། མི་འཇིགས་པ་བཞི་དང་མ་བྲལ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་མ་བྲལ་བ་དང་། བྱམས་པ་ཆེན་པོ་དང་མ་བྲལ་བ་དང་། སྙིང་རྗེ་ཆེན་པོ་དང་མ་བྲལ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་མ་བྲལ་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་


DKG023_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞིར་སྐྱེས་པ། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུ་བ་པ་རྣམས་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་གནས་གསུམ་པོ་རྣམས་མྱི་འབྱུང་ཞིང་མྱི་སྲིད་པ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་རྫུ་བ་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱད་པའི་ཚེ། སེམས་ཅན་མངོན་པར་ཤེས་པ་ལྔ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་། སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད།


DKG023_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་བཤང་གཅི་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་། སེམས་ཅན་ཐམས་ཅད་ཆོས་དང་ད་གའ་བ་དང་། བསམ་གཏ་ན་གྱི་ཟས་ཟ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འོད་དང་མྱི་ལྡན་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོང་ས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སང་ས་རྒྱས་ཀྱི་ཞིང་དེ་ན་། སེམས་ཅན་ཐམས་ཅད་རང་ལས་འོད་འབྱུང་བ་ཤ་སྟག་ཡོད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་


DKG023_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་ཉིན་མཚན་དང་ཟླ་བ་དང་། ཡུད་དུ་ཡན་མན་དང་། དུ་ས་མཚམས་དང་། ལོ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉིན་མཚན་དང་། ཟླཱ་བ་དང་། ཡུད་དུ་ཡན་མན་དང་། དུ་ས་མཚམས་དང་། ལོའི་སྒྲ་ཡང་མི་སྒྲག་ཅིང་མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་ཚེ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སང་ས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་ད་ག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་


DKG023_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མཚན་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཐམས་ཅད་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དགེ་བའི་རྩ་བ་དང་མྱི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་ལྡན་པར་འགྱུར་བ་དང་། དགེ་བའི་རྩ་བ་གང་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་


DKG023_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཆེ། སེམས་ཅན་ནད་ཀྱིས་བཏབ་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ལ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་བཞི་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཉོན་མོངས་པ་གསུམ་གྱིས་ཉོན་མོངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། འདི་ལྟ་སྟེ་སེམས་ཅན་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་གསུམ་མ་མྱི་འབྱུང་ཞིང་། སེམས་ཅན་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་


DKG023_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་མོས་པ་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་གཉིས་ཀྱི་སྒྲ་ཡང་མྱི་གྲག་ཅིང་། སེམས་ཅན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་ཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། སེམས་ཅན་ང་རྒྱལ་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ང་རྒྱལ་གྱི་སྒྲ་ཡང་མྱི་གྲག་ཅིང་གཞན་དུ་ན། སེམས་ཅན་ཐམས་ཅད་ཡང་དག་པའི་དོན་ཤེས་ཤིང་ང་རྒྱལ་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་


DKG023_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེ་ལ་ཚད་དུ་འགྱུར་བ་དང་། འོད་ལ་ཚད་དུ་འགྱུར་བ་དང་། དགེ་སློང་གི་དགེ་འདུན་ལ་ཚད་དུ་འགྱུར་བ་དེ་ཙམ་གྱིས། བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་བྱའི། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེའི་ཚད་མྱེད་པར་འགྱུར་བ་དང་། འོད་ཀྱི་ཚད་མྱེད་པར་འགྱུར་བ་དང་། དགེ་སློང་གི་དགེ་འདུན་ཚད་མྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ།འཇིག་རྟེན་གྱི་ཁམས་འགའ་ཞིག་བདག་གི་སངས་རྒྱས་ཀྱི་ཞིང་དུ་འགྱུར་བ་དེ་ཙམ་གྱིས་


DKG023_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་བྱའི། ཅི་ནས་ཀྱང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཀྱེ་མ་འཁོར་བ་འདི་ནི་རིང་ངོ་། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་མཐའ་ཡས་སོ། །དེས་འདི་ལྟར་ཚུལ་བཞིན་ཡིད་ལ་བྱས་ཏེ། ཀྱེ་མ་འཁོར་བ་འདི་ནི་ནམ་མཁའ་ལྟར་མུ་མྱེད་པའོ། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་ནམ་མཁའ་ལྟར་མུ་མྱེད་པ་སྟེ། འདི་ལ་གང་ཡང་འཁོར་བ་ཡང་མྱེད། མྱ་ངན་ལས་འདའ་བ་ཡང་མྱེད་དེ། གཞན་དུ་ན་ཆོས་ཀྱི་བརྡར་སེམས་ཅན་ནམ། འཁོར་བའམ། མྱ་ངན་ལས་འདའ་བ་ཞེས་ཐ་སྙད་དུ་བཏགས་པར་ཟད་དོ། །ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྦྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གཉིས་སོ།། །།


previousཞེ་གཉིས་པ། ཐབས་ལ་མཁས་པའི་ལེའུ།next