Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་སུམ་ཅུ་བཞི་པ།
   
   
   
   
   
   
   
   


 
previousལེའུ་སུམ་ཅུ་བཞི་པ། next

ལེའུ་སུམ་ཅུ་བཞི་པ།


DKG027_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་


DKG027_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སླད་དུ་ཉེ་བར་གནས་པའོ། །དོན་ཚད་མ་མཆིས་པ་དང་། དོན་དཔག་ཏུ་མ་མཆིས་པ་དང་། དོན་གཞལ་དུ་མ་མཆིས་པའི་སླད་དུ་ཉེ་བར་གནས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། དོན་མི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། དོན་ཆེན་པོའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། དོན་ཚད་མེད་པ་དང་། དོན་དཔག་ཏུ་མེད་པ་དང་། དོན་གཞལ་དུ་མེད་པ་དང་། དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིར་ནི་ཕ་རོལ་དུ་ཕྱིན་པ་ལྔ་འདུས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིར་ནི། ནང་སྟོང་པ་ཉིད་འདུས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདུས་སོ། །དྲན་པ་ཉེ་བར་གཞག་པ་བཞི་འདུས་སོ། །ཡང་དག་པར་སྤོང་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིར་ནི་འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་འདུས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདུས་


DKG027_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སྲིད་བརྟན་པར་གྱུར་པའི་རྒྱལ་པོའི་དགོས་པའམ། ཡུལ་གྱི་དགོས་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་བློན་པོ་ལས་སུ་བཅུག་ན། དེའི་ཚེ་རྒྱལ་པོ་ནི་རྒྱལ་པོའི་དགོས་པ་དང་། ཡུལ་གྱི་དགོས་པ་ལ་སྙིང་ལས་ཆུང་ཞིང་ཁུར་བོར་བ་ཡིན། རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་དག་གི་བྱ་བ་བྱེད་དོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། བྱ་བ་ཆེན་པོའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། བྱ་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱ་བ་དཔག་ཏུ་མེད་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱ་བ་གཞལ་དུ་མེད་པའི་ཕྱིར་ཉེ་བར་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱ་བ་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། གཟུགས་ལ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་ཀྱི་བར་ལ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཟུགས་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་


DKG027_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང་། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་གཟུགས་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པའམ། གང་གིས་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པའམ། གང་གིས་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པའམ། གང་གིས་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་གང་ཡོངས་སུ་གཟུང་


DKG027_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པའམ། གང་གིས་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཆོས་གང་ཡོངས་སུ་འཛིན་པར་བྱེད་པ་དང་། མངོན་པར་ཆགས་པར་བྱེད་པའམ། གང་གིས་ཡོངས་སུ་གཟུང་བར་བྱ་བའམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ངས་ཀྱང་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ། །རབ་འབྱོར་ངས་ཀྱང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ། །རབ་འབྱོར་ངས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ། །རབ་འབྱོར་ངས་ཀྱང་སངས་རྒྱས་ཀྱི་ས་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གཟུགས་ལ་མངོན་པར་ཆགས་པར་མི་བྱའོ། །


DKG027_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཟུང་བར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འདྲེལ་བར་འབྱུང་བ་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ། །སངས་རྒྱས་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་གཟུང་བར་མི་བྱའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། ཟབ་ཅིང་བལྟ་དཀའ་ལ། རྟོགས་པར་དཀའ་བ་སྟེ། མི་རྟག་པ་བརྟག་པའི་སྤྱོད་ཡུལ་མ་ལགས་པ་ཞི་ཞིང་ཕྲ་ལ། མཁས་པ་དང་། བྱང་བ་དང་། ཡིད་གསལ་བས་འཚལ་བར་བགྱི་བའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ།


DKG027_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་དེ་དག་ནི། སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པའོ་བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །དགེ་བའི་རྩ་བ་བསྐྱེད་པའོ། །བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་གྱུར་ཏེ། དེ་དག་ཐམས་ཅད་ལ་ཡེ་ཤེས་དང་། སྤོང་བ་གང་ཇི་སྙེད་ཅིག་མཆིས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་མོས་ཤིང་བསམས་ཏེ། གཞལ་བ་དང་། བརྟག་པ་དང་། དཔྱད་པ་ཉིད་ལ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་མོས་པ་དེ་ཉིད་ཆེས་ལེགས་པའི་མཆོག་ཏུ་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཇི་ཙམ་པ་དང་། སྤོང་བ་གང་ཇི་ཙམ་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །ལྷའི་བུ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉན་


DKG027_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཐོས་ནས་འདྲི་བ་དང་། བྲིས་ནས་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ནི་མྱུར་དུ་འབྱུང་བར་ཤེས་པར་བྱའི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བ། མདོ་སྡེ་གཞན་ལ་བསྐལ་པའམ། བསྐལ་པའི་ལྷག་མར་སྤྱོད་པ་དག་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལས་ཕུལ་དུ་བྱ་བའི་ཆོས་གང་ལ། དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱིས་བསླབ་པར་བྱ་བ་དང་། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབ་པར་བྱ་བ་དང་། གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་རྒྱ་ཆེར་བསྟན་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། ཕ་རོལ་དུ་ཕྱིན་པ་ཆེན་མོ་སྟེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི། དཔག་ཏུ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་གཞལ་དུ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་མི་མཉམ་པ་དང་མཉམ་པའི་ཕ་རོལ་དུ་ཕྱིན་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་དེ་ལ་བསླབས་ཤིང་། དད་པའི་རྗེས་སུ་འབྲང་བ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་


DKG027_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། དེ་ལ་བསླབས་ཤིང་རང་སངས་རྒྱས་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། དེ་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར། ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འགྲིབ་པའམ། འཕེལ་བར་ཡང་མི་གདའོ་ཞེས་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་ཕྱོགས་ནས་བསྐོར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་སྟེ། དེ་དག་ཤིན་ཏུ་ཡང་མི་རིང་བ་ཞིག་དུ་ཕྱིན་ནས་མི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་པའི་ལྷའི་བུ་དག་ནི་འདོད་པའི་ཁམས་སུ་འཁོད་དོ། །གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་ནི་གཟུགས་ཡོད་པའི་ཁམས་སུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་ཞིང་། གོང་དུ་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར་ལ། རྨོངས་པར་མི་འགྱུར་ཞིང་ཐེ་ཙོམ་མི་ཟ། ནེམ་ནུར་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉན་པར་མངོན་པར་དགའ་ཞིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཀྱང་ཡིད་ལ་བྱ་བ་དེ་དག་དང་བྲལ་བར་མི་བྱེད་ལ། ཡིད་ལ་བྱ་བ་


DKG027_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་འགྲོའམ། འོང་འམ། འགྲེང་ངམ། འདུག་གམ། ཉལ་ཀྱང་རུང་སྟེ། རྟག་ཏུ་རྒྱུན་མི་ཆད་པར་བསྲུང་འཇིག་པར་མི་བྱེད་ཅིང་། ཆོས་སྨྲ་བའི་གང་ཟག་དེ་ལ་ཡང་རྟག་ཏུ་རྒྱུན་མི་ཆད་པར་འབྲང་སྟེ། རབ་འབྱོར་དཔེར་ན། བ་དྲུས་མ་བེའུ་མི་འདོར་བ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིའི་དོན་དུ། ནམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མངོན་དུ་མ་བྱས་དྲན་པས་འདྲིས་པར་མ་བྱས། ཡིད་ཀྱིས་རྟོགས་པར་མ་བྱས། ལྟ་བས་ཁོང་དུ་ཆུད་པར་མ་བྱས་ཀྱི་བར་དུ་ཆོས་སྨྲ་བ་དེ་མི་གཏོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་མིའི་ནང་ནས་ཤི་འཕོས་ནས། མིའི་ནང་དུ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེས་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་ནས་བཟུང་བ་དང་། བཅངས་པ་དང་། བཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པར་གྱུར་ཏོ། །གོང་དུ་ཡང་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱས་པར་གྱུར་ཏོ། །བཀུར་བསྟི་དང་། བསྟི་སྟང་དང་། མཆོད་པ་བྱས་པར་གྱུར་ཏོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་མིའི་ནང་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་ཡང་ཐོས་མ་ཐག་ཏུ་མོས་པར་འགྱུར་བར་བལྟའོ་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་མོས་པར་གྱུར་ནས་ཀྱང་འདྲི་བ་དང་། བྲིས་ནས་ཀྱང་ལུང་འབོག་པ་དང་། ཁ་ཏོན་བགྱིད་ཅིང་ཚུལ་བཞིན་དུ་ཡིད་ལ་བགྱིད་བགྱིད་པ་ལས་ཡོན་ཏན་འདི་དག་ཉིད་དང་ལྡན་ཞིང་། སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བགྱིད་བགྱིད་པ་ལས་ཤི་འཕོས་ཏེ། འདིར་སྐྱེས་པ་དེ་ལྟ་བུའི་རྣམ་གྲངས་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG027_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བྱེད་བྱེད་པ་ལས། དེ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་རོ། །མོས་པར་གྱུར་ནས་ཀྱང་འདྲིའོ། །བྲིས་ནས་ཀྱང་ལུང་འབོག་གོ། །ཁ་ཏོན་བྱེད་དོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་སོ་ཐོས་ནས་ཀྱང་བཟུང་ངོ་བཅངས་སོ་ཡོངས་སུ་བཅངས་སོ། །བཀླགས་སོ་ཀུན་ཆུབ་པར་བྱས་སོ། །ཁ་ཏོན་དུ་བྱས་སོ། །ཚུལ་བཞིན་དུ་ཡིད་ལ་བྱས་སོ། །དེ་ནི་དགེ་བའི་རྩ་བ་དེ་ཉིད་དང་། ཡིད་ལ་བྱེད་པ་དེ་ཉིད་ཀྱིས་འདིར་སྐྱེས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་རྣམས་དང་། སྐལ་བ་མཉམ་པ་ལས་ཤི་འཕོས་ནས་མིའི་ནང་དུ་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་ནི་ཡོན་ཏན་དེ་དག་ཉིད་དང་ལྡན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་དྲི་བ་དང་། ཡོངས་སུ་བརྟག་པ་བྱས་པས་དེ་ནི་དགེ་བའི་རྩ་བ་དེས་འདིར་སྐྱེས་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར་སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་


DKG027_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཐོས་ནས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར་སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཐོས་ནས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་དྲན་པ་ཉེ་བར་གཞག་པ་བཞི་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་


DKG027_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོས་ཀྱང་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཡོངས་སུ་མ་དྲིས། ཡོངས་སུ་བརྟག་པ་མ་བྱས་ཏེ། ཉི་མ་གཅིག་གམ་གཉིས་སམ་གསུམ་འམ་བཞིའམ། ལྔར་རྗེས་སུ་མ་འབྲངས་ན། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་རྟོག་པ་དང་། ཉི་མ་གཅིག་གམ། གཉིས་སམ།


DKG027_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འམ། བཞིའམ། ཉི་མ་ལྔར་རྗེས་སུ་འབྲང་བར་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མི་འཕྲོགས་པར་མི་འགྱུར་ཏེ། ཡོངས་སུ་དྲི་བ་དང་ཡང་མི་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་དེ་ལྟར་ཡང་འགྱུར་ཏེ། གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་མ་དྲིས། ཡོངས་སུ་མ་བརྟགས། རྗེས་སུ་འབྲང་བ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མཉན་པ་ལ། དེ་ཙམ་གྱི་དགེ་བའི་བསམ་པ་དང་། མོས་པ་སྐྱེ་བར་འགྱུར་ཏེ། དེ་ནི་བར་བར་མོས་ཤིང་བར་བར་མོས་པ་མེད་པར་འགྱུར་ཏེ། དེ་ནི་ལྡམ་ལྟེམ་གྱི་བློ་དེས་འཕྲོགས་ཤིང་། ཤིང་བལ་གྱི་གཟེགས་མ་བཞིན་དུ་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི། ཡུན་རིང་པོ་ནས་ཐེག་པ་ལ་ཞུགས་པ་མ་ཡིན་པར་རིག་པར་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསྙེན་བཀུར་མ་བྱས་པའོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེས་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིའི་ལུང་མ་མནོས། ཁ་ཏོན་དུ་མ་བྱས་ལ། ཚུལ་བཞིན་དུ་ཡིད་ལ་མ་བྱས་ཏེ། དེས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མ་བསླབས་སོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མ་བསླབས་སོ། །ནང་སྟོང་པ་ཉིད་ལ་མ་བསླབས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མ་བསླབས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མ་བསླབས་སོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་བསླབས་སོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་།


DKG027_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་ལ་མ་བསླབས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མ་བསླབས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་བདུན་པ། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་ནི། ཐེག་པ་ལ་གསར་དུ་ཞུགས་པར་རིག་པར་བྱ་སྟེ། དེ་ནི་དད་པ་ཙམ་དང་། དགའ་བ་ཙམ་དང་། མོས་པ་ཙམ་དང་ལྡན་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བྲི་བའམ། ཀླག་པའམ། ལུང་འབོག་པའམ། ཁ་ཏོན་དུ་བྱ་བའམ། ཚུལ་བཞིན་དུ་ཡིད་ལ་བྱ་བར་མི་ནུས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མི་འདྲི་ཞིང་ལུང་མི་འབོག་པ་དང་། ཁ་ཏོན་མི་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིས་གཞན་ལ་ཕན་མི་འདོགས་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་གཞན་ལ་ཕན་མི་འདོགས་པ་དང་། ནང་སྟོང་པ་ཉིད་ཀྱིས་གཞན་ལ་ཕན་མི་འདོགས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་གཞན་ལ་ཕན་མི་འདོགས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་གཞན་ལ་ཕན་མི་འདོགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱིས་གཞན་ལ་ཕན་མི་


DKG027_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་གཞན་ལ་ཕན་མི་འདོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མཐུན་པར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་མཐུན་པར་མི་སྤྱོད། ནང་སྟོང་པ་ཉིད་དང་མཐུན་པར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་མཐུན་པར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་དང་མཐུན་པར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་མཐུན་པར་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་མཐུན་པར་མི་སྤྱོད་ན། དེ་ནི་གནས་གཉིས་དང་། ས་གཉིས་པོ་ལས་གཅིག་ལ་གནས་པར་འགྱུར་ཏེ། དེ་ནི་འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མ་བྲིས་མ་བསྟན། ཁ་ཏོན་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིས་ཀྱང་ཕ་རོལ་ལ་ཕན་མ་བཏགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་མཐུན་པར་མ་སྤྱད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་གནས་གཉིས་དང་། ས་གཉིས་པོ་དེ་ལས་གཅིག་ལ་གནས་པར་འགྱུར་བར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་བཞི་པའོ།། །།


previousལེའུ་སུམ་ཅུ་བཞི་པ། next