Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉི་ཤུ་བདུན་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉི་ཤུ་བདུན་པ། next

ལེའུ་ཉི་ཤུ་བདུན་པ།


DKG027_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུས་གསོལ་པ་གང་ཤིན་དུ་རྣམ་པར་དག་པའི་སླད་དུ། རྣམ་པར་དག་པ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གཟུགས་


DKG027_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་པོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །མིག་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །གཟུགས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །སྒྲ་དང་དྲི་དང་རོ་དང་རེག་དང་། ཆོས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །མིག་གི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །མིག་གི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །སའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །མ་རིག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་།


DKG027_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་། རྒ་ཤི་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ནང་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་སྣང་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་རྣམ་པར་དག་པའི་སླད་དུ། རྣམ་


DKG027_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པར་སྣང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མིག་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །གཟུགས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྒྲ་དང་དྲི་དང་རོ་དང་རེག་དང་། ཆོས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མིག་གི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མིག་གི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་།ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་


DKG027_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའོ། །མ་རིག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་། ལེན་པ་དང་སྲིད་པ་དང་སྐྱེ་བ་དང་། རྒ་ཤི་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ནང་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་།


DKG027_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་གི་མཚམས་སྦྱོར་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །ཤྭ་ར་དྭ་ཏིའི་བུས་གསོལ་པ་བཅོམ་ལྡན་འདས་གང་ལ་ཉིང་གི་མཚམས་སྦྱོར་བ་མ་མཆིས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་འཕོ་བ་མེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་འཕོ་བ་མེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕོ་བ་མེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི། ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་སླད་དུ། ཀུན་ནས་ཉོན་མོངས་པ་མ་མཆིས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་གང་ལ་ཐོབ་པར་བགྱི་བ་མ་མཆིས་པ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པ་རྣམ་པར་དག་པ་ལགས།


DKG027_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གཟུགས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདོད་པའི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར་རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གཟུགས་ཀྱི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར། རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་


DKG027_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གཟུགས་མེད་པའི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར། རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པ་འཚལ་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཆོས་ལ་སེམས་མེད་པའི་ཕྱིར་རྣམ་པར་དག་པ་ལ་ཤེས་པ་མེད་དོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པས་གཟུགས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་གཟུགས་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་གཟུགས་མི་ཤེས་སོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པས་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རྣམ་པར་དག་པས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མི་ཤེས་སོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པས་ཆོས་ཐམས་ཅད་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་


DKG027_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་ཆོས་ཐམས་ཅད་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རྣམ་པར་དག་པས་ཆོས་ཐམས་ཅད་མི་ཤེས་སོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད། གནོད་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ།བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད། གནོད་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་འདུག་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མི་བྱེད། གནོད་པར་མི་བྱེད་དོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་མི་གཡོ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ཆོས་གང་ཡང་ཡོངས་སུ་ལེན་པ་མེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་གཟུགས་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་


DKG027_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་ཕྱིར་ཏེ། བདག་མེད་པའི་ཕྱིར་གཟུགས་མེད་པ་ནི་ཤིན་དུ་རྣམ་པར་དག་པའོ། །གསོལ་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མེད་པའི་ཕྱིར་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མེད་པ་ནི་ཤིན་དུ་རྣམ་པར་དག་པའོ། །གསོལ་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མེད་པའི་ཕྱིར་སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པ་ནི་ཤིན་དུ་རྣམ་པར་དག་པའོ། །གསོལ་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་ནང་སྟོང་པ་ཉིད་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །


DKG027_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མེད་པ་ནི་ཤིན་དུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་


DKG027_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཕྱིར་མི་འོང་བའི་འབྲས་བུ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། དགྲ་བཅོམ་པ་ཉིད་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། རང་བྱང་ཆུབ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། བྱང་ཆུབ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས་རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་དག་པ་ལགས། ཅིའི་སླད་དུ་བདག་རྣམ་པར་དག་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ལགས། ཅིའི་སླད་དུ་བདག་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་མ་ལགས། མངོན་པར་རྟོགས་པར་བགྱི་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་གཉིས་སུ་མ་མཆིས་ཤིང་། རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་མ་ལགས། མངོན་པར་རྟོགས་པར་བགྱི་བ་


DKG027_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བདག་ཀུན་དུ་མཐའ་ཡས་པའི་སླད་དུ་གཟུགས་ཀུན་དུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་དུ་མཐའ་ཡས་པས་གཟུགས་ཀུན་དུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་བདག་ཀུན་དུ་མཐའ་ཡས་པའི་སླད་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཀུན་དུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་དུ་མཐའ་ཡས་པས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཀུན་དུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བདག་ཀུན་དུ་མཐའ་ཡས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཀུན་དུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ། བདག་ཀུན་དུ་མཐའ་ཡས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀུན་དུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་


DKG027_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་སླད་དུ་གང་དེ་ལྟར་རྟོགས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་འམ། ཕ་རོལ་གྱི་འགྲམ་འམ། གཉིས་ཀྱི་དབུས་ན་མི་གནས་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་འམ། ཕ་རོལ་གྱི་འགྲམ་འམ། གཉིས་ཀའི་དབུས་ན་མི་གནས་ཤིང་ཤིན་དུ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བགྱིད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསོག་དུ་འབྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་སྤོང་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་ནི་མིང་དུ་ཡང་ཆགས་པ་ཡིན། མཚན་མར་ཡང་ཆགས་པ་ཡིན། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་མིང་དུ་ཡང་ཆགས་ཤིང་མཚན་མར་ཡང་ཆགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ། མིང་དུ་འཛིན་ཏམ་མཚན་མར་འཛིན་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མིང་དང་མཚན་མར་འཛིན་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཆགས་པས། ཤེས་རབ་ཀྱི་


DKG027_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་དུ་ཕྱིན་པ་གསོག་དུ་འབྱིན་ཏོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་སྤོང་ངོ་། །རབ་འབྱོར་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཚན་མར་འཛིན་ཅིང་། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཚན་མར་བཟུང་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་རློམ་སེམས་སུ་བྱེད་ན། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཆགས་པས། ཤེས་་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསོག་དུ་འབྱིན་ཏོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རིང་དུ་སྤོང་ངོ་། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་བསྟན་ལ་ཆགས་པ་དང་མ་ཆགས་པ་དེ་དག་ཀྱང་མ་མཆིས་པ་ངོ་མཚར་ཆེའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་ནི་གང་ཡིན། མ་ཆགས་པ་ནི་གང་ཡིན་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། གཟུགས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་པའོ། །ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ནང་སྟོང་པ་ཉིད་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །


DKG027_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འཕགས་པའི་བདེན་པ་རྣམས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་པའོ། །ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པའོ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་འདས་པའི་ཆོས་རྣམས་ལ། འདས་པའི་ཆོས་ཤེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཤེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ད་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་ཤེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དམིགས་པའི་ཚུལ་དུ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་བ་ནས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །ནང་སྟོང་པ་ཉིད་ལ་སྤྱོད་ན་ཆགས་


DKG027_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་ན་ཆགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ན་ཆགས་པའོ། །འཕགས་པའི་བདེན་པ་རྣམས་ལ་སྤྱོད་ན་ཆགས་པའོ། །བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ན་ཆགས་པའོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཆགས་པ་མེད་པ་གང་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ལ་གཟུགས་ཤེས་བྱ་བ་འདུ་ཤེས་པ་མེད་དོ། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཤེས་བྱ་བར་འདུ་ཤེས་པ་མེད་དོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཤེས་བྱ་བར་འདུ་ཤེས་པ་མེད་དོ། །ད་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་ཤེས་བྱ་བར་འདུ་ཤེས་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་


DKG027_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་སྦྱིན་ནོ། །འདི་ལ་སྦྱིན་པ་འདི་ལྟ་བུ་ཞིག་སྦྱིན་ཞེའམ། བདག་གིས་ནི་ཚུལ་ཁྲིམས་ཤིག་བསྲུང་ངོ་། །ཚུལ་ཁྲིམས་འདི་ལྟ་བུ་ཞིག་བསྲུང་ངོ་ཞེའམ་བདག་གིས་ནི་བཟོད་པ་ཞིག་བསྒོམ་མོ། །བཟོད་པ་འདི་ལྟ་བུ་ཞིག་བསྒོམ་མོ་ཞེའམ། བདག་གིས་ནི་བརྩོན་འགྲུས་ཤིག་བརྩམ་མོ། །བརྩོན་འགྲུས་འདི་ལྟ་བུ་ཞིག་བརྩམ་མོ་ཞེའམ། བདག་གིས་ནི་བསམ་གཏན་ཞིག་ལ་མཉམ་པར་གཞག་གོ། །བསམ་གཏན་འདི་ལྟ་བུ་ཞིག་ལ་མཉམ་པར་གཞག་གོ་ཞེའམ་བདག་གིས་ནི་ཤེས་རབ་ཅིག་བསྒོམ་མོ། །ཤེས་རབ་འདི་ལྟ་བུ་ཞིག་བསྒོམ་མོ་ཞེའམ་བདག་གིས་ནི་བསོད་ནམས་ཞིག་བསྐྱེད་དོ། །བསོད་ནམས་འདི་ལྟ་བུ་ཞིག་བསྐྱེད་དོ། །བསོད་ནམས་འདི་ཙམ་ཞིག་བསྐྱེད་དོ། །ཞེའམ་བདག་གིས་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་པར་བྱའོ་ཞེའམ། བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །ཞེའམ་བདག་གིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེའམ། བདག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སེམས་པ་མེད་དེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ལ་ནི། རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད་དང་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མེད་ཅིང་མི་རྒྱུ་སྟེ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་


DKG027_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོའི་ཐབས་མཁས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཆགས་པ་མེད་པ་དག་གོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་རྣམ་གྲངས་གང་གིས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་ཆགས་པར་འགྱུར་བ་ཡིན་དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སེམས་སུ་འདུ་ཤེས་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པར་འདུ་ཤེས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་འདུ་ཤེས་པ་དང་། ནང་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཕྱི་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཕྱི་ནང་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདུ་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་སུ་འདུ་ཤེས་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པར་འདུ་ཤེས་པ་དང་། འཕགས་པའི་བདེན་པ་དང་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་འདུ་ཤེས་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་སུ་འདུ་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སུ་འདུ་ཤེས་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་འདུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་འདུ་ཤེས་པར་གྱུར་ཏེ། སངས་རྒྱས་ལ་


DKG027_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་དགེ་བ་དག་དུ་འདུ་ཤེས་ནས། དགེ་བའི་རྩ་བ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བརྟུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། ཡོངས་སུ་བསྔོ་བ་དེར་ཡང་འདུ་ཤེས་པ་དེ་དག་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱི་ཆགས་པ་སྟེ། ཆགས་པ་དེ་དག་ལ་ཆགས་པར་གྱུར་ན། ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཕ་རོལ་དུ་ཕྱིན་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །སྟོང་པ་ཉིད་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་


DKG027_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོས་གཞན་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ཡང་དག་པར་བསྟན་ཏམ། ཡང་དག་པར་བསྐུལ་ལམ། ཡང་དག་པར་སྤྲོ་བ་བསྐྱེད་དམ། ཡང་དག་པར་རབ་ཏུ་དགའ་བར་བྱས་ན་ཡང་དག་པར་རྗེས་སུ་སོང་བའི་ཡིད་ཀྱིས་གཞན་ཡང་དག་པར་བསྟན་པར་བྱའོ། །ཡང་དག་པར་བསྐུལ་བར་བྱའོ། །ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། །དེ་ཡང་ཅི་ནས་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དང་། བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དང་། བདག་ནི་ནང་སྟོང་པ་ཉིད་ལ་སྤྱོད་དོ། །བདག་ནི་ཕྱི་སྟོང་པ་ཉིད་ལ་སྤྱོད་དོ། །བདག་ནི་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་དོ། །བདག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་དོ། །བདག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་དོ། །བདག་ནི་འཕགས་པའི་བདེན་པ་རྣམས་ལ་སྤྱོད་དོ། །བདག་ནི་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །བདག་ནི་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་།མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །བདག་ནི་ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་དོ། །བདག་ནི་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དང་། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་


DKG027_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་བར་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟར་ཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྐུལ་བར་བྱ། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ། ཡང་དག་པར་དགའ་བ་བསྐྱེད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། གཞན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་པར་བྱའོ། །ཡང་དག་པར་བསྐུལ་བར་བྱའོ། །ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། །དེ་ཡང་དག་པར་བསྟན་པ་དེ་དང་། ཡང་དག་པར་བསྐུལ་བ་དེ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པར་བྱ་བ་དེ་དང་། ཡང་དག་པར་དགའ་བ་བསྐྱེད་པར་བྱ་བ་དེས། གཞན་ཡང་དག་པར་སྟོན་ཅིང་ཡང་དག་པར་བསྐུལ་བ་དང་། ཡང་དག་པར་སྤྲོ་བ་སྐྱེད་ཅིང་ཡང་དག་པར་དགའ་བར་བྱེད་པའི་ཚེ། རྨ་འབྱུང་བར་མི་འགྱུར་ཞིང་། སངས་རྒྱས་ཀྱིས་གནང་བའི་ཡང་དག་པར་བསྐུལ་བས་ཡང་དག་པར་བསྐུལ་བ་ཡིན་ཏེ། དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པའི་རྣམ་པ་དེ་ལྟ་བུ་དག་སྟོན་པ་ལེགས་སོ་ལེགས་སོ། །རབ་འབྱོར་དེ་བས་ན་ཁྱོད་ལ་ཆགས་པའི་རྣམ་པ་དེ་བས་ཀྱང་ཕྲ་བ་བསྟན་པར་བྱས། དེ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མར་ཡིད་ལ་བྱེད་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་གྱུར་པ་དེ་ཙམ་དུ་ཆགས་པའོ། །གང་ཡང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་


DKG027_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆགས་པ་ཐམས་ཅད་དང་བྲལ་བ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་མཚན་མར་ཡིད་ལ་བྱེད་ཅིང་། ཡིད་ལ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། །གང་ཡང་དེ་བཞིན་གཤེགས་པའི་ཉན་ཐོས་དེ་དག་དང་། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ཀྱང་མཚན་མར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེ་དག་ནི་མཚན་མར་ཡིད་ལ་བྱ་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་གི་དགེ་བའི་རྩ་བ་ཡང་མཚན་མར་ཡིད་ལ་བྱ་བ་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཟབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དབེན་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་བྱས་མངོན་པར་འདུ་མ་བྱས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བར་མི་ནུས་སོ། །གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་སངས་མ་རྒྱས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གཅིག་པོ་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། །གང་རང་བཞིན་མ་ཡིན་པ་དེ་ནི་མ་བྱས་པའོ། །གང་མ་བྱས་པ་དེ་ནི་མངོན་པར་འདུས་མ་བྱས་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཀྱི་རང་བཞིན་གཅིག་པོ་གང་རང་བཞིན་


DKG027_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་མ་བྱས་པ་མངོན་པར་འདུས་མ་བྱས་པ་ཤེས་ན་ཆགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རྟོགས་པར་དཀའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་རྟོགས། རྣམ་པར་མི་ཤེས་མངོན་པར་སངས་མ་རྒྱས་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་སེམས་ཀྱིས་མ་ཤེས་སོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་མ་ཤེས་སོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བས་མ་ཤེས་སོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་སྟོང་པ་ཉིད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་མ་ཤེས་སོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་ཀྱིས་མ་ཤེས་སོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་མ་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་མ་ཤེས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱིས་མ་ཤེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཆོས་ཐམས་ཅད་རྣམ་པར་དག་པའི་ལེའུ་སྟེ། ཉི་ཤུ་རྩ་བདུན་པའོ།། །།


previousལེའུ་ཉི་ཤུ་བདུན་པ། next