Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཞི་བཅུ་པ།
   
   


 
previousལེའུ་བཞི་བཅུ་པ། next

ལེའུ་བཞི་བཅུ་པ།


DKG027_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཏེ་མོས་པ་ཟློག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་འདི་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ཆོས་འདི་དག་ཀྱང་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་དག་གང་ཡང་མི་དམིགས་ཏེ། ཆོས་འདི་དག་ཐམས་ཅད་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་པ་འདི་ནི་ཁྱོད་ཉོན་མོངས་ལ་དོན་མེད་པར་འགྱུར་བ་སྟེ། འདི་ནི་བདུད་ཀྱིས་བསྟན་པའོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ། །རིགས་ཀྱི་བུ་ཡིད་ལ་བྱེད་པ་དེ་དག་ཐོང་ལ། ཁྱོད་ཡུན་རིང་པོར་གནོད་པ་དང་། ཕན་པ་མེད་པར་མ་སྤྱོད་ཅིག།སྡུག་བསྔལ་བ་དང་། ལོག་པར་ལྟུང་ངོ་ཞེས་ཟེར་ན། དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས། ཚིག་དེ་དག་ཐོས་ནས་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཟློག་པ་དེ་ནི་བདུད་ཀྱི་ལས་ཏེ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་


DKG027_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱིས་མ་ཤེས་མ་མཐོང་། ཁོང་དུ་མ་ཆུད་ཀྱིས་དེའི་ཕྱིར་བདག་གིས་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་གོ་ཆ་བགོས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་འབྱུང་བའི་ཆོས་བསྟན་ཏོ། །སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །སྙམ་དུ་སེམས་བསྐྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ནས་སེམས་བརྟན་པར་བྱའོ། །སེམས་མི་གཡོ་བར་བྱའོ། །སེམས་མི་འཕྲོགས་པར་བྱའོ། །དེ་སེམས་བརྟན་པ་དང་། སེམས་མི་གཡོ་བ་དང་། སེམས་མི་འཕྲོགས་པ་དང་ལྡན་པས། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་ལྡོག་པ་ཞེས་བགྱིའམ། འོན་ཏམ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་ལྡོག་པ་ཞེས་བགྱི། ཅིའི་སླད་དུ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་


DKG027_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དེ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་གཏན་གཉིས་པ་དང་གསུམ་པ་དང་། བཞི་པ་ལ་སྙོམས་པར་འཇུག་གོ། །འགོག་པའི་བར་ལ་སྙོམས་པར་འཇུག་གོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་སྙོམས་པར་འཇུག་གོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་གོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ། །དེ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་གིས་འགོག་པའི་སྙོམས་པར་འཇུག་པ་ལ་འདྲིས་པར་བྱེད། དྲན་པ་ཉེ་བར་གཞག་པ་རྣམས་གོམས་པར་བྱེད།


DKG027_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གོམས་པར་བྱེད། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་སྟེ། བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་མི་འཛིན་ཏོ། །རང་བྱང་ཆུབ་ཐོབ་པར་མི་བྱེད་དོ། །དེ་འདོད་ན་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་འཛིན་ཏེ། ལུས་གང་གིས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འགྱུར་བ། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན། མཚན་མ་ལྷུར་ལེན་པ་མ་ཡིན་ལུས་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན། ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན། བཟོད་པ་ལྷུར་ལེན་པ་མ་ཡིན། བརྩོན་འགྲུས་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཤེས་རབ་ལྷུར་ལེན་པ་མ་ཡིན། ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལྷུར་ལེན་པ་མ་ཡིན། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་


DKG027_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྷུར་ལེན་པ་མ་ཡིན། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལྷུར་ལེན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལྷུར་ལེན་པ་མ་ཡིན། མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལྷུར་ལེན་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་བསྐྱེད་པ་དང་། གང་གིས་བསྐྱེད་པ་དང་། གང་ལ་བསྐྱེད་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡིད་ལ་བྱེད་པ་དེ་དང་ལྡན་པས། སྤྱོད་ལམ་བཞིར་འགྲོའམ། འོང་ན་ཡང་ནོར་པའི་སེམས་ཀྱིས་མི་འགྲོ། ནོར་པའི་སེམས་ཀྱིས་མི་འོང་། ནོར་པའི་སེམས་ཀྱིས་མི་སྡོད། ནོར་པའི་སེམས་ཀྱིས་མི་འཆག།ནོར་པའི་སེམས་ཀྱིས་མི་འདུག།ནོར་པའི་སེམས་ཀྱིས་མི་ཉལ་ཏེ། དེ་དྲན་བཞིན་དུ་འགྲོའོ། །དྲན་བཞིན་དུ་འོང་ངོ་། །དྲན་བཞིན་དུ་འཆག་གོ། །དྲན་བཞིན་དུ་སྡོད་དོ། །དྲན་བཞིན་དུ་འདུག་གོ། །དྲན་བཞིན་དུ་ཉལ་ལོ། །རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་


DKG027_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་ན་གནས་ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ། །དེ་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། ཟས་འདོད་པ་ལ་ཟས་སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མལ་ཆ་འདོད་པ་ལ་མལ་ཆ། མེ་ཏོག་འདོད་པ་ལ་མེ་ཏོག།བདུག་པ་འདོད་པ་ལ་བདུག་པ། སྤོས་འདོད་པ་ལ་སྤོས། འཕྲེང་བ་འདོད་པ་ལ་འཕྲེང་བ། བྱུག་པ་འདོད་པ་ལ་བྱུག་པ། གནས་འདོད་པ་ལ་གནས། ནོར་དང་འབྲུ་དང་ནོར་བུ་དང་མུ་ཏིག་དང་་ཌྰུརྱ་དང་དུང་དང་། མན་ཤེལ་དང་བྱི་རུ་དང་གསེར་དང་། དངུལ་འདོད་པ་ལ་ནོར་དང་འབྲུ་དང་། ནོར་བུ་དང་མུ་ཏིག་དང་་ཌྰུརྱ་དང་དུང་དང་མན་ཤེལ་དང་། བྱི་རུ་དང་གསེར་དང་དངུལ་དང་འཚོག་ཆས་དང་། ཡོ་བྱད་གཞན་དང་། གཞན་དག་ཀྱང་དེ་འདོད་པ་རྣམས་ལ་ཡོངས་སུ་གཏོང་སྟེ། དེ་བདག་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱེད་དོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཁྱིམ་ན་གནས་ན་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་།


DKG027_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཡང་། དེ་འདོད་པ་ལ་ཡོངས་སུ་མི་སྤྱོད་དེ། རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་པ་ཡིན། གནོད་པ་གང་གིས་གཞན་མི་དགའ་བར་འགྱུར་བའི་གནོད་པ་དེ་ལྟ་བུ་གང་ཡང་མི་སྐྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱི་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། བདག་གིས་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་འབྲང་བར་བྱའོ་ཞེས་ཡོངས་སུ་བསྲུང་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མི་ཆད་པར་རྗེས་སུ་འབྲང་ངོ་། །ཇི་ཙམ་དུ་ལག་ན་རྡོ་རྗེའི་རིགས་རྣམས་རྟག་ཏུ་རྒྱུན་མི་ཆད་པར་རྗེས་སུ་འབྲང་བ་དེ་ཙམ་དུ་དེ་ལ་མིའམ། མི་མ་ཡིན་པ་དག་གིས་གནོད་པར་མི་ནུས་ཏེ། དེ་ལ་འཇིག་རྟེན་ན་ལྷའམ། བདུད་དམ། ཚངས་པའམ། གང་སུས་ཀྱང་ཆོས་དང་འཐུན་པར་ཐུབ་པ་མེད་དེ། དེའི་སེམས་བྱང་ཆུབ་ཡིད་ལ་བྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་རྣམ་པར་འཁྲུག་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དབང་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དག་མ་ཚང་བར་མི་འགྱུར་རོ། །དེ་ནི་སྐྱེས་བུ་དམ་པར་


DKG027_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་ཞིང་སྐྱེས་བུ་དམའ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་བྱང་ཆུབ་ཀྱི་སེམས་མི་འཁྲུག་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང་། བུད་མེད་ཟེ་སློང་བ་དང་། དབང་དུ་འགྱུར་བའི་སྔགས་དང་། ཚིག་གང་ཅི་ཡང་རུང་སྟེ། རྩི་དེ་དག་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་མི་སྦྱོར། སྦྱོར་དུ་མི་འཇུག་སྟེ། ཟེ་སློང་བའི་བག་གཞན་དང་གཞན་དག་ཀྱང་མི་བྱེད་དོ། །བུད་མེད་དམ་སྐྱེས་པ་གང་ཡང་རུང་སྟེ། དེ་དག་ལ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་མི་བྱེད་དོ། །བུའམ་བུ་མོ་རིགས་ཀྱི་ལྷ་ལྟ་བུ་ཡོད་པར་འགྱུར་རོ་ཞེའམ། ཚེ་རིང་བར་འགྱུར་རོ་ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ། མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་འཚེ་བ་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་གང་དང་ཚུལ་གང་དང་། མཚན་མ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་


DKG027_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དང་ཚུལ་དང་། མཚན་མ་དེ་དག་བསྟན་གྱིས་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ། ཕུང་པོའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འདྲེལ་བར་འབྱུང་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཕུང་པོ་སྟོང་པ་ཉིད་དང་། སྐྱེ་མཆེད་སྟོང་པ་ཉིད་དང་། ཁམས་སྟོང་པ་ཉིད་དང་། རྟེན་ཅིང་འདྲེལ་བར་འབྱུང་བ་སྟོང་པ་ཉིད་ཤིན་དུ་ཡིད་ལ་བྱས་པ་ཡིན། དེ་འདུ་འཛིའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་སྟོང་པ་ཉིད་ཤིན་དུ་ཡིད་ལ་བྱས་པ་ཡིན། དེ་རྒྱལ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས། ཆོས་གང་ལ་ཡང་བཟང་པོའམ། ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་རྐུན་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། ཆོས་གང་ལ་ཡང་བླང་བའམ། དབྲོག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་གཡུལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཉུང་ངུའམ་མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དམག་གི་གཏམ་གྱི་སྦྱོར་བ་


DKG027_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས། ཆོས་གང་ལ་ཡང་བྱམས་པའམ་ཞེ་སྡང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་གྲོང་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཚོགས་སམ་ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་གཟུང་བའམ། མི་གཟུང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་པའི་མཐའ་ལ་གནས་པས་ཆོས་གང་ཡང་འཕེལ་བའམ། འབྲི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བདག་གིས་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ཏེ། དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེར་སྣའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ངན་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། འཁྲུག་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ལེ་ལོའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་དུ་


DKG027_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་སྤྱོད་ཅིང་། གཡེང་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་འཆལ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་ཆོས་འདོད་པ་ཡིན་གྱི། ཆོས་མི་འདོད་པ་མ་ཡིན། དེ་ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་། ཆོས་ཐ་དད་པའི་ལེགས་པ་བརྗོད་པ་མ་ཡིན། དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཤེས་གཉེན་དུ་སེམས་པ་ཡིན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཇི་སྙེད་པ་དེ་དག་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་ཞིང་འགོད་དོ། །འདུལ་ལོ། །རབ་ཏུ་གཞོག་གོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང་བལྟ་བའི་ཕྱིར། འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་འཚོ་སྐྱོང་བ་དེར་སྐྱེས་ཏེ། དེར་སྐྱེ་བར་འདོད་ཅིང་འདི་ལྟར་སངས་རྒྱས་ཡིད་ལ་བྱ་བས་ཉིན་མཚན་དུ་རྣམ་པར་སྤྱོད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱ་བ་བསྐྱེད་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །བསམ་གཏན་དང་པོ་བསྐྱེད། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་བསྐྱེད། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་བར་དུ་བསྐྱེད་ཅིང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེར་སྐྱེ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་


DKG027_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ནང་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པ་དང་། འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་གནས་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་ལ་གནས་པ་དེ་ནི་འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པའམ་ཕྱིར་མི་ལྡོག་པ་མ་ཡིན་ནོ་སྙམ་ཡང་མི་བྱེད་དེ། ཐེ་ཚོམ་མི་སྐྱེ་ཞིང་རང་གི་ས་ལ་ཡིད་གཉིས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་ལྡོག་པ་དང་། ཕྱིར་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་དུ་ཞུགས་པའི་སྐྱེས་བུ་རྒྱུན་དུ་ཞུགས་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །ལན་ཅིག་ཕྱིར་འོང་བ་ལན་ཅིག་ཕྱིར་འོང་བའི་ས་ལ་གནས་པ་དང་། ཕྱིར་མི་འོང་བ་ཕྱིར་མི་འོང་བའི་ས་ལ་གནས་པ་དང་། དགྲ་བཅོམ་པ་དགྲ་བཅོམ་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །རང་སངས་རྒྱས་རང་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་


DKG027_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟའོ། །ཡང་དག་པར་རྫོགས་པའི་སངས་རྒྱས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ཞིང་། དེ་ཕྱིར་མི་ལྡོག་པའི་ས་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུ་ཡང་མི་འགྲོ། བདུད་ཀྱི་ལས་དེ་དག་ཐམས་ཅད་ཀྱང་རྣམ་པར་འཇོམས་ཞིང་སྲབ་མོར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚམས་མེད་པ་བྱེད་བྱེད་པའི་སྐྱེས་བུ་ནི་འཆི་ཀའི་བར་དུ་ཡང་མཚམས་མེད་པའི་སེམས་དང་མི་འབྲལ་ཞིང་། མཚམས་མེད་པའི་སེམས་དེ་རྗེས་སུ་འབྲང་ངོ་། །མཚམས་མེད་པའི་སེམས་དེ་ཐབས་མཁས་པ་ཐམས་ཅད་ཀྱིས་ཀྱང་རྣམ་པར་གཞིལ་བར་མི་ནུས་ཏེ། ཀུན་ནས་ལྡང་བ་དེ་འཆི་ཀའི་བར་དུ་ཡང་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་སེམས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་གནས་པ་སྟེ། སེམས་དེ་རྣམ་པར་བརྟག་ཏུ་མེད་ཅིང་མི་སྐུལ་བས། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱིར་བཟློག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་དེས་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་པའི་སྐྱོན་མེད་པར་ཞུགས་པས་དེ་རང་གི་ས་ལ་གནས་ཤིང་། མངོན་པར་ཤེས་པ་རྣམས་ལ་ཕ་རོལ་དུ་ཕྱིན་པའི་མཆོག་ཐོབ་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང་། དེ་དག་ལ་ཕྱག་བྱ་བ་དང་། ཆོས་མཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་


DKG027_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །སངས་རྒྱས་ཀྱི་ཞིང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོ་ཡང་བསྐྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་ཞུ་བ་བྱེད། བསྙེན་བཀུར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་གི་དབང་དུའང་མི་འགྲོའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་དེ་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པས། ཡང་དག་པའི་མཐའ་གཅིག་གམ། གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཤེས་པས་དེ་ཚེ་འཕོས་ནས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་སྙམ་དུ་མི་བྱེད་དེ། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་གནས་པ་ནི་རང་གི་ས་ལ་ཐུབ་པ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་


DKG027_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན་ཏེ། རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་འདི་ཉིད་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག།ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གང་གིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁྱོད་ཀྱིས་མ་ཐོབ་པོ། །རྣམ་པ་གང་དག་དང་ཚུལ་གང་དག་དང་མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་ཀྱང་ཁྱོད་ལ་མེད་དོ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེ་ཐོས་ནས་མི་འཇུམ་མི་འགོང་ཞིང་། དེའི་སེམས་གཞན་དུ་མི་འགྱུར་ལ་ཡིད་སྐྲག་པར་མི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་


DKG027_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སར་ལུང་བསྟན་ཀྱང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་ཡང་ཡང་དག་པར་བསྐུལ་བ་མི་མཛད་དེ། ཀྱེ་མ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག།སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་སོ་སྙམ་སེམས་པ་དང་། གལ་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་དུ་རྒྱས་པའི་མདོ་སྡེ་ཀློག་པ་དང་ཁ་ཏོན་བྱེད་པ་ལ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། དེ་ལ་འདི་སྐད་དུ་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཀྱེ་མ་གང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་པ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་བྱིན་གྱིས་བརླབས་པའི་སྐྱེས་བུའོ་ཞེས་བྱ་བར་རིག་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་ནི་དེ་ལ་ཡོད་དོ། །རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་


DKG027_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་ཅིང་ཆོས་དེ་ཡོངས་སུ་མི་གཏོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དེ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་། དམ་པའི་ཆོས་ཡོངས་སུ་མི་གཏོང་བ་དེ་ལྟར་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་ན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་འགྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་མོ། །དེ་ལ་ཆོས་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང་སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པའི་ཆོས་དེ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་སྟོང་ངོ་ཞེས་ཆོས་སྟོན་ཏེ། དེ་ལ་སྐྱེས་བུ་བླུན་པོ་ལ་ལ་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན་འདི་ནི་སྟོན་པས་བསྟན་པ་མ་ཡིན་ནོ་ཞེས་ཕྱིར་རྒོལ་ཞིང་ངན་དུ་བརྗོད་དེ། རབ་འབྱོར་ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང་སྲོག་ཡོངས་སུ་ཆད་པར་འགྱུར་ཡང་མི་གཏོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ། གང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བ་དེ་དག་གི་ནང་དུ་བདག་ཀྱང་གྲངས་སུ་གཞུག་གོ། །བདག་ཀྱང་དེར་ལུང་བསྟན་ཏོ། །ཆོས་གང་གི་ཕྱིར་བདག་ཡོངས་སུ་གཏོང་བ་དང་། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་


DKG027_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཏོང་བ་དེ་ཡང་བདག་གིས་ཆོས་སོ་ཞེས་བསླབ་པོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་མཐོང་བས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ་སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མེད། ཐེ་ཚོམ་མི་ཟ་ཞིང་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གསུངས་པ་དེ་ཐམས་ཅད་ཡོངས་སུ་འཛིན་ཏོ། །དེ་ལྟར་བཟུང་ནས་ཀྱང་ཆུད་ཟ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་གང་ཐོབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆབ་མི་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་ཟད་པའི་ཟ་མ་ཏོག་གི་གཟུངས་རབ་ཏུ་ཐོབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་མི་ཟའོ། །དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་དང་། པད་མོ་རྣམ་པར་བཀོད་པ་དང་། ཡོངས་སུ་འཛིན་པའི་གཟུངས་རབ་ཏུ་ཐོབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་མི་ཟའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཞིག་ཆབ་མི་འཚལ་དུ་བས་ཀྱི་ཉན་ཐོས་ཀྱིས་བཤད་པ་མ་ལགས་སམ། ལྷས་བཤད་པ་མ་


DKG027_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ། ཀླུས་བཤད་པ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་མ་ལགས་སམ། དྲི་ཟས་བཤད་པ་མ་ལགས་སམ། ལྷ་མ་ཡིན་གྱིས་བཤད་པ་མ་ལགས་སམ། ནམ་མཁའ་ལྟིང་གིས་བཤད་པ་མ་ལགས་སམ། ལྟོ་འཕྱེ་ཆེན་པོས་བཤད་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐད་དང་། བརྡ་དང་། སྒྲ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཕྱིར་མི་ལྡོག་པའི་ལེའུ་སྟེ་བཞི་བཅུ་པའོ།། །།


previousལེའུ་བཞི་བཅུ་པ། next