Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་དྲུག་ཅུ་དགུ་པ།
   
   
   
   
   
   
   


 
previousལེའུ་དྲུག་ཅུ་དགུ་པ། next

ལེའུ་དྲུག་ཅུ་དགུ་པ།


DKG028_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་ཏེ། དེ་དག་སངས་རྒྱས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པས་ཀྱང་མ་བགྱིས། དེ་དག་ལ་ཞུགས་པས་ཀྱང་མ་བགྱིས། གང་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བགྱིས་ན། ཆོས་དེ་དག་ལ་འདི་དག་ནི་སེམས་ཅན་དམྱལ་བ་པའོ། །འདི་དག་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་དག་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་དག་ནི་ལྷའོ། །འདི་དག་ནི་མིའོ། །ལས་འདིས་ནི་སེམས་ཅན་དམྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པར་འགྱུར་རོ། །ལས་འདིས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་སུམ་བཅུ་རྩ་གསུམ་དང་། མཚེ་མ་


DKG028_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་འགྱུར་རོ། །ལས་འདིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ། །ལས་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བགྱི་བར་ཐ་དད་དུ་དབྱེ་བའམ། རྣམ་པར་དགོད་པར་ཡང་ཇི་ལྟར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི། བགྱི་བ་གང་ཡང་མ་མཆིས་ཏེ། བགྱི་བ་གང་གིས་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བའམ། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་།


DKG028_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ལ་སྤྱོད་པར་འགྱུར་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའམ། ཐོབ་པར་གྱུར་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་རོ་ཞེས་བགྱི་བ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། རབ་འབྱོར་དངོས་པོ་མེད་པ་ལ་ནི་ལས་ཀྱང་མེད་བྱ་བའང་མེད། འབྲས་བུའང་མེད་ན། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འཕགས་པའི་ཆོས་ལ་མི་མཁས་པ་རྣམས་ཀྱིས་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མི་ཤེས་ཏེ། ཕྱིན་ཅི་ལོག་ལས་བྱུང་བའི་སེམས་ཀྱིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པས་དེ་དག་གི་ལུས་རྣམ་པ་དེ་བཞིན་དུ་མངོན་པར་འགྲུབ་སྟེ། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མིའམ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་


DKG028_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷའི་ནང་དུ་ལུས་མངོན་པར་འགྲུབ་སྟེ། དངོས་པོ་མེད་པ་ལ་ནི་ལས་སམ་བྱ་བའམ། འབྲས་བུ་མེད་དེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དོ། །རབ་འབྱོར་དེ་ལ་འདི་སྐད་དུ་དངོས་པོ་མེད་པ་ལ་ནི་བྱ་བ་གང་ཡང་མེད་དེ། བྱ་བ་གང་གིས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་


DKG028_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ལ་སྤྱོད་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའམ། དེ་ཐོབ་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་འགྲོལ་བར་འགྱུར་བ་དེ་ལྟ་བུའི་བྱ་བ་གང་ཡང་མེད་དོ་ཞེས་ཟེར་བ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལམ་དངོས་པོ་མེད་པ་མ་ཡིན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུ་དངོས་པོ་མེད་པ་མ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དངོས་པོ་མེད་པ་མ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ལམ་ནི་དངོས་པོ་མ་མཆིས་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རབ་བྱང་ཆུབ་ནི་དངོས་པོ་མ་མཆིས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་དངོས་པོ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དངོས་པོ་མེད་པའི་ཆོས་ཤིག་དངོས་པོ་མེད་པའི་ཆོས་ཐོབ་པར་བྱེད་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་དངོས་པོ་མེད་པ་གང་ཡིན་པ་དང་། ལམ་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་


DKG028_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་ཕྱིན་ཅི་ལོག་བཞིས་ཕུང་པོ་ལྔ་ལ་མངོན་པར་ཞེན་པ། མི་རྟག་པ་ལ་རྟག་པའི་འདུ་ཤེས་སུ་གྱུར་པ། སྡུག་བསྔལ་བ་ལ་བདེ་བའི་འདུ་ཤེས་སུ་གྱུར་པ། བདག་མེད་པ་ལ་བདག་གི་འདུ་ཤེས་སུ་གྱུར་པ། མི་སྡུག་པ་ལ་སྡུག་པའི་འདུ་ཤེས་སུ་གྱུར་པ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་དངོས་པོ་ལས་རྣམ་པར་འགྲེལ་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་དངོས་པོར་ཞེན་ནས། མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་དངོས་པོ་དེ་བཞི། མ་ནོར་བ་དེ་བཞིན་ཞེས་བགྱི་བ་མ་མཆིས་སམ། དེ་སྟེ་མ་མཆིས་ན་ནི། མངོན་པར་འདུ་བགྱིད་པར་ཡང་ཇི་ལྟར་འགྱུར། སུག་ལས་དེས་ཀྱང་ཤུལ་རྒྱུད་ལྔའི་འཁོར་བ་ནས་ཅི་སྟེ་མི་འགྲོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པའི་དངོས་པོ་ནི་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་ཡང་མེད་དོ། །རབ་འབྱོར་དེ་ལྟ་བས་ན་ཅི་ནས་ཀྱང་དོན་འདི་གསལ་ཞིང་རྫོགས་པ་དང་། མཁས་པས་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེས་བཤད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨི་ལམ་དུ་མཐོང་བ་ལ་རྨི་ལམ་དུ་མཐོང་བ་དེ་གང་ལ་གནས་ཤིང་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་རྨི་ལམ་ཉིད་ཀྱང་མ་མཆིས་ན། རྨི་ལམ་མཐོང་བ་དེ། གང་ལ་གནས་ཤིང་འདོད་པའི་ཡོན་ཏན་ལྔས་


DKG028_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྤྱོད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་རྨི་ལམ་དང་འདྲ་བ་མ་ཡིན་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་རྨི་ལམ་ལྟ་བུ་མ་ལགས་པ་དེ་ལྟ་བུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་རྨི་ལམ་ལ་རྒྱུད་ལྔའི་འཁོར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨི་ལམ་ལ་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་དངོས་པོ་མ་མཆིས་པ་སྟེ། བརྗོད་པ་དང་། སྒྲ་དང་། ཚིག་དང་། ཡི་གེ་ཐམས་ཅད་ཀྱིས་གདགས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མེ་ལོང་ལ་གཟུགས་བརྙན་སྣང་བ་དེ་ལ་གང་ལས་མངོན་པར་འདུ་བྱེད་ཅིང་། མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མི་དང་ལྷར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་གཞན་དུ་ན་བྱིས་པ་རྣམས་ལ་སླུ་བ་མ་གཏོགས་པར་དངོས་པོར་མ་


DKG028_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ་སྟེ། གཟུགས་བརྙན་ཉིད་ཀྱང་མ་མཆིས་ན། གང་མངོན་པར་འདུ་བགྱིད་ཅིང་མངོན་པར་འདུ་བགྱིས་པས། སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མི་དང་ལྷར་འགྱུར་བའི་སུག་ལས་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལ་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་བརྙན་ཉིད་ཀྱང་དངོས་པོ་མ་མཆིས་ན། ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ནགས་སྟུག་པོ་དང་། རི་དང་། གཅོང་རོང་དང་། ལུང་པ་ནས་སྒྲ་བརྙན་བྱུང་ན། སྒྲ་བརྙན་དེ་ལ་མངོན་པར་འདུ་བྱེད་ཅིང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། ལྷ་དང་མིར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྲ་བརྙན་དེ་ཉིད་ཀྱང་དངོས་པོ་མ་མཆིས་ན། དེ་ལ་གང་སུག་ལས་མངོན་པར་འདུ་བགྱིད་ཅིང་། མངོན་པར་འདུ་བགྱིས་ན་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། ལྷ་དང་མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་འམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་


DKG028_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྲ་བརྙན་གྱི་ལམ་གང་ལ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྲ་བརྙན་ཉིད་ཀྱང་ཤིན་དུ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྨིག་རྒྱུ་ལ་ཆུ་མེད་པར་ཆུའི་འདུ་ཤེས་སུ་གྱུར་པ་དང་། ཀླུང་མེད་པར་ཆུ་ཀླུང་གི་འདུ་ཤེས་སུ་གྱུར་པ་དང་། གྲོང་ཁྱེར་མེད་པར་གྲོང་ཁྱེར་གྱི་འདུ་ཤེས་སུ་གྱུར་པ་དང་། སྐྱེད་མོས་ཚལ་མེད་པར་སྐྱེད་མོས་ཚལ་གྱི་འདུ་ཤེས་སུ་གྱུར་པ་དེ་ལ། འདུ་ཤེས་ཀྱི་ལམ་གང་མངོན་པར་འདུ་བྱས་པས། སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ།


DKG028_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་སྨིག་སྒྱུ་ལ་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མིག་གིས་ལོག་པར་མཐོང་བ་མ་གཏོགས་པར་ཆུ་ཀླུང་དང་། གྲོང་ཁྱེར་དང་། བསྐྱེད་མོས་ཚལ་ཤིན་དུ་མ་མཆིས་ན། སུག་ལས་གང་མངོན་པར་འདུ་བགྱིས་པས་སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་།


DKG028_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཕྱིན་ཅི་ལོག་གི་འདུ་ཤེས་དེ་ལ་ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཕྱིན་ཅི་ལོག་གི་འདུ་ཤེས་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་སྣ་ཚོགས། གླང་པོའི་ཚོགས་སམ། རྟའི་ཚོགས་སམ། གླང་གི་ཚོགས་སམ། དཔུང་བུ་ཆུང་གི་ཚོགས་སམ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་མངོན་པར་སྤྲུལ་ན། སྒྱུ་མ་དེ་དག་ལ་གང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་།


DKG028_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྒྱུ་མ་དེ་གང་ལ་གནས་ཏེ། སུག་ལས་དེ་གང་མངོན་པར་འདུ་བགྱིད་པ་དང་། སུག་ལས་གང་མངོན་པར་འདུ་བགྱིས་པས། སེམས་ཅན་དམྱལ་བར་མཆི་བའམ། བྱོལ་སོང་གི་སྐྱེ་གནས་སུ་མཆི་བའམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ནི།


DKG028_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲའི་རྩེ་མོའི་ཆ་ཤས་གཞག་པ་ཙམ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་གང་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ལ་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་མཛད་ན། སྤྲུལ་པ་དེ་ལ་ལས་གང་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་བའམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བའམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའམ། མིར་སྐྱེ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའམ། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷར་སྐྱེ་བའམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་


DKG028_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་དེ་ལ་དངོས་པོ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེ་ལ་ལམ་གང་བསྒོམས་པས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བ་དེ་ལྟ་བུའི་ལམ་བསྒོམ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལ་གང་ལ་ལ་ཞིག་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། ཇི་ལྟར་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་གང་ཡང་མེད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་དང་བདག་གིར་བྱ་བ་ལ་གནས་ཤིང་། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་གྱི། ཡང་དག་པར་མཐོང་བ་ནི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མེད་དོ། །ཇི་ལྟར་ཡང་དག་པར་མཐོང་བ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་བ་མེད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་དྲུག་ཅུ་དགུ་པའོ།། །།


previousལེའུ་དྲུག་ཅུ་དགུ་པ། next