Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་དགུ་པ།


   
   
   
   
   
   
དྲུག་པ། རབ་འབྱོར་གྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲུག་པ། རབ་འབྱོར་གྱི་ལེའུ།next

དྲུག་པ། རབ་འབྱོར་གྱི་ལེའུ།


DKG029_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་གཏམ་བྱ་བར་ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང། ཉན་ཐོས་ཆེན་པོ་དེ་དག་དང། ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་རང་གི་ཤེས་རབ་དང། སྤོབས་པའི་སྟོབས་བསྐྱེད་པའི་གོ་ཆས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་དམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་པར་བྱེད། སྙམ་མོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང། ཉན་ཐོས་ཆེན་པོ་དེ་དག་དང། ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་སྨྲ་བ་དང། སྟོན་པ་དང། བརྗོད་པ་གང་ཅིའང་རུང་སྟེ། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །དེ་བཞིན་


DKG029_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པས་ཆོས་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཆོས་ཉིད་དང་མི་འགལ་ལོ། །རིགས་ཀྱི་བུ་དེ་དག་ཆོས་བསྟན་པ་དེ་ལ་སློབ་ནའང་ཆོས་ཉིད་དེ་མངོན་སུམ་དུ་བྱེད་དོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་འདི་ཉིད་ཐབས་ལ་མཁས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་གྱི། ཚེ་དང་ལྡན་པ་ཤཱ་རིའི་བུ། འདི་ལ་ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མི་ནུས་ཏེ། ཡུལ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དྭགས་ལགས། བཅོམ་ལྡན་འདས་བདག་གིས་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་མིང་གི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང། བྱང་ཆུབ་སེམས་དཔའི་མིང་དེའང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་པར་བགྱི། རྗེས་སུ་སྟོན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་སེམས་དཔའི་མིང་དེ་ནི་མིང་ཙམ་དུ་ཟད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སེམས་ཅན་སེམས་ཅན་ཞེས་བྱ་བར་མིང་དུ་བརྗོད་ཀྱང། སེམས་ཅན་གང་ཡང་མི་དམིགས་ཏེ། དེ་ནི་མིང་དུ་བཏགས་པ་ཙམ་དུ་ཟད་ལ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དོ། །དེ་བཞིན་དུ་བདག་དང།


DKG029_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང། སྐྱེ་བ་པོ་དང། གསོ་བ་དང། སྐྱེས་བུ་དང། གང་ཟག་དང། ཤེད་ལས་སྐྱེས་པ་དང། ཤེད་བུ་དང། བྱེད་པ་པོ་དང། བྱེད་དུ་འཇུག་པ་པོ་དང། སློང་བ་པོ་དང། ཀུན་ནས་སློང་བ་པོ་དང། ཚོར་བ་པོ་དང། ཚོར་བར་བྱེད་དུ་འཇུག་པ་པོ་དང། ཤེས་པ་པོ་དང། མཐོང་བ་པོ་དེ་དག་ཐམས་ཅད་ཀྱང་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་སྐྱེ་བ་མེད། འགག་པ་མེད་དེ། འདི་ལྟར་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པར་ཟད་དོ། །མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའི་མིང་གང་ཡིན་པ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་དེ་ལ་ནི་མིང་གི་བརྡས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ནང་གི་ལུས་གང་ཡིན་པ་དེ་ལ་གཟུགས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དོ། །རབ་འབྱོར། འདི་ལྟ་


DKG029_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མིག་ཅེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དོ། །འདི་ལྟ་སྟེ། མིག་ཅེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཅེས་བྱ་བ་དེ་ནི། འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དོ། །འདི་ལྟ་སྟེ། ཡིད་ཅེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། གཟུགས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། ཆོས་ཞེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། མིག་གི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིག་གི་ཁམས་ཞེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་གཟུགས་ཀྱི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དོ། །གཟུགས་ཀྱི་ཁམས་ཞེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་


DKG029_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡང་མི་དམིགས་སོ། །རབ་འབྱོར། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་ནི། འདི་ལྟར་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ནང་གི་ལུས་ཞེས་བྱ་བ་འདི་ནི་མིང་ཙམ་གྱིས་ཐ་སྙད་གདགས་པ་སྟེ། མགོ་བོ་དང། མཇིང་པ་དང། ཕྲག་པ་དང། ལག་པ་དང། རྒལ་ཚིགས་དང། རྩིབ་མ་དང། དབྱི་དང། བརླ་དང།


DKG029_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྫེ་ངར་དང། རྐང་པའི་རུས་པ་ཞེས་བྱ་བར་མིང་གིས་ཐ་སྙད་དུ་འདོགས་པ་དེ་དག་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་དག་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་བཏགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་དེ་དག་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། འདི་ལྟ་སྟེ་དཔེར་ན། ཕྱི་རོལ་གྱི་རྩྭ་དང། ཤིང་དང། ཡལ་ག་དང། ལོ་མ་དང། འདབ་མ་ཞེས་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་གདགས་པར་ཟད་ལ། མིང་དེ་དག་ཀྱང་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེ་དག་ཀྱང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་དེ་དག་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མཚན་དེ་དག་ཀྱང་ནང་ན་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན།


DKG029_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་དང། བྲག་ཅ་དང། མིག་ཡོར་དང། སྒྱུ་མ་དང། སྨིག་རྒྱུ་དང། ཆུ་ཟླ་དང། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བའི་ཆོས་དེ་དག་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་ལ། བཏགས་པ་དེ་དག་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བའི་ཆོས་འདི་དག་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་ལ། བཏགས་པའི་ཆོས་དེ་ལ་ནི་མིང་གི་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེའང་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་མིང་གི་བརྡར་བཏགས་པ་དང། གདམས་ངག་ཏུ་བརྟགས་པ་དང། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། གཟུགས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་བདེ་ཞེས་བྱ་བ་དང། སྡུག་བསྔལ་ཞེས་བྱ་བ་དང། བདག་ཡོད་ཅེས་བྱ་བ་དང། བདག་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། མ་ཞི་ཞེས་བྱ་བ་དང། སྟོང་ཞེས་བྱ་བ་དང། མི་སྟོང་ཞེས་བྱ་བ་དང། མཚན་མ་ཡོད་ཅེས་བྱ་བ་དང། མཚན་མ་མེད་ཅེས་བྱ་བ་དང། སྨོན་པ་ཡོད་ཅེས་བྱ་བ་དང། སྨོན་པ་མེད་ཅེས་བྱ་བ་དང། འདུས་བྱས་ཞེས་བྱ་བ་དང། འདུས་མ་བྱས་ཞེས་བྱ་བ་དང། སྐྱེ་བ་ཞེས་བྱ་བ་དང། འགག་པ་ཞེས་བྱ་བ་དང། དབེན་པ་ཞེས་བྱ་བ་དང། མི་དབེན་པ་ཞེས་བྱ་བ་དང། དགེ་བ་དང། མི་དགེ་བ་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང།


DKG029_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དང་བཅས་པ་དང། ཉོན་མོངས་པ་མེད་པ་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། གཟུགས་འཁོར་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་བདེ་བ་དང། སྡུག་བསྔལ་བ་དང། བདག་ཡོད་པ་དང། བདག་མེད་པ་དང། ཞི་བ་དང། མ་ཞི་བ་དང། སྟོང་པ་དང། མི་སྟོང་པ་དང། མཚན་མ་ཡོད་པ་དང། མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང། སྨོན་པ་མེད་པ་དང། འདུས་བྱས་དང། འདུས་མ་བྱས་དང། སྐྱེ་བ་དང། འགག་པ་དང། དབེན་པ་དང། མི་དབེན་པ་དང། དགེ་བ་དང། མི་དགེ་བ་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། ཉོན་མོངས་པ་དང་བཅས་པ་དང། ཉོན་མོངས་པ་མེད་པ་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། འཁོར་བ་དང། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་མིག་གི་ཁམས་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བ་དང། གཟུགས་ཀྱི་ཁམས་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བ་དང། མིག་གི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་ཞེས་བྱ་བ་དང། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་


DKG029_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་ཞེས་བྱ་བ་དང། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་དང། གཟུགས་དང། མིག་གི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ་གང་ཡིན་པ་དེའང་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་དང། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་རྣ་བ་དང། སྒྲ་དང། རྣ་བའི་རྣམ་པར་ཤེས་པ་དང། སྣ་དང། དྲི་དང། སྣའི་རྣམ་པར་ཤེས་པ་དང། ལྕེ་དང། རོ་དང། ལྕེའི་རྣམ་པར་ཤེས་པ་དང། ལུས་དང། རེག་བྱ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། ཡིད་དང། ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ་དེའང་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་ཞེས་བྱ་བ་དང། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང། བྱང་ཆུབ་སེམས་དཔའ་དེ་དང། བྱང་ཆུབ་སེམས་དཔའི་མིང་དེ་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་ན་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་དེ་དག་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཏེ། དྲན་པ་ཉེ་བར་བཞག་པ་རྣམས་སྒོམ་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ། ཤེས་རབ་ཀྱི་


DKG029_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྟོབས་དང། མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་སྒོམ་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང། བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པར་འགྱུར་ཏེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེའང་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ཆོས་སུ་བཏགས་པའི་མིང་གི་བརྡ་ཅན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེས་ཆོས་སུ་བཏགས་པའི་མིང་གི་བརྡ་ཅན་ཡིན་པར་ཁོང་དུ་ཆུད་ན་གཟུགས་ལ་མངོན་པར་ཞེན་པར་མི་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །མིག་ལ་མངོན་པར་ཞེན་པར་མི་འགྱུར་རོ། །གཟུགས་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པ་དེ་ལའང་མངོན་པར་ཞེན་པར་མི་འགྱུར་


DKG029_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པ་གང་ཡིན་པ་དེ་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་དང། འདུས་མ་བྱས་ཀྱི་ཁམས་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་དག་གི་མིང་དང། མཚན་ཉིད་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་ལུས་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །ཤའི་མིག་དང། ལྷའི་མིག་དང། ཤེས་རབ་ཀྱི་མིག་དང། ཆོས་ཀྱི་མིག་དང། སངས་རྒྱས་ཀྱི་མིག་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་བཞིན་དུ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དང། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་བཞིན་ཉིད་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །ཡང་དག་པའི་མཐའ་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །ཆོས་ཀྱི་དབྱིངས་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། ཐབས་ལ་མཁས་པ་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་མངོན་པར་ཞེན་པར་འགྱུར་བ་དང། གང་གིས་མངོན་པར་ཞེན་པར་འགྱུར་བ་དང། གང་ལ་མངོན་པར་ཞེན་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་པའི་ཕྱིར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཆོས་ཐམས་ཅད་ལ་མངོན་


DKG029_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེན་པ་མེད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་ཅིང། ཕྱིར་མི་ལྡོག་པའི་ས་གནོན་ཏེ། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བའི་ཕྱིར་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ཀྱང། དགེ་བའི་རྩ་བ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྟི་སྟང་དུ་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པ་བྱ་བར་འདོད་པའི་དགེ་བའི་རྩ་བ་དེ་དག་ཀྱང་དེ་ལ་འབྱུང་བར་འགྱུར་ཏེ། དགེ་བའི་རྩ་བ་དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐད་དུ་སྐྱེ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཐོས་པར་འགྱུར་རོ། །དེས་ཆོས་ཐོས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ། ནམ་ཡང་རྒྱུན་ཆད་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཀྱང་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་འཐོབ་པར་འགྱུར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ཆོས་སུ་བཏགས་པ་མིང་གི་བརྡ་ཅན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རབ་འབྱོར། འདི་ཇི་སྙམ་དུ་སེམས། གང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་ཅན་མ་ཡིན་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ།


DKG029_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པ་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་ཡོད་སྙམ་མམ། རྣམ་པར་ཤེས་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། མིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། མིག་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། མིག་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་མིག་ཡོད་སྙམ་མམ། མིག་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཡིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཡིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་ཡིད་ཡོད་སྙམ་མམ། ཡིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། སྒྲ་དང། དྲི་དང། རོ་དང།


DKG029_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་དང། ཆོས་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཆོས་རྣམས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་ཆོས་རྣམས་ཡོད་སྙམ་མམ། ཆོས་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། མིག་དང། གཟུགས་དང། མིག་གི་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། དེ་དག་ལས་གཞན་ཞིག་ཡིན་སྙམ་མམ། དེ་དག་ལ་དེ་ཡོད་སྙམ་མམ། དེ་ལ་དེ་དག་ཡོད་སྙམ་མམ། མིག་དང། གཟུགས་དང། མིག་གི་རྣམ་པར་ཤེས་པ་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། རྣ་བ་དང། སྒྲ་དང། རྣ་བའི་རྣམ་པར་ཤེས་པ་དང། སྣ་དང། དྲི་དང། སྣའི་རྣམ་པར་ཤེས་པ་དང། ལྕེ་དང། རོ་དང། ལྕེའི་རྣམ་པར་ཤེས་པ་དང། ལུས་དང། རེག་བྱ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། ཡིད་དང། ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། དེ་དག་ལས་གཞན་ཞིག་ཡིན་སྙམ་མམ། དེ་དག་ལ་དེ་ཡོད་སྙམ་མམ། དེ་ལ་དེ་དག་ཡོད་སྙམ་མམ། ཡིད་དང། ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། སའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། སའི་ཁམས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། སའི་ཁམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་ཡོད་སྙམ་མམ། སའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །


DKG029_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར། འདི་ཇི་སྙམ་དུ་སེམས། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའི་ཁམས་དང། རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པའི་ཁམས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་ཁམས་ཡོད་སྙམ་མམ། རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། མ་རིག་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་ མམ། མ་རིག་པ་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། མ་རིག་པ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་མ་རིག་པ་ཡོད་སྙམ་མམ། མ་རིག་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། འདུ་བྱེད་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤི་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྒ་ཤི་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྒ་ཤི་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་རྒ་ཤི་ཡོད་སྙམ་མམ། རྒ་ཤི་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་


DKG029_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཡོད་སྙམ་མམ། གཟུགས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་སྙམ་མམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྒ་ཤིའི་བར་གྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྒ་ཤིའི་དེ་བཞིན་ཉིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རྒ་ཤིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་ཡོད་སྙམ་མམ། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དོན་གྱི་དབང་གང་ཉེ་བར་བཟུང་ནས་གཟུགས་བྱང་ཆུབ་སེམས་དཔའ་མ་ཡིན། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྒ་ཤིའི་བར་གྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། གཟུགས་དེ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། །གཟུགས་ལ་བྱང་ཆུབ་སེམས་དཔའ་


DKG029_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། བྱང་ཆུབ་སེམས་དཔའ་ལ་གཟུགས་མཆིས་པར་འགྱུར་པ་ལྟ་ག་ལ་མཆིས། གཟུགས་མ་མཆིས་པ་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་ལས་གཞན་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་མ་མཆིས་པ་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས། སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། རྒ་ཤི་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་ལས་གཞན་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་ལ་བྱང་ཆུབ་སེམས་དཔའ་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། བྱང་ཆུབ་སེམས་དཔའ་ལ་རྒ་ཤི་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་མ་མཆིས་པ་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས། སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། འདི་ལ་གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་འགྱུར་བ་ལྟ་ག་ལ་མཆིས། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྒ་ཤིའི་དེ་བཞིན་ཉིད་དམིགས་པར་འགྱུར་བ་ལྟ་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ལེགས་སོ། །ལེགས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །རབ་འབྱོར། ཁྱོད་གང་ཡང་འདི་སྐད་དུ། བཅོམ་ལྡན་འདས།


DKG029_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དྭགས་ལགས། ཞེས་ཟེར་བ་ལ། རབ་འབྱོར། འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་ཚིག་བླ་དྭགས་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་རྟག་པ་ཉིད་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་མི་རྟག་པ་ཉིད་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་བདེ་བ་ཉིད་དང། གཟུགས་སྡུག་བསྔལ་བ་ཉིད་དང། གཟུགས་བདག་ཡོད་པ་ཉིད་དང། གཟུགས་བདག་མེད་པ་ཉིད་དང། གཟུགས་ཞི་པ་ཉིད་དང། གཟུགས་མ་ཞི་བ་ཉིད་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྟག་པ་ཉིད་དང། རྣམ་པར་ཤེས་པ་མི་རྟག་པ་ཉིད་དང། རྣམ་པར་ཤེས་པ་བདེ་བ་ཉིད་དང། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་དང། རྣམ་པར་ཤེས་པ་བདག་ཡོད་པ་ཉིད་དང། རྣམ་པར་ཤེས་པ་བདག་མེད་པ་ཉིད་དང། རྣམ་པར་ཤེས་པ་ཞི་བ་ཉིད་དང། རྣམ་པར་ཤེས་པ་མ་ཞི་བ་ཉིད་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། རབ་འབྱོར། འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་སྟོང་པ་ཉིད་དང། གཟུགས་མི་སྟོང་པ་ཉིད་དང། གཟུགས་མཚན་མ་ཡོད་པ་ཉིད་དང། གཟུགས་མཚན་མ་མེད་པ་ཉིད་དང། གཟུགས་སྨོན་པ་ཡོད་པ་ཉིད་དང། གཟུགས་སྨོན་པ་མེད་པ་ཉིད་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། རབ་འབྱོར། འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྟོང་


DKG029_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང། རྣམ་པར་ཤེས་པ་མི་སྟོང་པ་ཉིད་དང། རྣམ་པར་ཤེས་པ་མཚན་མ་ཡོད་པ་ཉིད་དང། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་དང། རྣམ་པར་ཤེས་པ་སྨོན་པ་ཡོད་པ་ཉིད་དང། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ཀྱི་ཚིག་བླ་དྭགས་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཁྱོད་དོན་གྱི་དབང་གང་ཉེ་བར་བཟུང་ནས། འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་རྟག་པའི་ཚིག་བླ་དྭགས་མ་ཡིན། མི་རྟག་པའི་ཚིག་བླ་དྭགས་མ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་བདེ་པ་དང། སྡུག་བསྔལ་བའི་ཚིག་བླ་དྭགས་མ་ཡིན། བདག་ཡོད་པའི་ཚིག་བླ་དྭགས་མ་ཡིན། བདག་མེད་པའི་ཚིག་བླ་དྭགས་མ་ཡིན། ཞི་བའི་ཚིག་བླ་དྭགས་མ་ཡིན། མ་ཞི་བའི་ཚིག་བླ་དྭགས་མ་ཡིན། སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་མ་ཡིན། མི་སྟོང་པའི་ཚིག་བླ་དྭགས་མ་ཡིན། མཚན་མ་ཡོད་པའི་ཚིག་བླ་དྭགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དྭགས་མ་ཡིན། སྨོན་པ་ཡོད་པའི་ཚིག་བླ་དྭགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དྭགས་མ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དྭགས་མ་ཡིན། མི་རྟག་པའི་ཚིག་བླ་དྭགས་མ་ཡིན། བདེ་བ་དང། སྡུག་བསྔལ་བ་དང། བདག་ཡོད་པ་དང། བདག་མེད་པ་དང། ཞི་བ་དང། མ་ཞི་པ་དང། སྟོང་པ་དང། མི་སྟོང་པ་དང། མཚན་མ་ཡོད་པ་དང། མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང། སྨོན་པ་མེད་པའི་ཚིག་བླ་དྭགས་མ་ཡིན། ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གཟུགས་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཚིག་བླ་དྭགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་གཏན་མ་མཆིས་ཤིང། མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པའི་ཚིག་བླ་དྭགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་


DKG029_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས། རྟག་པ་དང། མི་རྟག་པ་གཏན་མ་མཆིས་ཤིང། མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་རྟག་པའི་ཚིག་བླ་དྭགས་སུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་བདེ་བ་དང། སྡུག་བསྔལ་བ་དང། བདག་མཆིས་པ་དང། བདག་མ་མཆིས་པ་དང། ཞི་བ་དང། མ་ཞི་བ་དང། སྟོང་པ་དང། མི་སྟོང་པ་དང། མཚན་མ་མཆིས་པ་དང། མཚན་མ་མ་མཆིས་པ་དང། སྨོན་པ་མཆིས་པ་དང། སྨོན་པ་མ་མཆིས་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་སྨོན་པ་མ་མཆིས་པའི་ཚིག་བླ་དྭགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས། དེ་བཞིན་དུ་རྟག་པ་དང། མི་རྟག་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་རྟག་པ་དང་མི་རྟག་པའི་ཚིག་བླ་དྭགས་སུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་བདེ་བ་དང། སྡུག་བསྔལ་བ་དང། བདག་མཆིས་པ་དང། བདག་མ་མཆིས་པ་དང། ཞི་བ་དང། མ་ཞི་བ་དང། སྟོང་པ་དང། མི་སྟོང་པ་དང། མཚན་མ་མཆིས་པ་དང། མཚན་མ་མ་མཆིས་པ་དང། སྨོན་པ་མཆིས་པ་དང། སྨོན་པ་མ་མཆིས་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་སྨོན་པ་མ་མཆིས་པའི་ཚིག་བླ་དྭགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་གཟུགས་ཀྱི་ཚིག་བླ་དྭགས་མི་དམིགས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དྭགས་མི་དམིགས། གཟུགས་རྟག་པ་དང། མི་རྟག་པ་དང། བདེ་བ་དང། སྡུག་བསྔལ་བ་དང། བདག་ཡོད་པ་དང། བདག་མེད་པ་དང། ཞི་བ་དང། མ་ཞི་བ་དང། སྟོང་པ་དང། མི་སྟོང་པ་དང། མཚན་མ་ཡོད་པ་དང། མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང། སྨོན་པ་མེད་པའི་ཚིག་བླ་དྭགས་མི་དམིགས། ཚོར་


DKG029_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དྭགས་མི་དམིགས། རྣམ་པར་ཤེས་པ་མི་རྟག་པ་དང། བདེ་བ་དང། སྡུག་བསྔལ་བ་དང། བདག་ཡོད་པ་དང། བདག་མེད་པ་དང། ཞི་བ་དང། མ་ཞི་བ་དང། སྟོང་པ་དང། མི་སྟོང་པ་དང། མཚན་མ་ཡོད་པ་དང། མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང། སྨོན་པ་མེད་པའི་བར་གྱི་ཚིག་བླ་དྭགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་ཁྱོད་ཀྱིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ། །ཞེས་དེ་སྐད་ཅེས་ཟེར་བའང། རབ་འབྱོར། ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། གཟུགས་ཀྱི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་གཟུགས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། དེ་བཞིན་དུ་ཚོར་བའི་ཁམས་དང། འདུ་ཤེས་ཀྱི་ཁམས་དང། འདུ་བྱེད་ཀྱི་ཁམས་དང། རྣམ་པར་ཤེས་པའི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་གི་ཁམས་ཀྱི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་རྣ་བའི་ཁམས་དང། སྣའི་ཁམས་དང། ལྕེའི་ཁམས་དང། ལུས་ཀྱི་ཁམས་དང། ཡིད་ཀྱི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཡིད་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། འདུས་བྱས་ཀྱི་ཁམས་ཀྱིས་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་མ་བྱས་ཀྱི་ཁམས་ཀྱིས་ཀྱང་འདུས་བྱས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་ལ་མ་གཏོགས་པར་ཡང་འདུས་མ་བྱས་གདགས་པར་མི་ནུས་ལ། འདུས་མ་བྱས་ལ་མ་གཏོགས་པར་ཡང་འདུས་བྱས་གདགས་པར་མི་ནུས་པའི་ཕྱིར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DKG029_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དེ་ལྟར་སྤྱོད་པས་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། མི་སྐྲག་མི་དངང་ཞིང་དབང་བར་མི་འགྱུར་ཏེ། ཆོས་གང་ལའང་དེའི་སེམས་མི་ཞུམ། མི་འགོང་ཞིང། དེའི་ཡིད་འགྱོད་པར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ཡང་དག་པར་རྗེས་སུ་མི་མཐོང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང། མིག་ཡང་དག་པར་རྗེས་སུ་མི་མཐོང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཡང་དག་པར་རྗེས་སུ་མི་མཐོང། གཟུགས་ཡང་དག་པར་རྗེས་སུ་མི་མཐོང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཡང་དག་པར་རྗེས་སུ་མི་མཐོང། མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང། འདུ་བྱེད་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤི་ཡང་དག་པར་རྗེས་སུ་མི་མཐོང། འདོད་ཆགས་ཡང་དག་པར་རྗེས་སུ་མི་མཐོང། ཞེ་སྡང་དང། གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང། བདག་ཡང་དག་པར་རྗེས་སུ་མི་མཐོང། སེམས་ཅན་དང། སྲོག་དང། གསོ་བ་དང། སྐྱེས་བུ་དང། གང་ཟག་དང། སྐྱེ་བ་པོ་དང། ཤེད་ལས་སྐྱེས་དང། ཤེད་བུ་དང། བྱེད་པ་པོ་དང། ཚོར་བ་པོ་དང། ཤེས་པ་པོ་དང། མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང། འདོད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང། ཉན་ཐོས་དང། ཉན་ཐོས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང། རང་སངས་རྒྱས་དང། རང་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང། སངས་རྒྱས་ཡང་


DKG029_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྗེས་སུ་མི་མཐོང། སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང། བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང། ཆོས་ཐམས་ཅད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཅིའི་སླད་དུ་ཆོས་ཐམས་ཅད་ལ་སེམས་མི་ཞུམ། མ་འགོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་ལ་སེམས་ཞུམ་པར་མི་འགྱུར་ཞིང་འགོང་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་སྐྲག་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་སེམས་ཀྱི་ཆོས་རྣམས་དང། ཡིད་དང་ཡིད་ཀྱི་ཆོས་རྣམས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་སྐྲག་པར་མི་འགྱུར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ཤིང། བྱང་ཆུབ་སེམས་དཔའ་དེ་དང། བྱང་ཆུབ་སེམས་དཔའི་མིང་དེ་དང། བྱང་ཆུབ་ཀྱི་སེམས་དེའང་མི་དམིགས་ན། འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་ཡིན་ཏེ། འདི་ཉིད་རྗེས་སུ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།


previousདྲུག་པ། རབ་འབྱོར་གྱི་ལེའུ།next