Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་དགུ་པ།


   
   
   
   
   
   
   
   
   
དགུ་པ། མཚན་མའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགུ་པ། མཚན་མའི་ལེའུ། next

དགུ་པ། མཚན་མའི་ལེའུ།


DKG029_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་ཐབས་ལ་མི་མཁས་པས་


DKG029_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་སྤྱོད་ན། མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །གལ་ཏེ་གཟུགས་ལ་རྟག་ཅེས་བགྱི་བའམ། མི་རྟག་ཅེས་བགྱི་བར་སྤྱོད་ན། མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་རྟག་ཅེས་བགྱི་བའམ། མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །གལ་ཏེ་གཟུགས་ལ་བདེ་ཞེས་བགྱི་བའམ། སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་བདེ་ཞེས་བགྱི་བའམ། སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན། མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་གཟུགས་ལ་བདག་ཅེས་བགྱི་བའམ། བདག་མ་མཆིས་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་བདག་ཅེས་བགྱི་བའམ། བདག་མ་མཆིས་ཞེས་བགྱི་བར་སྤྱོད་ན། མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་གཟུགས་ལ་ཞི་ཞེས་བགྱི་བའམ། མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་ཞི་ཞེས་བགྱི་བའམ། མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་གཟུགས་ལ་དབེན་ཞེས་བགྱི་བའམ། མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། གལ་ཏེ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་དབེན་ཞེས་བགྱི་བའམ། མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་


DKG029_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་མི་མཁས་པས། གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། དེ་བཞིན་དུ་མངོན་པར་ཤེས་པ་རྣམས་དང། ཕ་རོལ་ཏུ་ཕྱིན་པ་རྣམས་དང། མིག་ལྔ་དང། སྟོབས་རྣམས་དང། མི་འཇིགས་པ་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དག་ལ་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སྙམ་དུ་སེམས་ན། དམིགས་པ་ལ་སྤྱོད་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཚན་མ་ཉིད་ལ་སྤྱོད་པ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ། །སྙམ་དུ་སེམས་ན། དེ་མཚན་མ་ཉིད་ལ་སྤྱོད་པ་ལགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མི་མཁས་པར་རིག་པར་བགྱི་བ་ལགས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཅིའི་ཕྱིར་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མི་མཁས་པར་རིག་པར་བྱ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་ན། དེ་གཟུགས་མངོན་བར་འདུ་བྱེད་པ་ལ་སྤྱོད་པ་ཡིན། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ཏེ། དེ་ནི་དེའི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་བྱེད་པ་ཡིན་ནོ། །ཞེས་ཁོ་བོ་སྨྲའོ། །


DKG029_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས། གལ་ཏེ་མིག་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། མིག་གི་རྣམ་པར་ཤེས་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། རྣ་བའི་རྣམ་པར་ཤེས་པ་དང། སྣའི་རྣམ་པར་ཤེས་པ་དང། ལྕེའི་རྣམ་པར་ཤེས་པ་དང། ལུས་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། གལ་ཏེ་མིག་གི་འདུས་ཏེ་རེག་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། གལ་ཏེ་རྣམ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། གལ་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། གལ་ཏེ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། མིག་ལྔ་དང། མངོན་པར་ཤེས་པ་དྲུག་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། མི་འཇིགས་པ་བཞི་དང། ཚད་མེད་པ་བཞི་དང། བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། དགྲ་བཅོམ་པ་ཉིད་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་ན། མངོན་པར་འདུ་བྱེད་པ་ལ་སྤྱོད་པ་


DKG029_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དག་ལས་ཡོངས་སུ་མི་ཐར་ཞིང། སྡུག་བསྔལ་ལ་སོགས་པ་ལས་ཡོངས་སུ་མི་འགྲོལ་ལོ། །ཞེས་ཁོ་བོ་སྨྲའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དེ་ནི་ཉིན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་བྱ་བའི་སྐལ་བའང་མེད་ན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ལྟག་ལ་འགྱུར་ཏེ། དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཐབས་ལ་མི་མཁས་པར་རིག་པར་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། ཐབས་མཁས་པར་རིག་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་གི་ཚེ། གཟུགས་ལ་མི་སྤྱོད། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་མི་སྤྱོད། གཟུགས་ཀྱི་མཚན་མ་ལ་མི་སྤྱོད། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད། གཟུགས་རྟག་ཅེས་བྱ་བར་མི་སྤྱོད། དེ་བཞིན་དུ་གཟུགས་མི་རྟག་ཅེས་བྱ་བ་དང། བདེ་ཞེས་བྱ་བ་དང། སྡུག་བསྔལ་ཞེས་བྱ་བ་དང། བདག་ཅེས་བྱ་བ་དང། བདག་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། མ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བ་དང། བདེ་ཞེས་ཞེས་བྱ་བ་དང། སྡུག་བསྔལ་ཞེས་བྱ་བ་དང། བདག་ཅེས་བྱ་བ་དང། བདག་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་སྟོང་ཞེས་བྱ་བར་མི་སྤྱོད། མི་སྟོང་ཞེས་བྱ་བ་དང། མཚན་མ་ཡོད་ཅེས་བྱ་བ་དང། མཚན་མ་མེད་ཅེས་བྱ་བ་དང། སྨོན་པ་ཡོད་ཅེས་བྱ་བ་དང། སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མི་སྤྱོད། མི་སྟོང་ཞེས་བྱ་བ་དང། མཚན་མ་ཡོད་ཅེས་བྱ་བ་དང། མཚན་མ་མེད་


DKG029_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་དང། སྨོན་པ་ཡོད་ཅེས་བྱ་བ་དང། སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་དབེན་ཞེས་བྱ་བ་དང། མི་དབེན་ཞེས་བྱ་བར་མི་སྤྱོད། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་མི་སྤྱོད། མི་དབེན་ཞེས་བྱ་བར་མི་སྤྱོད་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཐབས་ལ་མཁས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། སྟོང་པ་ཉིད་ལས་གུད་ནའང་གཟུགས་མེད། གཟུགས་ལས་གུད་ནའང་སྟོང་པ་ཉིད་མེད་དེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་གཟུགས་ཡིན་པ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེའང་རྣམ་པར་ཤེས་པ་མ་ཡིན། སྟོང་པ་ཉིད་ལས་གུད་ནའང་རྣམ་པར་ཤེས་པ་མེད། རྣམ་པར་ཤེས་པ་ལས་གུད་ནའང་སྟོང་པ་ཉིད་མེད་དེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་བཞིན་དུ་ཁམས་རྣམས་དང། སྐྱེ་མཆེད་རྣམས་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། ཕ་རོལ་ཏུ་ཕྱིན་པ་རྣམས་དང། མངོན་པར་ཤེས་པ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་དང། མི་འཇིགས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ནའང་སངས་རྒྱས་ཀྱི་ཆོས་རྣམས་མེད། སངས་རྒྱས་ཀྱི་ཆོས་རྣམས་ལས་གུད་ནའང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སངས་


DKG029_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་རྣམས་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྟོང་པ་ཉིད་ཡིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་བ་ནི་ཐབས་ལ་མཁས་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གལ་ཏེ་ཆོས་འགའ་ཞིག་ཁས་ལེན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ཡིན་ནོ། །ཁས་མི་ལེན་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁས་ལེན་ཀྱང་ལེན་ལ། ཁས་མི་ལེན་ཀྱང་མི་ལེན་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁས་ལེན་པའང་མ་ཡིན། ཁས་མི་ལེན་པའང་མ་ཡིན་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཅིའི་ཕྱིར་ཁས་མི་ལེན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་ཕྱིར་ཏེ། རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྤྱོད་དོ་ཞེས་བྱ་བར་ཁས་མི་ལེན། མི་སྤྱོད་དོ་ཞེས་བྱ་བར་ཁས་མི་ལེན། སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་ཁས་མི་ལེན། སྤྱོད་པའང་མ་ཡིན། མི་སྤྱོད་པའང་མ་ཡིན་ནོ་ཞེས་བྱ་བར་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་ཅིང་མ་བླངས་པའི་ཕྱིར་ཏེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་


DKG029_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མཉམ་པ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་སྟེ། རྒྱ་ཆེ་བ། ཕུལ་དུ་བྱ་བ། ཚད་མེད་པ། ངེས་པ། མི་འཕྲོགས་པ། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་སྟེ། ཏིང་ངེ་འཛིན་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཏིང་ངེ་འཛིན་འདི་ཁོ་ནས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་ཏིང་ངེ་འཛིན་གཞན་དག་གིས་ཀྱང་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་གཞན་དག་གིས་གནས་པས་ཀྱང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཏིང་ངེ་འཛིན་གཞན་དག་གིས་གནས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དེ། ཏིང་ངེ་འཛིན་དེས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བཞིན་དུ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེངྒེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྤྱི་


DKG029_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ངེས་པའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་ཤིན་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དཔུང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མཉམ་པར་བཞག་པའི་གནས་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བརྩོན་འགྲུས་ཀྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཚིག་བླ་དྭགས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཕྱོགས་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བརྗེད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་ཁྱབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་དང། དབང་པོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེངྒེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་དང། རིན་པོ་ཆེ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་


DKG029_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྣང་བ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱིས་འཕགས་ཤིང་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་


DKG029_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དང། སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དགེ་བའི་མེ་ཏོག་རྒྱས་ཤིང་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པ་མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྟོགས་པས་སྲིད་པའི་མུན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བརྡ་དང་སྒྲ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྒྲ་དབྱངས་ཀྱི་ཡི་གེ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མེ་སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་དང། མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བཟོད་པ་རྙོག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། གཟུགས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མཐུན་པ་དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟླ་བ་ཉ་བའི་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང། བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འཇིག་རྟེན་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང།


DKG029_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང། རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྒྲ་མེད་པ་དང་སྒྲ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཉོན་མོངས་པ་མེད་པར་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གནས་ལ་བརྟན་པ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དག་ཡོད་དེ། ཏིང་ངེ་འཛིན་དེ་དག་གིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་དག་གིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གང་ལ་བསླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་པའི་ཏིང་ངེ་འཛིན་གྱི་སྒོ་དང། གཟུངས་ཀྱི་སྒོ་ཚད་མེད། གྲངས་མེད་པ་གཞན་དག་ཀྱང་ཡོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཨ་ལ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་དེ་དག་གིས་གནས་པ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་


DKG029_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལུང་སྟོན་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་དེ་དག་གིས་གནས་པ་དེས་ནི་ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བདག་ནི་སྙོམས་པར་ཞུགས་སོ། །བདག་ནི་སྙོམས་པར་འཇུག་གོ །བདག་ནི་སྙོམས་པར་འཇུག་པར་འགྱུར་རོ། །ཞེས་བྱ་བར་ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བའང་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མེད་ཅིང་མི་འབྱུང་ངོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཅི་ཏིང་ངེ་འཛིན་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་དུ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་ལ། ཏིང་ངེ་འཛིན་ཀྱང་གཞན་ཞིག །བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་ཀྱི། བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ལ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། གལ་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཀྱང་གཞན་མ་ཡིན་ལ། བྱང་ཆུབ་སེམས་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ལ། ཏིང་ངེ་འཛིན་ཀྱང་གཞན་མ་ཡིན་ཏེ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ན། ཏིང་ངེ་འཛིན་བསྟན་པར་ནུས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། རིགས་ཀྱི་བུ་དེས་ཅི་ཏིང་ངེ་འཛིན་དེ་དག་ཀུན་ཏུ་ཤེས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཀུན་ཏུ་ཤེས་པ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཇི་ལྟར་ཀུན་ཏུ་ཤེས་པ་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་


DKG029_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བུ། ཇི་ལྟར་རྣམ་པར་རྟོག་པར་མི་བྱེད་པ་ལྟར་རོ། །ཤཱ་རིའི་བུས་སྨྲས་པ། ཇི་ལྟར་རྣམ་པར་རྟོག་པར་མི་བྱེད། རབ་འབྱོར་གྱིས་སྨྲས་པ། ཆོས་ཐམས་ཅད་མེད་པའི་ཕྱིར། དེ་ལྟར་ཏིང་ངེ་འཛིན་དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ། རྣམ་གྲངས་དེས་ན་རིགས་ཀྱི་བུ་དེས་ཏིང་ངེ་འཛིན་དེ་དག་རྣམ་པར་མི་ཤེས་ཤིང། ཀུན་ཏུ་མི་ཤེས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཅིའི་ཕྱིར་ན། དེས་རྣམ་པར་མི་ཤེས་ཤིང་ཀུན་ཏུ་མི་ཤེས། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་ཤཱ་རིའི་བུ། ཏིང་ངེ་འཛིན་དེ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མེད་པ་ཉིད་ཀྱི་ཕྱིར། རྣམ་པར་མི་ཤེས་ཤིང་ཀུན་ཏུ་མི་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། རབ་འབྱོར། ཇི་ལྟར་ངས་ཉན་ཐོས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཁྱོད་ཀྱིས་བཤད་པ་ནི་དེ་ཡིན་ཏེ། ཚིག་དེ་དག་ལེགས་པར་སྨྲས་པ་ནི་ལེགས་སོ། །ལེགས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་བསླབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལའང་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ཏེ། དེའང་མི་དམིགས་པའི་ཚུལ་གྱིས་སློབ་པོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་


DKG029_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་སྟེ། དེའང་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་སློབ་སྟེ། དེའང་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་སློབ་སྟེ། དེའང་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཅི་ཞིག་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཤིན་ཏུ་རྣམ་པར་དག་པའི་ཕྱིར། བདག་མི་དམིགས་སོ། །ཤེས་པ་པོ་དང། མཐོང་བ་པོའི་བར་དག་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྡུག་བསྔལ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་འབྱུང་བ་དང། འགོག་པ་དང། ལམ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལན་གཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཉིད་དང། རང་སངས་རྒྱས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་


DKG029_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་དང། སངས་རྒྱས་ཀྱི་བར་དུ་མི་དམིགས་སོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། རྣམ་པར་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། འབྱུང་བ་མེད་པ་དང། དམིགས་སུ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་ནི་རྣམ་པར་དག་པ་ཞེས་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དག་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལའང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ཆོས་འདི་དག་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་ལྟ་བུར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས། ཆོས་འདི་དག་ཇི་ལྟ་བུར་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཇི་ལྟར་མེད་པ་དེ་ལྟར་ཡོད་ལ། དེ་ལྟར་ཡོད་པ་མ་ཡིན་པས། དེའི་ཕྱིར་མ་རིག་པ་ཞེས་བྱའོ། །ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས། ཅིའི་སླད་དུ་མཆིས་པ་མ་ལགས་པ་ལ་མ་རིག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ནང་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་གཟུགས་ཡོད་པ་མ་ཡིན། ནང་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཡོད་པ་མ་ཡིན། ནང་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོད་པ་མ་ཡིན། ནང་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་པ་མ་ཡིན། ནང་སྟོང་པ་ཉིད་དང།


DKG029_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ཡོད་པ་མ་ཡིན་ན། དེ་ལ་བྱིས་པ་གང་དག་མ་རིག་པ་དང། སྲེད་པ་དག་གིས་མངོན་པར་ཞེན་པ་དེ་དག་གིས་ཡོད་པ་མ་ཡིན་པ་ལ་བརྟགས་ཏེ། ཡོད་པ་མ་ཡིན་པ་ལ་མངོན་པར་ཞེན་ནས། འདི་ལྟ་སྟེ། རྟག་པ་དང། ཆད་པའི་མཐའ་གཉིས་ལ་ཆགས་པས་ན། དེ་དག་ནི་མི་ཤེས་མི་མཐོང་བ་སྟེ། དེ་དག་གིས་ཆོས་གང་དག་ཡོད་པ་མ་ཡིན་པའི་ཆོས་དེ་དག་ཡོངས་སུ་བརྟགས་པས། མིང་དང་གཟུགས་ལ་མངོན་པར་ཞེན་ཅིང། དྲན་པ་ཉེ་བར་བཞག་པ་རྣམས་ལ་མངོན་པར་ཞེན་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལའང་མངོན་པར་ཞེན་ཏོ། །དེ་དག་དེ་ལྟར་མངོན་པར་ཞེན་པས་ན། ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་རྟོག་པར་བྱེད་པའི་ཕྱིར་ཏེ། དེ་དག་ནི་མི་ཤེས་མི་མཐོང་བ་ཡིན་ནོ། །ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ། །ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་བར་འབྱུང་བ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མི་ཤེས་མི་མཐོང་ངོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་མི་ཤེས་མི་མཐོང་བས། དེའི་ཕྱིར་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །དེ་དག་ནི་ངེས་པར་འབྱུང་བ་མ་ཡིན་ཏེ། གང་ནས་ངེས་པར་འབྱུང་བ་མ་ཡིན་ཞེ་ན། འདོད་པའི་ཁམས་ནས་ངེས་པར་འབྱུང་བ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ནས་ངེས་པར་འབྱུང་བ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་ནས་ངེས་པར་འབྱུང་བ་མ་ཡིན་ནོ། །ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་རྣམས་ལས་ངེས་པར་འབྱུང་བ་མ་ཡིན་ནོ། །དེ་དག་ནི་མ་དད་པ་ཡིན་ཏེ། ཅི་ཞིག་ལ་མ་དད་ཅེ་ན། གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་མ་དད་པ་ནས། བྱང་ཆུབ་ནི་བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བའི་བར་དག་ལ་མ་དད་པ་ཡིན་ནོ། །དེ་དག་ནི་མི་གནས་པ་ཡིན་ཏེ། ཅི་ཞིག་ལ་མི་གནས་ཤེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་


DKG029_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་སོ། །ཕྱིར་མི་ལྡོག་པའི་ས་ལ་མི་གནས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལ་མི་གནས་པ་ཡིན་ཏེ། དེའི་ཕྱིར་བྱིས་པ་རྣམས་ཞེས་བྱའོ། །དེ་དག་ནི་མངོན་པར་ཞེན་པ་ཡིན་ཏེ། ཅི་ཞིག་ལ་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན་ནོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྣམས་ལ་མངོན་པར་ཞེན་པ་ཡིན་ནོ། །མིག་ལ་མངོན་པར་ཞེན་པ་ཡིན་ནོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ལ་མངོན་པར་ཞེན་པ་ཡིན་ནོ། །གཟུགས་ལ་མངོན་པར་ཞེན་པ་ཡིན་ནོ། །སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་ལ་མངོན་པར་ཞེན་པ་ཡིན་ནོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་ལ་མངོན་པར་ཞེན་པ་ཡིན་ནོ། །འདོད་ཆགས་དང། ཞེ་སྡང་དང། གཏི་མུག་རྣམས་ལ་མངོན་པར་ཞེན་པ་ཡིན་ནོ། །ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་པ་ཡིན་ནོ། །བྱང་ཆུབ་ཀྱི་བར་དག་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་དེ་དག་ནི་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ལགས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ཡིན་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ལགས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་


DKG029_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ནས། མངོན་པར་ཞེན་པར་བྱེད། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ནས་མངོན་པར་ཞེན་པར་བྱེད། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང། ཐམས་ཅད་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་བརྟགས་ནས་མངོན་པར་ཞེན་པར་བྱེད་དེ། ཤཱ་རིའི་བུ། རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ཡིན་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ལགས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བ་ལགས་མོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་མ་ཡིན་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་ཤིང། ཇི་ལྟར་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སློབ་པ་ནི་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་


DKG029_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང། བྱང་ཆུབ་ཀྱི་བར་དག་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང། ཐམས་ཅད་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ཏེ། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཅི་ཞིག་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། མཚན་མའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།


previousདགུ་པ། མཚན་མའི་ལེའུ། next