Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།


   
   
སུམ་ཅུ་རྩ་གཅིག་པ། སྐུ་གདུང་གི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསུམ་ཅུ་རྩ་གཅིག་པ། སྐུ་གདུང་གི་ལེའུ། next

སུམ་ཅུ་རྩ་གཅིག་པ། སྐུ་གདུང་གི་ལེའུ།


DKG030_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ །གལ་ཏེ་ཛམྦུ་གླིང་འདི། དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བྱས་ཏེ་བཀང་ལ། དེ་དག་ལའང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་བྱིན་པ་གང་ཡིན་པ་ཆ་འདི་གཉིས་ལས་ཁྱོད་གང་འདམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཛམྦུའི་གླིང་འདི། དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་བདག་ལ་སྩལ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་སྩལ་བ་ལ། བདག་ནི། ཆ་འདི་གཉིས་བཞག་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བདག་ནི། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་མ་གུས་པའང་མ་ལགས་སོ། །བཅོམ་ལྡན་འདས། བདག་ནི། གུས་པ་ཁོ་ན་ལགས་ཏེ། བདག་ནི། དེ་བཞིན་གཤེགས་པའི་སྐུ་གདུང་དག་ལ་བསྟི་སྟང་བགྱིད་པར་མི་འཚལ་བའམ། བླ་མར་བགྱིད་པར་མི་འཚལ་བའམ། རི་མོར་བགྱིད་པར་མི་འཚལ་བའམ། མཆོད་པ་བགྱིད་པར་མི་འཚལ་བའང་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས། འདི་ལྟར། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བ་ལགས་ཏེ། དེའི་སླད་དུ་དེ་དག་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པར་བགྱི་བ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་


DKG030_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོས་པ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། གཟུང་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར། མཚན་ཉིད་མེད་པ། མཚན་ཉིད་གཅིག་པ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར། མཚན་ཉིད་མེད་པ། མཚན་ཉིད་གཅིག་པ་དེ་ཁྱོད་ཀྱིས་ཇི་ལྟར་བླང་བར་སེམས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུང་བའམ། མི་གཟུང་བའམ། འགྲིབ་པའམ། འཕེལ་བའམ། དབྲི་བའམ། བསྣན་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ཕྱིར་གནས་པ་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན་བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། སློབ་པའི་ཆོས་རྣམས་དང་། མི་སློབ་པའི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་ཁམས་སྦྱིན་པར་བྱེད་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྦྱིན་པར་བྱེད་པ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྦྱིན་པར་བྱེད་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྦྱིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ། ཤཱ་རིའི་བུ། དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱིན་པར་བྱེད་པ་མ་ཡིན་


DKG030_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པར་བདག་གིས་ཀྱང་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར་གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། ཀཽ་ཤི་ཀ །དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལེགས་སོ། །ལེགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཕྱིར་གཉིས་སུ་ཉེ་བར་གནས་པ་མ་ཡིན་ནོ། །ཀཽ་ཤི་ཀ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་གང་ཡིན་པ་དེ་ནི། ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ །ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་དབྱིངས་ཀྱང་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་གང་ཡིན་པ་དེ་ནི། དེ་བཞིན་ཉིད་ལ་གཉིས་སུ་འདོད་པར་ཟད་དོ། །དེ་ནི། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་བར་དུ་གཉིས་སུ་འདོད་པར་ཟད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་


DKG030_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་གནས་ལགས་སོ། །བཅོམ་ལྡན་འདས། གང་གི་ཚེ་ལྷའི་མདུན་ས་ཆོས་བཟང་ན་ལྷའི་དབང་པོའི་སྟན་ལ་བདག་མཆིས་པའི་གནས་ལ་བདག་མཆིས་པ་ན། དེར་ལྷའི་བུ་དག་བདག་ལ་བསྙེན་བཀུར་བགྱིད་པའི་སླད་དུ་མཆིས་ཏེ། གང་གི་ཚེ་བདག་གི་སེངྒེའི་ཁྲི་ལ་བདག་མ་མཆིས་པ་དེའི་ཚེ་ལྷའི་བུ་དེ་དག་།ཆོས་ཀྱི་སྟན་འདི་ལ་ལྷའི་དབང་པོ་བརྒྱ་བྱིན་འདུག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་བསྟན་ཏོ། །ཞེས་བདག་གི་སྟན་དེ་ལ་ཕྱག་བགྱིས་ནས་སླར་མཆིས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་པ་གནས་སམ། ཁ་ཏོན་དུ་བགྱིད་དམ། གཞན་དག་ལ་ཡང་དག་པར་སྟོན་པ་དེར་ཕྱོགས་བཅུ་ནས་ལྷའི་བུ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ལྷགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཕྱག་འཚལ་དུ་མཆི་ཞིང་། ཕྱག་བགྱིས་ནས་སླར་མཆི་བར་སེམས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་ལ། སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་རྣམས་ཀྱང་འདི་ལས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་གང་ལགས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་སླད་དུའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ནའང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་དུ་གྱུར་ཅིང་། རྐྱེན་དུ་གྱུར། རྒྱུར་གྱུར། སྟོབས་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས། དེ་ལྟ་ལགས་པས་བདག་ནི། ཆ་དེ་གཉིས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་འཚལ་ལགས་ཏེ།


DKG030_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ནས་དམ་པའི་ཆོས་ལ་སེམས་གདུངས་པས་ཁ་ཏོན་དུ་བགྱིའོ། །བཅོམ་ལྡན་འདས། གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བགྱིད་པ་དེའི་ཚེ་འཇིགས་པར་འགྱུར་བའམ། བག་འཁུམས་པར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཚན་མ་མ་མཆིས་ཤིང་། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྟགས་མ་མཆིས། བརྗོད་དུ་མ་མཆིས། སྨོས་སུ་མ་མཆིས་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས། དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྨོས་སུ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་དང་བཅས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་མ་ལགས་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཆོས་སྟོན་པར་མི་འགྱུར་བ་ཞིག་ན། བཅོམ་ལྡན་འདས། གང་གི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས། སྨོས་སུ་མ་མཆིས་པ་ལགས་པ་དེའི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པར་ཐུགས་སུ་ཆུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་རྣམས་ལ་མཚན་


DKG030_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པ་དང་། ཐ་སྙད་མ་མཆིས་པའི་ཆོས་སྟོན་ལགས་སོ། །བཅོམ་ལྡན་འདས། དེ་ལྟར་ལགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པར་བགྱི་བ་དང་། བཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བགྱི་བ་ལགས་ཏེ། དེ་ལ་ནི་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བའང་མ་མཆིས་པར་འཚལ་བར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་གྱི་བར་དུ་དེ་བཞིན་གཤེགས་པ་མཐོང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པ་བགྱི་བ་དང་འབྲལ་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ་བྱུར་བུར་བགྱིས་པ་ཞིག་ཀྱང་བདག་ལ་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་བདག་ལ་སྩལ་ན། བདག་ནི། ཆ་གཉིས་བཞག་པ་འདི་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཚལ་ལགས་སོ། །དེ་


DKG030_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི། དེ་ལས་བྱུང་སྟེ། བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རི་མོར་བགྱི་བ་དང་། མཆོད་པ་བགྱི་བ་ལགས་པས། དེས་ན། རིགས་ཀྱི་བུ་གང་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་ན། དེ་དག་ངན་འགྲོ་དག་ཏུ་སྐྱེ་བར་མི་འགྱུར་ཏེ་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་ནས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་མཐོང་བ་གང་ལགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་གང་ལགས་པ་འདི་ནི། མཆུངས་པ་ལགས་ཏེ། བཅོམ་ལྡན་འདས། དེ་ལྟར་ལགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས་པ་དང་། དེ་བཞིན་གཤེགས་པ་གང་ལགས་པ་འདི་ནི། གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དུ་ཡན་ལག་བཅུ་གཉིས་པའི་ཆོས་བསྟན་པ་གང་ལགས་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་སྟེ་ཀུན་ཆུབ་པར་བགྱིས་ནས་གཞན་དག་ལའང་བསྟན་པ་གང་ལགས་པ་དེ་ནི། མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཆོ་འཕྲུལ་རྣམ་པ་གསུམ་དང་། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་བར་དག་ནི། འདི་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས། གཞན་ཡང་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་།


DKG030_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་བབ་པར་བསྟན་པའི་སྡེའི་བར་གྱི་ཆོས། སྟོན་པ་གང་ལགས་པ་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དུ་ཆོས་སྟོན་པ་གང་ལགས་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ནས་གཞན་དག་ལ་སྟོན་པའི་བར་དུ་བགྱིད་པ་གང་ལགས་པ་དེ་ནི། མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱང་འདི་ལས་བྱུང་བ་ལགས་ལ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་བར་དེ་དག་ཀྱང་འདི་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་དག་ལའང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་དེ་ནི། མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདི་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་


DKG030_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། གཞན་དག་ལའང་ཡང་དག་པར་སྟོན་པ་གང་ལགས་པ་དེ་ལ་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བའང་མ་མཆིས་པར་འཚལ་བར་བགྱི་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་དེ་ལ་ནི། གང་ལས་ཀྱང་འཇིགས་པ་འབྱུང་བ་མ་མཆིས་པར་འཚལ་བར་བགྱི་ལགས་སོ། །བཅོམ་ལྡན་འདས། དཔེར་བགྱི་ན། བུ་ལོན་པས་འཇིགས་པའི་མི་རྒྱལ་པོ་ལ་བརྟེན་ན། དེ་རྒྱལ་པོ་ལ་འཁོར་བས། དེ་གང་དག་གིས་འཇིགས་པར་གྱུར་པ་དེ་དག་ཉིད་ཀྱིས་བསྟེན་པར་འགྱུར་ཏེ། དེ་དག་གིས་འཇིགས་པར་ཡང་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན་། བཅོམ་ལྡན་འདས། མཐུ་དང་ལྡན་པ་ལ་བརྟེན་པ་ནི། དེ་ལྟར་འགྱུར་བའི་སླད་དུ་སྟེ། རྒྱལ་པོ་ལ་བརྟེན་པ་ནི། འཇིགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པའི་སྐུ་གདུང་རྣམས་ཀྱིས་ནི། མཆོད་པ་བརྙེས་ལགས་སོ། །བཅོམ་ལྡན་འདས། དེ་ལ་རྒྱལ་པོ་དེ་ཇི་ལྟ་བ་དེ་བཞིན་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བལྟ་བར་བགྱི་ལགས་སོ། །རྒྱལ་པོ་ལ་བརྟེན་པའི་མི་མཆོད་པ་ཐོབ་པ་ཇི་ལྟ་བ་དེ་བཞིན་དུ་ནི། དེ་བཞིན་གཤེགས་པའི་སྐུ་གདུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པས་མཆོད་པ་བརྙེས་པར་བལྟ་བར་བགྱི་ལགས་སོ། །


DKG030_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའི་ཡི་ཤེས་གང་ལགས་པ་དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པར་རིག་པར་བགྱི་ལགས་སོ། །དེ་ལྟ་ལགས་པས། བདག་ནི། ཆ་འདི་གཉིས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི། འདི་ལས་བྱུང་བ་ལགས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། འདི་ལས་བྱུང་བ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། འདི་ལས་བྱུང་བ་ལགས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ནི། འདི་ལས་བྱུང་བ་ལགས། བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ནི། འདི་ལས་བྱུང་བས། ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་ལགས། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། འདི་ལས་བྱུང་བ་ལགས་པའི་སླད་དུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་བཞི་པ། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེར་སེམས་ཅན་དེ་དག་ལ་མིའམ། མི་མ་ལགས་པ་གླགས་ཚོལ་བས་གླགས་རྙེད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི། རིམ་གྱིས་མྱ་ངན་ལས་འདའ་བའི་ཆོས་ཅན་དུའང་འགྱུར་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་ལྟར་རིན་པོ་ཆེ་ལྟར་དོན་ཆེ་བ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ལ་སངས་རྒྱས་ཀྱི་འཕྲིན་ལས་བགྱིད་པའི་སླད་དུ་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེར་ནི། སངས་རྒྱས་བྱུང་བར་འཚལ་བར་བགྱིའོ། །


DKG030_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། དཔེར་བགྱི་ན། ནོར་བུ་རིན་པོ་ཆེ་ཆེན་པོ་རིན་ཐང་མ་མཆིས་པ་ཞིག་མཆིས་ལ། ནོར་བུ་རིན་པོ་ཆེ་དེའང་ཡོན་ཏན་འདི་ལྟ་བུ་དག་དང་ལྡན་ཏེ། ནོར་བུ་རིན་པོ་ཆེ་དེ་གང་དང་གང་དུ་བཞག་པ་དེ་དང་དེར་མི་མ་ལགས་པས་གླགས་རྙེད་པར་མི་འགྱུར་ཞིང་། གང་དང་གང་ན་སྐྱེས་པ་འམ། བུད་མེད་མི་མ་ལགས་པས་ཟིན་པ་དེ་དང་དེར་ནོར་བུ་རིན་པོ་ཆེ་དེ་ཕྱུང་ན། ནོར་བུ་རིན་པོ་ཆེ་དེར་ཕྱུང་མ་ཐག་ཏུ་མི་མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟི་བརྗིད་མི་བཟོད་པས་འབྲོས་པར་འགྱུར་ལགས་སོ། །མཁྲིས་བའི་དབང་གིས་ཚ་བར་གྱུར་པའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ན། མཁྲིས་པ་དེའང་སེལ་བར་འགྱུར་ཞིང་། རྣམ་པར་འཕེལ་བར་མི་འགྱུར་ལ། ཞི་བར་འགྱུར་ལགས་སོ། །བསེར་མའི་བྲོ་ནད་ཀྱིས་ཐེབས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ནའང་རླུང་དེ་སེལ་བར་འགྱུར་ལགས་སོ། །བད་ཀན་གྱི་བྲོ་ནད་ཀྱིས་ཐེབས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ནའང་། བད་ཀན་དེ་དག་ཐམས་ཅད་ཞི་བར་འགྱུར་ལགས་སོ། །རིགས་ཀྱི་བུའམ་།རིགས་ཀྱི་བུ་མོ་འདུས་པའི་བྲོ་ནད་ཀྱིས་ཐེབས་པ་དེའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཏགས་ནའང་དེའི་ནད་དེ་ཞི་བར་འགྱུར་ལགས་སོ། །ནོར་བུ་རིན་པོ་ཆེ་དེ་མཚན་མོ་འང་སྣང་བར་བགྱིད་པར་འགྱུར་ལགས་སོ། །ཚ་བའི་དུས་ལ་བབ་བའི་ཆོས་ཕྱོགས་གང་དུ་ནོར་བུ་རིན་པོ་ཆེ་དེ་བཞག་པའི་ས་ཕྱོགས་དེའང་བསིལ་བར་འགྱུར་ལགས་སོ། །གྲང་བའི་དུས་ལ་བབ་པའི་ཚེ་ས་ཕྱོགས་གང་དུ་ནོར་བུ་རིན་པོ་ཆེ་དེ་བཞག་པའི་ས་ཕྱོགས་དེའང་དྲོ་བར་འགྱུར་ལགས་སོ། །ནོར་བུ་རིན་པོ་ཆེ་དེ་གང་དུ་བཞག་པའི་ས་ཕྱོགས་དེ་གྲང་ཡང་མི་གྲང་། ཚ་འང་མི་ཚ་སྟེ། དུས་ཚིགས་བདེ་བར་འགྱུར་ལགས་སོ། །ས་ཕྱོགས་གང་དུ་ནོར་བུ་རིན་པོ་ཆེ་དེ་གནས་པའི་ས་ཕྱོགས་དེར་སྦྲུལ་གདུག་པ་དང་། སྡིག་པ་ལ་སོགས་པའམ། སྡིག་སྦྲུལ་རྣམས་ཀྱང་གནས་པར་མི་འགྱུར་ལགས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པར་གྱུར་པ་དེ་ལ་ནོར་བུ་རིན་པོ་ཆེ་དེ་བསྟན་ན། དེ་ལ་བསྟན་མ་ཐག་ཏུ་དུག་དེ་དག་


DKG030_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་མཆིས་པར་འགྱུར་ལགས་སོ། །ནོར་བུ་རིན་པོ་ཆེ་དེ་ནི། ཡོན་ཏན་དེ་དག་ལ་སོགས་པ་དང་ལྡན་པ་ལགས་ཏེ། བཅོམ་ལྡན་འདས། སྐྱེས་པའམ། བུད་མེད་བྲོ་ནད་སྣ་ཚོགས་ཀྱིས་ཐེབས་པ་གང་ལགས་པ་དེ་དག་གིས་ལུས་ལ་གལ་ཏེ་ནོར་བུ་རིན་པོ་ཆེ་དེ་བཏགས་ན། དེ་དག་གི་བྲོ་ནད་ཐམས་ཅད་ཀྱང་ཞི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས། ཆབ་གང་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་སྩལ་བའི་ཆབ་དེ་དག་ཐམས་ཅད་ཀྱང་རང་བཞིན་གྱི་ཁ་དོག་ཇི་ལྟ་བ་དང་། ཡན་ལག་བརྒྱད་དང་ལྡན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། གལ་ཏེ་ནོར་བུ་རིན་པོ་ཆེ་དེ་རས་སྔོན་པོས་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ནའང་ཆབ་དེ་སྔོན་པོར་འགྱུར་བར་བགྱི་ལགས་སོ། །གལ་ཏེ་སེར་པོའམ། གལ་ཏེ་དམར་པོའམ། གལ་ཏེ་བཙོད་ཀའམ། གལ་ཏེ་ཤེལ་གྱི་ཁ་དོག་ལྟ་བུའི་རས་ཀྱིས་ནོར་བུ་རིན་པོ་ཆེ་དེ་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ནའང་ཆབ་དེ་དེ་དག་གི་ཁ་དོག་ཏུ་འགྱུར་ལགས་སོ། །རས་ཚོན་སྣ་ཚོགས་སུ་བསྒྲིལ་བའི་རས་ཀྱིས་ནོར་བུ་རིན་པོ་ཆེ་དཀྲིས་ནས་ཆབ་ཀྱི་ནང་དུ་སྩལ་ནའང་ཆབ་དེ་ཁ་དོག་སྣ་ཚོགས་སུ་འགྱུར་བར་བགྱིད་ལགས་སོ། །བཅོམ་ལྡན་འདས། ཆབ་རྙོག་པ་ཅན་གང་གི་ནང་དུ་ནོར་བུ་རིན་པོ་ཆེ་དེ་སྩལ་བའི་ཆབ་དེ་དག་ཐམས་ཅད་ཀྱང་དང་བར་འགྱུར་ཏེ། ནོར་བུ་རིན་པོ་ཆེ་དེ་ནི་ཡོན་ཏན་དེ་དག་ལ་སོགས་པ་དང་ལྡན་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་དེ་ལྷའི་ཡིན་ནམ། འོན་ཏེ་ཛམྦུའི་གླིང་གི་མི་རྣམས་ལའང་རིན་པོ་ཆེ་དེ་ལྟ་བུ་ཡོད་སྙམ་མམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ། །ནོར་བུ་རིན་པོ་ཆེ་དེ་་ནི་ལྷའི་ཡིན་ནོ། །ཛམྦུའི་གླིང་གི་མི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་གང་ཡིན་པ་ནི་ཆུང་ལ་ལྕིའོ། །ལྷའི་ནོར་བུ་རིན་པོ་ཆེ་གང་ཡིན་བདེ་དག་ནི་ཆེ་ལ་ཡང་སྟེ། ཛམྦུའི་གླིང་གི་མི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་རྣམས་ནི། ལྷའི་རིན་པོ་ཆེ་དེ་དག་ལྟར་ཡོན་ཏན་གྱི་རྣམ་པ་ཤིན་ཏུ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། ཛམྦུ་གླིང་


DKG030_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནོར་བུ་རིན་པོ་ཆེ་དེ་དག་ནི། ལྷའི་རིན་པོ་ཆེ་རྣམས་ཀྱི་གྲངས་སུ་འང་ཉེ་བར་མི་འགྲོ་སྟེ། ཆ་དང་བགྲང་བ་དང་དཔེར་ཡང་མི་བཟོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་གི་ནང་དུ་སྩལ་བ་ལས། གང་གི་ཚེ་ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་དེའི་ནང་ནས་ཕྱུང་ནའང་ནོར་བུ་རིན་པོ་ཆེ་དེ་དེའི་ནང་ན་མཆིས་མཆིས་སོ། །ཞེས་ཟ་མ་་ཏོག་དེའང་ཡིད་དུ་མཆི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ས་ཕྱོགས་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པ་དེར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་གི་ལུས་དང་། སེམས་ཀྱི་སྡུག་བསྔལ་དང་། གནོད་པ་མིས་བགྱིས་པའམ། མི་མ་ལགས་པས་བགྱིས་པ་རྣམས་འབྱུང་བར་མི་འགྱུར་ལགས་སོ། །དེ་ལ་ནོར་བུ་རིན་པོ་ཆེ་ཞེས་བགྱི་བ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དྭགས་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི། དཔག་ཏུ་མ་མཆིས་པ་ལགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཇི་སྙེད་ཅིག་ཡོངས་སུ་བརྗོད་པར་རྡོ་ཐོགས་ལགས། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ཡང་དེ་བཞིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་དེ་དག་གིས་དེ་བཞིན་


DKG030_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་སྐུ་གདུང་དེ་དག་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བག་ཆགས་དང་། ཉིང་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། རྟག་ཏུ་གཏང་སྙོམས་སུ་གནས་པ་དང་། བསྙེལ་པ་མི་མངའ་བའི་ཆོས་ཉིད་ཀྱི་སྣོད་དུ་གྱུར་པ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱིས་མཆོད་པ་བརྙེས་པ་ལགས་སོ། །བཅོམ་ལྡན་འདས། སྐུ་གདུང་དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་རྣམས་ཀྱི་སྣོད་དུ་གྱུར་བ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བླང་བ་མ་མཆིས་པ་དང་། དོར་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་། འོང་བ་མ་མཆིས་པ་དང་། འགྲོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའི་སྣོད་དུ་གྱུར་པ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཆོས་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣོད་དུ་གྱུར་པ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི། ཆོས་ཉིད་ཀྱིས་ཡོངས་སུ་བསྒོས་པ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ནི། མཆོད་པ་བརྙེས་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ་བྱུར་བུར་བགྱིས་པ་ལྟ་ཞོག་།ལགས་ཀྱི། བཅོམ་ལྡན་འདས། གལ་ཏེ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་བཞིན་གཤེགས་པའི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ་བྱུར་བུར་བགྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའང་གླེགས་བམ་དུ་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས། བདག་ནི་ཆ་འདི་གཉིས་བཞག་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གདུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་


DKG030_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒོས་པ་དེ་ལས་བྱུང་བའི་སླད་དུ་མཆོད་པ་བརྙེས་པ་ལགས་སོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་པ་གང་ལགས་པ་དེའི་དགེ་བའི་རྩ་བ་དེ་ནི། མཐར་ཕྱིན་ནས་ལྷ་རྣམས་དང་། མི་རྣམས་ཀྱི་བདེ་བ་དག་ཉམས་སུ་མྱོང་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ་།བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་བདེ་བ་ཉམས་སུ་མྱོང་སྟེ། དགེ་བའི་རྩ་བ་དེ་ཉིད་ཀྱིས་སྡུག་བསྔལ་མཐར་བགྱིད་པར་འགྱུར་བ་ཙམ་དུ་བས་ཀྱི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་གང་ལགས་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་འགྱུར་ལགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་ལགས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་བར་བགྱིད་ལགས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་བགྱིད་ལགས་སོ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས་


DKG030_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣམས་ཐོབ་པར་འགྱུར་ལགས་སོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣམས་ཐོབ་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་ཞིང་ལུས་གང་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ལུས་བསམ་བཞིན་དུ་ལེན་པར་བགྱིད་དེ། ཡང་ན་འཁོར་ལོས་བསྒྱུར་བའི་ལུས་སམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ལུས་བླངས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ལགས་སོ། །བཅོམ་ལྡན་འདས། དེ་ལྟ་ལགས་པས། བདག་ནི། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་གུས་པར་མི་བགྱིད་པའང་མ་ལགས་ལ། ལེན་བར་མི་འཚལ་བའང་མ་ལགས་མོད་ཀྱི། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟི་སྟང་བགྱིད་པས། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལའང་བསྟི་སྟང་བགྱིས་པར་འགྱུར། བླ་མར་བགྱིས་པར་འགྱུར། རི་མོར་བགྱིས་པར་འགྱུར། མཆོད་པར་བགྱིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མ་མཆིས། དཔག་ཏུ་མ་མཆིས་པ་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་དེ་དག་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུར་མཐོང་བར་འཚལ་བ་གང་ལགས་པ་དེས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི་ཞིང་། ཚུལ་བཞིན་དུའང་ཡིད་ལ་བགྱིའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་སྤྱོད་པ་དེས་ནི། ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ཉིད་


DKG030_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་ལགས་སོ། །བཅོམ་ལྡན་འདས། དེ་ལ་འདུས་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ་ཉིད་འཚལ་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཚལ་བ་གང་ལགས་པའི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འཚལ་བ་གང་ལགས་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་འཚལ་བ་གང་ལགས་པ་དང་། མི་འཇིགས་པ་བཞི་འཚལ་བ་གང་ལགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་འཚལ་བ་གང་ལགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཚལ་བ་གང་ལགས་པ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་འཚལ་བ་གང་ལགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མ་མཆིས་པ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་འཚལ་བ་གང་ལགས་པ་སྟེ། འདི་ནི། འདུས་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། ཆོས་གང་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གནས་པ་མ་མཆིས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། འགྲིབ་བ་མ་མཆིས་པ་དང་། འཕེལ་བ་མ་མཆིས་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱི་བར་དག་ལགས་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་བ་ཉིད་ཀྱང་གང་ལགས་ཤེ་ན། ཆོས་ཐམས་ཅད་ནི། དངོས་བོ་མ་མཆིས་པའི་ངོ་བོ་ཉིད་ལགས་པས། འདི་ནི། འདུས་མ་བྱས་ཀྱི་ཆོས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པའི་དུས་ན་དེ་བཞིན་གཤེགས་


DKG030_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱུང་བ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་སུ་གྱུར་པ་གང་ཡིན་པ་དེ་དག་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་སུ་འགྱུར་བ་གང་ཡིན་པ་དེ་དག་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་བར་རྫོགས་པའི་སྤངས་རྒྱས་རྣམས་ཀྱི་ཉན་ཐོས་ད་ལྟར་འཁོད་པ་གང་ཡིན་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྟེན་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་བའི་འབྲས་བུ་ཐོབ་བོ། །ཐོབ་བར་འགྱུར་རོ། །འཐོབ་བོ། །འདས་པའི་དུས་ན་རང་སངས་རྒྱས་སུ་གྱུར་པ་གང་ཡིན་པ་དེ་དག་དང་། མ་འོངས་པའི་དུས་ན་རང་སངས་རྒྱས་སུ་འགྱུར་བ་གང་ཡིན་པ་དེ་དག་དང་། ད་ལྟ་བ་ཕྱོགས་བཅུའི་་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་པ་དག་ན་རང་སངས་རྒྱས་གནས་ཏེ་འཚོ་ཞིང་སྡོད་པ་གང་ཡིན་པ་དེ་དག་གིས་ཀྱང་


DKG030_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་རང་བྱང་ཆུབ་ཐོབ་བོ། །ཐོབ་པར་འགྱུར་རོ། །འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་པའི་ཕྱིར་ཏེ། དེ་དག་ཀྱང་མཚན་མ་མེད་པའི་ཚུལ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་དང་། བླང་བ་མེད་པ་དང་། དོར་བ་མེད་པའི་ཚུལ་དང་། དབྲི་བ་མེད་པ་དང་། བསྣན་པ་མེད་པའི་ཚུལ་དང་། གཟུང་བ་མེད་པ་དང་། སྤོང་བ་མེད་པའི་ཚུལ་གྱིས་བསྟན་ཏེ། དེའང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བྱ་བ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པའང་མ་ཡིན། ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའང་མ་ཡིན་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ལམ་།ཚུ་རོལ་ལམ། ཐང་ངམ། གཤོང་ངམ། མཉམ་པའམ། མི་མཉམ་བའམ་།མཚན་མའམ། མཚན་མ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ་།དགེ་བའམ། མི་དགེ་བའམ། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའང་མ་ཡིན་ནོ། །ཀཽ་ཤི་ཀ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་སྦྱིན་པར་བྱེད་པ་མ་ཡིན་ཏེ། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྦྱིན་པར་བྱེད་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆེས་ཆེ་བ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཀྱང་རབ་ཏུ་འཚལ་ལ་སེམས་ཅན་ཡང་མི་དམིགས། ཤེས་པ་པོ་དང་། མཐོང་བ་པོའི་བར་ཡང་མི་དམིགས། གཟུགས་ཀྱང་མི་


DKG030_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་མི་དམིགས། མིག་ཀྱང་མི་དམིགས། གཟུགས་ཀྱང་མི་དམིགས། མིག་གི་རྣམ་པར་ཤེས་པའང་མི་དམིགས། མིག་གི་འདུས་ཏེ་རེག་པའང་མི་དམིགས། མིག་གི་འདུས་ཏེ་དེག་བའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བའང་མ་ལགས། སྡུག་བསྔལ་བའང་མ་ལགས་པ་གང་ལགས་པ་དེའང་མི་དམིགས་ལགས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་མི་དམིགས། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བའང་མ་ལགས། སྡུག་བསྔལ་བའང་མ་ལགས་པ་གང་ལགས་པ་དེའང་མི་དམིགས་ལགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མི་དམིགས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཡང་མི་དམིགས་ལགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་མི་དམིགས་ལགས་སོ། །བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་དམིགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། མི་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར། གང་གིས་དམིགས་པ་དང་། གང་ལ་དམིགས་པ་རང་བཞིན་གྱིས་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ །འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། བྱང་ཆུབ་ཀྱང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས།


DKG030_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཆོས་རྣམས་ལྟའང་ཅི་སྨོས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་པར་བགྱིད་ཀྱི། ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྤྱོད་པར་མི་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ །བྱང་ཆུབ་སེམས་དཔའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་པ་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལའང་སྤྱོད་དོ། །དེའང་མི་དམིགས་པའི་ཚུལ་གྱིས་སྤྱོད་དེ། དེ་སྦྱིན་པའང་མི་དམིགས། སྦྱིན་པ་པོའང་མི་དམིགས། ལེན་པ་པོ་འང་མི་དམིགས་སོ། །ཚུལ་ཁྲིམས་ཀྱང་མི་དམིགས། ཚུལ་ཁྲིམས་དང་ལྡན་པའང་མི་དམིགས། ཚུལ་ཁྲིམས་འཆལ་པའང་མི་དམིགས་སོ། །བཟོད་པའང་མི་དམིགས། བཟོད་པར་བྱ་བའང་མི་དམིགས། བཟོད་པ་དང་ལྡན་པའང་མི་དམིགས་སོ། །བརྩོན་འགྲུས་ཀྱང་མི་དམིགས། བྱ་བའང་མི་དམིགས་། ལུས་དང་སེམས་ཀྱང་མི་དམིགས་སོ། །སེམས་ཀྱང་མི་དམིགས། ཏིང་ངེ་འཛིན་ཀྱང་མི་དམིགས། མཉམ་པར་བཞག་པའང་མི་དམིགས་སོ། །ཤེས་རབ་ཀྱང་མི་དམིགས། ཤེས་པར་བྱ་བའང་མི་དམིགས། ཤེས་རབ་དང་ལྡན་པའང་མི་དམིགས་སོ། །ཀཽ་ཤི་ཀ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའི་ཆོས་རྣམས་རྣམ་པར་འབྱེད་པའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལའང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལའང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །སྟོབས་རྣམས་


DKG030_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་བ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལའང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུའང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །ཀཽ་ཤི་ཀ །འདི་ལྟ་སྟེ། དཔེར་ན། ཛམྦུའི་གླིང་གི་ཤིང་ལྗོན་པ་ལོ་མ་ཐ་དད་པ་དང་། འབྲས་བུ་ཐ་དད་པའི་ཤིང་ལྗོན་པ་ཇི་སྙེད་པ་དེ་དག་གི་གྲིབ་མ་ནི། གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བ་མ་གཉོགས་པར་ཁྱད་པར་རམ། ཐ་དད་དུ་དབྱེ་བ་མེད་དོ། །ཀཽ་ཤི་ཀ །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྡོས་པ་རྣམས་ལ་ནི། ཁྱད་པར་རམ། ཐ་དད་དུ་དབྱེ་བ་མེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། སྙིང་རྗེ་ཆེན་པོ་དང་ལྡན་པ་ལགས། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པ་ལགས། ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཡོན་ཏན་ཐུག་པ་མ་མཆིས་པ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལའང་བྲིས་ཏེ་འཆང་ལ། མེ་ཏོག་དང་། སྤོས་དང་། བདུག་པ་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པ་བགྱིད་དེ། ཇི་ལྟར་ལུང་ཕོག་པ་བཞིན་དུའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ཏེ་གཞན་དག་ལ་སྩལ་ན། འདི་གཉིས་ལས་གང་བསོད་ནམས་ཆེས་མང་དུ་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ །དེའི་ཕྱིར་འདི་ཁྱོད་ཉིད་ལ་དྲིའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་


DKG030_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལན་ཐོབ་ཅིག་།ཀཽ་ཤི་ཀ །འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་གཞན་དག་ལ་བྱིན་ཏེ་བགོ་བཤའ་བྱས་ནས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའང་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་པོ་དེ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་བསྐྱེད་སྙམ་མམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་ཉིད་ཀྱང་མེ་ཏོག་ལ་སོགས་པས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་པ་བས། གཞན་དག་ལའང་སྩོལ་བར་བགྱིད་པ་དེ་ནི། དེ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་ལགས་སོ། །དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས་སེམས་ཅན་གྱི་ཚོགས་ཀྱི་ནང་ན་སེམས་ཅན་དེ་བཞིན་གཤེགས་པའི་སྐུ་གདུང་གིས་འདུལ་བར་འགྱུར་བ་རྣམས་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། དེ་བཞིན་གཤེགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་སུ་བྱིན་གྱིས་བརླབས་ལགས་སོ། །བཅོམ་ལྡན་འདས། ཐ་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ལ་མཆོད་པར་བགྱིད་པའི་དགེ་བའི་རྩ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་གྱི་བར་དུ་དེ་དག་ཐམས་ཅད་ཀྱིས་དེའི་མཐའ་རྟོགས་པར་


DKG030_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་བས་གང་གིས་ཡི་གེར་བྲིས་ནས་གཞན་དག་ལ་སྦྱིན་པར་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེ་ལས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཀཽ་ཤི་ཀ །གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ལུང་ཕོག་པ་བཞིན་དུ་གཞན་དག་གི་དྲུང་དུ་སོང་སྟེ་འཆད་ཅིང་སྟོན་པ་དང་། བརྗོད་ཅིང་འགྲེལ་པ་དང་། གསལ་བར་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་བས། ཆེས་བསོད་ནམས་མང་དུ་བསྐྱེད་དེ། སྟོན་པའམ། བླ་མའི་གནས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བ་ཞིག་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་སྟོན་པའང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གཞན་པ་ནི། མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ལ། སྟོན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པས་བྱུང་བ་ཡིན་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བ་དང་། ཕྱིར་མི་ལྡོག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པས། ཉན་ཐོས་


DKG030_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་སོ། །འཇུག་གོ ། འཇུག་པར་འགྱུར་རོ། །ཀཽ་ཤི་ཀ །དེ་བས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་སུམ་དུ་བྱ་བར་འདོད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་པ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བར་འདོད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གླེགས་བམ་ལ་བྲིས་ཏེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ་། མཆོད་པ་བྱའོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་གྱི་དབང་འདི་མཐོང་ནས་འདི་སྙམ་དུ་བསམ་སྟེ། ངས་གང་ལ་བརྟེན་ཏེ་གནས་པར་བྱ། གང་ཞིག་ལ་ནི། བསྟི་སྟང་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་སྙམ་པ་ལས། ཀཽ་ཤི་ཀ །དེའི་ཚེ་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུའི་ནང་ན་ང་དང་འདྲ་བ་མ་མཐོང་སྟེ། ང་དང་འདྲ་བ་ཡང་དག་པར་རྗེས་སུ་མ་མཐོང་ནས་ཡང་འདི་སྙམ་དུ་བསམ་སྟེ། འོ་ན་དེ་ལྟར་ངས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ཉིད་ལ་བདག་གིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་བརྟེན་ཏེ་གནས་པར་བྱའོ། །སྙམ་དུ་བསམ་པའི་ཆོས་གང་ཡིན་པ་དེ་ནི། ཀཽ་ཤི་ཀ ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀཽ་ཤི་ཀ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནི། ང་ཉིད་ཀྱང་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་བརྟེན་ཅིང་གནས་ན།


DKG030_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀཽ་ཤི་ཀ །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། བྱང་ཆུབ་སེམས་དཔའ་རྣམས་བྱུང་ལ། བྱང་ཆུབ་སེམས་དཔའ་ལས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱུང་ཞིང་། དེ་བཞིན་གཤེགས་པ་ལས་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་བྱུང་བའི་ཕྱིར་ཏེ། ཀཽ་ཤི་ཀ །དེ་ལྟ་བས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པ་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་གང་ལ་བསླབ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྐུ་གདུང་གི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་གཅིག་པའོ།། །།


previousསུམ་ཅུ་རྩ་གཅིག་པ། སྐུ་གདུང་གི་ལེའུ། next