Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།


   
   
   
   
   
   
   
   
   
   
   
   
བཞི་བཅུ་རྩ་གཅི་པ། བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་བཅུ་རྩ་གཅི་པ། བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ། next

བཞི་བཅུ་རྩ་གཅི་པ། བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ།


DKG030_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འབྲི་བ་དང་། གཟུང་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། བཀླག་པར་བདུན་ལ། ཆོས་སྨྲ་བ་ནི། སྙོམས་ལས་བྱེད་པར་གྱུར་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལུས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། གཟུང་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་ལ་སྙོམས་ལས་མེད་པར་གྱུར་ལ། ཆོས་ཉན་པ་ནི། ཡུལ་གཞན་དུ་སོང་བར་གྱུར་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འབྲི་བར་འདོད། ལུང་ནོད་པར་འདོད། ཁ་ཏོན་དུ་བྱ་བར་འདོད་ལ། ཆོས་སྨྲ་བ་ནི། ཡུལ་གཞན་དུ་སོང་བར་གྱུར་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་ཞིང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་


DKG030_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང་། ཡོ་བྱད་ལ་ཆགས་ལ། ཆོས་ཉན་པ་ནི། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། མཉམ་པར་བཞག་པ་དང་། སེམས་རྩེ་གཅིག་པ་དང་། ཤེས་རབ་དང་ལྡན་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། མཉམ་པར་གཞག་པ་དང་། སེམས་རྩེ་གཅིག་པ་དང་། ཤེས་རབ་དང་ལྡན་པར་གྱུར་ལ། ཆོས་ཉན་པ་ནི། འདོད་པ་མེད་པ་དང་། སྡིག་པ་འདོད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་ཞིང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་གདུ་བར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། དགོན་པ་པ་དང་། བསོད་སྙོམས་པ་དང་། ཕྱག་དར་ཁྲོད་པ་དང་། ཟས་ཕྱིས་མི་ལེན་པ་དང་། སྟན་གཅིག་པ་དང་། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། དུར་ཁྲོད་པ་དང་། བླ་གབ་མེད་པ་དང་། ཤིང་དྲུང་པ་དང་། ཅོག་བུ་པ་དང་། གཞི་ཇི་བཞིན་པ་དང་། ཆོས་གོས་གསུམ་པར་གྱུར་ལ། ཆོས་ཉན་པ་ནི། དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དག་ལམ་མོས་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། ཡི་གེར་འབྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དག་ཏུ་གྱུར་ལ། ཆོས་སྨྲ་བ་ནི། དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དག་


DKG030_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། དད་ཅིང་དགེ་བའི་ཆོས་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་འདོད་པ་དང་། འཛིན་པར་འདོད་པ་དང་། ལུང་ནོད་པར་འདོད་པ་དང་། ཁ་ཏོན་བྱེད་པར་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི། མ་དད་ཅིང་། མི་དགེ་བའི་ཆོས་རྣམས་འདོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། སྦྱིན་པར་མི་འདོད་ལ། དོན་གྱི་ཚོགས་འཛིན་པར་མི་འདོད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ལ་འཛིན་པ་མེད་པར་གྱུར་ལ། ཆོས་ཉན་པ་ནི། སེར་སྣ་ཅན་དུ་གྱུར་ཅིང་། འདོད་པ་ཆེ་བ་དང་། སྡིག་པ་འདོད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་བ་དང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་་བར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ལ་འཛིན་པ་མེད་པར་གྱུར་ལ། ཆོས་སྨྲ་བ་ནི། སེར་སྣ་ཅན་དང་། འཇུངས་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་


DKG030_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར། གཞན་ཡང་ཆོས་ཉན་པ་ནི། ཆོས་སྨྲ་བ་ལ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་ཡོངས་སུ་གཏོང་བར་འདོད་ལ། ཆོས་སྨྲ་བ་ནི། ལེན་པར་མི་འདོད་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། མགོ་སྨོས་པས་གོ་བ་ཡིན་ལ། ཆོས་ཉན་པ་ནི། བཀྲི་དགོས་པ་དང་། རྣམ་པར་སྤྲོས་པས་གོ་བ་དང་། ཚིག་ལྷུར་ལེན་པ་ཡིན་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། མགོ་སྨོས་པས་གོ་བ་ཡིན་ལ། ཆོས་སྨྲ་བ་ནི། བཀྲི་དགོས་པ་དང་། རྣམ་པར་སྤྲོས་པས་གོ་བ་དང་། ཚིག་ལྷུར་ལེན་པ་ཡིན་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་ཆོས་རྣམས་ཀྱི་ཁྱད་པར་ཤེས་པ་ཡིན་ལ། ཆོས་ཉན་པ་ནི། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་


DKG030_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། གླེང་གཞིའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེའི་ཆོས་རྣམས་ཀྱི་ཁྱད་པར་མི་ཤེས་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་གྱུར་ལ། ཆོས་ཉན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་ལྡན་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་གྱུར་ལ། ཆོས་སྨྲ་བ་ནི། མི་ལྡན་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་ལ་མཁས་པ་ཡིན་ལ། ཆོས་ཉན་པ་ནི། ཐབས་ལ་མཁས་པ་མ་ཡིན་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བཀླག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་ལ་མཁས་པ་ཡིན་ལ། ཆོས་སྨྲ་བ་ནི། ཐབས་


DKG030_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པ་མ་ཡིན་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་གྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། གཟུངས་ཐོབ་པར་གྱུར་ལ། ཆོས་ཉན་པ་ནི། གཟུངས་ཐོབ་པར་མ་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། ཡི་གེར་འབྲི་བར་འདོད་ཅིང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་འདོད་ལ། ཆོས་ཉན་པ་ནི། ཡི་གེར་བྲི་བར་མི་འདོད། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་མི་འདོད་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བཀླག་པ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། ཡི་གེར་འབྲི་བར་འདོད་ཅིང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་འདོད་ལ། ཆོས་སྨྲ་བ་ནི། ཡི་གེར་འབྲི་བར་མི་འདོད། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་མི་འདོད་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་དང་བྲལ་བར་གྱུར་ལ། ཆོས་ཉན་པ་ནི། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་དང་བྲལ་བར་མ་གྱུར་ན།


DKG030_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་བྲལ་བར་གྱུར་ལ། ཆོས་སྨྲ་བ་ནི། སྒྲིབ་པ་དང་བྲལ་བར་མ་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་དུ་བྱེད་པ་ན། དེར་ལ་ལ་ཞིག་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་བསྔགས་པ་མ་ཡིན་པ་རྗོད་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དྭགས་རྣམས་ཀྱི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་ཅིང་། སེམས་ཅན་དམྱལ་བ་རྣམས་ནི། འདི་ལྟར་སྡུག་བསྔལ་བའོ། །དུད་འགྲོའི་སྐྱེ་གནས་རྣམས་ནི། འདི་ལྟར་སྡུག་བསྔལ་བའོ། །ཡི་དྭགས་ཀྱི་ཡུལ་ནི། འདི་ལྟར་སྡུག་བསྔལ་བ་ཡིན་པས། ཁྱོད་ཀྱིས་འདི་ཉིད་དུ་སྡུག་བསྔལ་མཐར་ཕྱིན་པར་གྱིས་ཤིག་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་དུ་བྱེད་པ་ན། དེར་ལ་ལ་ཞིག་འོངས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བསྔགས་པ་རྗོད་པར་བྱེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་


DKG030_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བསྔགས་པ་རྗོད་པར་བྱེད་ཅིང་། འདོད་པའི་ཁམས་ནི། འདོད་པའི་ལོངས་སྤྱོད་རྣམས་ཀྱིས་འདི་ལྟར་སྐྱེད་དོ། །གཟུགས་ཀྱི་ཁམས་ནི། བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེའོ། །གཟུགས་མེད་པའི་ཁམས་ནི། ཞི་བ་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཐམས་ཅད་ཀྱང་མི་རྟག་པ། སྡུག་བསྔལ་བ། བདག་གི་བ་མེད་པ། རྣམ་པར་འགྱུར་བའི་ཆོས་ཅན། ཟད་པའི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ཆོས་ཅན། འགོག་པའི་ཆོས་ཅན་ཡིན་པས། ཁྱོད་ཀྱིས་འདི་ཉིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག་།ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཐོབ་པར་གྱིས་ཤིག་།ཡུན་རིང་པོར་འཁོར་བ་ན་འཁོར་བར་གྱུར་ཏ་རེ་ཞེས་ཟེར་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། གཅིག་པུ་གཉིས་སུ་མེད་པར་གྱུར་ཅིང་། རང་གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི། འཁོར་དང་ལྷན་ཅིག་ཏུ་སྤྱོད་པ་ཡིན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བཀླག་པ་དང་། ཁ་ཏོན་དུ་བྱ་བ་དང་། བསྒོམ་པའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། གཅིག་པུ་གཉིས་སུ་མེད་པར་གྱུར་ཅིང་། རང་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི། འཁོར་དང་ལྷན་ཅིག་ཏུ་སྤྱོད་པར་གྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། འདི་སྐད་དུ། གང་ཟག་ངའི་ཕྱི་བཞིན་དུ་འབྲང་བ་དེ་ལ་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲི་བ་དང་། ཚུལ་བཞིན་


DKG030_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡིད་ལ་བྱ་བའི་བར་དག་སྦྱིན་པར་བྱའོ། །ཞེས་ཟེར་ལ། ཆོས་ཉན་པ་ནི། ཕྱི་བཞིན་འབྲང་བར་མི་འགྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་འདོད་ལ། ཆོས་སྨྲ་བ་ནི། ཕྱི་བཞིན་འབྲང་བའི་སྐབས་འབྱེད་པར་མི་བྱེད་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བཤད་པ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྦྱིན་པ་དང་། ཡི་གེར་འབྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། བསྒོམ་པའི་བར་དུ་བྱེད་པར་འདོད་པར་གྱུར་ལ། ཆོས་ཉན་པ་ནི། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་འགྲོ་འདོད་པར་མི་འགྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། ཡུལ་གང་དུ་སྲོག་གི་བར་ཆད་འབྱུང་བར་འགྱུར་བའི་ཡུལ་དེར་འགྲོ་འདོད་པར་གྱུར་ལ། ཆོས་ཉན་པ་ནི། དེར་འགྲོ་བར་མི་འདོད་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། གང་དུ་སྲོག་གི་བར་ཆད་འབྱུང་བར་འགྱུར་བའི་ཕྱོགས་དེར་འགྲོ་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི། དེར་འགྲོ་བར་མི་འདོད་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་ཉན་པ་ནི། གང་ན་ཁ་ཟས་དཀོན་པ་དང་། ཆུ་དཀོན་པ་དེར་འགྲོ་བར་འདོད་ལ། ཆོས་སྨྲ་བ་ནི། དེར་འགྲོ་བར་མི་འདོད་ན།


DKG030_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཆོས་སྨྲ་བ་ནི། གང་ན་ཁ་ཟས་མོད་པ་དང་། ཆུ་མོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པའང་རྗེས་སུ་འབྲང་བར་གྱུར་ན། དེས་དེ་ལ་འདི་སྐད་དུ། རིགས་ཀྱི་བུ། ཁྱོད་ཟང་ཟིང་གི་དོན་དུ་སོང་སྟེ་ཅི་རུང་། རེ་ཞིག་བསམ་པ་ལེགས་པར་སོམས་ཤིག་།ཟས་ཐོབ་པ་དང་། མ་ཐོབ་པས་ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ན། ཆོས་སྨྲ་བ་དེས་ཐབས་ཕྲ་མོས་ཆོས་སྤངས་པར་གྱུར་པས། དེའང་ཡི་ཆད་ནས་འདི་སྙམ་དུ། འདི་ནི། སྤང་བར་བྱ་བའི་མཚན་མ་ཡིན་གྱི། སྦྱིན་པར་འདོད་པའི་མཚན་མ་ནི། མ་ཡིན་ནོ། །སྙམ་དུ་ཤེས་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི། གཞན་ཆོམ་རྐུན་གྱིས་འཇིགས་པ་དང་། གདོལ་པས་འཇིགས་པ་དང་། རྔོན་པས་འཇིགས་པ་དང་། གཅན་གཟན་ཁྲོ་བོས་འཇིགས་པ་དང་། སྦྲུལ་གདུག་པས་འཇིགས་པ་དང་། དགོན་པ་དང་། འབྲོག་དགོན་པ་དང་། གཅོང་རོང་གིས་འཇིགས་པ་ཡོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འདོད་ནས་ཆོས་སྨྲ་བའི་རྗེས་སུ་འབྲང་བ་ན། དགེ་སློང་ཆོས་སྨྲ་བས་དེ་དག་ལ་འདི་སྐད་དུ། རིགས་ཀྱི་བུ། ཁྱེད་ཅག་གང་ན་ཆོམ་རྐུན་


DKG030_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཇིག་པ་དང་། འབྲོག་དགོན་པ་དང་། དགོན་པས་འཇིགས་པ་ཡོད་པ་དེར་སོང་སྟེ་ཅི་རུང་ཞེས་སྨྲ་ཞིང་། དེའང་དགེ་སློང་ཆོས་སྨྲ་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པར་མི་འདོད་པ་དང་། ཡི་གེར་འདྲི་བར་མ་འདོད་པ་དང་། ལུང་དབོག་པར་མི་འདོད་པ་དང་། ཉན་དུ་གཞུག་པར་མི་འདོད་པ་དང་། བསྒོམ་དུ་གཞུག་པར་མི་འདོད་པའི་ཕྱིར་ཏེ། དེ་དག་གིས་དགེ་སློང་ཆོས་སྨྲ་བ་ལས་དེ་སྐད་ཐོས་ནས་ཡི་ཆད་པའི་ཚུལ་གྱིས་གང་དུ་དགེ་སློང་ཆོས་སྨྲ་བ་དེ་འགྲོ་བར་འགྱུར་བ་དེར་དེ་དག་འགྲོ་བར་མི་འགྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་དགེ་སློང་ཆོས་སྨྲ་བ་སློང་མོ་སྟེར་བའི་ཁྱིམ་ལ་གདུ་བར་གྱུར་ནས། དེ་སློང་མོ་སྟེར་བའི་ཁྱིམ་ལ་གདུ་བ་དེས་ན། ཡང་དང་ཡང་དུ་དེ་དག་གིས་ཁྱིམ་བལྟ་བར་སེམས་ཤིང་། དེ་ཡང་དང་ཡང་དུ་བལྟ་བར་སེམས་པ་དེས་ཆོས་ཉན་པ་རྣམས་སྤོང་ཞིང་། ཚེ་དང་ལྡན་པ་དག་།ཁོ་བོ་ནི། སློང་མོ་སྟེར་བའི་ཁྱིམ་དག་བལྟ་ཞིང་དེར་འགྲོ་དགོས་པ་ཞིག་ཡོད་དོ། །ཞེས་ཟེར་ཞིང་། ཆོས་ཉན་པ་དེ་དག་སྤོང་བར་བྱེད་ལ། དེ་དག་ཀྱང་སྤངས་པས་ཕྱིར་ལྡོག་པར་འགྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དང་། དེ་བཞིན་གཤེགས་པའི་ཆ་བྱད་དུ་བསྒྱུར་ཅིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུའང་ཡི་གེར་མི་འབྲི་བ་དང་། མི་འཛིན་པ་དང་། མི་འཆང་བ་དང་། ཁ་ཏོན་དུ་མི་བྱེད་པ་དང་། ཀུན་ཆུབ་པར་མི་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པ་དང་། མི་སྒོམ་པར་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་


DKG030_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུའང་ཡི་གེར་མི་འབྲི་བ་དང་། ལུང་མི་ནོད་པ་དང་། མི་ཀློག་པ་དང་། ཁ་ཏོན་དུ་མི་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བགྱིད་པ་དང་། སྒོམ་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་འདི་སྐད་དུ། འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། མདོ་སྡེ་གང་ཁོ་བོ་ལ་འོངས་ཤིང་ཀུན་ཆུབ་པར་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་འབྱེད་པར་བྱེད་ཅིང་འབྲལ་བར་བྱེད་དོ། །རབ་འབྱོར། དེ་ལ་བདུད་སྡིག་ཅན་གྱིས་དེ་ལྟར་འབྱེད་པར་བྱེད་པའི་ཚེ་བྱང་ཆུབ་སེམས་དཔའ་གང་དག་ལུང་བསྟན་པར་མ་གྱུར་པ་དེ་དག་ནི། ཐེ་ཚོམ་སྐྱེ་བར་འགྱུར་ཏེ། དེ་དག་ཐེ་ཚོམ་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་མི་འགྱུར། ལུང་ནོད་པར་མི་འགྱུར། ཀློག་པར་མི་འགྱུར། ཁ་ཏོན་དུ་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར། སྒོམ་པར་མི་འགྱུར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཀུན་ཆུབ་པར་བགྱི་བ་དང་། ཁ་ཏོན་དུ་བྱ་བ་དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི། ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་ཅིང་། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་ཐོབ་པ་དང་། རང་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་ཟེར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་


DKG030_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བཤད་པ་དང་། བསྟན་པ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། འཆད་པ་དང་། བསྒོམ་པའི་བར་དུ་བྱེད་པ་ན་གང་དག་བར་ཆད་བྱེད་པར་འགྱུར་བའི་བདུད་ཀྱི་ལས་མང་པོ་དག་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔས་བདུད་ཀྱི་ལས་དེ་དག་རིག་པར་བྱ་ཞིང་། །རིག་ནས་ཀྱང་རྣམ་པར་སྤང་བར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་གང་དག་རིག་པར་བགྱི་ཞིང་། རིག་ནས་ཀྱང་རྣམ་པར་སྤང་བར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དང་ལྡན་པའི་བདུད་ཀྱི་ལས་དག་འབྱུང་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དང་ལྡན་པའི་བདུད་ཀྱི་ལས་དག་འབྱུང་བར་འགྱུར་ཏེ། དེ་དག་ནི། བྱང་ཆུབ་སེམས་དཔས་རིག་ནས་རྣམ་པར་སྤང་བར་བྱ་བ་ཡིན་ནོ། །རབ་འབྱོར། གཞན་ཡང་ནང་སྟོང་པ་ཉིད་ལྟར་བཅོས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ལྟར་བཅོས་པའི་བདུད་ཀྱི་ལས་དག་ཀྱང་འབྱུང་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་བདུད་ཀྱི་ལས་དག་ཀྱང་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔས་དེ་དག་ཀྱང་རིག་ནས་རྣམ་པར་སྤང་བར་བྱའོ། །འདི་སྐད་ཀྱང་སྨྲ་བར་འགྱུར་ཏེ། ཁྱོད་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་སྒོམས་ཤིག་།ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཡང་སྒོམས་ཤིག་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། སྨོན་པ་མེད་པའང་སྒོམས་ཤིག་།དེ་དག་ཀུན་ཆུབ་པར་གྱིས་


DKG030_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་།དེ་དག་ཀུན་ཆུབ་པར་བྱས་ནས་ཀྱང་འདི་ཉིད་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག་།ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་ན། རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། གཟུང་བ་དང་། བསྟན་པ་དང་། ལུང་ནོད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བདུད་སྡིག་ཅན་བདུད་ཀྱི་ལས་འདི་ལྟ་བུ་འདི་དག་ཉེ་བར་སྒྲུབ་པར་འགྱུར་རོ། །རབ་འབྱོར། གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དང་། ལུས་གསེར་གྱི་མདོག་ལྟ་བུ་འོད་འདོམ་གང་བ་དང་ལྡན་པར་བསྒྱུར་ཏེ་འོངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་མཐོང་ནས་དགའ་བ་སྐྱེ་བར་འགྱུར་ཏེ། དེ་དག་དགའ་བ་སྐྱེས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། བཤད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བདུད་སྡིག་ཅན་གྱིས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་མདུན་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཉེ་བར་སྟོན་པར་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདོད་པ་སྐྱེ་བར་འགྱུར་ཞིང་། བདག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར་འགྱུར་བར་བྱའོ། །དེ་བཞིན་དུ་ཚོགས་ཡོངས་སུ་བསྡུ་བར་ཡང་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་ལྟར་བདག་གིས་ཀྱང་བསྟན་པར་བྱའོ། །སྙམ་དུ་དེ་དག་དེ་ལ་འདོད་པ་བསྐྱེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་


DKG030_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ནོད་པ་དང་། ཀུན་ཆུབ་པར་བྱ་བ་དང་། བཤད་པ་དང་། ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བདུད་སྡིག་ཅན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དག་ཉེ་བར་སྟོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་བདུད་ཀྱིས་སྤྲུལ་པ་དེ་དག་ལ་འདོད་པ་སྐྱེས་པར་གྱུར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། བཤད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་ནི། གཟུགས་ཡོད་པ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་པ་མ་ཡིན། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཡོད་པ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། བྱང་ཆུབ་ཡོད་པ་མ་ཡིན་ཏེ། རབ་འབྱོར། གང་ལ་གཟུགས་ཡོད་པ་མ་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་པ་མ་ཡིན་པ་དང་། བྱང་ཆུབ་ཀྱི་བར་དུའང་ཡོད་པ་མ་ཡིན་པ་དང་། གང་ལ་བྱང་ཆུབ་ཡོད་པ་མ་ཡིན་པ་དེ་ལ་ནི། སངས་རྒྱས་ཀྱང་མེད།


DKG030_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྣམས་ཀྱང་མེད། ཉན་ཐོས་རྣམས་ཀྱང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར། གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བར་ཆད་མང་དུ་འབྱུང་བར་འགྱུར་རོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཛམྦུའི་གླིང་ན་རིན་པོ་ཆེ་དག་ཡོད་པ་འདི་ལྟ་སྟེ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། ཨནྡ་རྙིལ་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། དངུལ་གང་ཇི་སྙེད་ཡོད་པ་དེ་དག་ལ་ནི། བར་ཆད་མང་ཞིང་ཕྱིར་རྒོལ་བ་དག་མང་བར་འགྱུར་རོ། །རབ་འབྱོར། དེ་བཞིན་དུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལའང་བར་ཆད་མང་དུ་འབྱུང་ཞིང་། ཕྱིར་རྒོལ་བ་མང་དུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟ་ལགས་སོ། །དེ་དེ་ལྟ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་དག་ལ་ནི། སླར་རྒོལ་བ་དང་། བར་ཆད་བགྱིད་པ་མང་དུ་འབྱུང་ལགས་ཏེ། བདུད་ཀྱིས་བྱིན་གྱིས་བརླབས་པའི་མི་བླུན་པོ་དེ་དག་ནི། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དག་ལ་བར་ཆད་བགྱིད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། མི་བླུན་པོ་བློ་ཆུང་ཞིང་བློ་ཞན་པ་དེ་དག་ནི། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་དུ་བགྱིད་པ་ལ་བར་ཆད་བགྱིད་པར་འགྱུར་ཏེ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་མི་འགྱུར་བའམ། ཡི་གེ་འབྲི་བའི་བར་ཆད་བགྱིད་པར་འགྱུར་བ་དེ་དག་ན། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བློ་འཇུག་པར་


DKG030_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ལགས་སོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་མི་འགྱུར་བའམ། ཡི་གེར་འབྲི་བའི་བར་ཆད་བགྱིད་པ་པ་དང་། སྒོམ་པའི་བར་དུ་མི་འགྱུར་བའམ། སྒོམ་པའི་བར་ཆད་བགྱིད་པ་དེ་དག་ནི། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བློ་འཇུག་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་མི་འགྱུར་བ་དང་། ཀློག་པར་མི་འགྱུར་བ་དང་། ལུང་ནོད་པར་མི་འགྱུར་བ་དང་། ཁ་ཏོན་བྱེད་པར་མི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་བ་དང་། བསྒོམ་པར་མི་འགྱུར་ཞིང་། བར་ཆད་བྱེད་པར་འགྱུར་བ་དེ་དག་ནི། ཐེག་པ་ལ་གསར་དུ་ཞུགས་བ་དང་། དགེ་བའི་རྩ་བ་མ་བསྐྱེད་པ་དང་། དགེ་བའི་རྩ་བ་ཆུང་བ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་མ་བྱས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་ཡིན་ནོ། །རབ་འབྱོར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་མི་བྱེད་ཅིང་། སྒོམ་པའི་བར་དུ་མི་བྱེད་ལ། གཞན་དག་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་དུ་བྱེད་པ་ལ་བར་ཆད་བྱེད་པ་དེ་དག་ནི། བློ་ཆུང་བ་དང་། བློ་ཞན་པ་དང་། བློ་དམན་པ་ཡིན་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བློ་འཇུག་པར་མི་འགྱུར་རོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། བསྒོམ་པའི་བར་དུ་བྱེད་པ་ལ་བདུད་ཀྱི་ལས་དེ་ལྟ་བུ་གཞན་་དག་ཀྱང་འབྱུང་བར་འགྱུར་རོ། །རབ་འབྱོར། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གར་འབྲི་བ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་དག་ལ་གལ་ཏེ་བདུད་ཀྱི་ལས་དག་འབྱུང་བར་འགྱུར་ཡང་། གོང་ནས་གོང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་།


DKG030_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ནི། རབ་འབྱོར། སངས་རྒྱས་ཀྱི་མཐུ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། བསྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་བར་ཆད་འབྱུང་བར་མི་འགྱུར་ལ། གོང་ནས་གོང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། རྣམ་པར་ཐར་པའི་སྒོ་ཐམས་ཅད་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔའང་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་ཆེད་དུ་བརྩོན་པར་མཛད་དོ། །ཕྱོགས་བཅུ་དག་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཁོད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བསྒོམ་པ་དེ་དག་ལ་ཕན་འདོགས་པར་བརྩོན་པར་བྱེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ་ཞེས་བྱ་སྟེ། བཞི་བཅུ་རྩ་གཅིག་པའོ།། །།


previousབཞི་བཅུ་རྩ་གཅི་པ། བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ། next