Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
བདུན་པ་ཅུ་རྩ་གཉིས་པ། མཚན་ཉིད་མེད་པ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ་ཅུ་རྩ་གཉིས་པ། མཚན་ཉིད་མེད་པ་བསྟན་པའི་ལེའུ།next

བདུན་པ་ཅུ་རྩ་གཉིས་པ། མཚན་ཉིད་མེད་པ་བསྟན་པའི་ལེའུ།


DKG031_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཚན་མ་མ་མཆིས་པ་དང་། རྩོལ་བ་མ་མཆིས་པ་དང་། མ་འདྲེས་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། ཟག་པ་མ་མཆིས་པའི་ཆོས་འདི་དག་ལ་ཇི་ལྟར་ཐ་དད་དུ་བགྱི་བ་གདགས་ལགས། འདི་དག་ལ་ཐ་དད་དུ་དབྱེ་བ་ཇི་ལྟར་མཆིས་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་ལགས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་ལགས། བཅོམ་ལྡན་འདས་མཚན་ཉིད་མ་མཆིས་པའི་ཆོས་འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པའི་ཆོས་རྣམས་ལ་ཇི་ལྟར་ཐ་དད་དུ་བགྱི་བ་གདགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་


DKG031_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྨི་ལམ་ལྟ་བུའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་རྣམས་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་དོ། །བྲག་ཅ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་དོ། །མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་དོ། །ཕུང་པོ་ལྔ་པོ་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། མཚན་ཉིད་མེད་པའོ། །ཕུང་པོ་ལྔ་པོ་དག་ནི་བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་སྟེ། མཚན་ཉིད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལ་ནི་ངོ་བོ་ཉིད་ཅི་ཡང་མེད་ལ། བྲག་ཅ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ལ་ནི་ངོ་བོ་ཉིད་ཅི་ཡང་མེད་པའི་ཕྱིར་རོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ལ་ནི་མཚན་ཉིད་མེད་དོ། །གང་ལ་མཚན་ཉིད་མེད་པ་དེ་ལ་ནི་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་གོ །རབ་འབྱོར་དེ་བས་ན་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་སྦྱིན་པའི་མཚན་ཉིད་མེད་པ་དང་། སྦྱིན་པ་པོའི་མཚན་ཉིད་མེད་པ་དང་། ལེན་པ་པོའི་མཚན་ཉིད་མེད་པར་དེ་ལྟར་རིག་པར་བྱའོ། །གང་གིས་དེ་ལྟར་ཤེས་ནས་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྡོག་པར་མི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྡོག་པར་མི་འགྱུར་རོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་


DKG031_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ལ་གནས་ནས་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ནང་སྟོང་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་རྣམ་པར་སྨིན་པ་ལས་བྱུང་བའི་འཕགས་པ་ཟག་པ་མེད་པའི་ཆོས་འདི་དག་ལ་གནས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་རྫུ་འཕྲུལ་གྱིས་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོ་ཡང་བྱེད་དོ། །དེར་ལོངས་སྤྱོད་དག་གིས་སེམས་ཅན་རྣམས་ཀྱི་དོན་ཡང་བྱེད་དོ། །དེར་སེམས་ཅན་གང་དག་སྦྱིན་པས་བསྡུ་བར་བྱ་བ་དེ་དག་ནི་སྦྱིན་པས་སྡུད་པར་བྱེད་དོ། །གང་དག་ཚུལ་ཁྲིམས་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་ཚུལ་ཁྲིམས་ཀྱིས་སྡུད་པར་བྱེད་དོ། །གང་དག་བཟོད་པས་བསྡུ་བར་བྱ་བ་དེ་དག་ནི་བཟོད་པས་སྡུད་པར་བྱེད་དོ། །གང་དག་བརྩོན་འགྲུས་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་བརྩོན་འགྲུས་ཀྱིས་ སྡུད་པར་བྱེད་དོ། །གང་དག་ཏིང་ངེ་འཛིན་གྱིས་བསྡུ་བར་བྱ་བ་དེ་དག་ནི་ཏིང་ངེ་འཛིན་གྱིས་སྡུད་པར་བྱེད་དོ། །གང་དག་ཤེས་རབ་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་ཤེས་རབ་ཀྱིས་སྡུད་པར་བྱེད་དོ། །དགེ་བའི་ཆོས་ཐམས་ཅད་ཀྱིས་བསྡུ་བར་བྱ་བའི་བར་གང་ཡིན་པ་དེ་དག་ནི་དགེ་བའི་


DKG031_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱིས་སྡུད་པར་བྱེད་དེ། དགེ་བའི་ཆོས་དེ་དག་དང་ལྡན་པས་འཁོར་བ་ཡང་ལེན་པར་བྱེད་ལ། འཁོར་བ་ན་ཡོད་པའི་སྡུག་བསྔལ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་རོ། །སེམས་ཅན་རྣམས་ཀྱི་ཆེད་དུ་ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཀྱང་འཛིན་པར་བྱེད་དེ། ཕུན་སུམ་ཚོགས་པ་དེ་དག་གིས་སེམས་ཅན་དེ་དག་ལ་ཕན་འདོགས་པར་བྱེད་དོ། །དེས་མཚན་མ་མེད་པའི་ཆོས་རྣམས་རྟོགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཤེས་ལ། དེ་ལ་གནས་པར་ཡང་མི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །དགྲ་བཅོམ་པ་ཉིད་ཀྱང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །རང་བྱང་ཆུབ་ཀྱང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཐམས་ཅད་རྟོགས་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་མཚན་ཉིད་མེད་པར་ཤེས་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་མཚན་ཉིད་མེད་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་རྟོགས་ལ། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཀྱང་རྟོགས་ནས་མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཉམས་པ་དང་། སྐྱོན་མེད་པ་དང་། མ་འདྲེས་པ་དང་། མ་འཆོལ་བ་དང་། ནག་ནོག་མེད་པ་


DKG031_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབང་འབྱོར་པ་དང་། མཁས་པས་བསྔགས་པ་དང་། ཤིན་ཏུ་རྫོགས་པ་དང་། འཕགས་པ་ཟག་པ་མེད་པའི་ལམ་དུ་གཏོགས་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་གནས་ནས་ཡང་དག་པར་བླང་བ། བརྡ་ཅན་གྱི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། རྣམ་པར་རིག་བྱེད་ཀྱི་ཚུལ་ཁྲིམས་དང་། ཡང་དག་པར་སྤྱོད་པའི་ཚུལ་ཁྲིམས་སྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལྟ་བུ་དག་དང་ལྡན་ཡང་འདིས་བདག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ཁམས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སམ། འཐབ་བྲལ་བ་རྣམས་སམ། དགའ་ལྡན་པ་རྣམས་སམ། འཕྲུལ་དགའ་བ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཅིག་ཅེའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་མཆོག་ཏུ་འཛིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་འདི་ལྟ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་པས་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །མཚན་ཉིད་མེད་པའི་ཆོས་ཀྱིས་ནི་མཚན་ཉིད་མེད་པའི་ཆོས་ཐོབ་པར་མི་འགྱུར་རོ། །མཚན་ཉིད་ཐ་དད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའི་ཆོས་ཐོབ་པར་མི་འགྱུར་རོ། །མཚན་ཉིད་ཐ་དད་པའམ། མཚན་ཉིད་མེད་པའི་ཆོས་རྣམས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའམ། མཚན་ཉིད་མེད་པའི་ཆོས་རྣམས་ཐོབ་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་


DKG031_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཐོབ་ལ། གཟུངས་ཀྱི་སྒོ་ལྔ་བརྒྱ་ལ་གནས་ནས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བསྙེན་བཀུར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་བྱེད་དོ། །དེ་འཁོར་བའི་འགྲོ་བ་ལྔར་ཡང་འཁོར་ལ་འཁོར་བ་ན་སྤྱོད་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པས་ཀྱང་གོས་པར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་སྤྲུལ་པ་ནི་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་ཡང་བྱེད་ལ་དེ་ལ་འགྲོ་བ་དང་། འོང་བ་དང་། གནས་པ་དང་། འདུག་པ་དང་། ཉལ་བ་ཡང་མེད་དེ། དེ་ནི་སེམས་ཅན་གྱི་དོན་ཡང་བྱེད་ལ། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་མེད་པ་དག་བཏུལ་ནས་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འགའ་ཡང་མ་མཐོང་ནས། དེས་ཚེའི་འདུ་བྱེད་པོར་ཏེ། སྤྲུལ་པ་སྤྲུལ་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རབ་འབྱོར་སྤྲུལ་པ་དེས་ཀྱང་བསྐལ་པ་འདས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། སྤྲུལ་པ་དེ་ལ་ཡང་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའི་དངོས་པོ་ཅི་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་དང་། སེམས་ཅན་དུ་གདགས་པ་ཡང་མི་དམིགས་ལ། སེམས་ཅན་


DKG031_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དོན་ཀྱང་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་རྫོགས་ན་ཆོས་ཐམས་ཅད་ནང་དུ་འདུས་པར་འགྱུར་བ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས་མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་རྣམ་པ་གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་སྐབས་དེར་སེམས་ཅན་ཐམས་ཅད་ལྷགས་ནས། སྤྱོས་སམ། བརྒྱད་དམ། ཚོགས་པར་མི་དབྱུང་བའམ། ཚིག་རྩུབ་པོ་བརྗོད་ཀྱང་རུང་། བོང་བ་དང་། དབྱུག་པ་དང་། མཚོན་གྱིས་བསྣུན་ཀྱང་རུང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་འདོད་པས་སུ་ཞིག་བདག་ལ་སྤྱོ་བར་བྱེད་ཅེའམ། བརྒྱད་པར་བྱེད་ཅེའམ། ཚོགས་པར་མི་དབྱུང་བའམ། ཚིག་རྩུབ་པོ་རྗོད་པར་བྱེད་ཅེའམ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་པར་བྱེད་ཅེས་འཁྲུག་པ་དང་ལྡན་པའི་སེམས་གཅིག་ཙམ་ཡང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མཚན་ཉིད་མེད་པར་བཟོད་ན། དེ་ལ་སུ་ཞིག་བདག་ལ་སྤྱོ་བར་བྱེད་ཅེའམ། བརྒྱད་པར་བྱེད་ཅེའམ། ཚོགས་པར་མི་དབྱུང་བའམ། ཚིག་རྩུབ་པོ་རྗོད་པར་བྱེད་ཅེའམ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་པར་བྱེད་ཅེས་


DKG031_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་དབྱུང་བར་ག་ལ་འགྱུར་ཏེ། དེ་དེ་ལྟར་རྟོག་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དེས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཅི་ཞིག་ལགས། འདིའི་ཚད་ནི་ཇི་ཙམ་ལགས། ཤེས་པ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཆོས་ཕྲ་རབ་ཙམ་ཡང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའི་ཆོས་ཅན་ཞེས་བྱའོ། །དེ་ལ་བཟོད་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་གང་ལགས་པའི་བཟོད་པ་འདི་གཉིས་ལ་ཐ་དད་དུ་བགྱི་བ་ཅི་ཞིག་མཆིས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་རྒྱུན་དུ་ཞུགས་པའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ལན་ཅིག་ཕྱིར་འོང་བའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ཕྱིར་མི་འོང་བའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །དགྲ་བཅོམ་པའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །རང་སངས་རྒྱས་ཀྱི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྟེ། རབ་འབྱོར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའི་བཟོད་པ་ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ། །རབ་འབྱོར་


DKG031_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བཟོད་པ་འདི་ལྟ་བུ་དང་ལྡན་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་རྣམ་པར་སྨིན་པ་ལས་བྱུང་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་ནས་བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཅིང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡོངས་སུ་རྫོགས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་བྲལ་བར་མི་འགྱུར་རོ། །དེ་མངོན་པར་ཤེས་པ་ལྔ་དང་ཡང་བྲལ་བར་མི་འགྱུར་རོ། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་དང་མ་བྲལ་བས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །དེས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཤིང་སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། མཚན་ཉིད་མེད་པའི་ལུས་དང་སེམས་ཀྱིས་བརྩོན་འགྲུས་རྩོམ་པར་བྱེད་དེ། དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་མངོན་པར་སྒྲུབ་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། ཐེག་པ་གསུམ་པོ་དག་ལ་འགོད་པར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་ཉིད་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཀྱི་བརྩོན་འགྲུས་ཟག་པ་མེད་པའི་ལམ་དང་། ལམ་དུ་རྟོགས་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་


DKG031_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། དེར་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དགེ་བའི་ཆོས་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྤྱོད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དེ་ཡོངས་སུ་རྫོགས་ན་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་འགྱུར་རོ། །དེས་སྤངས་ཤིང་མཚན་ཉིད་མེད་པ་ཡོངས་སུ་གྲུབ་པ། ཡོངས་སུ་རྫོགས་ལ་སྙོམས་པར་འཇུག་པའི་མཐུ་བསྒྲུབས་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བསྐོར་བར་འགྱུར་ཏེ། དེ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བར་འགྱུར། རབ་ཏུ་གཡོ་བར་འགྱུར། ཀུན་ཏུ་རབ་ཏུ་གཡོ་བར་འགྱུར། འགུལ་བར་འགྱུར། རབ་ཏུ་འགུལ་བར་འགྱུར། ཀུན་ཏུ་རབ་ཏུ་འགུལ་བར་འགྱུར། ལྡེག་པར་འགྱུར། རབ་ཏུ་ལྡེག་པར་འགྱུར། ཀུན་ཏུ་རབ་ཏུ་ལྡེག་པར་འགྱུར་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལས་སྒྲ་སྐད་འབྱུང་བར་འགྱུར་ཏེ། དེས་སྒྲ་ཐོས་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་དག་འཁོད་པ་དེ་དག་གིས་ཀྱང་སྒྲ་དེ་ཐོས་པར་འགྱུར་ཏེ། དེ་དག་ཐམས་ཅད་ཐེག་པ་གསུམ་པོ་དག་ལ་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟར་གཅེས་སྤྲས་བྱེད་པ་ཡིན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་


DKG031_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་རྨི་ལམ་ལྟ་བུ་ནས། སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བསམ་གཏན་དང་པོ་བསྒྲུབས་ཏེ་གནས་ནས་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་སོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་བསྒྲུབས་ཏེ་གནས་སོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། གློག་ལྟ་བུའི་ཏིང་ངེ་འཛིན་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་གང་ཡང་རུང་བ་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། ཏིང་ངེ་འཛིན་གྱི་ཚོགས་གཞན་གང་ཡང་རུང་བ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་ལ། ཏིང་ངེ་འཛིན་དེ་དག་དང་། ཏིང་ངེ་འཛིན་གྱི་འབྲས་བུ་ཡང་མྱོང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཏིང་ངེ་འཛིན་གྱི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་འདུ་ཤེས་པའི་ཕྱིར་ཏེ། ཇི་ལྟར་མཚན་ཉིད་མེད་པའི་ཆོས་ཀྱིས་མཚན་ཉིད་མེད་པའི་ཆོས་ཀྱི་རོ་མྱོང་བར་མི་བྱེད་ཅིང་། དངོས་པོ་མེད་པས་དངོས་པོ་མེད་པའི་རོ་མྱོང་བར་


DKG031_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་དེ། དེ་རོ་མྱོང་བར་མི་བྱེད་པས་ན། ཏིང་ངེ་འཛིན་གང་གི་དབང་གིས་ཀྱང་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་དེ་དག་མི་དམིགས་ལ་གང་སྙོམས་པར་འཇུག་པ་དང་། ཅིས་སྙོམས་པར་འཇུག་པ་དེ་ཡང་མི་དམིགས་པའི་ཕྱིར་རོ། །དེས་མི་དམིགས་པས་མཚན་ཉིད་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་མཚན་ཉིད་མ་མཆིས་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ནང་སྟོང་པ་ཉིད་ལ་ལེགས་པར་བསླབས་ཤིང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དག་ལ་ལེགས་པར་བསླབས་པས་ན། སྟོང་པ་ཉིད་འདི་ལ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གང་ལ་གནས་པར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །སྟོང་པ་ཉིད་དེ་ཡང་སྟོང་སྟེ། དེ་སྟོང་པ་ཉིད་དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྐྱོན་ནི་གང་ལགས། སྐྱོན་མ་མཆིས་པ་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཡིན་ནོ། །དམིགས་པ་མེད་པ་ཐམས་ཅད་ནི་སྐྱོན་མེད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དམིགས་པ་ནི་གང་ལགས། དམིགས་པ་མ་མཆིས་པ་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་


DKG031_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཡིན་ནོ། །མིང་དང་། གཟུགས་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པ་ནི་སྐྱོན་ཡིན་ནོ། །རབ་འབྱོར་སྐྱོན་མེད་པ་ནི་གང་ལ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་འདི་དག་གི་བརྗོད་པ་ཡང་མི་དམིགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཀྱི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ། །གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་ཅིང་བརྗོད་དུ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་དོ། །བརྗོད་དུ་མེད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱོན་མེད་པ་ལ་ཞུགས་ནས། ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་བྱེད་ལ། སྙོམས་པར་འཇུག་པའི་དབང་གིས་ཀྱང་སྐྱེ་བར་མི་འགྱུར་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་སྐྱེ་བ་ལྟ་ཅི་སྨོས་ཏེ། དེ་ལ་གནས་ནས་ལས་གང་མངོན་པར་འདུས་བྱས་པས་བསམ་གཏན་བཞི་ལས་གང་ཡང་རུང་བར་སྐྱེ་བར་འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པ་དེ་ནི་གནས་མེད་དོ། །གཞན་དུ་ན་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་གནས་ནས་སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་ལ། སེམས་ཅན་ཡང་མི་དམིགས། སྒྱུ་མ་ཡང་མི་དམིགས་སོ། །དེས་མི་དམིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། འདི་ལྟ་སྟེ། དམིགས་སུ་མེད་པའི་འཁོར་ལོའི་ཆོས་ཀྱི་འཁོར་ལོའི་བར་དུ་སྐོར་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


DKG031_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་ཤིང་། ཆོས་ཐམས་ཅད་བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་འཚལ་ཅིང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་ཡོངས་སུ་འཚལ་བ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ནོ། །བྲག་ཅ་ཐོས་པ་མ་ཡིན། བྲག་ཅ་ཉན་པ་པོ་ཡང་མ་ཡིན་ནོ། །མིག་ཡོར་མཐོང་བ་མ་ཡིན། མིག་ཡོར་མཐོང་བ་པོ་ཡང་མ་ཡིན་ནོ། །སྨིག་རྒྱུ་མཐོང་བ་མ་ཡིན། སྨིག་རྒྱུ་མཐོང་བ་པོ་ཡང་མ་ཡིན་ནོ། །སྒྱུ་མ་མཐོང་བ་མ་ཡིན། སྒྱུ་མ་མཐོང་བ་པོ་ཡང་མ་ཡིན་ནོ། །སྤྲུལ་པ་མཐོང་བ་མ་ཡིན། སྤྲུལ་པ་མཐོང་བ་པོ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་དང་། བྲག་ཅ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ནི་ཕྱིན་ཅི་ལོག་ཡིན་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་ཡིན་ཏེ། དགྲ་བཅོམ་པ་ནི་རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ཞིང་། སྤྲུལ་པའི་བར་དུ་མཐོང་བ་མ་ཡིན་ཞིང་། སྤྲུལ་པ་མཐོང་བ་པོ་ཡང་མ་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཀྱང་རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ཞིང་། སྤྲུལ་པའི་བར་དུ་མཐོང་བ་མ་ཡིན། སྤྲུལ་པ་མཐོང་བ་པོ་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། མ་སྐྱེས་པ་དང་། ཡོད་པ་མ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཡོངས་སུ་མ་གྲུབ་པ་གང་ཡིན་པ་དེ་དག་ལ། བྱང་ཆུབ་སེམས་དཔའ་སེམས་


DKG031_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དངོས་པོའི་འདུ་ཤེས་ཅན་ནམ། ཡོངས་སུ་གྲུབ་པའི་འདུ་ཤེས་ཅན་དུ་ཇི་ལྟར་འགྱུར་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་འགའ་ཞིག་ལ་དངོས་པོའམ། ཡོངས་སུ་གྲུབ་པའམ། ཡོད་པ་ཞིག་ཏུ་གྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ལ་ཆགས་པ་མེད་ཅིང་རྣམ་པར་ཤེས་པའི་བར་ལ་ཆགས་པ་མེད་དོ། །འདོད་པའི་ཁམས་ལ་ཆགས་པ་མེད་དོ། །གཟུགས་ཀྱི་ཁམས་ལ་ཆགས་པ་མེད་དོ། །གཟུགས་མེད་པའི་ཁམས་ལ་ཆགས་པ་མེད་དོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་ཆགས་པ་མེད་པ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དག་ལ་ཆགས་པ་མེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཆགས་པ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་ཡང་འདུན་པའི་འདོད་ཆགས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ས་དེ་མ་དམིགས་ན། འདུན་པའི་འདོད་ཆགས་སྐྱེད་པར་ཇི་ལྟར་འགྱུར། དེ་བཞིན་དུ་ས་བཅུ་པའི་བར་དུ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་ཡང་འདུན་པའི་འདོད་ཆགས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ས་དེ་མ་དམིགས་ན། དེ་ལ་འདུན་པའི་འདོད་ཆགས་སྐྱེད་པར་ཇི་ལྟར་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་སོ། །དེ་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ནང་དུ་འདུས་པར་མཐོང་ལ། ཆོས་དེ་དག་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་དང་།


DKG031_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ལ་ཐ་དད་པ་ཅི་ཡང་མེད་དེ། ཆོས་ཀྱི་དབྱིངས་བསྟན་པ་དང་། དེ་བཞིན་ཉིད་བསྟན་པ་དང་། ཡང་དག་པའི་མཐའ་བསྟན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། དགེ་བ་དང་། མི་དགེ་བའི་ཆོས་རྣམས་ཇི་ལྟར་བསྟན་ལགས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཇི་ལྟར་བསྟན་ལགས། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་ཆོས་རྣམས་ཇི་ལྟར་བསྟན་ལགས། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཇི་ལྟར་བསྟན་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཅི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ལ། འདུས་བྱས་སམ། འདུས་མ་བྱས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཆོས་འགའ་ཙམ་གྱི་བརྗོད་པ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བས་ན་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་དེ་ལྟར་རིག་པར་བྱའོ། །རབ་འབྱོར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་རྣམས་ཞེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ། འདུས་བྱས་ཞེས་བྱ་བའམ། འདུས་མ་བྱས་ཞེས་བྱ་བའི་བར་རམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའི་བར་རམ། བྱང་ཆུབ་ཅེས་བྱ་བའི་བར་དུ་ཆོས་འགའ་ཙམ་གྱི་ངོ་བོ་ཉིད་ཀྱང་མ་དམིགས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་


DKG031_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པར་བྱའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཀྱི་ལམ་ཡང་ཡོངས་སུ་རྫོགས་པར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཅི་ནས་སེམས་ཅན་རྣམས་བཏུལ་ནས་སྲིད་པ་གསུམ་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་ལྟར་འདུལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མཚན་ཉིད་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་གཉིས་པའོ།། །།


previousབདུན་པ་ཅུ་རྩ་གཉིས་པ། མཚན་ཉིད་མེད་པ་བསྟན་པའི་ལེའུ།next