Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
བདུན་པ་ཅུ་རྩ་བཞི་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ་ཅུ་རྩ་བཞི་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ། next

བདུན་པ་ཅུ་རྩ་བཞི་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ།


DKG031_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པ་ལགས། བཀའ་སྩལ་པ། རབ་འབྱོར་དཔེར་ན་སྤྲུལ་པ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་ཀུན་ཏུ་སྤྱོད་པ་མེད་པ་དང་། གཟུགས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། རྣམ་པར་ཤེས་པའི་བར་ལ་ཀུན་དུ་སྤྱོད་པ་མེད་པ་དང་། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ལ་ཀུན་ཏུ་སྤྱོད་པ་མེད་པ་དང་། བག་ལ་ཉལ་དང་། ཀུན་ནས་ལྡང་བ་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། ལམ་ལ་ཀུན་དུ་སྤྱོད་པ་མེད་པ་དང་། འབྲས་བུ་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དེ་ལྟར། རབ་འབྱོར་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་ལེགས་པར་རྟོགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སྤྲུལ་པའི་ལམ་སྒོམ་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རབ་འབྱོར་ལམ་བསྒོམ་པ་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ཞིང་། རྣམ་པར་བྱང་བར་ཡང་མི་འགྱུར་ལ། འགྲོ་བ་ལྔའི་འཁོར་བ་ན་ཡང་མི་སྣང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངོས་པོ་མ་མཆིས་པའི་ཆོས་ཐམས་ཅད་རྟོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་དངོས་པོ་འགའ་ཞིག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའི་དངོས་པོ་གང་ཡང་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ནི་དངོས་པོ་འགའ་ཞིག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའམ། འགྲོ་བ་ལྔའི་འཁོར་བ་ན་གདའ་


DKG031_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་གང་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་ལེགས་པར་རྟོགས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་གཟུགས་ཐམས་ཅད་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ལགས་སམ། ཚོར་བ་ཐམས་ཅད་དང་། འདུ་ཤེས་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་དང་། རྣམ་པར་ཤེས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ལགས་སམ། བཀའ་སྩལ་པ། རབ་འབྱོར་གཟུགས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ཡིན་ནོ། །ཚོར་བ་ཐམས་ཅད་དང་། འདུ་ཤེས་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་དང་། རྣམ་པར་ཤེས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། སྤྲུལ་པ་ལ་ནི་གཟུགས་མ་མཆིས། ཚོར་བ་མ་མཆིས། འདུ་ཤེས་མ་མཆིས། འདུ་བྱེད་རྣམས་མ་མཆིས། རྣམ་པར་ཤེས་པ་མ་མཆིས། ཀུན་ནས་ཉོན་མོངས་པ་མ་མཆིས། རྣམ་པར་བྱང་བ་མ་མཆིས་ཤིང་གང་ལས་སེམས་ཅན་རྣམས་ཡོངས་སུ་ཐར་བར་བགྱི་བའི་འགྲོ་བ་ལྔའི་འཁོར་བ་ཡང་མ་མཆིས་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེས་བུའི་མཐུར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མིའམ་ལྷ་དག་ལས་ཡོངས་སུ་ཐར་བར་བྱ་བའི་སེམས་ཅན་འགའ་ཡང་དམིགས་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཁམས་གསུམ་ནས་ཡོངས་སུ་ཐར་བར་བྱ་བའི་སེམས་ཅན་འགའ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་


DKG031_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མཐོང་ལ་རྣམ་པར་རིག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་འཚལ་ཞིང་མཐོང་ལ་རྣམ་པར་རིག་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་སེམས་ཅན་རྣམས་རང་རང་གི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་མི་སྤྱོད་པ་ཞིག་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་མི་ཤེས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ལགས་ན། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱང་ཅི་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གང་ལས་བསྐྱོད་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་རྣམས་ནི་ཡོད་པ་མ་ཡིན་པའི་མིང་དང་མཚན་མ་དག་ལ་གནས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་དག་གི་མིང་དང་མཚན་མ་ལས་བསྐྱོད་པར་བྱེད་དོ། །


DKG031_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མིང་ནི་གང་ལགས། མཚན་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། མིང་ཞེས་བྱ་བ་དང་། མཚན་མ་ཞེས་བྱ་བ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟ་སྟེ་མིང་ཞེས་བྱ་བའམ། མཚན་མ་ཞེས་བྱ་བའམ། གཟུགས་ཞེས་བྱ་བའམ། རྣམ་པར་ཤེས་པའི་བར་ཞེས་བྱ་བའམ། བུད་མེད་ཅེས་བྱ་བའམ། སྐྱེས་པ་ཞེས་བྱ་བའམ། ཁྱེའུ་ཞེས་བྱ་བའམ། བུ་མོ་ཞེས་བྱ་བའམ། སེམས་ཅན་དམྱལ་བ་པ་ཞེས་བྱ་བའམ། དུད་འགྲོའི་སྐྱེ་གནས་པ་ཞེས་བྱ་བའམ། གཤིན་རྗེའི་འཇིག་རྟེན་པ་ཞེས་བྱ་བའམ། ལྷ་ཞེས་བྱ་བའམ། མི་ཞེས་བྱ་བའམ། འདུས་བྱས་ཀྱི་ཆོས་ཞེས་བྱ་བའམ། འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བའམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བའམ། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བའམ། དགྲ་བཅོམ་པ་ཉིད་ཅེས་བྱ་བའམ། རང་སངས་རྒྱས་ཞེས་བྱ་བའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་དེ་དག་ནི་བཅོས་མར་མིང་དུ་བཏགས་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མིང་སྟེ། གཞོལ་བའི་ཕྱིར་རོ། །འདུས་བྱས་ཐམས་ཅད་ནི་མིང་ཙམ་དུ་ཟད་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་ལ་ཆགས་པས། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་འདི་སྐད་དུ་མིང་འདི་ནི་ཡོངས་སུ་རྟོག་པས་ཀུན་ནས་བསྐྱེད་པ་ཡིན་པས། རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པ་ལ་ཁྱེད་ཅག་ཡོད་པ་མ་ཡིན་པར་ཡོངས་སུ་རྟོག་པས་ཆགས་པར་མ་བྱེད་ཅིག ། མཁས་པ་རྣམས་ནི་ཆོས་སྟོང་པ་དག་ལ་མངོན་པར་ཞེན་པར་མི་བྱེད་དོ། །ཞེས་ཀུན་ནས་འབྲལ་བར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །རབ་འབྱོར་མཚན་མ་གང་ཞེ་ན། རབ་འབྱོར་གཉིས་པོ་འདི་དག་ནི་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཆགས་པར་འགྱུར་བའི་མཚན་མ་སྟེ། གཉིས་གང་ཞེ་ན། གཟུགས་ཀྱི་མཚན་མ་


DKG031_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཟུགས་མེད་པའི་མཚན་མའོ། །རབ་འབྱོར་དེ་ལ་གཟུགས་ཀྱི་མཚན་མ་གང་ཞེ་ན། རབ་འབྱོར་གཟུགས་གང་ཅི་ཡང་རུང་སྟེ། རགས་པའམ། ཕྲ་བའམ། བཟང་བའམ། ངན་པ་དག་སྟེ། གང་སྐད་ཅིག་པའི་ཆོས་དེ་དག་ཐམས་ཅད་ལ་ཡོངས་སུ་རྟོག་པས་འཛིན་པར་བྱེད་པ་དེ་ནི་གཟུགས་ཀྱི་མཚན་མ་ཞེས་བྱའོ། །གཟུགས་མེད་པའི་མཚན་མ་གང་ཞེ་ན། གཟུགས་མེད་པའི་ཆོས་གང་ཅི་ཡང་རུང་སྟེ། མཚན་མར་བཟུང་ཞིང་ཡོངས་སུ་བཏགས་པ་ལས་ཉོན་མོངས་པ་སྐྱེ་བ་དེ་ནི་གཟུགས་མེད་པའི་མཚན་མ་ཞེས་བྱའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཆགས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་མཚན་མ་དེ་དག་དང་ཕྲལ་ནས་མཚན་མ་མེད་པའི་དངོས་པོ་ལ་འཛུད་ཅིང་འགོད་པར་བྱེད་དེ། ཅི་ནས་ཀྱང་འདི་ནི་མཚན་མའོ། །འདི་ནི་མཚན་མ་མེད་པའོ་ཞེས་གཉིས་སུ་མི་ལྟུང་བ་དེ་ལྟར་འཛུད་ཅིང་དེ་ལྟར་འགོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་མཚན་མ་དང་ཕྲལ་ནས་མཚན་མ་མེད་པའི་དབྱིངས་ལ་འཛུད་ཅིང་འགོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་ཐམས་ཅད་དེ་ཙམ་དུ་བས་ཏེ། འདི་ལྟར་མཚན་མ་མ་མཆིས་པ་ཙམ་དུ་བས་པ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་བདག་ཀྱང་དགེ་བའི་ཆོས་རྣམས་ཀྱི་བྱེ་བྲག་ཏུ་འབོགས་པར་འགྱུར་ལ་གཞན་དག་ཀྱང་དགེ་བའི་ཆོས་རྣམས་ཀྱི་བྱེ་བྲག་ཏུ་འབོགས་པ་ལ་འགོད་པར་བགྱིད་པ་དང་། ས་ནས་ས་ཡོངས་སུ་རྫོགས་པར་བགྱིད་ཅིང་སེམས་ཅན་རྣམས་ཀྱང་དེ་དག་ཉིད་ལ་སྦྱོར་བར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་མཚན་མ་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་པར་གྱུར་


DKG031_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དགེ་བའི་ཆོས་རྣམས་ཀྱིས་ཁྱད་པར་ཐོབ་པར་མི་འགྱུར་ལ། གཞན་དག་ཀྱང་ཁྱད་པར་འཐོབ་པ་ལ་འགོད་པར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་མཚན་མ་ནི་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་དེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཚན་མ་མེད་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ་མཚན་མ་མེད་པའི་ཚུལ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། །མཚན་མ་མེད་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། མཚན་མ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་རྫོགས་པར་བྱེད་དེ། དེས་དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ནས་མཚན་མ་མེད་པའི་ཚུལ་གྱིས་གཞན་དག་ཀྱང་དགེ་བའི་ཆོས་དེ་དག་ལ་སྦྱོར་བར་བྱེད་དོ། །རབ་འབྱོར་གལ་ཏེ་ཆོས་རྣམས་ལ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་གཞག་པ་ཙམ་གྱི་མཚན་མ་ཞིག་ཡོད་པར་གྱུར་ན་ཡང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DKG031_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱོད་པ་ལ་མཚན་མ་མེད་པ་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་ཆོས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་ལ། སེམས་ཅན་རྣམས་ཀྱང་ཟག་པ་མེད་པའི་ཆོས་རྣམས་ལ་དེ་བཞིན་ཉིད་དུ་འགོད་པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཟག་པ་མེད་ཅིང་། མཚན་ཉིད་མེད་པ་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ཡིན་ཏེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཟག་པ་མེད་པའི་ཆོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་། དྲན་པ་མ་མཆིས་ལ་ཡིད་ལ་བགྱིད་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་ཐུན་མོང་གི་ཆོས་སོ། །འདི་དག་ནི་ཐུན་མོང་མ་ཡིན་པའི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བགྱི་བར་ཇི་ལྟར་བགྲང་བར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམའམ། མཚན་མ་མེད་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམའམ། མཚན་མ་མེད་པ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །


DKG031_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། རབ་འབྱོར་འོ་ན་མཚན་མ་མེད་པ་ཉིད་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་མཚན་མ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་མཚན་མ་མེད་པའི་ཆོས་དེ་དག་ཐམས་ཅད་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་ཆོས་ཐམས་ཅད་ཀྱིས་རྣམ་པར་འཕེལ་བར་འགྱུར་ཏེ། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་གིས་རྣམ་པར་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་བསླབ་པར་བྱ་བ་མ་གཏོགས་པར་བསླབ་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་གསུམ་པོ་འདིར་དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་ཏེ། འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ནོ། །མཚན་མ་དང་བྲལ་བ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕུང་པོ་ལྔ་ལ་སློབ་པ་ཡིན། སྐྱེ་མཆེད་བཅུ་གཉིས་ལ་སློབ་པ་ཡིན། ཁམས་བཅྭ་བརྒྱད་ལ་སློབ་པ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སློབ་པ་ཡིན། འཕགས་


DKG031_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་བཞི་ལ་སློབ་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སློབ་པ་ཡིན། ནང་སྟོང་པ་ཉིད་ལ་སློབ་པ་ཡིན། ཕྱི་སྟོང་པ་ཉིད་ལ་སློབ་པ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སློབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་པ་ཡིན། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སློབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཇི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་སློབ་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གཟུགས་རབ་ཏུ་ཤེས་ཏེ། གཟུགས་ཇི་ལྟར་སྐྱེ་བ་དང་། གཟུགས་ཇི་ལྟར་འགག་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་རབ་ཏུ་ཤེས་སོ། །གཟུགས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། དབུ་བ་རྡོས་པ་ལ་སྙིང་པོ་མེད་པ་དེ་བཞིན་དུ། གཟུགས་ཀྱང་ཤིན་ཏུ་གཙེ་ཚགས་དང་། ཤིན་ཏུ་གསོང་ལྡོང་དང་། ཤིན་ཏུ་སྙིང་པོ་མེད་པར་རབ་ཏུ་ཤེས་སོ། །གཟུགས་ཀྱི་སྐྱེ་བ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། གཟུགས་ནི་གང་ནས་ཀྱང་འོང་བ་མེད་ལ། གཟུགས་ནི་གང་དུ་ཡང་འགྲོ་བ་མེད་པས། གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་བ་དེ་ལྟར་གཟུགས་ཀྱི་སྐྱེ་བ་རབ་ཏུ་ཤེས་སོ། །རབ་འབྱོར་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་བ་དེ་ལྟར་གཟུགས་ཀྱི་སྐྱེ་བ་དང་འཇིག་པ་རབ་ཏུ་ཤེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། དེ་བཞིན་ཉིད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འཕེལ་བ་མེད་པ་


DKG031_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འགྲིབ་པ་མེད་པ་དེ་ལྟར་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །རབ་འབྱོར་གཞན་ཡང་དེ་བཞིན་ཉིད་ནི་མ་ནོར་བ་དེ་བཞིན་ཉིད་ཡིན་ཏེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལ་ལོག་པ་ཉིད་མེད་པས་དེའི་ཕྱིར་ཡང་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ལྟར་གཟུགས་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །ཚོར་བ་ཇི་ལྟར་རབ་ཏུ་ཤེས། ཚོར་བའི་སྐྱེ་བ་ཇི་ལྟར་རབ་ཏུ་ཤེས། ཚོར་བའི་འཇིག་པ་ཇི་ལྟར་རབ་ཏུ་ཤེས། ཚོར་བའི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུའི་ཆུ་བུར་གྱི་སྐྱེ་བ་དང་། འཇིག་པ་གསོག་ཏུ་འདུག་པ་དེ་ལྟར་ཚོར་བ་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་འོང་བ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་ཚོར་བའི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །ཚོར་བའི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། དེ་བཞིན་ཉིད་ནི་མ་ནོར་བ་དེ་བཞིན་ཉིད་དེ། དེ་ལྟར་ཚོར་བའི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །འདུ་ཤེས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། སྨིག་རྒྱུའི་ཚོགས་ལ་ཆུ་ཤིན་ཏུ་དམིགས་སུ་མེད་པ་དེ་ལྟར་འདུ་ཤེས་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་འདུ་ཤེས་ཀྱི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་འདུ་ཤེས་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུ་ཤིང་ཤུན་པ་སོ་སོར་ཕྱེ་ན་སྙིང་པོ་མི་དམིགས་པ་དེ་ལྟར་འདུ་བྱེད་རྣམས་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་། འཇིག་པ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། དེ་གང་ནས་ཀྱང་འོང་བ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཇི་ལྟ་བ་དེ་ལྟར་རྣམ་པར་ཤེས་པ་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་


DKG031_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་རྣམ་པར་ཤེས་པའི་སྐྱེ་བ་དང་འཇིག་པ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་རྣམ་པར་ཤེས་པའི་དེ་བཞིན་ཉིད་རབ་ཏུ་ཤེས་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་རབ་ཏུ་ཤེས་པ་ཡིན་ནོ། །ཁམས་རྣམས་ཇི་ལྟར་ཤེས་ཞེ་ན། མིག་གི་ཁམས་ནི་མིག་གི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་མིག་གི་ཁམས་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་ཇི་ལྟར་ཤེས་ཞེ་ན། གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་གཟུགས་ཀྱི་ཁམས་རབ་ཏུ་ཤེས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་མིག་གི་རྣམ་པར་ཤེས་པའི་ཁམས་རབ་ཏུ་ཤེས་སོ། །རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཡིད་ཀྱི་ཁམས་ནི་ཡིད་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་ཡིད་ཀྱི་ཁམས་རབ་ཏུ་ཤེས་སོ། །ཆོས་ཀྱི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཆོས་ཀྱི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་ཆོས་ཀྱི་ཁམས་རབ་ཏུ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཁམས་བཅྭ་བརྒྱད་རབ་ཏུ་ཤེས་པ་ཡིན་ནོ། །སྐྱེ་མཆེད་རྣམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ནང་གི་སྐྱེ་མཆེད་རྣམས་ནི་ནང་གི་སྐྱེ་མཆེད་རྣམས་ཀྱིས་སྟོང་ལ། ཕྱིའི་སྐྱེ་མཆེད་རྣམས་ནི་ཕྱིའི་སྐྱེ་མཆེད་རྣམས་ཀྱིས་སྟོང་པ་དེ་ལྟར་སྐྱེ་མཆེད་རྣམས་རབ་ཏུ་ཤེས་སོ། །འཕགས་


DKG031_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་རྣམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་རབ་ཏུ་ཤེས་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པ་རབ་ཏུ་ཤེས་པའོ། །སྡུག་བསྔལ་འཕགས་པའི་བདེན་པར་ཇི་ལྟར་རབ་ཏུ་ཤེས་ཞེ་ན། སྡུག་བསྔལ་ཏུ་རབ་ཏུ་ཤེས་པ་དང་། བདེན་པར་རབ་ཏུ་ཤེས་པ་དང་། འཕགས་པ་རྣམས་ཀྱི་བདེན་པའོ་ཞེས་རབ་ཏུ་ཤེས་ལ། གཉིས་ལས་རྣམ་པར་གྲོལ་ཞིང་། གཉིས་མ་ཡིན་པ་ནི་འཕགས་པའི་བདེན་པ་ཡིན་པར་རབ་ཏུ་ཤེས་པ་སྟེ། ཀུན་འབྱུང་བ་ཡང་དེ་བཞིན། འགོག་པ་ཡང་དེ་བཞིན། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཡང་དེ་བཞིན་དུ་འཕགས་པའི་བདེན་པར་རབ་ཏུ་ཤེས་སོ། །སྡུག་བསྔལ་གྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། སྡུག་བསྔལ་གྱི་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཡིན་པ་དེ་ལྟར་སྡུག་བསྔལ་གྱི་དེ་བཞིན་ཉིད་རབ་ཏུ་ཤེས་ཏེ། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་དེ་བཞིན་ཉིད་ཀྱང་རབ་ཏུ་ཤེས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྐྱེ་བ་མེད་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་མེད་པ་དང་། ཚད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སྤྲོས་པ་མེད་པ་དང་། ཞི་བར་རབ་ཏུ་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཕན་ཚུན་ཐ་དད་པའི་ཆོས་དེ་དག་དེ་ལྟར་རབ་ཏུ་འཚལ་ན། བཅོམ་ལྡན་འདས་འོ་ན་དེས་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་འགའ་ཞིག་དམིགས་སུ་ཡོད་ན་ནི། རྣམ་པར་དཀྲུགས་པར་ཡང་འགྱུར་ན། རབ་འབྱོར་ཆོས་ཀྱི་དབྱིངས་སུ་མ་གཏོགས་པ་


DKG031_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གང་མི་དམིགས་པས། ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་འགྱུར་བའི་ཆོས་གཞན་ནི་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་ནི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱིས་ཀྱང་གང་ཡང་མ་དམིགས་པའི་ཕྱིར་ཏེ། མ་དམིགས་པས་ན་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་འགའ་ཞིག་དམིགས་སུ་ཡོད་དོ་ཞེས་འདོགས་པར་མི་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་ལྟར་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་གང་ལ་བསླབས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཆོས་ཀྱི་དབྱིངས་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ལ་བསླབས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་འདི་ནི་དབྱེར་མེད་པའི་ཚུལ་གྱིས་གནས་པ་སྟེ། རབ་འབྱོར་ཆོས་ཀྱི་དབྱིངས་དེ་ཡང་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་བར་གྱི་ཆོས་ཐམས་ཅད་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་ཀྱི་དབྱིངས་ལ་བསླབས་ན། ཆོས་ཐམས་ཅད་ལ་བསླབས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་


DKG031_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གཏན་དང་པོ་ལ་བསླབ་པར་བགྱི། ཇི་ལྟར་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བྱམས་པ་ལ་བསླབ་པར་བགྱི། ཇི་ལྟར་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པར་བགྱི། ཇི་ལྟར་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་སྙོམས་པར་འཇུག་པ་རྣམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བགྱི། ཇི་ལྟར་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་མངོན་པར་


DKG031_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དྲུག་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བསྒྲུབ་པའི་སླད་དུ་བསླབ་པར་བགྱི། ཇི་ལྟར་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྒྲུབ་པའི་སླད་དུ་བསླབ་པར་བགྱི། ཇི་ལྟར་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་དང་། འདུ་ཤེས་མ་མཆིས་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་དེར་མི་སྐྱེ་བར་བགྱི་བའི་སླད་དུ་ཡང་བསླབ་པར་བགྱི། ཇི་ལྟར་གནས་གཙང་མ། མི་ཆེ་དང་། མི་གདུང་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་ལ་བསླབ་པར་བགྱི། ཇི་ལྟར་སེམས་དང་པོ་བསྐྱེད་པ་ལ་བསླབ་པར་བགྱི། ཇི་ལྟར་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། སེམས་བསྐྱེད་པ་བཅུ་པ་ལ་བསླབ་པར་བགྱི། ཇི་ལྟར་ཉན་ཐོས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་རང་སངས་རྒྱས་ཀྱི་ས་ལ་བསླབ་པར་བགྱི། ཇི་


DKG031_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱང་ཆུབ་སེམས་དཔའི་ས་ལ་བསླབ་པར་བགྱི། ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་གང་ལ་བསླབ་པས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚལ་བར་འགྱུར་བའི་བྱང་ཆུབ་ཀྱི་ལམ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་ནི་རྣམ་པར་རྟོག་པ་དེ་དག་མ་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིན་ཅི་ལོག་ལ་སྤྱོད་པའམ། མ་སྤྲོས་པ་སྤྲོས་པར་བགྱིད་པར་མི་འགྱུར་ལགས་གྲང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་ནི་རྣམ་པར་རྟོག་པ་དེ་དག་མ་མཆིས་པའི་སླད་དུ་སྟེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས་ལ། གཟུགས་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་ལགས་ལ། ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་ལགས་སོ། །རྣམ་པར་ཤེས་པའི་བར་ཉིད་ཀྱང་ཆོས་ཀྱི་དབྱིངས་ལགས་ལ། ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པ་ལགས་སོ། །ཇི་ལྟར་ནང་གི་ཆོས་བསྒྲེས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་


DKG031_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། རྣམ་པར་ཤེས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་ཡང་མི་འགྱུར་བ་ཞིག་ན། འདི་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ཀྱང་། མིང་མེད་པའི་ཆོས་རྣམས་ལ་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ། །ཞེས་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ། འདི་ནི་བྱང་ཆུབ་བོ་ཞེས་བྱ་བའི་བར་དུ་མིང་དང་བརྡས་སྟོན་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས། རྫས་ཀྱི་རྣམ་པ་གང་ཡང་རུང་བ་ཞིག་ལ་བྱིན་གྱིས་བརླབས་ནས། གཟུགས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་སམ། གླང་པོ་ཆེའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་སམ། སྐྱེད་མོས་ཚལ་ལམ། ཀུན་དགའ་ར་བ་ཉམས་དགའ་བ་དག་གམ། ཆུ་ཀླུང་ཉམས་དགའ་བ་དག་གམ། རྫིང་བུ་ཉམས་དགའ་བ་དག་ཉེ་བར་བསྟན་ཏེ། དེར་གདིང་བ་དང་། རོལ་དབྱམ་སྣ་ཚོགས་བཏིང་བ་དག་ཀྱང་ཉེ་བར་བསྟན་ནས། མེ་ཏོག་དང་། མེ་ཏོག་ཕྲེང་གི་ཡོན་ཏན་དང་། བཟའ་བ་དང་བཅའ་བ་དག་ཀྱང་ཀུན་ཏུ་བསྟན། གླུ་དབྱངས་དང་རོལ་མོ་མང་པོས་སྐྱེ་བོ་དགའ་བར་བྱེད་པ་དག་ཀྱང་ཀུན་དུ་བསྟན་ནས་སྦྱིན་པ་སྦྱིན་པར་བྱེད་པའམ། ཚུལ་ཁྲིམས་སྲུང་བའམ། བཟོད་པ་སྒྲུབ་པའམ། བརྩོན་འགྲུས་རྩོམ་པའམ། ཏིང་ངེ་


DKG031_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱིས་རྣམ་པར་རྩེ་བའམ། ཤེས་རབ་སྒོམ་པར་བྱེད་པའམ། དེས་དེར་རྣམ་པ་དེ་ལྟ་བུ་དག་གིས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཀྱང་བསྟན་ཏམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་བསྟན་ཏམ། རི་རབ་བསྟན་ཏམ། སུམ་ཅུ་རྩ་གསུམ་པའི་ལྷ་དག་བསྟན་ཏམ། འཐབ་བྲལ་འམ། དགའ་ལྡན་ནམ། འཕྲུལ་དགའ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་བསྟན་ཏམ། གཟུགས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་དག་བསྟན་ཏམ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་གང་ཡིན་པ་དེ་དག་བསྟན་ཏམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ས་དང་པོ་ལ་སྤྱོད་པ་དང་། ས་བཅུ་པའི་བར་ལ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། མངོན་པར་ཤེས་པ་རྣམས་མངོན་པར་སྒྲུབ་ཅིང་། དེ་དག་གིས་རྣམ་པར་རྩེ་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་རྣམ་པར་རྩེ་བ་དང་། ཡན་ལག་དང་ཉིང་ལག་དག་ཡོངས་སུ་གཏོང་བ་དང་། དཀའ་བ་སྤྱོད་པ་དང་། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒྲུབ་པར་བྱེད་པ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དག་བསྟན་ཏམ། སངས་རྒྱས་ཀྱི་སྐུ་ཡན་ལག་དང་། ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་དག་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་རང་


DKG031_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་དག་འདི་སྙམ་དུ། ཀྱེ་མ་མི་འདིས་ཇི་ཙམ་དུ་འདི་ལྟ་སྟེ། གཟུགས་རྣམ་པ་སྣ་ཚོགས་དག་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་སྐུའི་བར་དག་བསྟན་པས་སྐྱེ་བོ་འདི་དག་ཡང་དག་པར་འཛིན་ཅིང་། ཅི་ནས་ཀྱང་མཛེས་དགུ་ཤ་སྟག་བྱེད་པ་ནི་ཤིན་ཏུ་ལེགས་པར་བསླབས་པ་ཡིན་ནོ་སྙམ་དུ་ཤེས་སོ། །དེ་ན་མི་གང་དག་མཁས་པའི་རང་བཞིན་ཅན། གསལ་ཞིང་ཡིད་གཞུངས་ལ་གཟུགས་དེ་དག་ལ་དཔྱོད་པ་དང་ལྡན་པ་དེ་དག་ནི་འདི་སྙམ་དུ་འདི་ལ་ཆོས་གང་ཡང་དམིགས་སུ་མེད་ན། མི་འདིས་ཡོད་པ་མ་ཡིན་པའི་ཆོས་རྣམས་ཀྱིས་སྐྱེ་བོའི་ཚོགས་འདི་དག་དགའ་བར་བྱེད་པ་དང་། འདི་ལྟར་འདི་ནི་དེ་དག་ལ་སྐྱེ་བོ་འདི་དག་ནི་རྫས་མེད་པ་ལ་རྫས་སུ་འདུ་ཤེས་པ་ཡིན་ནོ་སྙམ་པའི་ཤེས་པ་འབྱུང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ་སྙམ་མོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་གང་ཡང་མི་མཐོང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་ མོད་ཀྱི། དེ་ཐབས་ལ་མཁས་པ་དང་ལྡན་པས་བདག་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་པ་ལ་སྦྱོར་བར་བྱེད་ཅིང་། སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་སྦྱིན་པ་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །བདག་ཀྱང་ཚུལ་ཁྲིམས་སྲུང་བར་བྱེད། བདག་ཀྱང་བཟོད་པ་སྒོམ་པར་བྱེད། བདག་ཀྱང་བརྩོན་འགྲུས་རྩོམ་པར་བྱེད། བདག་ཀྱང་བསམ་གཏན་ལ་མཉམ་པར་འཇོག་པར་བྱེད། བདག་ཀྱང་ཤེས་རབ་སྒོམ་པར་བྱེད་ལ། གཞན་དག་ཀྱང་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་། ཤེས་རབ་ཀྱི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་ཤེས་རབ་སྒོམ་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྗེས་སུ་དགའ་བར་བྱེད་དོ། །བདག་ཀྱང་བསླབ་པའི་གཞི་


DKG031_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡང་དག་པར་འཛིན་པར་བྱེད་ཅིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །བདག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་གནས་པར་བྱེད་ཅིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །བདག་ཀྱང་བསམ་གཏན་དང་པོ་དང་། བསམ་གཏན་བཞི་པའི་བར་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་ཤིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྒོམ་ཞིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ལ། བར་དུ་ཡང་དེ་བཞིན་མ་ཡིན་དུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་ཆོས་ཀྱི་དབྱིངས་བརྗོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཀྱི་དབྱིངས་ནི་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ལ། བར་དུ་ཡང་དེ་བཞིན་ཏེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས། སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་བཞི་པའོ།། །།


previousབདུན་པ་ཅུ་རྩ་བཞི་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ། next