Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
བདུན་པ་ཅུ་རྩ་ལྔ་པ། མི་འཁྲུགས་པ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ་ཅུ་རྩ་ལྔ་པ། མི་འཁྲུགས་པ་བསྟན་པའི་ལེའུ། next

བདུན་པ་ཅུ་རྩ་ལྔ་པ། མི་འཁྲུགས་པ་བསྟན་པའི་ལེའུ།


DKG031_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཤིན་ཏུ་དམིགས་སུ་མ་མཆིས་ལ། སེམས་ཅན་དུ་གདགས་པ་ཡང་མཆིས་ན། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པའི་མཐའ་ཚད་མར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ། སེམས་ཅན་གྱི་མཐའ་ཡང་གཞན་པ་ཞིག་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ལ། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཡང་དག་པའི་མཐའ་རྣམ་པར་འཁྲུགས་པ་མེད་པས་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ཉིད་ཀྱང་སེམས་ཅན་གྱི་མཐའ་ལགས་ན། འོ་ན་ཇི་ལྟར་ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་ལགས། བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་ན་ནི། དེ་ལྟ་ན་ངོ་བོ་ཉིད་ལ་ངོ་བོ་ཉིད་གནས་པར་འགྱུར་ཏེ། བཅོམ་ལྡན་འདས་ངོ་བོ་ཉིད་ལ་ངོ་བོ་ཉིད་གནས་པ་ནི་མ་མཆིས་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཇི་ལྟར་སེམས་ཅན་གྱི་མཐའ་ཡང་དག་པའི་མཐའ་ལ་འགོད་པར་བགྱིད་ལགས། དེ་སྐད་


DKG031_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཡང་དག་པའི་མཐའ་ཡང་ཡང་དག་པའི་མཐའ་ལ་མི་གནས་ལ། ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ལ་མི་གནས་མོད་ཀྱི། རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་སེམས་ཅན་གྱི་མཐའ་ཡང་དག་པའི་མཐའ་ལ་འགོད་ཅིང་། ཡང་དག་པའི་མཐའ་རྣམ་པར་འཁྲུགས་པར་ཡང་མི་བྱེད་དེ། རབ་འབྱོར་དེ་ལྟར་ན་ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ལ། སེམས་ཅན་གྱི་མཐའ་ཡང་མ་ཡིན་ཏེ། ཡང་དག་པའི་མཐའ་དང་། སེམས་ཅན་གྱི་མཐའ་འདི་ནི་གཉིས་སུ་མེད་དེ། །གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ། གཅད་དུ་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པ་གང་དང་ལྡན་པས་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཀྱང་ཡང་དག་པའི་མཐའ་རྣམ་པར་འཁྲུགས་པར་ཡང་མི་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སེམས་ཅན་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་ཀྱང་སྦྱིན་པ་དེའི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་སྟོན་པར་བྱེད་དེ་ཇི་ལྟར་སྦྱིན་པ་འདི་སྔོན་གྱི་མཐའ་ཡང་སྟོང་ལ། ཕྱི་མའི་མཐའ་ཡང་སྟོང་ཞིང་དབུས་ཀྱང་སྟོང་པ་དེ་བཞིན་དུ་སྦྱིན་པ་འདི་ཡང་སྟོང་ངོ་། །སྦྱིན་པའི་འབྲས་བུ་ཡང་སྟོང་ངོ་། །སྦྱིན་བདག་ཀྱང་སྟོང་ངོ་། །ལེན་པ་པོ་ཡང་སྟོང་སྟེ། རིགས་ཀྱི་བུ་དེ་ལྟར་ན་དོན་དེ་དག་ཐམས་ཅད་ནི་ཡང་དག་པའི་མཐའ་ལ་ཡོད་པ་མ་ཡིན་གྱིས་སྦྱིན་པ་ཡང་གཞན་ལ་སྦྱིན་པའི་འབྲས་བུ་ཡང་གཞན་ནོ་སྙམ་དུ་མ་སེམས་ཤིག


DKG031_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་ཀྱང་གཞན་ལ་ལེན་པ་པོ་ཡང་གཞན་ནོ་སྙམ་དུ་མ་སེམས་ཤིག ། རིགས་ཀྱི་བུ་ཁྱོད་གང་གི་ཚེ་སྦྱིན་པ་ཡང་གཞན་ལ་སྦྱིན་པའི་འབྲས་བུ་ཡང་གཞན་ནོ་སྙམ་དུ་མི་སེམས་ལ། སྦྱིན་བདག་ཀྱང་གཞན་ལ་ལེན་པ་པོ་ཡང་གཞན་ནོ་སྙམ་དུ་མི་སེམས་པ་དེའི་ཚེ་ཁྱོད་ཀྱི་སྦྱིན་པ་འདི་ནི་གཉི་ག་ལ་བདུད་རྩིར་འགྱུར་ཏེ་བདུད་རྩིའི་འབྲས་བུ་དང་། བདུད་རྩིའི་མཐའ་སྦྱིན་པར་བྱེད་ཀྱིས་ཁྱོད་སྦྱིན་པ་འདིས་གཟུགས་ཡོངས་སུ་མ་འཛིན་ཅིག ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་སྦྱིན་པ་འདི་ནི་སྦྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་། འབྲས་བུ་དེ་ཡང་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་། སྦྱིན་བདག་ཀྱང་སྦྱིན་བདག་གི་ངོ་བོ་ཉིད་ཀྱིས་སྟོང་། ལེན་པ་པོ་ཡང་ལེན་པ་པོའི་ངོ་བོ་ཉིད་ཀྱིས་སྟོང་པས་ན་སྟོང་པ་ཉིད་ལ་ནི་སྦྱིན་པ་ཡང་དམིགས་སུ་མེད་ལ་སྦྱིན་པའི་འབྲས་བུ་དང་། སྦྱིན་བདག་དང་། ལེན་པ་པོ་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་ཤིན་ཏུ་སྟོང་པའི་ཕྱིར་རོ་ཞེས་སྟོན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དེ་རིགས་ཀྱི་བུ་ཚུར་ཤོག ། ཁྱོད་ཀྱིས་སྲོག་གཅོད་པ་སྤོངས་ལ་སྲོག་གཅོད་པ་ལས་ཕྱིར་ལྡོག་པར་གྱིས་ཤིག ། དེ་བཞིན་དུ་སྦྱར་ཏེ་ཁྱོད་ཀྱིས་ལོག་པར་ལྟ་བའི་བར་དུ་སྤོངས་ལ་ལོག་པར་ལྟ་བ་ལས་ཕྱིར་ལྡོག་པར་གྱིས་ཤིག ། རིགས་ཀྱི་བུ་ཆོས་འདི་དག་ཐམས་ཅད་ལ་ཇི་ལྟར་ཁྱོད་ཀྱིས་ཡོངས་སུ་བརྟགས་པ་དེ་ལྟ་བུའི་རང་བཞིན་གང་ཡང་མེད་ཀྱིས་རིགས་ཀྱི་བུ་ཆོས་འདི་དག་ལ་གང་སྲོག་གཅད་པར་བྱ་བའི་སྲོག་ཆགས་དང་གང་གིས་སྲོག་གཅད་པར་བྱ་བའི་ཆོས་དེ་དག་གང་ཡིན་ཞེས་ཉེ་བར་རྟོགས་ཤིག ། ལོག་པར་ལྟ་བའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་སྟོན་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་ཡང་སྟོན་ལ་སྦྱིན་པའི་འབྲས་བུ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པས། རིགས་ཀྱི་བུ་དེས་སྦྱིན་པའི་འབྲས་བུ་དང་ཚུལ་ཁྲིམས་


DKG031_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྲས་བུ་དེ་དག་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པར་རིག་ནས་དེ་ལ་མངོན་པར་ཞེན་པར་མི་བྱེད་དོ། །མངོན་པར་ཞེན་པ་མེད་པས་རྣམ་པར་གཡེང་བ་མེད་པ་བསྐྱེད་ནས་ཤེས་རབ་སྐྱེད་པར་བྱེད་དོ། །ཤེས་རབ་དེས་བག་ལ་ཉལ་དང་ཀུན་ནས་ལྡང་བ་ཐམས་ཅད་བཅད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ནི་གང་ཡོངས་སུ་མྱ་ངན་ལས་འདའ་བའམ་གང་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་གང་ཡང་དམིགས་སུ་མེད་པའི་ཕྱིར་ཏེ་གཞན་དུ་ན་དེའི་ཡོངས་སུ་མྱ་ངན་ལས་འདས་པ་དེ་ནི་འདི་ལྟ་སྟེ་མཐའ་ལས་འདས་པའི་སྟོང་པ་ཉིད་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་གསུམ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་ཕན་ཚུན་འཁྲུགས་ཤིང་གནོད་སེམས་སུ་གྱུར་པ་དག་མཐོང་ན། འདི་སྐད་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག ། གང་ལ་ཁྱོད་གནོད་སེམས་སུ་བྱེད་པའི་ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཡིན་གྱིས། ཁྱོད་ཅག་བཟོད་པ་སྒྲུབས་ཤིག ། བཟོད་པ་སྒོམས་ཤིག ། དང་དུ་ལེན་པའི་རང་བཞིན་ཅན་དུ་གྱིས་ཤིག ། ཀྱེ་གང་ལ་གནོད་སེམས་སུ་བྱ་བ་དང་། གང་གནོད་སེམས་སུ་བྱེད་པ་དང་། གང་གིས་གནོད་སེམས་སུ་བྱེད་པའི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཉེ་བར་རྟོགས་ཤིག །རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ནི་ནམ་ཡང་མི་སྟོང་བར་མི་འགྱུར་ཏེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་རྣམས་དང་། ཚངས་པ་རྣམས་དང་། དགེ་རྒྱས་ཀྱི་བར་དག་དང་། གནས་གཙང་མ་པ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་


DKG031_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བར་དག་གིས་ཀྱང་མ་བྱས་ཏེ། རིགས་ཀྱི་བུ་གང་ལ་གནོད་སེམས་སུ་བྱ་བ་དང་། གང་གནོད་སེམས་སུ་བྱེད་པ་དང་། གང་གིས་གནོད་སེམས་སུ་བྱེད་པའི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར་ཉེ་བར་རྟོགས་ཤིག་དང་། སྟོང་པ་ཉིད་ནི་གང་ལ་ཡང་གནོད་སེམས་སུ་བྱེད་པར་མི་འགྱུར་རོ་ཞེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ལ་སྦྱོར་བར་བྱེད་ཅིང་། རྒྱུ་དང་འབྲས་བུ་ལ་ཡང་སྦྱོར་བར་བྱེད་དོ། །རང་བཞིན་གྱིས་སྟོང་པ་ཉིད་ལ་སྦྱོར་བ་ན། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་དགའ་བར་བྱེད། ཡང་དག་པར་འཛིན་དུ་འཇུག ། འཛུད་པར་བྱེད། འགོད་པར་བྱེད་དེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་སྟོང་པ་ཉིད་ལ་ནི་གང་ཐོབ་པར་བྱ་བ་དང་། གང་ཐོབ་པར་བྱེད་པ་དང་། གང་གིས་ཐོབ་པར་བྱེད་པའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ལ་ནི་སེམས་ཅན་ཡང་མི་དམིགས། སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སེམས་ཅན་གྱིས་དབེན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་བརྩོན་འགྲུས་ཞན་པ་དག་མཐོང་ན། ཐབས་ལ་མཁས་པས་ལུས་དང་། སེམས་ཀྱི་བརྩོན་འགྲུས་ཡང་དག་པར་འཛིན་དུ་འཇུག་སྟེ། རིགས་ཀྱི་བུ་རང་བཞིན་སྟོང་པ་ཉིད་ལ་ནི་གང་ལ་ཞུམ་པར་འགྱུར་བ་དང་། གང་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་པར་འགྱུར་བའི་ཆོས་གང་ཡང་ཡོད་པ་མ་ཡིན་ཏེ། ཆོས་དེ་དག་ཐམས་ཅད་ནི་རང་


DKG031_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་སྟོང་པ་ཉིད་ལས་རྣམ་པར་མི་འདའ་བ་ཡིན་གྱིས། ཁྱོད་ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་ཅིང་ལེ་ལོ་སྤངས་ལ། འདི་ལྟ་སྟེ། དགེ་བའི་ཆོས་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། ཏིང་ངེ་འཛིན་ཏམ། ཤེས་རབ་བམ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་སམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་གམ། སྟོང་པ་ཉིད་དམ། མཚན་མ་མེད་པའམ། སྨོན་པ་མེད་པའམ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་ལ་བརྩོན་པར་གྱིས་ཤིག ། རིགས་ཀྱི་བུ་སྟོང་པ་ཉིད་ཀྱིས་ཆོས་དེ་དག་སྒྲིབ་པ་མེད་པར་ལྟོས་ཤིག་དང་། སྒྲིབ་པ་མེད་པའི་ཆོས་རྣམས་ལ་ཞུམ་པར་འགྱུར་བ་གང་ཡང་མེད་དོ་ཞེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་ལ་འགོད་པར་བྱེད་དེ། ཅི་ནས་ཀྱང་གཉིས་སུ་མེད་པ་དེ་ལྟར་འགོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ནི་གཉིས་སུ་མེད་ཅིང་། གཉིས་སུ་དབྱེར་མེད་དེ། གཉིས་སུ་མེད་པ་ལ་ནི་ཞུམ་པར་འགྱུར་བ་གང་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བརྩོན་འགྲུས་ལ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། ཏིང་ངེ་འཛིན་ཏམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་རམ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུའམ། མི་འཇིགས་


DKG031_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིའམ། སོ་སོ་ཡང་དག་པར་རིག་པ་བཞིའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བརྩོན་པར་གྱིས་ལ། ཆོས་དེ་དག་ལ་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག །མི་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ལ་ནི་གཉིས་དང་གཉིས་མ་ཡིན་པར་ཡིད་ལ་བྱ་བ་མེད་པའི་ཕྱིར་རོ་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། ཡོངས་སུ་སྨིན་པར་བྱས་ནས་ཀྱང་རིམ་གྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་པར་བྱེད། དགྲ་བཅོམ་པ་ཉིད་ལ་འགོད་པར་བྱེད། རང་བྱང་ཆུབ་ལ་འགོད་པར་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་འགོད་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག ། ཁྱོད་རྣམ་པར་གཡེང་བའི་འདུ་ཤེས་སུ་ཡང་མ་བྱེད། ཏིང་ངེ་འཛིན་གྱི་འདུ་ཤེས་སུ་ཡང་མ་བྱེད་པར་ཏིང་ངེ་འཛིན་སྒོམས་ཤིག ། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་གང་རྣམ་པར་གཡེང་བའམ། རྩེ་གཅིག་ཏུ་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་པའི་ཕྱིར་ཏེ། ཁྱོད་ཏིང་ངེ་འཛིན་འདི་ལ་གནས་ཤིང་རང་བཞིན་གྱིས་སྟོང་པ་ཉིད་ལ་སྤྱོད་ན་ལུས་སམ། ངག་གམ། ཡིད་ཀྱིས་དགེ་བའི་ཆོས་གང་ཅི་བྱེད་ཀྱང་རུང་སྟེ། སྦྱིན་པ་གཏོང་ངམ། ཚུལ་ཁྲིམས་སྲུང་ངམ། བཟོད་པ་སྒྲུབ་བམ། བརྩོན་འགྲུས་རྩོམ་འམ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ། ཤེས་རབ་སྒོམ་


DKG031_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མམ། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་སྒོམ་འམ། རྣམ་པར་ཐར་པའི་སྒོ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུའམ། མི་འཇིགས་པ་བཞིའམ། སོ་སོ་ཡང་དག་པར་རིག་པ་བཞིའམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དམ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུའམ། ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་འམ། བྱང་ཆུབ་སེམས་དཔའི་ལམ་འམ། སངས་རྒྱས་ཀྱི་ལམ་འམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་འམ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་རུང་སྟེ། ཁྱོད་ཀྱི་དགེ་བའི་ཆོས་དེ་དག་ཚེགས་ཆུང་ངུས་འགྲུབ་པར་འགྱུར་རོ་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ནམ་དུ་ཡང་བྱ་བ་མ་ཡིན་པ་མི་བྱེད་པར་དགེ་བ་ཅི་ཡིན་ཞེས་ཚོལ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་རབས་རྗེས་སུ་ཟིན་ཀྱང་། ནམ་དུ་ཡང་ཆུད་ཟ་བར་མི་འགྱུར་ཞིང་རྟག་ཏུ་གཟུངས་འཐོབ་པ་དང་། ལུས་ཀྱི་དབང་པོའམ། ངག་གི་དབང་པོའམ། ཡིད་ཀྱི་དབང་པོ་ཡང་རུང་སྟེ། དབང་པོ་རྟུལ་བར་མི་འགྱུར་རོ། །


DKG031_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་རྟག་ཏུ་རྒྱུན་མི་ཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པའི་ཕྱིར་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པ་དེས་ལམ་ཐམས་ཅད་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་འམ། བྱང་ཆུབ་སེམས་དཔའི་ལམ་འམ། སངས་རྒྱས་ཀྱི་ལམ་དག་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ནོ། །མངོན་པར་ཤེས་པ་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆུད་མི་ཟ་བའི་ཚུལ་གྱིས་ཕན་པར་འགྱུར་བ་དེ་དག་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ཏེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། འགྲོ་བ་ལྔའི་འཁོར་བ་ན་འཁོར་ཡང་ཡོངས་སུ་ཉམས་པར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ནས། ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པས་སེམས་ཅན་རྣམས་ལ་འདི་སྐད་དུ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག ། ཁྱོད་ལུས་སམ། ངག་གམ། ཡིད་ཀྱིས་ལས་གང་བྱེད་ཀྱང་རུང་སྟེ། དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་སོ་སོར་རྟོགས་ཤིག་དང་། ཁྱོད་ཀྱི་ལས་དེ་དག་བདུད་རྩིར་འགྱུར་ཞིང་། བདུད་རྩིའི་འབྲས་བུ་དང་། བདུད་རྩིའི་མཐར་འགྱུར་ཏེ། རང་བཞིན་སྟོང་པ་ཉིད་ལ་ནི་གང་མངོན་པར་ཞེན་པའམ། ཡོངས་སུ་ཉམས་པར་འགྱུར་བའི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་ཉམས་པར་མི་འགྱུར་ལ། རང་བཞིན་གྱིས་སྟོང་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་


DKG031_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་པའི་ཕྱིར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལས་ཅི་ཞིག་ཡོངས་སུ་ཉམས་པར་འགྱུར་ཞེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་ལྟར་སེམས་ཅན་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རང་བཞིན་གྱིས་སྟོང་པ་ཉིད་ལ་འཛུད་པར་བྱེད་དོ། །དེ་དེ་ལྟར་འདོམས་ཤིང་དེ་ལྟར་རྗེས་སུ་སྟོན་པ་དང་། རང་བཞིན་གྱིས་སྟོང་པ་ཉིད་ལ་འཛུད་པར་བྱེད་པའི་ཚེ། ནམ་དུ་ཡང་བྱ་བ་མ་ཡིན་པ་མི་བྱེད་དེ། དེ་བདག་ཀྱང་རྟག་པར་རྒྱུན་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པར་བྱེད་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་གོ །དེ་བཞིན་དུ་བདག་ཀྱང་བསླབ་པའི་གཞི་ལྔ་དང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་བར་དག་ལ་གནས་པར་བྱེད་ལ། གཞན་དག་ཀྱང་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་བསམ་གཏན་བཞི་པའི་བར་དག་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་བསམ་གཏན་བཞི་པའི་བར་དག་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་རྟག་པར་རྒྱུན་དུ་བྱམས་པ་ལ་གནས་པ་ཡིན་ཞིང་གཞན་དག་ཀྱང་རྟག་པར་རྒྱུན་དུ་བྱམས་པ་བསྒོམ་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་བཏང་སྙོམས་ཀྱི་བར་དག་སྒོམ་ལ། གཞན་དག་ཀྱང་བཏང་སྙོམས་ཀྱི་བར་དག་ལ་བསྒོམ་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་དག་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་ལ། གཞན་དག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་


DKG031_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པར་བྱེད་དོ། །བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ལ་སྒོམ་ལ། གཞན་དག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་བསྒོམ་པ་ཡང་དག་པར་འཛིན་དུ་འཇུག་གོ །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་ལ། གཞན་དག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པར་བྱེད་དོ། །བདག་ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་སྒྲུབ་པ་ལ་སློབ་ལ། གཞན་དག་ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྒྲུབ་པ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པར་བྱེད་དོ། །བདག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་། དེ་ལ་གནས་པར་ཡང་མི་བྱེད་ལ། གཞན་དག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཤེས་པ་ལ་འགོད་པར་བྱེད་དོ། །བདག་ཀྱང་དགྲ་བཅོམ་པ་ཉིད་ཀྱི་བར་དག་གི་ཤེས་པ་སྐྱེད་ཅིང་། དེ་ལ་གནས་པར་ཡང་མི་བྱེད་ལ། གཞན་དག་ཀྱང་དགྲ་བཅོམ་པ་ཉིད་ཀྱི་ཤེས་པ་ལ་འགོད་པར་བྱེད་དོ། །བདག་ཀྱང་རང་བྱང་ཆུབ་ཀྱི་ཤེས་པ་སྐྱེད་ཅིང་དེ་ལ་གནས་པར་ཡང་མི་བྱེད་ལ། གཞན་དག་ཀྱང་རང་བྱང་ཆུབ་ཀྱི་ཤེས་པ་ལ་འདུལ་ཞིང་འཛུད་དེ་འགོད་པར་བྱེད་དོ། །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྐྱེད་པར་བྱེད་ལ། གཞན་དག་ཀྱང་ལམ་དེ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དང་། འདུལ་ཞིང་འཛུད་དེ་འགོད་པར་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་ནམ་དུ་ཡང་བྱ་བ་མ་ཡིན་པ་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་མི་དམིགས། ཆོས་དང་ལམ་ཡང་མི་དམིགས་ན། བཅོམ་ལྡན་


DKG031_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། རང་བཞིན་གྱི་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་དམིགས་སུ་མེད། ཆོས་དང་ལམ་ཡང་དམིགས་སུ་མེད་དོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་སྟོན་པར་ཡང་མི་འགྱུར་བ་ཞིག་ན་རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ལ། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་རང་བཞིན་གྱིས་སྟོང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་རང་བཞིན་གྱིས་སྟོང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་བར་དག་ཀྱང་རང་བཞིན་གྱིས་སྟོང་སྟེ། རབ་འབྱོར་གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཕུང་པོ་ལྔ་པོ་དག་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་


DKG031_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་བར་དག་ཀྱང་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་ལ། དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་བ་ཞིག་ན། རང་བཞིན་གྱིས་སྟོང་པ་ཉིད་ནི་འཇིག་པར་ཡང་མི་འགྱུར་ཞིང་། ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན་ཏེ། ཕྱིས་མེད་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཤིང་། དེ་ནི་གང་ནས་ཀྱང་འོང་བ་མ་ཡིན། གང་དུ་ཡང་འགྲོ་བ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཆོས་གནས་པ་ཉིད་ཡིན་ཏེ། དེ་ལ་ནི་འཕེལ་བའམ། འགྲིབ་པའམ། སོགས་པའམ། འཇིག་པའམ། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་


DKG031_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཀྱང་། ཆོས་གང་ཡང་འཇིག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་ནི་གནས་པ་ཡང་མེད་ཅིང་འཇིག་པ་མེད་པ་སྟེ། དེ་ནི་ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་གང་ལ་ཡང་སྒྲིབ་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་རོ། །དེ་ནི་འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་དེ་ལ་བདག་མི་དམིགས་ཤིང་། བདག་ཏུ་གདགས་པ་ཡང་མི་དམིགས་ལ། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། གསོ་བ་པོ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་ཡང་མི་དམིགས། མཐོང་བ་པོར་གདགས་པ་ཡང་མི་དམིགས། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མི་དམིགས། རྣམ་པར་ཤེས་པར་གདགས་པ་ཡང་མི་དམིགས། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ཀྱང་མི་དམིགས། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་ཀྱང་མི་དམིགས། དཔེ་བྱད་བཟང་པོ་བརྒྱད་ཅུར་གདགས་པ་ཡང་མི་དམིགས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཙོམ་ཟ་བར་འགྱུར་བ་ལྟ་ག་ལ་ཡོད། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཞིག་ལ་བསྐལ་པ་ཁྲག་ཁྲིག་སྙེད་དུ་རྒྱུན་མི་ཆད་པར་ཆོས་བསྟན་པར་གྱུར་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྤྲུལ་པ་དེ་དག་ལ་རྒྱུན་དུ་


DKG031_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་འབྲས་བུ་འཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་འཐོབ་པའམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་སྐལ་པ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ལ་དངོས་པོ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུང་བར་བྱ་བའི་སེམས་ཅན་གང་ཞིག་ཡོད་དེ། གཞན་དུ་ན་ཕྱིན་ཅི་ལོག་གིས་ཀུན་ནས་དཀྲིས་པའི་སྐྱེ་དགུ་རྣམས་ཕྱིན་ཅི་ལོག་མེད་པ་ལ་འཛུད་ཅིང་འགོད་པར་བྱེད་དོ། །རྟོག་པའི་རྒྱུ་འཐུན་པ་མ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་གང་ཡིན་པ་དེ་ཉིད་ཕྱིན་ཅི་ལོག་མ་ཡིན་པ་སྟེ། རྟོག་པ་མེད་ཅིང་ཕྱིན་ཅི་ལོག་མེད་པའོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་ནི་བདག་མེད་དོ། །སེམས་ཅན་མེད་དོ། །ཤེས་པ་པོ་དང་། མཐོང་བ་པོའི་བར་དག་མེད་དོ། །དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དག་མེད་དོ། །གང་ལ་བདག་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དག་མེད་པ་དང་། གཟུགས་མེད་པ་དང་། ཚོར་བ་མེད་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དང་། བྱང་ཆུབ་ཀྱི་བར་དག་མེད་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས། སེམས་ཅན་གྱི་འདུ་ཤེས་


DKG031_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བར་བྱེད་དོ། །གཟུགས་ཀྱི་འདུ་ཤེས་དང་། གཟུགས་མེད་པའི་འདུ་ཤེས་ཀྱི་བར་དག་ལས་གྲོལ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ལས་རྣམ་པར་གྲོལ་བར་བྱེད་དོ། །ཟག་པ་མེད་པའི་ཆོས་གང་ཡིན་པ་དེ་དག་ཀྱང་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སྟེ། དེ་ཡང་དེ་ལ་དོན་དམ་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །དེ་ལྟར་འདུས་མ་བྱས་པ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ནོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡིན་ཏེ་དེ་ལ་ནི་བདག་མེད་དོ། །སེམས་ཅན་མེད་དོ། །ཤེས་པ་པོ་དང་། མཐོང་བ་པོའི་བར་དག་མེད་དོ། །གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་དོན་མ་གཏོགས་པར་ལམ་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་མི་བྱེད་དོ། །གང་རང་བཞིན་གྱིས་སྟོང་པ་ཉིད་དེ་ཡང་སྔོན་གྱི་མཐའ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། དེ་ནི་ཕྱི་མའི་མཐའ་དང་། དབུས་སུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ནི་ནམ་ཡང་རང་བཞིན་གྱིས་མི་སྟོང་པ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སེམས་ཅན་རྣམས་སེམས་ཅན་དུ་འདུ་ཤེས་པ་དང་། འདུ་ཤེས་ཐམས་ཅད་ལས་དགྲོལ་བའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པར་བྱེད་དོ། །


DKG031_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་དང་། ལམ་ཐམས་ཅད་ལ་ཡང་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅོད་དེ། འདི་ལྟ་སྟེ་རང་བཞིན་གྱིས་སྟོང་པ་ཉིད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཚུལ་ཡིན་ནོ། །རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ཡིན་ཏེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་འབྱུང་བ་མ་གཏོགས་པར་གཞན་ལས་འཇིག་རྟེན་དུ་འབྱུང་བར་མི་འགྱུར་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་ཡང་སྤྱོད་ལ། གཟུགས་ཀྱང་གཞན་


DKG031_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་མ་ལགས། ཚོར་བ་ཡང་གཞན། འདུ་ཤེས་ཀྱང་གཞན། འདུ་བྱེད་རྣམས་ཀྱང་གཞན། རྣམ་པར་ཤེས་པ་ཡང་གཞན་ཞིང་རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་མ་ལགས་ལ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བྱང་ཆུབ་ཀྱི་བར་དག་ཀྱང་གཞན་ཞིང་། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ལགས་ལ། རང་བཞིན་གྱི་སྟོང་པ་ཉིད་ཀྱང་གཟུགས་ལགས་ཤིང་བྱང་ཆུབ་ཀྱི་བར་ཉིད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ལགས་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་བྱང་ཆུབ་ལགས་པར་རང་བཞིན་གྱིས་སྟོང་པ་ཉིད་དེ་ཡང་རྣམ་པར་འཁྲུགས་པ་མི་བགྱིད་པ་དེ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་གཟུགས་ཀྱང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་ཞིང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་ཞིག་ཡིན་པར་གྱུར་ན་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ། བྱང་ཆུབ་ཀྱི་བར་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་གཟུགས་ཉིད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཟུགས་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཉིད་ཡིན། བྱང་ཆུབ་ཀྱི་


DKG031_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བར་དག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་བྱང་ཆུབ་ཉིད་ཡིན་ཏེ། དེའི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་རང་བཞིན་གྱིས་སྟོང་པར་རིག་ནས། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པར་རིག་ནས། བྱང་ཆུབ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་རྣམ་པར་འཇིག་པའམ། ཐེར་ཟུག་ཏུ་གནས་པའམ། འཇུག་པར་འགྱུར་བའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །གཞན་དུ་ན་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་གྱིས་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །རབ་ཏུ་མི་ཤེས་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཟུགས་ལ་མངོན་པར་ཞེན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་ཏོ། །གཟུགས་ལ་མངོན་པར་ཞེན་ཅིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་ནས་ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་ལ་སྤྱོད་པར་བྱེད་དེ། དེ་དག་ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་ལ་མངོན་པར་ཞེན་ནས་ཀྱང་། ནང་དང་ཕྱིའི་དངོས་པོ་རྣམས་ལ་མངོན་པར་ཞེན་ཏོ། །མངོན་པར་ཞེན་ནས་ཀྱང་སྐྱེ་བའི་སྐྱེ་མཆེད་དག་ཏུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་འཛིན་པར་བྱེད་དེ། དེ་དག་ནི་སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་དག་ལས་ཡོངས་སུ་མི་འགྲོལ་ཞིང་། འགྲོ་བ་ལྔའི་


DKG031_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལས་ཀྱང་ཡོངས་སུ་མི་ཐར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་གཟུགས་རྣམ་པར་འཁྲུགས་པར་མི་བྱེད་དོ། །སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་བྱང་ཆུབ་ཀྱི་བར་དུ་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གཟུགས་སོ། །འདི་ནི་སྟོང་པ་ཉིད་དོ་ཞེས་གཟུགས་ཀྱི་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ཅིང་། འདི་ནི་རྣམ་པར་ཤེས་པའི་བར་རོ། །འདི་ནི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ། །དེ་བཞིན་དུ་སྦྱར་ཏེ། འདི་ནི་བྱང་ཆུབ་ཀྱི་བར་རོ། །འདི་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །ཞེས་རྣམ་པར་འཁྲུགས་པར་མི་བྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁས་ནི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དེ། ནང་གི་ནམ་མཁས་ཀྱང་ཕྱི་རོལ་གྱི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་ལ། ཕྱི་རོལ་གྱི་ནམ་མཁས་ཀྱང་ནང་གི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ཀྱང་གཟུགས་རྣམ་པར་འཁྲུགས་པར་མི་བྱེད་ལ། གཟུགས་ཀྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱིས་ཀྱང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་འཁྲུགས་པར་མི་བྱེད་ལ། རྣམ་པར་ཤེས་པས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་བར་དུ་རྣམ་པར་འཁྲུགས་པར་མི་བྱེད་ལ། བྱང་ཆུབ་ཀྱི་བར་གྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་འདི་ནི་གཟུགས་སོ། །འདི་ནི་སྟོང་པ་ཉིད་དོ་ཞེས་བྱ་བ་དང་། འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ། །འདི་ནི་སྟོང་པ་ཉིད་དོ། །དེ་བཞིན་དུ་སྦྱར་


DKG031_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདི་ནི་བྱང་ཆུབ་ཀྱི་བར་རོ། །འདི་ནི་སྟོང་པ་ཉིད་དོ་ཞེས་གང་རྣམ་པར་འཁྲུགས་པར་བྱེད་པ་དེ་ལྟ་བུའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཞེས་གང་ལ་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་སུ་དབྱེར་མ་མཆིས་པ་ལགས་ཏེ། གཉིས་སུ་འབྱེད་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་ནི་གཉིས་ལ་སྤྱོད་པ་མ་ཡིན་ཏེ། བྱང་ཆུབ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ་ཞེས་བྱང་ཆུབ་ལ་གཉིས་སུ་དབྱེ་བས་མི་སྤྱོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་གཟུགས་ལ་མི་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །བྱང་ཆུབ་ཀྱི་བར་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་བདག་ཅེས་བྱ་བའི་སྒྲ་མེད་དེ། །བདག་གཟུགས་ལ་སྤྱོད་དོ་ཞེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་དོ་ཞེས་བྱ་བ་དང་། བྱང་ཆུབ་ཀྱི་བར་ལ་སྤྱོད་དོ་ཞེས་བྱ་བའི་སྒྲ་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་འཛིན་པ་ལ་ཡང་མི་སྤྱོད། འཛིན་པ་མེད་པ་ལ་ཡང་མི་སྤྱོད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་


DKG031_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མི་སྤྱོད། འཛིན་པ་མ་མཆིས་པ་ལ་ཡང་མི་སྤྱོད་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་གང་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པའི་བྱང་ཆུབ་འཛིན་པའམ། འཛིན་པ་མེད་པ་གང་ཞིག་ལ་སྤྱོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པའམ། འཛིན་པ་མེད་པ་གང་ཞིག་ལ་སྤྱོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དགྲ་བཅོམ་པ་ལ་གཡར་ལམ་ཡང་གཏན་མ་མཆིས་ལགས་ན། དེའི་གཡར་ལམ་གྱི་བློ་འཛིན་པའམ། འཛིན་པ་མ་མཆིས་པ་ལ་སྤྱོད་པར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱང་འཛིན་པའམ། འཛིན་པ་མེད་པ་ལ་མི་སྤྱོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མི་སྤྱོད། འཛིན་པ་མ་མཆིས་པ་ལ་ཡང་མི་སྤྱོད། གཟུགས་ལ་ཡང་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་མི་སྤྱོད་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས། ས་བཅུ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་བཅུ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་བསྒྲུབས་ཏེ། མངོན་པར་ཤེས་པ་ལྔ་ལ་གནས་ནས། ས་བཅུ་ཡོངས་སུ་རྫོགས་པར་བགྱིས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལས་ཞུགས་ནས་


DKG031_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་ཅིང་ས་བཅུ་ལ་མ་གནས། མངོན་པར་ཤེས་པ་ལྔའི་བར་དག་ལ་མ་གནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བགྱིས། སེམས་ཅན་ཡོངས་སུ་སྨིན་པར་མ་བགྱིས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ས་བཅུ་ལ་མ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དག་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། རབ་འབྱོར་ས་བཅུ་ཡོངས་སུ་རྫོགས་པར་བྱས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་དག་ཡོངས་སུ་རྫོགས་པར་བྱས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་སོ། །རབ་འབྱོར་དེ་ཡང་གཟུགས་ཀྱི་རང་བཞིན་ལ་གནས་ཤིང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ལ་གནས་ལ། བྱང་ཆུབ་ཀྱི་བར་གྱི་རང་བཞིན་ལ་གནས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་སོ། །རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ། དེ་ནི་ཆོས་གང་ཡང་སྩོགས་པའམ། འབྲི་བའམ། བསྐྱེད་པའམ།


DKG031_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། འཐོབ་པའམ། མངོན་པར་རྟོགས་པར་མི་བྱེད་དོ། །རབ་འབྱོར་དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པའི་ཆོས་ཉིད་ཉེ་བར་བཟུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཟད་ཀྱི། དོན་དམ་པར་ནི་དེ་ལ་གཟུགས་སམ། བྱང་ཆུབ་ཀྱི་བར་རམ། གང་བྱང་ཆུབ་ལ་སྤྱོད་པ་གང་ཡང་མེད་དེ། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པར་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་སེམས་དེ་དང་། སེམས་ཅན་དང་། བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་དག་མི་དམིགས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གི་ཚེ་རབ་འབྱོར་ཁྱོད་ཀྱིས་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་དབང་པོ་རྣམས་ཐོབ་བམ། བར་ཆད་མེད་པའི་ཏིང་ངེ་འཛིན་ཏམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་འམ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་འམ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ་རྨི་ལམ་འམ། སེམས་སམ་ལམ་འམ། འབྲས་བུ་དམིགས་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འོ་ན་ཇི་ལྟར་རབ་འབྱོར་གྱིས་དགྲ་བཅོམ་པ་ཉིད་ཐོབ་བོ་ཞེས་ཤེས་པ་བརྡ་སྤྲད་པར་གྱུར། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཐ་སྙད་དུ་བཟུང་སྟེ། ཤེས་པ་བརྡ་སྤྲད་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ནོ། །གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་འཇིག་རྟེན་


DKG031_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཉེ་བར་བཟུང་ན་བྱང་ཆུབ་ལ་གང་སོགས་པའམ། འབྲི་བར་བྱེད་པའམ། ཕན་འདོགས་པའམ། གནོད་པར་བྱེད་པའི་ཆོས་གང་ཡང་མ་དམིགས་ཏེ། ཆོས་རྣམས་ཀྱི་རང་བཞིན་དེ་ཡང་མ་དམིགས་ན་སེམས་དང་པོ་བསྐྱེད་པ་དམིགས་པར་འགྱུར་བ་དང་། སེམས་བསྐྱེད་པ་བཅུ་པའི་བར་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དག་དམིགས་པར་འགྱུར་བ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། མི་འཁྲུགས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་ལྔ་པའོ།། །།


previousབདུན་པ་ཅུ་རྩ་ལྔ་པ། མི་འཁྲུགས་པ་བསྟན་པའི་ལེའུ། next