Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
བདུན་པ་ཅུ་རྩ་བརྒྱད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ་ཅུ་རྩ་བརྒྱད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པའི་ལེའུ། next

བདུན་པ་ཅུ་རྩ་བརྒྱད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པའི་ལེའུ།


DKG031_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པ་ཞེས་བགྱིའམ། འོན་ཏེ་མ་ངེས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པ་ཡིན་ཏེ། མ་ངེས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུང་པོའམ། རང་སངས་རྒྱས་ཀྱི་ཕུང་པོའམ། ཕུང་པོ་གང་དུ་ངེས་པ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཕུང་པོའམ། རང་སངས་རྒྱས་ཀྱི་ཕུང་པོར་ངེས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཕུང་པོར་ངེས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་


DKG031_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སེམས་དང་པོ་བསྐྱེད་པ་ངེས་པ་ལགས་སམ། འོན་ཏེ་ཕྱིར་མི་ལྡོག་པའམ། འོན་ཏེ་སྲིད་པ་ཐ་མ་པ་ངེས་པ་ཞེས་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཡང་ངེས་པ་ཡིན་ནོ། །ཕྱིར་མི་ལྡོག་པ་ཡང་ངེས་པ་ཡིན་ནོ། །སྲིད་པ་ཐ་མ་པ་ཡང་ངེས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་གྱུར་པ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་གྱུར་པ་ནི་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བརྒྱད་པའམ། རྒྱུན་ཏུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་གྱུར་པ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སྒོམ་ཞིང་། མི་དགེ་བའི་ཆོས་ཐམས་ཅད་སྤོང་བའི་དོན་དུ་གནས་པ་དེ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །ལྷ་ཚེ་རིངས་པོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །གང་ན་དགེ་བའི་ཆོས་རྣམས་མི་སྤྱོད་པ་དང་། ལུག་ལྟར་ལྐུགས་པར་འགྱུར་བའི་ལུས་རྣམས་སུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཆོམ་རྐུན་པ་དང་། ཀླ་ཀློ་དང་། ཡུལ་མཐའ་འཁོབ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །གང་ན་སངས་


DKG031_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྒྲ་མེད་པ་དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་མེད་པ་དེ་ལྟ་བུར་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །བྱེད་པ་མེད་པའི་ལྟ་བ་རྣམས་ལ་འདུན་པར་འགྱུར་བ་དེ་ནི་གནས་མེད་དོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པར་འགྱུར་བ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པ་ཡང་འདི་ལྟ་སྟེ། མི་འཐུན་པའི་གནས་རྣམས་སུ་སྐྱེ་བར་མི་འགྱུར་བ་ལགས་ན། གང་དེ་བཞིན་གཤེགས་པ་ཉིད་ཀྱིས་དུད་འགྲོའི་འགྲོ་བར་སྐྱེས་པའི་རབས་བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དགེ་བའི་ལས་ཀྱིས་དུད་འགྲོའི་འགྲོ་བར་སྐྱེ་བ་མ་ཡིན་མོད་ཀྱི། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་ལྟ་བུའི་ལུས་ཐབས་ལ་མཁས་པས་བསམས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་ཡོངས་སུ་འཛིན་པར་བྱེད་དོ། །རབ་འབྱོར་ཐབས་ལ་མཁས་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཤིང་། གང་དག་དེ་གསད་པའི་ཕྱིར་རྟུལ་བར་བྱེད་ན། དེ་དག་བླ་ན་མེད་པའི་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། འདུལ་ཞིང་འགོད་པར་བྱེད་དེ། དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་བདག་གི་ལུས་ཡོངས་སུ་གཏོང་ཞིང་། སེམས་ཅན་དེ་དག་ལ་རྣམ་པར་ཐོ་འཚམ་པ་མི་བྱེད་པ་དེ་ལྟ་བུའི་ཐབས་ལ་མཁས་པ་དགྲ་བཅོམ་པ་དག་དང་། རང་སངས་རྒྱས་དག་ལ་ཡོད་དམ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་


DKG031_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་དོན་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་བྱེད་ཀྱང་། དུད་འགྲོའི་སྐྱེ་གནས་སུ་འགྲོ་བའི་ཉེས་པས་མི་གོས་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་ཆོས་གང་དག་ལ་གནས་ཤིང་། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་མི་བྱ་བའི་དགེ་བའི་ཆོས་དེ་ལྟ་བུ་ཡང་གང་ཞིག་ཡོད་དེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཡོངས་སུ་རྫོགས་པར་མི་བྱ་བའི་དགེ་བའི་ཆོས་གང་ཡང་མེད་དོ། །དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཅད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱ་སྟེ། དེ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ཅིང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་དང་ལྡན་པ། འཕགས་པ་ཟག་པ་མ་མཆིས་པའི་ལས་ཀྱིས་ཇི་ལྟར་ངན་སོང་རྣམས་སམ། དུད་འགྲོའི་སྐྱེ་གནས་དག་ཏུ་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་ཇི་དེ་བཞིན་གཤེགས་


DKG031_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕགས་ཤིང་ཟག་པ་མེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་ནི་འཕགས་ཤིང་ཟག་པ་མི་མངའ་བ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཇི་དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སུ་མངོན་པར་སྤྲུལ་པ་མཛད་ཅིང་། དེར་མངོན་པར་སྤྲུལ་ནས་ཀྱང་། སངས་རྒྱས་ཀྱི་མཛད་པ་མི་མཛད་དམ། གསོལ་པ། བཅོམ་ལྡན་འདས་མཛད་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཇི་འོ་ན་དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཇི་དེ་བཞིན་གཤེགས་པས་དུད་འགྲོའི་སྐྱེ་གནས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཕགས་པའི་ཆོས་དཀར་པོ་ཟག་པ་མེད་པ་དང་ལྡན་ཡང་བསམས་བཞིན་དུ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་བྱེད་ཅིང་། ལུས་དེས་ཇི་རིགས་ཇི་ཚུལ་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་ཞིག་མངོན་པར་སྤྲུལ་ན། སྤྲུལ་པ་དེ་དགྲ་བཅོམ་པའི་ལས་བྱེད་ཅིང་། ལས་དེས་གཞན་དག་དགའ་བ་སྐྱེ་བར་འགྱུར་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཕགས་པའི་ཆོས་དཀར་པོ་ཟག་པ་མེད་པ་དང་ལྡན་ཡང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། ལུས་དེ་ལྟ་བུ་དེས་སྡུག་བསྔལ་བ་ཡང་མེད་ལ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་ཡང་མེད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྒྱུ་མའི་གླང་པོ་ཆེའི་གཟུགས་སམ། རྟའི་གཟུགས་སམ། བ་ལང་གི་གཟུགས་དག་བསྟན་ཏམ། སྲོག་ཆགས་ཀྱི་གཟུགས་རྣམ་པ་སྣ་ཚོགས་


DKG031_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་བསྟན་ན། དེ་ལ་གླང་པོ་ཆེར་འགྱུར་བའམ། རྟར་འགྱུར་བའམ། བ་ལང་དུ་འགྱུར་བའམ། སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་གཞན་དག་ཏུ་འགྱུར་བ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་དཀར་པོ་ཟག་པ་མེད་པ་དང་ལྡན་ཡང་བསམས་བཞིན་དུ་དེ་ལྟ་བུའི་ལུས་ཉེ་བར་སྟོན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་འཕགས་པའི་ཡེ་ཤེས་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་ཞིང་ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་བགྱིད་པར་རྔོ་ཐོགས་པ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་བགྱིད་པ་ནི་ཐབས་ལ་མཁས་པ་ཆེ་བ་ལགས་སོ། །བཅོམ་ལྡན་འདས་དཀར་པོའི་ཕྱོགས་ཀྱི་ཆོས་གང་དག་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་དེ་ལྟ་བུ་དག་བགྱིད་ཀྱང་ལས་དེ་དང་དེས་གོས་པར་མི་འགྱུར་བ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ཐབས་ལ་མཁས་པ་དེ་དང་ལྡན་པས་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། དེས་དེ་ལ་རེག་པར་འགྱུར་བ་ཅི་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གང་རེག་པར་འགྱུར་བའམ། གང་གིས་རེག་པར་འགྱུར་བའམ། གང་ལ་རེག་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གསུམ་པོ་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པས་ན། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་རེག་པར་མི་བྱེད་ལ། སྟོང་པ་


DKG031_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་ཆོས་གང་ལ་ཡང་རེག་པར་མི་བྱེད་ཅིང་། སྟོང་པ་ཉིད་ཀྱང་རེག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ནི་མི་དམིགས་པ་སྟོང་པ་ཉིད་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་གནས་ཀྱི། ཆོས་གཞན་དག་ལ་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་འདུས་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་པ་ལགས་ན། ཇི་ལྟར་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་པ་ལགས། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་འདུས་པ་དང་། མ་འདུས་པའི་ཆོས་གང་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པས། སྟོང་པ་ཉིད་དུ་ཆོས་ཐམས་ཅད་མ་འདུས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡིན་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདུས་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཐབས་ལ་མཁས་པ་དེ་ལྟ་བུ་འདི་བྱེད་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཏེ། མངོན་པར་ཤེས་པ་གང་ལ་གནས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆི་ཞིང་འཇིག་


DKG031_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ལ་བསྙེན་བཀུར་བགྱིད་ཅིང་ཆོས་ཉན་པ་དང་། དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་བསྐྲུན་པར་འགྱུར་བའི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ལ། དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ཞིང་། མིང་དང་བརྡར་བཏགས་པ་བཟུང་སྟེ། བསྟན་པ་མ་གཏོགས་པར་བཏགས་པ་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །གལ་ཏེ་འཇིག་རྟེན་གྱི་ཁམས་དེ་དག་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ཞིང་། བཏགས་པའི་སྤྱོད་པ་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ན་ནི། དེ་ལྟ་ན་ཉི་ཚེ་བའི་སྟོང་པ་ཉིད་དུ་འགྱུར་བ་ཞིག་ན། འདི་ལྟར་ཉི་ཚེ་བའི་སྟོང་པ་ཉིད་དམིགས་སུ་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་བྱེད་དེ། མངོན་པར་ཤེས་པ་དེ་ལ་གནས་ནས་ལྷའི་མིག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་གྱི་བྱ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་པར་སྒྲུབ་པར་བྱེད་དོ། །མངོན་པར་ཤེས་པ་མེད་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་


DKG031_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་འདིར་འདུས་པས། མངོན་པར་ཤེས་པ་དེ་དག་ཉིད་ལས་བྱང་ཆུབ་བཙལ་བར་བྱའོ། །དེ་ཚོལ་བ་ན་ལྷའི་མིག་གིས་བདག་གིས་ཀྱང་དགེ་བའི་ཆོས་ཐམས་ཅད་མཐོང་ལ་གཞན་དག་ཀྱང་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་ཀྱང་དགེ་བའི་ཆོས་དེ་དག་ལ་དངོས་པོར་མངོན་པར་ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པས་ན། སྟོང་པ་ཉིད་ནི་གང་ལ་ཡང་མངོན་པར་ཞེན་པ་མེད་ལ། སྟོང་པ་ཉིད་ལ་ནི་རོ་མྱང་བར་བྱ་བ་མེད་པས། དེ་ལ་མངོན་པར་ཞེན་པ་མེད་ཅིང་རོ་མྱང་བར་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ལྷའི་མིག་མངོན་པར་སྒྲུབ་བོ། །ལྷའི་མིག་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཉིད་དེ་ལ་གནས་ཤིང་། ལུས་གང་བསྐྱེད་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ལུས་སྐྱེད་པར་བྱེད་དེ། སེམས་ཅན་ནམ་སེམས་ཅན་དུ་བཏགས་པ་ཡང་དམིགས་སུ་མེད་དོ། །ཞེས་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པས་གང་དག་བྱ་བའི་ཆོས་དེ་དག་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྷའི་མིག་རྣམ་པར་དག་པ། མིའི་ལས་ཤིན་ཏུ་འདས་པས་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་ཕྱོགས་མཚམས་རྣམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཀྱང་མཐོང་ངོ་། །དེ་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། བྱང་ཆུབ་སེམས་དཔའི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་


DKG031_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དོ། །དེ་ལ་སེམས་ཅན་སེར་སྣ་ཅན་གང་ཡིན་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག ། དབུལ་བ་ནི་སྡུག་བསྔལ་བ་སྟེ། དབུལ་པོས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་ཁྱེད་ཅག་སྦྱིན་པ་བྱིན་ལ་བདག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག། དབུལ་བས་ཟིལ་གྱིས་ནོན་ཅིང་། ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་པོ་དག་ལས་མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ལ་ནི་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་འཆལ་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་འཆལ་པས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་འཆལ་པའི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེའི་ཕྱིར་ཁྱེད་ཅག་ངན་སོང་གསུམ་པོ་དག་ཏུ་ལྟུང་ན། བདག་ཀྱང་འབྱིན་པར་མི་ནུས་ན། གཞན་དག་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཅག་གིས་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མ་དབྱེ་ཤིག ། ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་གང་དག་ཕན་ཚུན་འཁྲུག་ཅིང་། གནོད་སེམས་སུ་བྱེད་པ་དེ་དག་ལ་ནི་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཁྱེད་ཅག་གཅིག་ལ་གཅིག་འཁྲུགས་པར་མ་བྱེད་ཅིག ། སེམས་འཁྲུགས་པར་གྱུར་པ་ལ་ནི་དགེ་བའི་ཆོས་འགའ་ཡང་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་ཁྱེད་ཅག་ཕན་ཚུན་འཁྲུག་ཅིང་གནོད་སེམས་སུ་བྱེད་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བའི་གནས་ཡིན་གྱིས། དེ་བས་ན་ཁྱེད་ཅག་གིས་ཁྲོ་བ་དང་། འཁྲུག་པའི་སེམས་དང་གནོད་སེམས་འགའ་ཡང་བསྐྱེད་པར་མི་བྱ་ན། མི་དགེ་བའི་སེམས་གཞན་དག་གི་གོ་སྐབས་དབྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཆོས་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་ལེ་ལོ་ཅན་གང་ཡིན་པ་དེ་དག་ནི་བརྩོན་འགྲུས་ལ་སྦྱོར་བར་བྱེད་དོ། །སེམས་རྣམ་པར་གཡེངས་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་དོ། །ཤེས་


DKG031_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཆལ་པ་གང་ཡིན་པ་དེ་དག་ནི་ཤེས་རབ་ལ་སྦྱོར་བར་བྱེད་དོ། །འདོད་ཆགས་སྤྱོད་པ་གང་ཡིན་པ་དེ་དག་ནི་མི་སྡུག་པ་སྒོམ་པ་ལ་སྦྱོར་བར་བྱེད་དོ། །ལམ་ངན་པར་ཞུགས་པ་གང་ཡིན་པ་དེ་དག་ནི་ལམ་དུ་འཛུད་པར་བྱེད་དེ། ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་འམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་བར་བྱེད་དེ། ཁྱེད་ཅག་གང་ལ་མངོན་པར་ཞེན་པའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་བྱ་བར་མི་ནུས་ཏེ། སྟོང་པ་ཉིད་ལ་ནི་མངོན་པར་ཞེན་པ་མེད་དོ་ཞེས་དེ་དག་ལ་དེ་ལྟར་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པ་རྣམས་ལ་མི་གནས་པར་སེམས་ཅན་རྣམས་ལ་ཆོས་སྟོན་པའམ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལམ་དུ་འཛུད་པར་མི་ནུས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱ་འདབ་མ་མེད་པས་ནི་ནམ་མཁའ་ལ་འཕུར་མི་ནུས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་མངོན་པར་ཤེས་པ་རྣམས་ལ་མ་བརྟེན་པར་སེམས་ཅན་རྣམས་ལ་ཆོས་སྟོན་པར་མི་ནུས་སོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་པར་ཤེས་པ་མངོན་པར་བསྒྲུབས་པ་དེ་དག་གིས་སེམས་ཅན་གྱི་དོན་བྱ་བར་འདོད་པ་གང་ཡིན་པ་དེ་དག་བདེ་བླག་ཏུ་བྱེད་དོ། །དེས་ལྷའི་མིག་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མཐོང་ངོ་། །དེ་དག་ཏུ་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེས་དེ་དག་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ནས་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཤེས་པར་བྱེད་དོ། །ཤེས་པར་བྱས་ནས་ཀྱང་འདི་ལྟར་སྦྱིན་པའི་གཏམ་འམ། ཚུལ་ཁྲིམས་ཀྱི་གཏམ་འམ། འཕགས་པའི་བདེན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་


DKG031_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་གྱི་གཏམ་གྱིས་ཆོས་སྟོན་པར་བྱེད་དོ། །དེས་ལྷའི་རྣ་བས་མི་དང་མི་མ་ཡིན་པ་དག་གི་སྒྲ་ཡང་ཐོས་སོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་ཆོས་སྟོན་པ་དེ་དག་ཀྱང་ལྷའི་རྣ་བས་ཐོས་སོ། །ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་པར་བྱེད་དོ། །དེ་བཞིན་ཉིད་དུ་བཟུང་ནས་ཀྱང་སེམས་ཅན་རྣམས་ལ་སྦྱིན་པའི་གཏམ་འམ། མྱ་ངན་ལས་འདས་པའི་བར་དག་གི་གཏམ་གྱིས་ཆོས་སྟོན་པར་བྱེད་དོ། །དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་སེམས་ཀྱི་རྣམ་གྲངས་ཤེས་པ་དེས་སེམས་ཅན་རྣམས་ཀྱི་སེམས་ཤེས་པར་བྱས་ཤིང་། དེ་དག་ལ་འདི་ལྟར་སྦྱིན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་གཏམ་དག་གིས་ཆོས་སྟོན་པར་བྱེད་དོ། །དེ་བདག་དང་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དེས་འདི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་འདི་ཞེས་བྱ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འདི་སྙེད་ཅིག་བྱུང་ངོ་ཞེས་བྱ་བ་ཡང་རབ་ཏུ་ཤེས་སོ། །དེ་ན་སེམས་ཅན་གང་དག་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མོས་པ་དེ་དག་ལ་ཡང་འདི་ལྟར་སྦྱིན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་གཏམ་དག་གིས་ཆོས་སྟོན་པར་བྱེད་དོ། །དེ་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་རྣམ་པ་དུ་མར་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །དགེ་བའི་རྩ་བ་བསྐྱེད་ནས་ཀྱང་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་ཕྱིར་འོང་བར་བྱེད་དོ། །དེ་ཟག་པ་ཟད་པ་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དེས་སེམས་ཅན་རྣམས་ལ་འདི་ལྟར་སྦྱིན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་གཏམ་གྱིས་ཆོས་སྟོན་པར་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མངོན་པར་ཤེས་པ་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་པར་ཤེས་


DKG031_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་འདྲིས་པ་དེ་དག་གིས་ལུས་གང་དང་གང་འཛིན་པར་འདོད་པའི་ལུས་དེ་དང་དེ་ཡོངས་སུ་འཛིན་པར་བྱེད་ཀྱང་དེ་ལ་བདེ་བའམ། སྡུག་བསྔལ་བའམ། ཡིད་བདེ་བའམ། ཡིད་མི་བདེ་བ་འབྱུང་བར་མི་འགྱུར་ཏེ། རྗེས་སུ་ཆགས་པའམ། ཁོང་ཁྲོ་བར་ཡང་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེས་བུ་ནི་བྱ་བ་ཐམས་ཅད་བྱེད་ཀྱང་། དེ་ལ་བདེ་བའམ་སྡུག་བསྔལ་བས་གོས་པར་མི་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཀྱང་། བདེ་བའམ་སྡུག་བསྔལ་བས་གོས་པར་མི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་མངོན་པར་ཤེས་པས་རྣམ་པར་རྩེས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟར་མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་ཡོངས་སུ་རྫོགས་པར་བགྱིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཡན་ལག་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་


DKG031_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་ཏོ། །རབ་འབྱོར་དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དགེ་བའི་ཆོས་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དགེ་བའི་ཆོས་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་ཡིན་ནོ། །ཇི་ལྟར་སྦྱིན་པ་ལ་རྣམ་པར་མི་རྟོག་ཅེ་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་སྦྱིན་པའོ་ཞེས་སྦྱིན་པར་རྣམ་པར་མི་རྟོག་པ་དང་། འདི་ལ་སྦྱིན་པར་བྱའོ་ཞེས་བྱ་བ་དང་། བདག་གིས་སྦྱིན་པར་བྱའོ་ཞེས་གསུམ་པོ་དེ་དག་ལ་རྣམ་པར་མི་རྟོག་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བར་བྱེད་དོ། །རབ་འབྱོར་དགེ་བའི་ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། ལམ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཁོར་བ་ལས་རྒལ་ཏོ། །རྒལ་ལོ། །རྒལ་བར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། སྟོང་པ་ཉིད་བཅུ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་


DKG031_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་དང་། དགེ་བའི་ཆོས་བྱང་ཆུབ་ཀྱི་ལམ་ཇི་སྙེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་དག་ཡོངས་སུ་རྫོགས་པར་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་ཅིང་དེ་ཐོབ་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། བདུན་ཅུ་རྩ་བརྒྱད་པའོ།། །།


previousབདུན་པ་ཅུ་རྩ་བརྒྱད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པའི་ལེའུ། next