Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲུག་པ། བསླབ་པའི་ལེའུ།
   
   
   


 
previousདྲུག་པ། བསླབ་པའི་ལེའུ། next

དྲུག་པ། བསླབ་པའི་ལེའུ།


DKG031_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་དེ་སྐད་ཟེར་བ་ཡང་། ཤ་ར་དྭ་ཏིའི་བུ་ཆོས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་གཟུགས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱིས་ཀྱང་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱིས་ཀྱང་། ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་མིག་གི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་མིག་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་ཁམས་ཀྱི་བར་གྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཡིད་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་མིག་གི་རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདུས་བྱས་ཀྱི་ཁམས་ཀྱིས་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ལ། འདུས་མ་བྱས་ཀྱི་ཁམས་ཀྱིས་ཀྱང་། འདུས་བྱས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདུས་བྱས་ལ་མ་གཏོགས་པར་འདུས་མ་བྱས་ཀྱི་ཁམས་


DKG031_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པར་མི་ནུས་ལ། འདུས་མ་བྱས་ཀྱི་ཁམས་ལ་མ་གཏོགས་པར་ཡང་འདུས་བྱས་ཀྱི་ཁམས་གདགས་པར་མི་ནུས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ལ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ལགས་མོད་ཀྱི། འོན་ཀྱང་བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེའི་གཞིའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་གཞིའི་དོན་གྱི་བདག་ཉིད་མེད་པའི་ཕྱིར་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་དཔེར་ན་ནམ་མཁའ་ལ་བྱ་རྣམས་ཀྱི་རྗེས་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་རྨི་ལམ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྒྱུ་མ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྨིག་རྒྱུ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །དེ་བཞིན་དུ་བྲག་ཅ་དང་། མིག་ཡོར་དང་། ཆུ་ཟླ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་ཉིད་ལ་གཞི་མེད་དོ། །དེ་བཞིན་དུ་མ་ནོར་བ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་


DKG031_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ར་དྭ་ཏིའི་བུ་དཔེར་ན། ཡང་དག་པའི་མཐའ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ཀྱི་ཕུང་པོ་ལ་གཞི་མེད་དོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྒྱུ་མའི་སྐྱེས་བུའི་མིག་ལ་གཞི་མེད་དོ། །དེ་བཞིན་དུ་ཡིད་ཀྱི་བར་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་ཀྱི་སྐྱེ་མཆེད་ལ་གཞི་མེད་པ་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྒྱུ་མའི་སྐྱེས་བུ་ནང་སྟོང་པ་ཉིད་ལ་སྤྱོད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སྒྱུ་མའི་སྐྱེས་བུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྒྱུ་མའི་སྐྱེས་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་


DKG031_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་དོན་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མིག་ལ་གཞིའི་དོན་མེད་དོ། །དེ་བཞིན་དུ་ཡིད་ཀྱི་བར་ལ་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་ལ་གཞིའི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་ལ་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲན་པ་ཉེ་བར་གཞག་པ་རྣམས་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། འདུས་བྱས་ཀྱི་ཁམས་ལ། འདུས་མ་བྱས་ཀྱི་ཁམས་ཀྱི་གཞི་མེད་དོ། །འདུས་མ་བྱས་ཀྱི་ཁམས་ལ། འདུས་བྱས་ཀྱི་ཁམས་ཀྱི་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། སྐྱེ་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་འགག་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་


DKG031_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། དམིགས་སུ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པ་ལ་གཞི་མ་མཆིས་པ་ལགས། གང་གི་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་བར་ལ་གཞི་མ་མཆིས་པ་ལགས། གང་གི་རྣམ་པར་བྱང་བ་མ་མཆིས་པའི་བར་ལ་གཞི་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྐྱེ་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་བར་ལ་གཞི་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་མིག་གི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་གྱི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་མིག་གི་ཁམས་ཀྱི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་


DKG031_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་རྣམས་ཀྱི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་དྲུག་པ། ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། བདག་མེད་པ་ཉིད་ཀྱི་ཕྱིར་བདག་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པའི་ཕྱིར་སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་དུ་


DKG031_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་པོ་དང་། བྱེད་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་རྣམས་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། ཉི་མའི་དཀྱིལ་འཁོར་འཆར་བ་ལ་མུན་པའི་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བསྲེགས་པའི་བསྐལ་པ་འབྱུང་བ་ན། འདུ་བྱེད་དུ་གཏོགས་པ་ཐམས་ཅད་ཀྱི་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་འཆལ་བའི་ཚུལ་ཁྲིམས་ཀྱི་གཞི་མེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཕུང་པོ་ལ་སེམས་རྣམ་པར་གཡེང་བའི་གཞི་མེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕུང་པོ་ལ་འཆལ་བའི་ཤེས་རབ་ཀྱི་གཞི་མེད་དོ། །དེ་བཞིན་དུ་རྣམ་པར་གྲོལ་བའི་ཕུང་པོ་ལ་ཡང་། རྣམ་པར་མ་གྲོལ་བའི་གཞི་མེད་དོ། །དེ་བཞིན་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མ་ཡིན་པའི་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། དེ་བཞིན་གཤེགས་པའི་འོད་དང་། ཟླ་བ་དང་ཉི་མའི་འོད་ལ་གཞི་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། དེ་


DKG031_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཚངས་རིས་ནས་གནས་གཙང་མའི་བར་གྱི་ལྷ་རྣམས་ཀྱི་འོད་ལ་གཞི་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་གཞིའི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་པས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་མ་ཆགས་པར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའི་གཞིའི་དོན་གང་ལགས་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། ཐོགས་པ་མ་མཆིས་པ། འདི་ལྟ་སྟེ། མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པ་ལགས་ན། འོ་ན་ལ་ལ་ཞིག་འདི་སྐད་དུ་འདྲི་སྟེ། གལ་ཏེ་ཆོས་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ན། ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། ཞེས་དེ་སྐད་དུ་དྲིས་ན། དེ་ལ་བདག་གིས་ལན་ཇི་སྐད་དུ་གདབ་པར་བགྱི། དེ་བཞིན་དུ་ཅི་སྒྱུ་མའི་སྐྱེས་བུ་འདི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་


DKG031_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། དེ་བཞིན་དུ་ཅི་སྒྱུ་མའི་སྐྱེས་བུ་འདི་དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། དེ་བཞིན་དུ་སྦྱར་ཏེ། ཅི་སྒྱུ་མའི་སྐྱེས་བུ་འདི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། དེ་བཞིན་དུ་སྦྱར་ཏེ། ཅི་སྒྱུ་མའི་སྐྱེས་བུ་འདི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། དེ་བཞིན་དུ་སྦྱར་ཏེ། ཅི་སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ་ཞེས་བགྱི་བ་ནས། ཅི་སྒྱུ་མའི་སྐྱེས་བུ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ་ཞེས་དྲིས་ན། བཙུན་པ་བཅོམ་ལྡན་འདས་དེ་ལ་བདག་གིས་ལན་ཇི་སྐད་གདབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཤིག ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་


DKG031_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་གཞན་ལ། སྒྱུ་མ་ཡང་གཞན། སྟོང་པ་ཉིད་ཀྱང་གཞན་ལ། སྒྱུ་མ་ཡང་གཞན། མཚན་མ་མེད་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན། སྨོན་པ་མེད་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །དེ་ལྟར་ན་གཟུགས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་གཟུགས་ཡིན་ལ། གཟུགས་ཉིད་སྒྱུ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་སྒྱུ་མ་ཡིན་ལ། སྒྱུ་མ་ཉིད་རྣམ་པར་ཤེས་པ་ཡིན་ནོ། །དེ་བཞིན་དུ་མིག་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། མིག་ཉིད་སྒྱུ་མ་ཡིན་ལ། སྒྱུ་མ་ཉིད་མིག་ཡིན་ནོ། །དེ་བཞིན་དུ་ཡིད་ཀྱི་བར་དང་། དེ་བཞིན་དུ་སྦྱར་ཏེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ལ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྒྱུ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ལ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་སྒྱུ་མ་ཡིན་ནོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་དྲན་པ་ཉེ་བར་གཞག་པ་རྣམས་ཡིན་ལ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་སྒྱུ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་སྒྱུ་མ་ཡིན་ནོ། །དེ་


DKG031_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིན་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཉིད་སྒྱུ་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་རྣམས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་རྣམ་པར་ཐར་པའི་སྒོ་རྣམས་ཡིན་ལ། རྣམ་པར་ཐར་པའི་སྒོ་རྣམས་ཉིད་སྒྱུ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ཡིན་ཏེ། སྒྱུ་མ་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡིན་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཉིད་སྒྱུ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འོ་ན་སྒྱུ་མ་དེ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་དམིགས་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འོ་ན་སྒྱུ་མ་ལ་སྐྱེ་བའམ། འགག་པ་ཡོད་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མི་སྣང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྗེས་སུ་འཐོབ་པར་འགྱུར་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དང་། བརྡ་དང་། གདགས་པ་དང་། ཐ་སྙད་འདི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་འདོགས་སམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་ལ་མིང་མེད་པ་དང་། བརྡ་མེད་པ་དང་། བཏགས་པ་མེད་པ་དང་། ཐ་སྙད་མེད་པ་དང་། མིང་དུ་གདགས་


DKG031_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང་། ལུས་མེད་པ་དང་། ལུས་ཀྱི་ལས་མེད་པ་དང་། ངག་མེད་པ་དང་། ངག་གི་ལས་མེད་པ་དང་། ཡིད་མེད་པ་དང་། ཡིད་ཀྱི་ལས་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས། རྟག་ཏུ་སྒྱུ་མའི་སྐྱེས་བུ་ལྟར་བསླབ་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག ། སྒྱུ་མའི་སྐྱེས་བུ་ལྟ་བུར་རིག་པར་བགྱི་བའི་སླད་དུའོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འོ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཕུང་པོ་ལྔ་པོ་དག་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ལ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དེ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་


DKG031_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་རྨི་ལམ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ལ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དེ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཕུང་པོ་ལྔ་པོ་དག་བྲག་ཅ་ལྟ་བུ་ཡིན་སྙམ་འམ། དེ་བཞིན་དུ་མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཅི་ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུ་ལགས་ཤིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ལགས་ལ། རྣམ་པར་ཤེས་པ་གང་ལགས་པ་དེ་ནི་དབང་པོ་དྲུག་ལགས་ལ། དབང་པོ་དྲུག་གང་ལགས་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལགས་པའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་གཟུགས་ནི་རྨི་ལམ་ལྟ་བུ་ལགས་ལ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྨི་ལམ་ལྟ་བུ་ལགས་ཏེ། རྣམ་པར་ཤེས་པ་གང་ལགས་པ་དེ་ནི་དབང་པོ་དྲུག་ལགས་ལ། དབང་པོ་དྲུག་གང་ལགས་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལགས་ཏེ། དེ་དག་ཀྱང་ནང་སྟོང་པ་ཉིད་ལ་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་མི་དམིགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་སྐྲག་ཅིང་དངང་ལ། དངང་བར་མི་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་


DKG031_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མཁས་པ་ཡང་མ་ཡིན། དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བ་ཡང་མ་ཡིན་ན། སྐྲག་ཅིང་དངང་ལ་དངང་བར་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གང་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བའི་ཐབས་ལ་མཁས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་ལ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བའི་རྣམ་པར་སོ་སོར་རྟོག་ཅིང་དེ་ཡང་མི་དམིགས་ཏེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་སྡུག་བསྔལ་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་བསྔལ་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་དེ་བཞིན་དུ་སྦྱར་ཏེ། གཟུགས་བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་


DKG031_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། གཟུགས་སྟོང་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་མཚན་མ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་སྨོན་པ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་ཞི་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་དབེན་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་རྣམ་པར་བྱང་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་བྱང་བའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་སྐྱེ་བ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་འགག་པ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འགག་པ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས། གཟུགས་དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་


DKG031_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་སོ་སོར་རྟོག་ཅིང་། གང་གི་ཚེ་སེམས་ཅན་ཐམས་ཅད་ལ་གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་བདག་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྟོང་ཞེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་མཚན་མ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྨོན་པ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཞི་ཞེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་དབེན་ཞེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྐྱེ་བ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་འགག་པ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་


DKG031_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དུ་དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་མི་རྟག་ཅེས་བྱ་བར་ཡིད་ལ་མི་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །གཟུགས་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྡུག་བསྔལ་ཞེས་བྱ་བར་ཡིད་ལ་མི་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་བཞིན་དུ་སྦྱར་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གཟུགས་བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བའི་བར་དུ་ཡིད་ལ་མི་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་ལྡན་པ་དག་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཡིད་ལ་མི་བྱེད་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོག་ཏུ་འཛིན་པ་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG031_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། དབེན་པའི་རྣམ་པ་དང་། རྣམ་པར་བྱང་བའི་རྣམ་པ་དང་། སྐྱེ་བ་མེད་པའི་རྣམ་པ་དང་། འགག་པ་མེད་པའི་རྣམ་པ་དང་། དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་ཅིང་བཟོད་ལ་འདོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མི་འཁྲུག་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གཟུགས་ལ་མི་རྟག་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་བཞིན་དུ་སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། དབེན་པའི་རྣམ་པ་དང་། རྣམ་པར་བྱང་བའི་རྣམ་པ་དང་། སྐྱེ་བ་མེད་པའི་རྣམ་པ་དང་། འགག་པ་མེད་པའི་རྣམ་པ་དང་། དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། དབེན་པའི་རྣམ་པ་དང་། རྣམ་པར་བྱང་བའི་རྣམ་པ་དང་། སྐྱེ་བ་མེད་པའི་རྣམ་པ་དང་། འགག་པ་མེད་པའི་རྣམ་པ་དང་། དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་རྟོག་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པའི་བརྩོན་པ་མི་འདོར་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་


DKG031_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་རྟག་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་བཞིན་དུ་སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། དབེན་པའི་རྣམ་པ་དང་། རྣམ་པར་བྱང་བའི་རྣམ་པ་དང་། སྐྱེ་བ་མེད་པའི་རྣམ་པ་དང་། འགག་པ་མེད་པའི་རྣམ་པ་དང་། དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། དབེན་པའི་རྣམ་པ་དང་། རྣམ་པར་བྱང་བའི་རྣམ་པ་དང་། སྐྱེ་བ་མེད་པའི་རྣམ་པ་དང་། འགག་པ་མེད་པའི་རྣམ་པ་དང་། དངོས་པོ་མེད་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་རྟོག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་། མི་དགེ་བའི་རྩ་བ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཆད་བྱེད་པ་དག་གི་སྐབས་མི་འབྱེད་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་ལྟར་སོ་སོར་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་སྟེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་


DKG031_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་སྟེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །དེ་བཞིན་དུ་མིག་གི་སྟོང་པ་ཉིད་ཀྱིས་མིག་སྟོང་སྟེ། མིག་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གོ །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྟོང་པ་ཉིད་ཀྱིས་ཡིད་སྟོང་སྟེ། ཡིད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་དོ། །དེ་བཞིན་དུ་སྦྱར་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་གྱི་སྟོང་པ་ཉིད་ཀྱིས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་གྱི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པའི་སྟོང་པ་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་སྟོང་པ་ཉིད་ཀྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་སྟོང་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་སྟོང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་སོ་སོར་རྟོག་གོ །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །


DKG031_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལགས་ཏེ། ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་སྐྲག་ཅིང་། དངང་ལ་དངང་བར་མི་འགྱུར་ལགས་གྲང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དག་བསྐྱེད་པ་ཡང་མ་ཡིན། སངས་རྒྱས་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ་ཡང་མ་ཡིན། དགེ་བའི་རྩ་བ་མང་པོའི་ཉེ་བར་རྟོན་པས་ཉེ་བར་བརྟན་པ་ཡང་མ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡང་མ་ཡིན། རྒྱ་ཆེན་པོ་ལ་མོས་པ་ཡང་མ་ཡིན། ལུས་དང་ཡིད་ཀྱི་གནས་ངན་ལེན་དང་བྲལ་བ་ཡང་མ་ཡིན། དགེ་བའི་རྩ་བ་འབར་བ་དང་ལྡན་པ་ཡང་མ་ཡིན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་སྐྲག་ཅིང་དངང་ལ། དངང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་དང་། སངས་རྒྱས་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་མ་བྱས་པ་རྣམས་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་རྣམས་དང་། མོས་པ་མེད་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པར་ལྷུང་བའི་བསམ་པ་ཅན་རྣམས་དང་། བརྩོན་འགྲུས་ཞན་པ་རྣམས་དང་། ལེ་ལོ་ཅན་རྣམས་དང་། སྲིད་པའི་བདེ་བ་མངོན་པར་འདོད་པ་རྣམས་ཀྱི་རྣ་ལམ་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་གྲག་པར་མི་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བསླབ་པར་བྱའོ། །དེ་བཞིན་དུ་གཟུགས་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་མིག་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་ཡིད་ཀྱི་བར་དུ་ཡོངས་སུ་


DKG031_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་འདོད་པ་དང་། དེ་བཞིན་དུ་གཟུགས་རྣམས་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་ཆོས་ཀྱི་བར་དུ་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་མིག་གི་ཁམས་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འདོད་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་ཤེས་པར་འདོད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་ཡོངས་སུ་ཤེས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ། །དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤང་བར་འདོད་པ་དང་། འཇིག་ཚོགས་ལ་ལྟ་བ་སྤང་བར་འདོད་པ་དང་། དེ་བཞིན་དུ་ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདོད་པ་ལ་འདོད་ཆགས་དང་། གནོད་སེམས་སྤང་བར་འདོད་པ་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་སྤང་བར་འདོད་པ་དང་། ཀུན་ཏུ་སྦྱོར་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་ཐམས་ཅད་སྤང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ། །དེ་བཞིན་དུ་ཟས་བཞི་ཡོངས་སུ་ཤེས་པར་འདོད་པ་དང་། དེ་བཞིན་དུ་སྦྱོར་བ་བཞི་དང་། ཆུ་བོ་བཞི་དང་། མདུད་པ་བཞི་དང་། ཕྱིན་ཅི་ལོག་བཞི་སྤང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་མི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྤང་བར་འདོད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བསྒྲུབ་པར་འདོད་པ་དང་། རྫོགས་པར་བྱེད་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ། །དེ་བཞིན་དུ་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་


DKG031_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལ་བསྒོམ་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་བསྒོམ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་དང་། དགེ་བའི་རྩ་བ་གང་དག་ཡོངས་སུ་རྫོགས་པས་ནམ་ཡང་ངན་སོང་གསུམ་པོ་དག་ཏུ་མི་ལྟུང་བ་དང་། རིགས་དམའ་བ་དག་ཏུ་ཡང་མི་སྐྱེ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་ལྟུང་བར་མི་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་རྫོགས་པར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། བསླབ་པའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།


previousདྲུག་པ། བསླབ་པའི་ལེའུ། next