Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུན་པ། མི་དམིགས་པའི་ལེའུ།
   
   


 
previousབདུན་པ། མི་དམིགས་པའི་ལེའུ། next

བདུན་པ། མི་དམིགས་པའི་ལེའུ།


DKG031_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགེ་བའི་བཤེས་གཉེན་གང་གིས་ཡོངས་སུ་ཟིན་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པ་འདི་ཐོས་ནས། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་བར་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་བའི་དགེ་བའི་བཤེས་གཉེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་གཟུགས་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་


DKG031_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་གཟུགས་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་གཟུགས་བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་མིག་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་ཡིད་ཀྱི་བར་དུ་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་


DKG031_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་མིག་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། ཡིད་ཀྱི་བར་དུ་ཡང་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་ནི་གང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་ཆོས་སྟོན་པ་དང་། དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ་དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་


DKG031_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཕྱིར་ཆོས་སྟོན་པར་བྱེད་པ་ནས། དྲན་པ་ཉེ་བར་གཞག་པ་དབེན་པ་ཉིད་ཀྱི་ཕྱིར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་ཡང་དག་པའི་སྤོང་བ་བསྒོམ་པའི་ཕྱིར་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་ཕྱིར་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་བསྒོམ་པའི་ཕྱིར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པའི་ཕྱིར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པའི་ཕྱིར། ཆོས་སྟོན་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་བསྒོམ་པའི་ཕྱིར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་


DKG031_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པའི་ཕྱིར་ཆོས་སྟོན་པ་དང་། གང་བྱང་ཆུབ་བསྒོམ་པའི་ཕྱིར་ཆོས་སྟོན་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ལ། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་སྐྲག་ཅིང་། དངང་ལ་དངང་བར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མི་མཁས་པ་ལགས་ཤིང་། སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དམིགས་ལ། དེས་ཀྱང་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དེ་དག་ཀྱང་དམིགས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དེས་ཀྱང་རློམ་སེམས་སུ་བྱེད་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མི་མཁས་པ་ཡིན་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་བྲལ་བས་དམིགས་པའི་


DKG031_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་ནང་གཟུགས་སྟོང་ཞེས་བྱ་བར་ཡིད་ལ་བྱེད་པ་ནས། ནང་གི་གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་ཞེས་ཡིད་ལ་བྱེད་པ་དང་། དེ་བཞིན་དུ་དམིགས་པའི་ཚུལ་གྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནང་སྟོང་ཞེས་བྱ་བར་ཡིད་ལ་བྱེད་པ་དང་། ནང་གི་གཟུགས་དེ་ཡང་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་པར་བྱེད་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ཡང་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་པར་བྱེད་ཅིང་། དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་མིག་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་ཡིད་ལ་བྱེད་ཅིང་། སྟོང་པ་དེ་དག་ཀྱང་དམིགས་ལ། དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་། ཡིད་དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་ཡིད་ལ་བྱེད་ལ། སྟོང་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མི་མཁས་པ་ཡིན་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་ཞིང་། དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་དམིགས་ལ། དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་བསྒོམ་ཞིང་། དེ་དག་ཀྱང་དམིགས་ལ། དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཐབས་མི་མཁས་པས་ཐབས་ལ་མི་མཁས་པ་ཡིན་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་ཡང་སྐྲག་ཅིང་། དངང་ལ་


DKG031_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དངང་བར་འགྱུར་རོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བདུན་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ལགས་ཤིང་། སྡིག་པའི་གྲོགས་པོ་གང་གིས་ཡོངས་སུ་བཟུང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས། སྐྲག་ཅིང་དངང་ལ་དངང་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་བྱེད། འདུན་པ་ཟློག་པར་བྱེད་ཅིང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་བྱེད། འདུན་པ་ཟློག་པར་བྱེད་དེ། ཀྱེ་རིགས་ཀྱི་བུ་འདི་ལ་བསླབ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཤིང་བཤད་པ་མ་ཡིན་གྱིས། འདི་དག་ནི་སྙན་དངགས་མཁན་གྱིས་རང་བཟོར་བྱས་པ་ཡིན་ཏེ། ཀྱེ་འདི་དག་ནི་མཉན་པར་མི་བྱ། གཟུང་བར་མི་བྱ། ཀུན་ཆུབ་པར་མི་བྱ། བཀླག་པར་མི་བྱ། ཡིད་ལ་མི་བྱ། གཞན་དག་ལ་ཡང་བསྟན་པར་མི་བྱའོ་ཞེས་ཟེར་བ་གང་ཡིན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་འདི་ལ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས། ཀྱེ་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཁྱོད་ལ་ཅི་ཞིག་བྱ། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཅི་ཞིག་བྱ། བརྩོན་འགྲུས་ཀྱི་ཕ་རོལ་


DKG031_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པས་ཅི་ཞིག་བྱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཅི་ཞིག་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཅི་ཞིག་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཅི་ཞིག་བྱ་ཞེས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་བྱེད་པའི་བདུད་ཀྱི་ལས་དག་མི་སྟོན་ཅིང་། བདུད་ཀྱི་ཉེས་པ་དག་མི་རྗོད་པ་གང་ཡིན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། དེ་ལ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དུ་སྟོན་པར་བྱེད། རབ་ཏུ་སྟོན་པར་བྱེད། རྣམ་པར་འབྱེད་པར་བྱེད། གསལ་བར་བྱེད། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཁྱོད་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཀྱང་མེད་དོ། །ཁྱོད་ནི་ཕྱིར་མི་ལྡོག་པ་ཡང་མ་ཡིན་ནོ། །ཁྱོད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་རིགས་ཀྱི་བུ་མིག་ནི་བདག་དང་བདག་གིས་སྟོང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་ངོ་། །རིགས་ཀྱི་བུ་དེ་བཞིན་དུ་སྦྱར་ཏེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ནི་བདག་དང་


DKG031_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྟོང་པ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བར་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ནི་བདག་དང་བདག་གིས་སྟོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་རང་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཤར་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་མེད། ཉན་ཐོས་རྣམས་མེད་དེ། ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་ཉན་ཐོས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་ཟློག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་སྟོན་ཏེ། དེ་དག་རྗེས་སུ་


DKG031_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བྱེད་པའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་མཁན་པོ་དང་། སློབ་དཔོན་གྱི་ཆ་བྱད་དུ་བསྒྱུར་ཅིང་འོངས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འབྲལ་བར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་འབྲལ་བར་བྱེད། དྲན་པ་ཉེ་བར་གཞག་པ་དག་དང་འབྲལ་བར་བྱེད་པ་ནས་དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་དང་འབྲལ་བར་བྱེད་ལ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་དང་སྦྱོར་བར་བྱེད། ཡང་དག་པར་འཛིན་དུ་འཇུག་ཅིང་། འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་འདི་དག་བསྒོམས་ལ། ཉན་ཐོས་ཀྱི་ས་མངོན་དུ་གྱིས་ཤིག ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་མི་སྣང་བའི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ཤོག ། གང་གི་དོན་དུ་བསྐལ་པ་ཚད་མེད་གྲངས་མེད་པར་འཁོར་བ་ན་འཁོར་ཞིང་ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། མགོ་བཅད་པ་དཔག་ཏུ་མེད་པ་དག་ཉམས་སུ་མྱོང་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ། གང་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག ། གང་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག་ཅེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་


DKG031_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། དེ་ལ་མིག་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན། དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན། དེ་བཞིན་དུ་ཇི་ལྟར་མིག་ལ་སྦྱར་བ་དེ་བཞིན་དུ་ཡིད་ཀྱི་བར་ལ་ཡང་རྒྱ་ཆེར་སྦྱར་བར་བྱ་སྟེ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་པའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་


DKG031_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། རིག་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་གང་དང་ལྡན་ན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་ཤིང་སྡིག་པའི་གྲོགས་པོ་རྣམ་པར་སྤངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཏུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་སེམས་ཅན་དུ་ལྟ་བ་སྤང་བའི་ཕྱིར་དང་། སྐྱེ་བ་པོར་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གསོ་བར་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་དུ་འཇུག་པ་པོ་དང་། བྱེད་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་ཆད་པ་དང་། རྟག་པར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། བདེན་པར་ལྟ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་སུ་ལྟ་བ་ནས། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ལྟ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་ལྟ་བ་དང་། བྱང་ཆུབ་ཏུ་ལྟ་བ་དང་། སངས་རྒྱས་སུ་ལྟ་བ་


DKG031_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་རྣམ་པར་སྤངས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བདག་ཏུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་ནས་དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ལྟ་བ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་རྣམ་པར་སྤངས་པའི་བར་དུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བའི་རྣམ་པ་ཐམས་ཅད་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ལགས་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་ལགས། དེ་བཞིན་དུ་ཚོར་བར་ལྟ་བ་དང་། འདུ་ཤེས་སུ་ལྟ་བ་དང་། འདུ་བྱེད་དུ་ལྟ་བ་དང་། རྣམ་པར་ཤེས་པར་ལྟ་བ་ལགས། དེ་བཞིན་དུ་མིག་ཏུ་ལྟ་བ་ལགས་ཤིང་། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ལྟ་བ་ལགས། དེ་བཞིན་དུ་གཟུགས་སུ་ལྟ་བ་ལགས་ཤིང་། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་བར་དུ་ལྟ་བ་ལགས། དེ་བཞིན་དུ་མིག་གི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ལྟ་བ་ལགས། དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་ལྟ་བ་ལགས། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པར་ལྟ་བ་ནས། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ལྟ་བ་ལགས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུར་ལྟ་བ་ལགས་ཤིང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ལྟ་བ་


DKG031_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས་གཟུགས་དམིགས་ཤིང་དམིགས་པའི་ཚུལ་གྱིས་གཟུགས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་ཤིང་དམིགས་པའི་ཚུལ་གྱིས་རྣམ་པར་ཤེས་པར་ལྟ་བ་བསྐྱེད་དོ། །དེ་བཞིན་ཏུ་མིག་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་མིག་ཏུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཡིད་དུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་གཟུགས་རྣམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་གཟུགས་རྣམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཆོས་རྣམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་མིག་གི་ཁམས་དམིགས་ཤིང་དམིགས་པའི་ཚུལ་གྱིས་མིག་གི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་དམིགས་ཤིང་དམིགས་པའི་ཚུལ་གྱིས་གཟུགས་ཀྱི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཆོས་ཀྱི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་ཤིང་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པར་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་དེ་དག་ལ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་དེ་དག་ལ་ལྟ་བ་བསྐྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་


DKG031_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དེས་ན། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་གཟུགས་སུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་ཚོར་བར་ལྟ་བ་དང་། འདུ་ཤེས་སུ་ལྟ་བ་དང་། འདུ་བྱེད་དུ་ལྟ་བ་དང་། རྣམ་པར་ཤེས་པར་ལྟ་བར་འགྱུར་རོ། །དེ་བཞིན་དུ་མིག་ཏུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་གཟུགས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་མིག་གི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པར་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུར་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ལྟ་བར་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པས་ལྟ་བ་དེ་དག་སྤང་བའི་ཕྱིར། དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དོན་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ལ་བདག་ཀྱང་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་སྤོབས་སམ། བཙུན་པ་བཅོམ་ལྡན་འདས་སྤོབས་ལགས་སོ། །འོ་ན་ཇི་ལྟ་བུ་ཡིན། གསོལ་པ། བཙུན་པ་བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ནི་མི་མཉམ་པ་དང་མཉམ་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པ་སྟེ། དོན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་


DKG031_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མ་མཆིས་པ་ཁམས་གསུམ་དུ་མ་གཏོགས་པ་དེ་ནི། དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མ་མཆིས་པ་ཁམས་གསུམ་དུ་མ་གཏོགས་པ་གང་ལགས་པ་དེ་ལ་ཡང་དེ་ཆགས་པ་མ་མཆིས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེ་གང་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཆོས་གང་ཡང་སྐྱེ་བའམ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ཡང་འགྲིབ་པའམ། འཕེལ་བར་ཡང་མི་འགྱུར། ཆོས་གང་ཡང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་མ་མཆིས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་ལ་མི་སྐྱེ་མི་འགག་ཅིང་། འགྲིབ་པ་མ་མཆིས། འཕེལ་བ་མ་མཆིས། ཀུན་ནས་ཉོན་མོངས་པ་མ་མཆིས། རྣམ་པར་བྱང་བ་མ་མཆིས། ཉན་ཐོས་ཀྱི་སེམས་དང་། རང་སངས་རྒྱས་ཀྱི་སེམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་མ་མཆིས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུས་གང་སྨྲས་པ་དེ་བཞིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དེ་ལ་ཡང་སེམས་དེ་ཆགས་པ་མེད་དོ། །བཙུན་པ་བཅོམ་ལྡན་འདས་འོ་ན་སེམས་དེ་གཟུགས་ལ་ཡང་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་སེམས་དེ་ཆགས་པ་མ་


DKG031_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ལགས་སམ། དེ་བཞིན་དུ་མིག་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་གཟུགས་རྣམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་རྣམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་མིག་གི་ཁམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་ལ་ཡང་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་མིག་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་གཟུགས་རྣམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་རྣམས་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་མིག་གི་ཁམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་


DKG031_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སེམས་དེ་ཆགས་པ་མེད་པ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སེམས་དེ་ཆགས་པ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གང་ཡིན་པ་དེ་ཡང་ཟག་པ་མེད་ཅིང་ཁམས་གསུམ་ཐམས་ཅད་དུ་གཏོགས་པ་མ་ཡིན་ནོ། །ཞེས་བཀའ་སྩལ་ནས། བཙུན་པ་བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་དེ་ཡང་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གཟུགས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་མིག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་


DKG031_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་བར་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་ཀྱི་བར་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གཟུགས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་


DKG031_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་མིག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། ཡིད་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་མིག་གི་ཁམས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། ཆོས་ཀྱི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་སེམས་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་དེ་ལ་ཆགས་པ་མེད་དོ། །ཞེས་བཀའ་སྩལ་ན། བཙུན་པ་བཅོམ་


DKG031_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་གཟུགས་མ་མཆིས་པ་ཡང་གཟུགས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཤེས་པའི་བར་དུ་མ་མཆིས་པ་ཡང་རྣམ་པར་ཤེས་པའི་བར་དུ་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་མིག་མ་མཆིས་པ་ཡང་མིག་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་མ་མཆིས་པ་ཡང་ཡིད་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་གཟུགས་རྣམས་མ་མཆིས་པ་ཡང་གཟུགས་རྣམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་ཆོས་རྣམས་མ་མཆིས་པའི་བར་དག་ཆོས་རྣམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་མ་མཆིས་པ་མིག་གི་ཁམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མ་མཆིས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མ་མཆིས་པ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུ་མ་མཆིས་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མ་མཆིས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་མཆིས་པ་རྣམས་ལ་ཆགས་པ་མ་མཆིས་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་མེད་པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་བ་ནས། དེ་བཞིན་དུ་མིག་ནས་ཡིད་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་གཟུགས་


DKG031_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནས་ཆོས་རྣམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་མིག་གི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་མེད་པ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད་པ་ལ་ཆགས་པ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མེད་པ་ཡང་། དེ་བཞིན་གཤེགས་པའི་སྟོབས་བཅུ་མེད་པ་ལ་ཆགས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་ཆགས་པ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ནི། མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་མི་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མི་དམིགས་པའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།


previousབདུན་པ། མི་དམིགས་པའི་ལེའུ། next