Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཉིས་པ།


   
   
   
བཅུ་གཅིག་པ། མི་གནས་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གཅིག་པ། མི་གནས་པའི་ལེའུ།next

བཅུ་གཅིག་པ། མི་གནས་པའི་ལེའུ།


DKG032_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ཆེན་པོ་ནི་འདི་ལྟ་སྟེ། ཡོངས་སུ་དག་པའི་མིག་ལྔ་སྟེ། ལྔ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་


DKG032_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་དཔག་ཚད་བརྒྱར་མཐོང་བ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་དཔག་ཚད་ཉིས་བརྒྱར་མཐོང་བ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་དཔག་ཚད་སུམ་བརྒྱར་མཐོང་བ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་དཔག་ཚད་བཞི་བརྒྱ་དང་། ལྔ་བརྒྱ་དང་། དྲུག་བརྒྱར་མཐོང་བ་ཡང་ཡོད་དོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་འཛམ་བུ་གླིང་གཅིག་མཐོང་བ་ཡང་ཡོད་དོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་འཛམ་བུ་གླིང་གཉིས་མཐོང་བ་ནས། དེ་བཞིན་དུ་སྦྱར་ཏེ། ཤའི་མིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་མཐོང་བ་ཡང་ཡོད་དོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་སྟོང་གི་འཇིག་རྟེན་གྱི་ཁམས་མཐོང་བ་ཡང་ཡོད་དོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡང་ཡོད་དོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡང་ཡོད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རབ་ཏུ་ཤེས་སོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནས། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་


DKG032_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོས་རབ་ཏུ་ཤེས་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་རབ་ཏུ་མི་ཤེས་པ་ནས། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་རབ་ཏུ་མི་ཤེས་སོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ལས་ཇི་ལྟར་བསགས་པ་རྣམས་འཆི་འཕོ་བ་དང་། སྐྱེ་བ་དག་ཀྱང་མཐོང་། ཁ་དོག་བཟང་པོ་རྣམས་དང་། ཁ་དོག་ངན་པ་རྣམས་དང་བདེ་འགྲོ་དང་། ངན་འགྲོ་དང་། ངན་པ་དང་། བར་མ་དང་། གྱ་ནོམ་པ་དག་ཀྱང་རབ་ཏུ་ཤེས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དང་ལྡན་པ་དག་ཡིན་ཏེ། ཀྱེ་མ་དེ་དག་ནི་ལོག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུ་དང་རྐྱེན་དེས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དག་སྟེ་ཞེས་བྱ་བ་ནས། རྒྱུ་དེ་དང་རྐྱེན་དེའི་བར་དུ་སྟེ། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་པ་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དག་ན་སེམས་ཅན་དག་ལས་ཇི་ལྟར་བསགས་པ་བཞིན་ཞེས་བྱ་བ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་བྱ་བའི་བར་དུ་མཐོང་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་གང་གིས་འདི་སྙམ་


DKG032_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གང་འདུས་བྱས་སམ། འདུས་མ་བྱས་སམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའི་ཆོས་གང་ཡང་ཡོད་དོ་སྙམ་དུ་མི་སེམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་གང་གིས་གང་མ་མཐོང་བའམ། མ་ཐོས་པའམ། མ་དྲན་པའམ། རྣམ་པར་མ་ཤེས་པའི་ཆོས་གང་ཡང་མེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གིས་འདི་ལྟར་ཤེས་ཏེ། གང་ཟག་འདི་ནི་དད་པས་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །འདི་ནི་སྟོང་པ་ཉིད་ལ་གནས་པའོ། །འདི་ནི་མཚན་མ་མེད་པ་ལ་གནས་པའོ། །འདི་ནི་སྨོན་པ་མེད་པ་ལ་གནས་པའོ། །གང་ཟག་འདི་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོས་དབང་པོ་ལྔ་པོ་དག་སྐྱེད་པར་འགྱུར་རོ། །དེའི་འོག་ཏུ་དབང་པོ་ལྔ་པོ་དག་གིས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལས་རྣམ་པར་གྲོལ་བའི་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ནས་རྣམ་པར་གྲོལ་བའི་ཤེས་པས་ཀུན་དུ་སྦྱོར་བ་གསུམ་པོ་དག་སྤོང་བར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ཀུན་ཏུ་སྦྱོར་བ་གསུམ་པོ་དེ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་ཐོབ་ནས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་སྲབ་མོར་བྱེད་པར་འགྱུར་ཏེ། དེ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་མ་ལུས་པར་སྤོང་བར་འགྱུར་རོ། །དེས་དེ་གཉིས་སྤངས་པས་ཕྱིར་མི་འོང་བ་ཡིན་ནོ། །དེས་


DKG032_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་སྟེ། དེས་དེ་དག་སྤངས་པས་དགྲ་བཅོམ་པར་འགྱུར་རོ་ཞེས་བྱ་བ་དང་། གང་ཟག་འདི་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོས་དབང་པོ་ལྔ་པོ་དག་སྐྱེད་པར་འགྱུར་རོ། །དེ་ནས་དབང་པོ་ལྔ་པོ་དག་གིས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལས་རྣམ་པར་གྲོལ་བའི་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ནས་རྣམ་པར་གྲོལ་བའི་ཤེས་པས་ཀུན་ཏུ་སྦྱོར་བ་གསུམ་པོ་དག་སྤོང་བར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ཀུན་ཏུ་སྦྱོར་བ་གསུམ་པོ་དེ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་ཐོབ་ནས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་སྲབ་མོར་བྱེད་པར་འགྱུར་ཏེ། དེ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་མ་ལུས་པར་སྤོང་བར་འགྱུར་རོ། །དེ་གཉིས་སྤངས་པས་ཕྱིར་མི་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་པོ་དག་སྤོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་སྟེ། དེས་དེ་དག་སྤངས་པས་དགྲ་བཅོམ་པར་འགྱུར་རོ་ཞེས་བྱ་བ་དང་། གང་ཟག་འདི་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོས་དབང་པོ་ལྔ་པོ་དག་སྐྱེད་པར་འགྱུར་རོ། །དེ་ནས་དབང་པོ་ལྔ་པོ་དག་གིས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལས་རྣམ་པར་གྲོལ་བའི་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ནས་རྣམ་པར་གྲོལ་བའི་ཤེས་པས་ཀུན་ཏུ་སྦྱོར་བ་གསུམ་པོ་དག་སྤོང་བར་འགྱུར་ཏེ།


DKG032_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གང་ཞེ་ན། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། ཀུན་ཏུ་སྦྱོར་བ་གསུམ་པོ་དེ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་ཐོབ་ནས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་སྲབ་མོར་བྱེད་པར་འགྱུར་ཏེ། དེ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དེ་གཉིས་མ་ལུས་པར་སྤོང་བར་འགྱུར་རོ། །དེ་གཉི་ག་སྤངས་པས་ཕྱིར་མི་འོང་བ་ཡིན་ནོ། །དེས་བསྒོམ་པའི་ལམ་ཆེར་བསྒོམས་པ་དེ་ཉིད་ཀྱིས་གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་པོ་དག་སྤོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་སྟེ། དེས་དེ་དག་སྤངས་པས་དགྲ་བཅོམ་པར་འགྱུར་རོ་ཞེས་བྱ་བ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་འདི་ལྟར་ཤེས་ཏེ། ཀུན་འབྱུང་བའི་ཆོས་གང་ཅི་ཡང་རུང་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་པར་རིག་ནས། དད་པ་ལ་སོགས་པ་དབང་པོ་ལྔ་འཐོབ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་འདི་ལྟར་ཤེས་ཏེ། འདི་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པའོ་ཞེས་བྱ་བ་དང་། དེ་ནས་དད་པའི་དབང་པོ་དང་བརྩོན་འགྲུས་ཀྱི་དབང་པོ་ཐབས་ལ་མཁས་པ་དང་ལྡན་པས་རྟག་ཏུ་ལུས་བཟང་པོ་ཡོངས་སུ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ནི་དགེ་བའི་རྩ་བའི་ཉེ་བར་རྟོན་པས་བརྟན་པ་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གི་ནང་དུ་སྐྱེ་བར་འགྱུར་བའམ། བྲམ་ཟེའི་


DKG032_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གི་ནང་དུ་སྐྱེ་བར་འགྱུར། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཤེས་སོ། །དེར་གནས་ནས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་བདེ་བ་ཉེ་བར་སྒྲུབ་པ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ལ་བསྙེན་བཀུར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་མཉེས་པར་བྱེད། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་དེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཕྱིར་ལྡོག་པར་མི་འགྱུར་ཞེས་བྱ་བར་ཤེས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཤེས་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །འདི་ནི་ལུང་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་རང་གི་དོན་བྱེད་པར་འགྱུར་རོ། །འདི་དག་ནི་བྱེད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱིར་ལྡོག་པའོ། །འདི་དག་ནི་ཕྱིར་མི་ལྡོག་པའོ། །བྱང་ཆུབ་སེམས་དཔའ་འདིའི་མངོན་པར་ཤེས་པ་ནི་ཡོངས་སུ་རྫོགས་སོ། ། འདིའི་ནི་ཡོངས་སུ་མ་རྫོགས་སོ། །བྱང་ཆུབ་སེམས་དཔའ་འདི་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པ་དག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱ་བའི་ཕྱིར་དང་། བཀུར་སྟིར་བྱ་བའི་ཕྱིར་དང་། བླ་མར་བྱ་བའི་ཕྱིར་དང་། རི་མོར་བྱ་བའི་ཕྱིར་དང་། མཆོད་


DKG032_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་འགྲོའོ། །བྱང་ཆུབ་སེམས་དཔའ་འདི་ནི་མངོན་པར་ཤེས་པ་ཐོབ་པོ། །འདི་ནི་འཐོབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་འགྱུར་རོ། །འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་སོ། ། འདིས་ནི་ཡོངས་སུ་སྨིན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་འདི་ལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྔགས་པ་རྗོད་པ་མཛད་དོ། །འདི་ལ་ནི་རྗོད་པ་མི་མཛད་དོ། །བྱང་ཆུབ་སེམས་དཔའ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་སོ། །གནས་པར་འགྱུར་རོ། །འདི་དག་ནི་ཉེ་བར་མི་གནས་སོ། །ཉེ་བར་གནས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་བྱང་ཆུབ་ཐོབ་པའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་བྱང་ཆུབ་ཐོབ་པའི་ཚེ་ནི་དཔག་ཏུ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་བྱང་ཆུབ་ཐོབ་པའི་དགེ་སློང་གི་དགེ་འདུན་ནི་དཔག་ཏུ་ཡོད་པར་འགྱུར་རོ། །འདིའི་ནི་དཔག་ཏུ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་བྱང་ཆུབ་ཐོབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་དཔག་ཏུ་ཡོད་པར་འགྱུར་རོ། །འདིའི་ནི་དཔག་ཏུ་མེད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་འདི་ནི་དཀའ་བ་སྤྱད་པ་སྤྱོད་པར་འགྱུར་རོ། །འདི་ནི་སྤྱོད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ནི་སྲིད་པ་ཐ་མ་པ་ཡིན་ནོ། །འདི་ནི་སྲིད་པ་ཐ་མ་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འགྱུར་རོ། །འདི་ནི་འདུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདི་ལ་ནི་བདུད་འབྱུང་བར་འགྱུར་རོ། །འདི་ལ་ནི་བདུད་འབྱུང་བར་མི་འགྱུར་བར་ཤེས་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་


DKG032_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་བྱང་ཆུབ་ཀྱི་སེམས་ཀྱི་མཇུག་ཐོགས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ལ། དེ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན། མི་འཇིགས་པ་བཞི་དང་ལྡན། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་ལྡན་ཞིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་གང་གིས་ཀྱང་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་མ་མཐོང་བའམ། མ་ཐོས་པའམ། མི་དྲན་པའམ། མངོན་པར་མི་ཤེས་པ་གང་ཡང་མེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་མིག་ཡོངས་སུ་དག་པ་ནི་དེ་ལྟ་བུ་སྟེ། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤིན་ཏུ་ཡོངས་སུ་དག་པའི་མིག་ལྔ་པོ་དག་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་པོ་དེ་དག་ཡོངས་སུ་དག་པར་བྱེད་པ་ནི་གོ་ཆ་ཆེན་པོ་བགོས་པར་རིག་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་གང་དག་ལ་གནས་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་གང་ལ་ཡང་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་དང་། གནས་པ་པོ་དང་། གནས་པར་བྱ་བ་དམིགས་སུ་མེད་པའི་ཕྱིར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །


DKG032_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་ལ་གནས་པར་མི་བགྱི་ལགས་སོ། །མིག་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་གཟུགས་རྣམས་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་རྣམས་ལ་གནས་པར་མི་བགྱི་ལགས་སོ། །མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱི་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་ལ་གནས་པར་མི་བགྱི་ལགས་སོ། །མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱི་ལགས་སོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱི་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་ལ་གནས་པར་མི་བགྱི་ཞིང་། སའི་ཁམས་ལ་གནས་པར་མི་བགྱི། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་གནས་པར་མི་བགྱི། ནམ་མཁའི་ཁམས་ལ་གནས་པར་མི་བགྱི། རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བགྱི། མ་རིག་པ་ལ་གནས་པར་མི་བགྱི་བ་ནས། རྒ་ཤིའི་བར་ལ་གནས་པར་མི་བགྱི་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བཙུན་པ་བཅོམ་ལྡན་འདས་གཟུགས་ནི་གཟུགས་ཀྱིས་སྟོང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། བཙུན་པ་བཅོམ་ལྡན་འདས་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ལ། གཟུགས་ཀྱི་སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་གཟུགས་


DKG032_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དང་། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ལགས་པ་དང་། འདུ་བྱེད་ཀྱི་སྟོང་པ་ཉིད་གང་ལགས་པ་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ལ། རྣམ་པར་ཤེས་པའི་སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཤེས་པ་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཚོར་བ་ལ་གནས་པར་མི་བགྱི་བ་ནས། རྣམ་པར་ཤེས་པའི་བར་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། མ་རིག་པ་ལ་གནས་པར་མི་བགྱི་བ་ནས། རྒ་ཤིའི་བར་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྒ་ཤིའི་བར་གྱི་སྟོང་པ་ཉིད་གང་ལགས་པ་དེ་རྒ་ཤི་མ་ལགས་ལ། རྒ་ཤིའི་སྟོང་པ་ཉིད་ལས་གུད་ན་ཡང་རྒ་ཤི་མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་རྒ་ཤི་ལགས་པའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྒ་ཤིའི་བར་ལ་གནས་པར་མི་བགྱི་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ལ། སྟོང་པ་ཉིད་ལས་གུད་ན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་ལགས་ལ།


DKG032_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ལགས་པའི་སླད་དུའོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱིས་སྟོང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ལ། སྟོང་པ་ཉིད་ལས་གུད་ན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལགས་པའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གནས་པར་མི་བགྱི་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་གཅིག་པ། བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་ལགས། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་སྟོང་པ་ཉིད་མ་མཆིས་ལ། སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་


DKG032_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་མི་བགྱི་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གནས་པར་མི་བགྱི་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཡིག་འབྲུ་རྣམས་ལ་གནས་པར་མི་བགྱི། ཡི་གེ་བསྒྲུབ་པ་རྣམས་ལ་གནས་པར་མི་བགྱི། གཅིག་བརྗོད་པ་དང་། གཉིས་བརྗོད་པ་དང་། མང་པོ་བརྗོད་པའི་བར་དག་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཡིག་འབྲུ་རྣམས་ནི་ཡིག་འབྲུ་རྣམས་ཀྱིས་སྟོང་པའི་སླད་དུའོ། །དེ་བཞིན་དུ་སྦྱར་ཏེ། ལེའུ་གོང་མར་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། མངོན་པར་ཤེས་པ་གང་ལགས་པ་དེ་ནི་སྟོང་པ་ཉིད་མ་ལགས། སྟོང་པ་ཉིད་གང་ལགས་པ་དེ་ཡང་མངོན་པར་ཤེས་པ་རྣམས་མ་ལགས་ཤིང་། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ལ། སྟོང་པ་ཉིད་ལས་གུད་ན་ཡང་མངོན་པར་ཤེས་པ་རྣམས་མ་མཆིས་ཏེ། མངོན་པར་ཤེས་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས་ལགས་པའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བགྱི་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱི་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་མི་རྟག་པ་ཉིད་གཟུགས་མི་


DKG032_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཉིད་ཀྱིས་སྟོང་སྟེ། གཟུགས་མི་རྟག་པ་ཉིད་གང་ལགས་པ་དེ་སྟོང་པ་ཉིད་མ་ལགས། སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མི་རྟག་པ་ཉིད་མ་ལགས། གཟུགས་མི་རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ལ། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མི་རྟག་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད་ལགས་ལ། སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་ལགས་པའི་སླད་དུའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དག་ལ་ཡང་རྒྱ་ཆེར་སྦྱར་བར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་མི་རྟག་པ་ཉིད་ནས་རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱི་བར་ལ་གནས་པར་མི་བགྱི་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་ནས་རྣམ་པར་ཤེས་པའི་བར་ལ་བདེ་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྡུག་བསྔལ་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྟོང་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་མཚན་མ་མ་མཆིས་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྨོན་པ་མ་མཆིས་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་ཞི་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་དབེན་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་ཀུན་ནས་ཉོན་མོངས་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྐྱེ་བ་མ་མཆིས་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་འགག་པ་མ་མཆིས་ཞེས་བགྱི་བར་གནས་པར་མི་བགྱི་ལགས་སོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་དངོས་པོ་མ་མཆིས་ཞེས་བགྱི་བར་གནས་པར་མི་


DKG032_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་ཕུང་པོར་ཇི་སྐད་བསྟན་པ་དེ་བཞིན་དུ་སྦྱར་བར་བགྱི་བའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་ཀྱི་དེ་བཞིན་ཉིད་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་ཀྱི་དེ་བཞིན་ཉིད་ནི་ཆོས་ཀྱི་དེ་བཞིན་ཉིད་ཀྱིས་སྟོང་སྟེ། ཆོས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ལ། སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཀྱི་དེ་བཞིན་ཉིད་མ་མཆིས་ཏེ། ཆོས་ཀྱི་དེ་བཞིན་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་ཆོས་ཀྱི་དེ་བཞིན་ཉིད་ལགས་པའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་ཀྱི་དེ་བཞིན་ཉིད་ལ་གནས་པར་མི་བགྱི་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སྔ་མ་ཇི་ལྟ་བ་དེ་བཞིན་དུ་སྦྱར་བར་བགྱི་བའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱིས་སྟོང་སྟེ། སྔ་མ་བཞིན་དུ་རྒྱ་ཆེར་སྦྱར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་གྱུར་པའི་ཡིད་ཀྱིས་གཟུགས་ལ་སྤྱོད་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་ན། དེ་ལྟ་ན་གཟུགས་མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ལགས་ཤིང་། དེ་བཞིན་དུ་ཚོར་


DKG032_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བ་མངོན་པར་འདུ་བགྱིད་པ་དང་། འདུ་ཤེས་མངོན་པར་འདུ་བགྱིད་པ་དང་། འདུ་བྱེད་མངོན་པར་འདུ་བགྱིད་པ་དང་། རྣམ་པར་ཤེས་པ་མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ལགས་ཏེ། མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བགྱིད་པ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཐབས་ལ་མི་མཁས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་གྱུར་པའི་ཡིད་ཀྱིས་དེ་གཟུགས་ལ་སྤྱོད་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྤྱོད་ན། དེ་ལྟ་ན་གཟུགས་མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ལགས་ཤིང་། དེ་བཞིན་དུ་ཚོར་བ་མངོན་པར་འདུ་བགྱིད་པ་དང་། འདུ་ཤེས་མངོན་པར་འདུ་བགྱིད་པ་དང་། འདུ་བྱེད་མངོན་པར་འདུ་བགྱིད་པ་དང་། རྣམ་པར་ཤེས་པ་མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ལགས་ལ། མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བགྱིད་པ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པའི་ཡིད་ཀྱིས་དེ་བཞིན་དུ་སྦྱར་ཏེ། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་བར་ལ་སྤྱོད་ན་གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ལགས་ཏེ། མངོན་པར་འདུ་བགྱིད་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བགྱིད་པ་མ་


DKG032_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུའོ། །གཟུགས་ཀྱི་གཟུང་བ་མ་མཆིས་པ། དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་གཟུགས་མ་ལགས་སོ། །དེ་བཞིན་དུ་ཚོར་བ་གང་ལགས་པ་དང་། འདུ་ཤེས་གང་ལགས་པ་དང་། འདུ་བྱེད་རྣམས་གང་ལགས་པ་དང་། རྣམ་པར་ཤེས་པའི་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་རྣམ་པར་ཤེས་པ་མ་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་ལགས་སོ། །གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་མ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་གཟུང་བ་མ་མཆིས་པ་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཉེ་བར་བརྟག་པར་བགྱི་སྟེ། ཅི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་རྒྱུ་བར་མི་འགྱུར་བ་དེ་ལྟར་ཉེ་བར་བརྟག་པར་བགྱི་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་གཟུང་བ་མ་མཆིས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཡོ་བྱད་ཡངས་པ། ཚད་མ་མཆིས་པ་ཚད་མ་ངེས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ནང་སྟོང་པ་ཉིད་ཀྱི་སླད་དུ་དང་། ཕྱི་སྟོང་པ་ཉིད་ཀྱི་སླད་དུ་དང་། དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་ཀྱི་སླད་དུ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་དང་།


DKG032_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་གཟུང་བ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་མས་བསྒྲུབ་པར་བགྱི་བ་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། མཚན་མ་ནི་ཉོན་མོངས་པ་ལགས་པའི་སླད་དུའོ། །མཚན་མ་ཡང་གང་ལགས་ཤེ་ན། འདི་ལྟ་སྟེ་གཟུགས་ནི་མཚན་མ་ལགས་སོ། །སྒྲ་དང་། དྲི་དང་། རོ་དང་རེག་བྱ་དང་། ཆོས་ནི་མཚན་མ་ལགས་སོ། ། དེ་བཞིན་དུ་སྦྱར་ཏེ། གཟུངས་ཀྱི་སྒོ་རྣམས་ནི་མཚན་མ་ལགས་སོ། །ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་བར་དུ་ནི་མཚན་མ་ལགས་ཏེ། དེ་ནི་མཚན་མ་ཞེས་བགྱིའོ། །ཉོན་མོངས་པ་ཡང་དེ་ལགས་ཏེ་དེ་ནི་གཟུང་བར་མི་བགྱི། གོམས་པར་མི་བགྱི་ལགས་སོ། །དེ་ལྟ་མ་ལགས་ན་ནི་ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་དད་པར་མི་འགྱུར་ལགས་སོ། །དད་པ་དེ་ཡང་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡིད་ཆེས་པ་དང་། རྟོག་པ་དང་མོས་པ་དང་རྟེན་པ་དང་སེམས་པ་དང་འཇལ་བ་དང་དཔྱོད་པ་སྟེ། དེ་ཡང་མཚན་མའི་ཚུལ་དུ་མ་ལགས་ཏེ། དེ་ལྟར་ན་མཚན་མ་དེ་གཟུང་བར་མི་བགྱི་ལགས་སོ། །ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་མོས་ནས་དད་པས་རྗེས་སུ་འབྲང་ཞིང་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་པས་ཞུགས་ནས། གཟུགས་ཡོངས་སུ་མ་བཟུང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མར་ཡོངས་སུ་མ་བཟུང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ལ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཡོངས་སུ་གཟུང་བ་མི་སྐྱེ་བའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་


DKG032_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དེས་ཤེས་པ་དེ་ནང་གི་མངོན་པར་རྟོགས་པ་ཐོབ་པས་ཡང་དག་པར་རྗེས་སུ་མ་མཐོང་། ཕྱིའི་མངོན་པར་རྟོགས་པ་ཐོབ་པ་དང་། ཕྱི་ནང་གི་མངོན་པར་རྟོགས་པ་ཐོབ་པས་ཤེས་པ་དེ་ཡང་དག་པར་རྗེས་སུ་མ་མཐོང་ལ། ནང་སྟོང་པ་ཉིད་ཀྱི་སླད་དུ་ཤེས་པ་དེ་ཤེས་པ་དང་། མངོན་པར་རྟོགས་པ་ལས་གཞན་དུ་ཡང་དག་པར་རྗེས་སུ་མ་མཐོང་བའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་གང་གིས་ཤེས་པར་བགྱིད་པ་དང་། གང་ཤེས་པར་བགྱིད་པ་དང་། གང་ལས་ཤེས་པར་བགྱི་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཤེས་པ་དེ་གཟུགས་ནས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་བར་གྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཤེས་པ་དེ་གཟུགས་ནས་རྣམ་པར་ཤེས་པའི་བར་གྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཤེས་པ་དེ་གཟུགས་ནས་རྣམ་པར་ཤེས་པའི་བར་གྱི་ནང་དང་། ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་། གཟུགས་ལས་གཞན་དུ་ཤེས་པ་དེ་ཡང་དག་པར་རྗེས་སུ་མ་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལས་གཞན་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཤེས་པ་དེ་རྣམ་པར་ཤེས་པ་ལས་གཞན་དུ་ཡང་དག་པར་རྗེས་སུ་མ་མཐོང་བའི་སླད་དུའོ། །རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་བཟོ་སྦྱངས་མོས་པར་གྱུར་ཏེ། དེ་ཆོས་འདི་ལ་མོས་ནས་ཐམས་ཅད་མཁྱེན་པ་ཉིད་ལ་དད་པས་རྗེས་སུ་འབྲང་བར་གྱུར་ཏོ། །དེ་ལྟ་བས་ན་ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་ཆོས་ཉིད་ཚད་མར་བགྱིས་ནས། མཚན་མ་ཡིད་ལ་མི་བགྱིད་པས་ཅི་ནས་ཀྱང་དེས་ཆོས་གང་ཡང་ཡོངས་སུ་གཟུང་བ་མ་མཆིས་པ་དེ་ལྟར་མོས་ལགས་སོ། ། ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ་དེས་གང་གཟུང་བར་བགྱི་བའམ། གཏང་བར་བགྱི་བའི་ཆོས་གང་ཡང་མ་དམིགས་ཏེ། ཆོས་ཐམས་ཅད་རློམ་སེམས་མ་མཆིས་པའི་སླད་དུ། དེ་མྱ་ངན་ལས་འདས་པས་ཀྱང་རློམ་སེམས་སུ་མི་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ། གང་གཟུགས་ཡོངས་སུ་མི་འཛིན་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།


DKG032_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་དང་། དེ་བཞིན་དུ་སྦྱར་ཏེ། ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ་གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་མི་འཛིན་པ་ནི། ཕ་རོལ་ནས་ཕ་རོལ་དུ་འཆི་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཀྱང་རློམ་སེམས་སུ་མི་བགྱིད་ལགས་སོ། །དེ་ནི་དྲན་པ་ཉེ་བར་གཞག་པ་བཞི་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། སངས་རྒྱས་ཀྱི་ཆོས་སམ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་མ་རྫོགས་པར་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དྲན་པ་ཉེ་བར་གཞག་པ་དེ་དག་དྲན་པ་ཉེ་བར་གཞག་པ་མ་ལགས་པར་ཡང་དག་པར་རྗེས་སུ་མཐོང་བ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སངས་རྒྱས་ཀྱི་ཆོས་རྣམས་མ་ལགས་པར་ཡང་དག་པར་རྗེས་སུ་མཐོང་བའི་སླད་དུ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་གཟུགས་ཡོངས་སུ་མི་འཛིན་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་ནས་དེ་བཞིན་དུ་སྦྱར་ཏེ། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་མི་འཛིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་མི་འཛིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་ཉེ་བར་བརྟག་པར་བགྱི་སྟེ། ཀྱེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་། གང་གིས་ན་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། འདི་གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། དེ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་


DKG032_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ཞེས་བརྟག་པར་བགྱི་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང་འདི་སྙམ་དུ་ཆོས་གང་ཡང་མེད་ཅིང་མི་དམིགས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་སྙམ་དུ་ངེས་པར་སེམས་པར་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་མེད་ཅིང་མི་དམིགས་པ་གང་ཡིན། སྨྲས་པ། ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང་། ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་དང་། འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱིར་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང་། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་དང་། མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ནི་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ནི་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ནང་སྟོང་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་གཟུགས་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱང་མེད་ཅིང་མི་དམིགས


DKG032_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མངོན་པར་ཤེས་པ་དྲུག་མེད་ཅིང་མི་དམིགས་སོ། །དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའི་བར་དུ་མེད་ཅིང་མི་དམིགས་སོ། །རྒྱུན་དུ་ཞུགས་པ་མེད་ཅིང་མི་དམིགས་པ་ནས། དགྲ་བཅོམ་པའི་བར་དུ་མེད་ཅིང་མི་དམིགས་སོ། །རང་སངས་རྒྱས་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཞེས་བྱ་བ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ཅིང་མི་དམིགས་སོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལྟར་ཉེ་བར་རྟོག་པར་བྱེད་ཅིང་ངེས་པར་སེམས་པར་བྱེད་ལ། དེ་ལྟར་ཉེ་བར་རྟོག་པར་བྱེད་ཅིང་། དེ་ལྟར་ངེས་པར་སེམས་པ་ན། གལ་ཏེ་སེམས་མི་ཞུམ་མི་འགོང་ལ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ།


DKG032_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྒྱུ་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ། ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་གང་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཀྱི་རང་བཞིན་གང་ཡིན། རྣམ་པར་ཤེས་པའི་རང་བཞིན་གང་ཡིན། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་གྱི་རང་བཞིན་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་


DKG032_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། ། དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟར་གཟུགས་གཟུགས་ཀྱི་རང་བཞིན་དང་བྲལ་བ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་མཚན་ཉིད་དང་བྲལ་བ། མཚན་ཉིད་ཀྱང་རང་བཞིན་དང་བྲལ་བ་ཡིན་ལ། རང་བཞིན་ཡང་མཚན་ཉིད་དང་བྲལ་བར་རིག་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་མ་སྐྱེས་ཤིང་ངེས་པར་འབྱུང་བ་མེད་པའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་ཤིང་ངེས་པར་འབྱུང་བ་མེད་པ་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ལ་ནི་སྐྱེས་པ་ཡང་མེད་ཅིང་འབྱུང་བ་ཡང་དམིགས་སུ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་ནི་སྐྱེས་པ་ཡང་མེད་ཅིང་འབྱུང་བ་ཡང་དམིགས་སུ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་ནི་སྐྱེས་པ་ཡང་མེད་ཅིང་འབྱུང་བ་ཡང་དམིགས་སུ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མི་གནས་པའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།


previousབཅུ་གཅིག་པ། མི་གནས་པའི་ལེའུ།next