Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུམ་ཅུ་རྩ་གསུམ་པ། མཇུག་སྡུད་ཀྱི་ལེའུ།


 
previousསུམ་ཅུ་རྩ་གསུམ་པ། མཇུག་སྡུད་ཀྱི་ལེའུ། no next

སུམ་ཅུ་རྩ་གསུམ་པ། མཇུག་སྡུད་ཀྱི་ལེའུ།


DKG032_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་ཅན་གྱི་རིས་ན་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་འདི་ལ་དད་པ་མི་སྐྱེད། དགའ་བ་དང་། དང་བ་དང་། ལྷག་པའི་བསམ་པས་མོས་པ་མི་སྐྱེད་ཅིང་། ལུས་དང་སེམས་ཀྱིས་ཀྱང་ཚོགས་པ་སྩོལ་བར་མི་བགྱིད་ལ། འཁོར་དེ་ནས་ཀྱང་མཆི་བར་བགྱིད་ཅིང་། གོང་དུ་ཡང་སྤོང་ལ་སྤོང་བར་བགྱིད་པ་འགའ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་གྱི་རིས་ན་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་འདི་ལ་དད་པ་མི་སྐྱེད་ཅིང་། དགའ་བ་དང་། དང་བ་དང་། ལྷག་པའི་བསམ་པས་མོས་པ་མི་སྐྱེད་ལ། ལུས་དང་སེམས་ཀྱིས་ཚོགས་པ་སྦྱིན་པར་མི་བྱེད་ཅིང་འཁོར་དེ་ནས་འགྲོ་བར་བྱེད་པ་དེ་ནི་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པའི་ཚེ་


DKG032_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བར་གྱུར་ལ། ད་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་ན་འགྲོ་བར་བྱེད་ཅིང་། ལུས་དང་སེམས་ཀྱིས་ཀྱང་ཚོགས་པ་སྦྱིན་པར་མི་བྱེད་དེ། ཤེས་རབ་འཆལ་བར་འགྱུར་བའི་ལས་སོགས་པར་བྱེད་དོ། །དེ་ཤེས་རབ་འཆལ་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཀག་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་བཀག་པར་འགྱུར་རོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤོང་བའི་ལས་བྱས་ཤིང་བསགས་པ་དེས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སོགས་སོ། །དེ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་བཙོ་བར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །མེས་འཇིག་པ་འབྱུང་བར་འགྱུར་རོ། །མེས་འཇིག་པ་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་འབྱུང་བར་འགྱུར་ཏེ། དེར་སྐྱེ་བར་འགྱུར་རོ། །དེར་ཡང་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་སྲེག་པར་འགྱུར་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེར་སོང་ནས་ཀྱང་ཡང་མེས་འཇིག་པ་འབྱུང་བར་འགྱུར་རོ། །མེས་འཇིག་པ་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་འབྱུང་བར་འགྱུར་ཞིང་དེ་དེར་སྐྱེ་བར་འགྱུར་ཏེ། དེར་ཡང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོའི་བར་དུ་སྲེག་པར་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་ཀྱང་སེམས་ཅན་


DKG032_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེ་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་སོང་ནས་ཀྱང་ཡང་མེས་འཇིག་པ་འབྱུང་བར་འགྱུར་ཏེ། མེས་འཇིག་པ་བྱུང་ནས་ཀྱང་ལས་ཀྱི་རླུང་གིས་ཤར་ཕྱོགས་སུ་ཕངས་པར་འགྱུར་ཞིང་ཕྱོགས་མཚམས་ཀྱི་བར་དུ་ཡང་ཕངས་པར་འགྱུར་རོ། །དེ་ནས་དེར་སྐྱེས་ནས་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །དེར་ཡང་མེས་འཇིག་པ་འབྱུང་བར་འགྱུར་ཏེ། མེས་འཇིག་པ་བྱུང་ནས་དེ་ནས་ཀྱང་ཤི་འཕོས་ཏེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཡང་སྐྱེ་བར་འགྱུར་ཞིང་། ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེར་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་མེས་འཇིག་པ་འབྱུང་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། ། མེས་འཇིག་པ་བྱུང་ནས་ཀྱང་དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་འགྱུར་ཏེ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། ཇི་ལྟར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་དང་སྐལ་བ་མཉམ་པར་འགྱུར་བ་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་སྐྱེ་བར་འགྱུར་ཏེ། དེ་དེར་སྐྱེས་ནས་ཀྱང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེར་གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་ཟད་པར་བྱས་ནས། འདི་ལྟ་སྟེ། དམུས་ལོང་གི་ཁྱིམ་རྣམས་སུའམ། གདོལ་པའི་ཁྱིམ་རྣམས་སུའམ། གཡུང་པོའི་ཁྱིམ་རྣམས་སུ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལོང་བའམ། ཞར་བའམ། སྒུར་པོའམ། ལྕེ་མེད་པའམ། ལག་པ་མེད་པའམ། རྐང་པ་མེད་པའམ། རྣ་བ་མེད་པའམ། མཛེ་ཅན་


DKG032_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། ཤ་བཀྲ་ཅན་ནམ། ཡན་ལག་མ་ཚང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང་། ཆོས་ཀྱི་སྒྲ་མི་གྲག་པ་དང་། དགེ་འདུན་གྱི་སྒྲ་མི་གྲག་པར་འགྱུར་བ་དེར་རྟག་ཏུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། ཡང་དག་པར་བླངས་པ་རྫོགས་པའི་འབྲས་བུ་ཡོངས་སུ་ཚང་བ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མཚམས་མ་མཆིས་པ་ནི་ལྔ་ལགས་ལ། འདི་ལྟ་སྟེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བགྱིས་ཤིང་བསགས་པ་འདི་ནི་དྲུག་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་དེ་ནི་མཆོག་ཏུ་གྱུར་པ་ཞེས་མི་བྱའི། ཤིན་ཏུ་སྨད་པ་ཞེས་བྱའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་ཅིང་སྟོན་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟློག་པར་སེམས་ཤིང་། འདི་སྐད་ཅེས་འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་གྱིས། ཁྱེད་དང་བདག་ཅག་གིས་དེ་ལ་བསླབ་པར་མི་བྱའོ་ཞེས་ཀྱང་ཟེར་ཞིང་། བདག་ཉིད་ཀྱིས་ཀྱང་སྤོང་བར་བྱེད། སེམས་ཅན་མང་པོ་དག་ཀྱང་དེ་ལས་འབྱེད་པར་བྱེད་དེ། དེ་རང་གི་སེམས་ཀྱི་རྒྱུད་ལ་ཡང་གནོད་པར་བྱེད་དེ། གཞན་གྱི་སེམས་ཀྱི་རྒྱུད་ལ་ཡང་གནོད་པར་བྱ་བར་སེམས་ཏེ། དེ་རང་གི་སེམས་ཀྱི་རྒྱུད་ཀྱང་དུག་ཅན་དུ་བྱས་ནས། གཞན་གྱི་སེམས་ཀྱི་རྒྱུད་ཀྱང་དུག་ཅན་དུ་བྱ་བར་སེམས་ཏེ། བདག་ཉིད་ཀྱང་མཐོ་རིས་དང་ཐར་པའི་བདེ་བ་ལས་ཉམས་པར་གྱུར་ལ། གཞན་དག་ཀྱང་མཐོ་རིས་དང་ཐར་པའི་ལམ་དག་ལས་ཉམས་པར་བྱ་བར་སེམས། བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་མི་ཤེས་ཤིང་ཁོང་དུ་མི་ཆུད་དེ། སྤང་བར་བྱ་བར་སེམས་ལ། གཞན་དག་ཀྱང་དེ་བཞིན་དུ་འཛིན་དུ་འཇུག་པར་བྱེད་ན། ཀུན་དགའ་བོ་ང་ནི་གང་


DKG032_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་དེ་ལྟ་བུ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྒྲོགས་པར་ཡང་རྗེས་སུ་ཡི་མི་རང་ཞིང་ང་ནི་དེ་དག་ཐོས་པར་ཡང་མངོན་པར་མི་དགའ་ན་མཐོང་བ་ལྟ་ཅི་སྨོས་ཏེ། ལྷན་ཅིག་གནས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཟག་དེ་ལྟ་བུ་དག་ནི་དམ་པའི་ཆོས་སུན་པར་བྱེད་པ་ཡིན་ཏེ། ཤིང་རུལ་ལྟ་བུ་དང་། ནག་པོའི་ཕྱོགས་པ་དག་ཡིན་ནོ། །ཀུན་དགའ་བོ་གང་དག་གང་ཟག་དེ་ལྟ་བུ་དག་མཉན་པར་བྱ་བར་སེམས་པ་དེ་དག་ཀྱང་མི་ཚུལ་བའི་ཕོངས་པར་འགྱུར་རོ། །ཀུན་དགའ་བོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུན་པར་བྱེད་པའི་གང་ཟག་དེ་ནི་མཐར་ཐུག་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དམ་པའི་ཆོས་སུན་པར་བྱེད་པའི་སྐྱོན་ཆགས་པ་དེ་ནི་སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་གང་ཟག་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དམ་པའི་ཆོས་སུན་པར་བགྱིད་པའི་གང་ཟག་ངན་སོང་དུ་སྐྱེས་པ་དེའི་ལུས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དམ་པའི་ཆོས་སུན་པར་བྱེད་པའི་གང་ཟག་ངན་སོང་དུ་སྐྱེས་པ་དེའི་ལུས་ཀྱི་ཚད་བརྗོད་པ་ཞོག་ཤིག །དེ་ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་སུན་པར་བྱེད་པའི་གང་ཟག་དེའི་ལུས་ཀྱི་ཚད་ཐོས་ན། ཁ་ནས་ཁྲག་སྐྱུག་པའམ། འཆི་བར་འགྱུར་བའམ། འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་དུ་འགྱུར་ཏེ། དེ་ཐོས་ནས་མྱ་ངན་གྱི་ཟུག་རྔུ་སྙིང་ལ་ཟུག་པ་དང་། སྐམ་པ་དང་རྙིས་པར་གྱུར་ན་མི་རུང་ཞེས། དམ་པའི་ཆོས་སུན་པར་བྱེད་པའི་གང་ཟག་དེའི་ལུས་ཀྱི་ཚད་འདི་ལྟ་བུར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྐབས་དབྱེ་བ་མ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དམ་པའི་ཆོས་སུན་པར་བགྱིད་པ་ངན་སོང་དུ་སྐྱེས་པའི་ལུས་ཅི་འདྲ་བ་ཞིག་ཏུ་འགྱུར་ཞིང་། ལུས་ཅི་འདྲ་བ་ཞིག་ཡོངས་སུ་འཛིན་པར་འགྱུར་ལགས། བཅོམ་


DKG032_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་གང་ཟག་དེ་དེ་ལྟར་ཡུན་རིང་པོར་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་བ་དང་། དེ་བཞིན་དུ་ཡུན་རིང་པོར་དུད་འགྲོ་རྣམས་དང་། དེ་བཞིན་དུ་ཡུན་རིང་པོར་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མྱོང་བར་འགྱུར་བས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བ་བྱས་པར་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་སྐད་བཀའ་སྩལ་པ་དེ་དེ་ལྟ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དཀར་པོའི་རང་བཞིན་ཅན་གྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་ལགས་ཏེ། བདག་ཀྱང་ངན་སོང་རྣམས་སུ་འདི་འདྲ་བའི་སྡུག་བསྔལ་ཡུན་རིང་པོར་མྱོང་ན་མི་རུང་ཞེས་དེ་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་མཁས་པའི་རང་བཞིན་ཅན་ལུས་ཀྱི་ལས་བསྡམས་ཤིང་ངག་གི་ལས་དང་། ཡིད་ཀྱི་ལས་བསྡམས་པས་དམ་པའི་ཆོས་སྤོང་བར་བགྱིད་པ་དང་། དམ་པའི་ཆོས་སུན་པར་བགྱིད་པའི་གང་ཟག་གིས་བསྟན་པ་དེ་ཐོས་ན་བདག་ཀྱང་འདི་འདྲ་བའི་སྡུག་བསྔལ་དག་མྱོང་བར་འགྱུར་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མི་མཐོང་། དམ་པའི་ཆོས་ཀྱང་མི་ཐོས། དེ་བཞིན་གཤེགས་པའི་དགེ་འདུན་ཡང་མི་མཐོང་། དེ་དག་ལ་བསྙེན་བཀུར་བྱེད་པར་ཡང་མི་འགྱུར། སངས་རྒྱས་འབྱུང་བའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཡང་མི་སྐྱེ་ལ། མི་དབུལ་པོར་འགྱུར་བའམ། དམན་པའི་ཁྱིམ་འདི་ལྟ་སྟེ། གདོལ་པའི་ཁྱིམ་རྣམས་སམ། གཡུང་པོའི་ཁྱིམ་རྣམས་སམ། དམུས་ལོང་ངམ། ཞར་བའམ། ཡན་ལག་མ་ཚང་བའི་བར་དུ་གྱུར་ན་མི་རུང་ཞེས་དེ་ལྟ་བུའི་ཚུལ་ཅན་དུ་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ངག་གི་ལས་མི་བཟད་པ་ལ་མངོན་པར་ཞེན་ཏེ་བགྱིས་ཤིང་བསགས་


DKG032_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བགྱིས་ཤིང་བསགས་པར་འགྱུར་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངག་གི་ལས་མི་བཟད་པ་ལ་མངོན་པར་ཞེན་ཏེ། བྱས་ཤིང་བསགས་པས་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པར་ཇི་ལྟར་འགྱུར་ཞེ་ན། ཀུན་དགའ་བོ་མི་གཏི་མུག་ཅན་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ཉིད་ལ་རབ་ཏུ་བྱུང་ནས་ཚོགས་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སུན་དབྱུང་བར་བྱ་བར་སེམས། བཟློག་པར་བྱ་བར་སེམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུན་ཕྱུང་བ་དང་། བཟློག་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སུན་ཕྱུང་བ་དང་། བཟློག་པར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་སུན་ཕྱུང་བས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སུན་ཕྱུང་བ་དང་། བཟློག་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཟློག་པས། དམ་པའི་ཆོས་བཟློག་པར་འགྱུར་རོ། །དམ་པའི་ཆོས་བཟློག་པས་དགེ་འདུན་བཟློག་པར་འགྱུར་རོ། །དགེ་འདུན་བཟློག་པས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་བཟློག་པར་འགྱུར་རོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་བཟློག་པས་དྲན་པ་ཉེ་བར་གཞག་པ་བཞི་བཟློག་པར་འགྱུར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཟློག་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཟློག་པས། བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད། གྲངས་མེད་ཚད་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད། གྲངས་མེད། ཚད་


DKG032_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡོངས་སུ་བཟུང་བས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་རྣམས་ཀྱི་ནང་དུ་སྡུག་བསྔལ་དང་། ཡིད་མི་བདེ་བ་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་དག་མྱོང་བར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མི་གཏི་མུག་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་བགྱིད་པ་དེས་རྣམ་པ་དུ་ཞིག་གིས་སྤོང་བར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མི་གཏི་མུག་ཅན་དེ་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་བྱེད་དོ། །གསོལ་པ། བཞི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། བདུད་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཟབ་མོ་འདི་ལ་ཡིད་མི་ཆེས་ཤིང་མི་མོས་ལ། ཆོས་དེ་ལ་དད་པ་མི་འཐོབ་པ་དང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དང་། ཕུང་པོ་ལྔ་ལ་མངོན་པར་ཞེན་ཅིང་མི་བརྩོན་པ་དང་། བདག་ལ་སྟོད་ཅིང་གཞན་ལ་སྨོད་པ་སྟེ། ཀུན་དགའ་བོ་རྣམ་པ་བཞི་པོ་དེ་དག་དང་ལྡན་པའི་མི་གཏི་མུག་ཅན་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལ་འདི་ལྟར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དེ་ལྟ་བུ་དང་ལྡན་ན་སྨས་ཤིང་ཉམས་པར་འགྱུར་བས་བྱང་ཆུབ་སེམས་དཔས་ངག་གི་ལས་བསྡམ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ལ། ཐོས་ནས་ཀྱང་དད་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར་


DKG032_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན། འཆང་། ཀློག །ཀུན་ཆུབ་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད། ཡི་གེར་འདྲི་ཞིང་ཡི་གེར་འདྲིར་འཇུག་པར་བྱེད་ལ། གང་ཞིག་དེ་བཞིན་གཤེགས་པས་ཆོ་འཕྲུལ་གསུམ་ལ་བཞུགས་ཏེ། སེམས་ཅན་རྣམས་ལ་ཆོས་བསྟན་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པ་བསྟན་པའི་སྡེ་དེ་དག་ཐམས་ཅད་འཛིན། འཆང་། ཀློག །ཀུན་ཆུབ་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། རྒྱུར་ཡང་མི་བཟོད་དོ། །ཀུན་དགའ་བོ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་ཕྱོགས་མཚམས་བཞི་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོ་འཕྲུལ་གསུམ་པོ་དག་ལ་བཞུགས་ནས་སེམས་ཅན་རྣམས་ལ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་


DKG032_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གཏན་ལ་ཕབ་པ་བསྟན་པའི་སྡེ་རྣམས་ཀྱི་ཆོས་སྟོན་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཡང་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཤིང་བཟུང་བ། ཀུན་ཆུབ་པར་བྱས་ཤིང་བླགས་ལ། གཞན་དག་ལ་ཡང་ཆོས་སྟོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་རྒྱ་ཆེར་ཡང་དག་པར་སྟོན་ན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བསོད་ནམས་ཀྱི་ཕུང་པོ་མཚུངས་པར་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་བ་ཡིན། དེ་བཞིན་གཤེགས་པ་དེ་དག་གི་ཆོ་འཕྲུལ་གསུམ་པོ་དག་ཀྱང་འདི་ལས་བྱུང་བ་ཡིན། དེ་བཞིན་གཤེགས་པ་དེ་དག་གི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་ནས། རྟོགས་པ་བརྗོད་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་ཡང་འདི་ལས་བྱུང་བ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མེ་ཏོག་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས་པ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་སམ། ཡི་གེར་འདྲིར་བཅུག་སྟེ། གླེགས་བམ་དུ་བྱས་པ་ལ་མེ་ཏོག་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱས།


DKG032_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས་པའི་བསོད་ནམས་དེ་ནི་མཚུངས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལེན་ཅིང་འཛིན་ལ། ཀུན་ཆུབ་པར་བྱེད་ཅིང་ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་ནི་སེམས་ཅན་དམྱལ་བར་མི་འགྲོ་བར་ཤེས་པར་བྱའོ། །དུད་འགྲོའི་སྐྱེ་གནས་སུ་མི་འགྲོ་བ་དང་། གཤིན་རྗེའི་འཇིག་རྟེན་དུ་མི་འགྲོ་བར་ཤེས་པར་བྱའོ། །ཉན་ཐོས་ཀྱི་སར་ལྟུང་བའི་འཇིགས་པ་མེད་པར་ཤེས་པར་བྱའོ། །རང་སངས་རྒྱས་ཀྱི་སར་ལྟུང་བའི་འཇིགས་པ་མེད་པར་ཤེས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྡིག་པ་ཐམས་ཅད་སེལ་བ་དང་། ནད་ཐམས་ཅད་འཇིག་པར་བྱེད་པ་ཡིན་པའི་ཕྱིར་རོ། ། ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། འདི་ལྟ་སྟེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོ་བྱེད། མཆོད་པ་བྱེད་པ་དེ་ནི་འཇིགས་པ་ག་ལས་ཀྱང་མི་འབྱུང་བར་ཤེས་པར་བྱའོ། །


DKG032_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དག་ཀྱང་འདི་ལས་ངེས་པར་བྱུང་བ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་འདི་ལས་བྱུང་བ་ཡིན་ལ། ཀུན་དགའ་བོ་འདི་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་འདིའམ། གཞན་གྱི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། འདི་ཉིད་ཡི་གེར་བྲིས་ཏེ་གླེགས་བམ་དུ་བྱས་པ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་པའི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེར་མིའམ། མི་མ་ཡིན་པ་གླགས་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་དག་ལ་ཐེག་པ་གང་ཡང་རུང་བས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀུན་དགའ་བོ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པས་ན་དོན་ཆེ་བ་ཡིན་ནོ། །ཀུན་དགའ་བོ་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་བྱུང་བར་ཤེས་པར་བྱའོ། །ཀུན་དགའ་བོ་དཔེར་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་ཡོད་ལ། ནོར་བུ་རིན་པོ་ཆེ་དེ་ཡང་ཡོན་ཏན་འདི་དག་དང་ལྡན་


DKG032_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གང་དུ་ལས་བྱ་བ་དེར་ནོར་བུ་རིན་པོ་ཆེ་དེ་བཞག་པར་གྱུར་པ་དེར་མི་གླགས་ལྟ་བས་གླགས་མི་རྙེད་དོ། །གང་ན་སྐྱེས་པའམ། བུད་མེད་མི་མ་ཡིན་པས་ཟིན་པར་གྱུར་པ་དེར་ནོར་བུ་རིན་པོ་ཆེ་དེ་བཞག་ན། མི་མ་ཡིན་པ་དེ་ནོར་བུ་རིན་པོ་ཆེ་དེའི་གཟི་བརྗིད་མི་བཟོད་པས། དེ་ནས་བདག་ཉིད་མྱུར་དུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་མཁྲིས་པས་ཚིག་པའི་ནད་པའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཞག་ན་མཁྲིས་པ་དེ་རབ་ཏུ་ཞི་བར་འགྱུར་རོ། །དེ་བཞིན་དུ་སྐྱེས་པའམ། བུད་མེད་རླུང་གིས་ཕོག་པའམ། བད་ཀན་ནམ། འདུས་པའི་ནད་ཀྱིས་ཐེབས་པའི་སྐྱེས་པའམ། བུད་མེད་དེའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཞག་ན་རེག་མ་ཐག་ཏུ་ནོར་བུ་རིན་པོ་ཆེ་དེའི་གཟི་བརྗིད་ཀྱིས་ནད་རབ་ཏུ་ཞི་བར་འགྱུར་རོ། །ཡང་ནོར་བུ་རིན་པོ་ཆེ་དེ་ནི་མཚན་མོ་སྣང་བར་བྱེད་དོ། །ཚ་བའི་དུས་ན་ནོར་བུ་རིན་པོ་ཆེ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེར་བསིལ་བར་བྱེད་དོ། །གྲང་བའི་དུས་ན་ས་ཕྱོགས་གང་དུ་ནོར་བུ་རིན་པོ་ཆེ་དེ་བཞག་པའི་ཕྱོགས་དེར་དྲོ་བར་བྱེད་དོ། །ས་ཕྱོགས་གང་ན། སྦྲུལ་གདུག་པའམ། སྡིག་པ་ཡོད་ལ་སྐྱེས་པའམ། བུད་མེད་གང་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པར་གྱུར་ན། དེ་ལ་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་དེ་བསྟན་ན། དེ་མཐོང་མ་ཐག་ཏུ་དུག་དེ་མེད་པར་འགྱུར་ཏེ། ཀུན་དགའ་བོ་ནོར་བུ་རིན་པོ་ཆེ་དེ་ནི་ཡོན་ཏན་དེ་དག་དང་ལྡན་ནོ། །ཀུན་དགའ་བོ་གཞན་ཡང་སྐྱེས་པའམ། བུད་མེད་གང་གི་ལུས་ལ་འབྲས་དང་། ཆུ་བུར་བྱུང་བའམ། མིག་ནད་དམ། རྣ་བ་དང་། སྣ་དང་། ལྕེ་དང་། མགུལ་ནད་བྱུང་ན། སྐྱེས་པའམ། བུད་མེད་དེའི་ལུས་ལ་ནོར་བུ་རིན་པོ་ཆེ་དེ་བཞག་ན། དེ་མཐོང་མ་ཐག་ཏུ་ནད་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །རྫིང་གི་ཆུ་གང་དུ་ནོར་བུ་རིན་པོ་ཆེ་དེ་བཅུག་ན། ཆུ་དེ་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པ་དང་། དེ་རས་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཀའམ། ཤེལ་ལམ། དམར་སེར་རམ། སེར་སྐྱས་དཀྲིས་ཏེ། ཆུར་བཅུག་ན་ཆུ་དེ་ཐམས་ཅད་ཁ་


DKG032_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྔོན་པོར་འགྱུར་བ་ནས། ཁ་དོག་སེར་སྐྱའི་བར་དུ་ཁ་དོག་གཅིག་ཏུ་འགྱུར་རོ། །ཀུན་དགའ་བོ་ཆུ་གང་རྙོག་པ་ཅན་དུ་གྱུར་པ་དེར་ནོར་བུ་རིན་པོ་ཆེ་དེ་བཅུག་ན་དང་བར་འགྱུར་ཏེ། ནོར་བུ་རིན་པོ་ཆེ་དེ་ཡོན་ཏན་དེ་དག་དང་གཞན་དག་དང་ཡང་ལྡན་པ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནོར་བུ་རིན་པོ་ཆེ་དང་འདྲ་བ་འདི་ཡང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཅིང་། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་སུམ་ཅུ་བཞི་པ་ཐ་མ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་ལྷ་རྣམས་ལ་མཆིས་སམ། འོན་ཏེ་མི་རྣམས་ལ་མཆིས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ནོར་བུ་རིན་པོ་ཆེ་དེ་ནི་ལྷ་རྣམས་ལ་ཡང་ཡོད། ནོར་བུ་རིན་པོ་ཆེ་དེ་ནི་འཛམ་བུ་གླིང་གི་མི་རྣམས་ལ་ཡང་ཡོད་དེ། འཛམ་བུ་གླིང་གི་མི་རྣམས་ལ་ཡོད་པའི་ནོར་བུ་རིན་པོ་ཆེ་དེ་ནི་ཡོན་ཏན་ཆུང་ངོ་། །ལྷ་ཡུལ་པའི་ནི་ཡོན་ཏན་ཚད་མེད་དོ། །ལྷ་ཡུལ་པའི་ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་གང་གི་ནང་ན་བཅུག་པའི་ཟ་མ་ཏོག་དེ་ཡང་། དེའི་ཡོན་ཏན་ཅན་དུ་གྱུར་ཏེ། གང་ལ་ལ་ཞིག་གིས་ཟ་མ་ཏོག་དེ་ལ་རེག་ན་དེ་ཡང་ཡོན་ཏན་དེ་དང་ལྡན་པར་འགྱུར་རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ལྷ་ཡུལ་པའི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ། གང་དུ་བཞག་པ་དེར་གནོད་པ་ཅི་ཡང་མི་འབྱུང་བར་ཤེས་པར་བྱའོ། །ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་རྣམས་ཇི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཡོན་ཏན་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །ནང་སྟོང་པ་ཉིད་ནས་


DKG032_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་དེ་དང་འདྲའོ། ། དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་རྣམས་ཀྱང་དེ་དང་འདྲའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཐམས་ཅད་མཁྱེན་པ་ཞེས་བརྗོད་དེ། ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་ན་བསྟི་སྟང་དུ་བྱ། བླ་མར་བྱ་ཞིང་། རིམ་གྲོ་བྱེད། མཆོད་པ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་སྣོད་ཡིན་པའི་ཕྱིར་རོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོའི་སྣོད་ཡིན་པའི་ཕྱིར་མཆོད་པ་བརྙེས་སོ། ། དེ་བཞིན་དུ་ཉོན་མོངས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་དང་། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། གདེག་པ་མེད་པ་དང་། གཞག་པ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། གནས་པ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྣོད་ཡིན་པའི་ཕྱིར་མཆོད་པ་བརྙེས་སོ། །ཀུན་དགའ་བོ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་དང་། འོག་དང་། སྟེང་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་མཚམས་བཞིའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་


DKG032_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པའམ། བསྐལ་པ་ལས་ལྷག་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་མམ། བསྐལ་པ་བརྒྱ་ཕྲག་དུ་མའམ། བསྐལ་པ་སྟོང་ཕྲག་དུ་མའམ། བསྐལ་པ་འབུམ་ཕྲག་དུ་མའམ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་འདི་ལྟ་སྟེ། མེ་ཏོག་དང་། ཕྲེང་བའམ། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པ་བྱེད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་ནས་གླེགས་བམ་དུ་བྱས་པ་ལ་འདི་ལྟ་སྟེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོ་བྱེད། མཆོད་པ་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་འདི་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་བཟུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བཞིན་གཤེགས་པ་ལས་ཡོངས་སུ་བཟུང་བའི་བསོད་ནམས་ཀྱི་ཕུང་པོ་སྔ་མའི་གན་ན་མཆོག་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །རབ་མཆོག་ཅེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་ལས་ཡོངས་སུ་བཟུང་བའི་བསོད་ནམས་ཀྱི་ཕུང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་བྱེད་དེ། འཁོར་བ་ན་འཁོར་བར་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་


DKG032_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཀུན་དགའ་བོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་ཅིང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣམས་ཀྱང་འཐོབ་སྟེ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་། ལུས་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ལུས་ཡོངས་སུ་འཛིན་ཏེ། ཡང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་བྱད་ཀྱིས་སམ། ཡང་ན་ཁམས་ཀྱི་རྒྱལ་པོར་གྱུར་པས་སམ། ཡང་ན་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པས་སམ། ཡང་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པས་སམ། ཡང་ན་བརྒྱ་བྱིན་གྱི་གཟུགས་ཀྱིས་སམ། ཡང་ན་ཚངས་པའི་གཟུགས་ཀྱིས་སམ། ཡང་ན་རྣམ་ཐོས་ཀྱི་བུའི་གཟུགས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོ་བྱེད། མཆོད་པ་བྱེད་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་བསགས་པར་འགྱུར། ཕུན་སུམ་ཚོགས་པ་ཐམས་ཅད་བཟུང་བར་འགྱུར། དེ་བཞིན་


DKG032_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ལ་བསྟི་སྟང་བྱས་པར་འགྱུར། བླ་མར་བྱས་པར་འགྱུར། རིམ་གྲོ་བྱས་པར་འགྱུར། མཆོད་པ་བྱས་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ལ་གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྐུར་ལྟ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བྱ། བཅང་བར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱས་ཏེ། དེས་ན་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་མཐོང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །ཀུན་དགའ་བོ་འདས་པའི་དུས་ན་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་དག་དེ་བཞིན་གཤེགས་པ་དེ་དག་གི་ཉན་ཐོས་སུ་གྱུར་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་རྗེས་སུ་ཐོབ་བོ། ། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་བར་དུ་རྗེས་སུ་ཐོབ་བོ། །གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་གི་ཉན་ཐོས་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དུ་འབྱུང་བར་འགྱུར་བ་ཐམས་ཅད་


DKG032_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་འབྱུང་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཉན་ཐོས་དེ་དག་ཀྱང་དགྲ་བཅོམ་པ་ཉིད་ཀྱི་བར་དུ་རྗེས་སུ་འཐོབ་བོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་ད་ལྟར་རང་སངས་རྒྱས་གང་དག་གནས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་གསུམ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་རྒྱ་ཆེར་བསྟན་པའི་ཕྱིར་ཏེ། དེ་དག་ཀྱང་མཚན་མ་མེད་པའི་ཚུལ་གྱིས་བསྟན་ཏོ། །དེ་བཞིན་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་དང་། བླང་བ་མེད་པ་དང་། དོར་བ་མེད་པའི་ཚུལ་དང་། གདེག་པ་མེད་པ་དང་། གཞག་པ་མེད་པའི་ཚུལ་དང་། གཟུང་བ་མེད་པ་དང་། གཏང་བ་མེད་པའི་ཚུལ་དང་། དེ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་མ་ཡིན། ཕ་རོལ་མ་ཡིན། ཐང་མ་ཡིན། གཤོང་མ་ཡིན། ཕྱ་ལེ་མ་ཡིན། ཕྱ་ལེ་མ་ཡིན་པ་མ་ཡིན། མཚན་མ་མ་ཡིན། མཚན་མ་མེད་པ་མ་ཡིན། འཇིག་རྟེན་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་དུ་བསྟན་པ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན། འདས་པ་མ་ཡིན། མ་


DKG032_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་ལགས་སམ། ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་ཡང་སྤྱོད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་སྤྱོད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། སྦྱིན་བདག་ཀྱང་མི་དམིགས། ལེན་པ་པོ་ཡང་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ཡང་མི་དམིགས་སོ། ། དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་སྤྱད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། ཤེས་རབ་དང་ལྡན་པ་དང་། ཤེས་རབ་འཆལ་པ་ཡང་མི་དམིགས་སོ། །འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པར་བྱེད་པ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་བསྲུང་བ་རྣམས་ཀྱི་སྔོན་དུ་འགྲོ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་སྒྲུབ་པ་རྣམས་ཀྱི་སྔོན་དུ་འགྲོ་བ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་


DKG032_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་རྣམས་ཀྱི་སྔོན་དུ་འགྲོ་བ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དག་ལ་སྙོམས་པར་འཇུག་པ་རྣམས་ཀྱི་སྔོན་དུ་འགྲོ་བ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་རྣམ་པར་ལྟ་བ་རྣམས་ཀྱི་སྔོན་དུ་འགྲོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་སོ། །ཀུན་དགའ་བོ་དཔེར་ན་འཛམ་བུ་གླིང་གི་ཤིང་ལྗོན་པ་ལོ་མ་ཐ་དད་པ། མེ་ཏོག་ཐ་དད་པ། འབྲས་བུ་ཐ་དད་པ་རྣམས་ཀྱི་གྲིབ་མ་ནི། གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བ་མ་གཏོགས་པར་བྱེ་བྲག་གམ། ཐ་དད་དུ་བྱ་བ་མི་དམིགས་སོ། །ཀུན་དགའ་བོ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་རྣམས་ལ་ཡང་བྱེ་བྲག་གམ། ཐ་དད་དུ་བྱ་བ་མི་དམིགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་སླད་དུ་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་སླད་དུ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་


DKG032_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་སམ། ཡི་གེར་འདྲིར་སྩལ་ནས། གླེགས་བམ་དུ་བགྱིས་སམ། འཆང་ངམ། ཀློག་གམ། དེ་བཞིན་ཉིད་ལ་འདི་ལྟ་སྟེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། བདུག་པ་དང་། མར་མེ་དང་། ཕྱེ་མ་དང་། ཆོས་གོས་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོ་བགྱིད། མཆོད་པར་བགྱིད་ལ། གོང་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་སམ། ཡི་གེར་འདྲིར་སྩལ་ནས། གླེགས་བམ་དུ་བགྱིས་ཏེ། གཞན་དག་ལ་སྩལ་ན། འདི་གཉིས་གང་བསོད་ནམས་ཆེས་མང་དུ་སྐྱེད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་རིང་བསྲེལ་རྣམས་ལ་རྟག་པར་རྒྱུན་དུ་མེ་ཏོག་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོ་བྱེད། མཆོད་པ་བྱེད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ཞིག་གཞན་དག་ལ་བགོ་བཤའ་བྱས་ཏེ་བྱིན་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཀྱང་དེ་བཞིན་གཤེགས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་དེ་བླངས་ཏེ། མེ་ཏོག་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོ་བྱེད། མཆོད་


DKG032_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་དེ་གཉིས་གང་བསོད་ནམས་མང་དུ་སྐྱེད་སྙམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། གང་གིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གཞན་ལ་སྩལ་པ་དེ་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་ལགས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་འདི་གཟིགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ལྟ་བུའི་སྐུ་བཤིག་པ་མཛད་དོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་བགྱིད་པ་དེའི་དགེ་བའི་རྩ་བ་དེ་མཐར་ཐུག་པར་མི་འགྱུར་གྱི། སྡུག་བསྔལ་ཐམས་ཅད་མཐར་བགྱིད་པར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་སམ། ཡི་གེར་འདྲིར་བཅུག་ནས། གླེགས་བམ་དུ་བྱས་ཏེ། མེ་ཏོག་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོ་བྱེད། མཆོད་པ་བྱེད་པ་བས་གཞན་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡི་གེར་བྲིས་སམ། ཡི་གེར་འདྲིར་བཅུག་སྟེ། ཆོས་ལ་དགའ་བས་གཞན་དག་ལ་བྱིན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེ་ཉིད་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་


DKG032_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེས་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ངེས་པར་འབྱུང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ངེས་པར་འབྱུང་བའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་སྣ་ཚོགས་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པ་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན། བཤད། རྣམ་པར་ཕྱེ། གསལ་བར་བྱས། ཡང་དག་པར་རབ་ཏུ་བསྟན་ཏེ། འདི་སྐད་ཅེས་ཚུར་ཤོག །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་བརྗོད་ན། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཇི་སྙེད་ཅིག་སྐྱེད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་གང་དག་ཡིན་པ་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་


DKG032_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་དག་གཞན་དག་ལ་རྣམ་གྲངས་འདིས་རྗོད་ཅིང་སྟོན་ལ། གསལ་བར་བྱེད་ཅིང་རྣམ་པར་འབྱེད་དེ། ཡང་དག་པར་རབ་ཏུ་སྟོན་ལ་དེ་ལ་འདི་སྐད་ཅེས་ཀྱེ་ཚུར་ཤོག །རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཆོངས་ཤིག །ཀུན་ཆུབ་པར་གྱིས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་ཀྱང་བརྗོད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རྒྱུན་དུ་ཞུགས་པ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་འཛམ་བུ་གླིང་གི་སེམས་ཅན་རྣམས་ལྟ་ཡང་ཞོག །དེ་བཞིན་དུ་གླིང་བཞི་པའི་སེམས་ཅན་རྣམས་ལྟ་ཡང་ཞོག །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཡང་ཞོག །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟའང་ཞོག །ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟའང་ཞོག་ལ། ཀུན་དགའ་བོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། །


DKG032_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ། ཚིག་འབྲུ་བཟང་པོ་འདི་གཞན་དག་ལ་རྗོད་ཅིང་སྟོན་ལ། གསལ་བར་བྱེད་ཅིང་རྣམ་པར་འབྱེད་དེ། ཡང་དག་པར་རབ་ཏུ་སྟོན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དེ་དག་གི་བསོད་ནམས་པས་ཆེས་མང་དུ་སྐྱེད་དེ། དེ་ནི་སྟོན་པའམ། སྟོན་པ་གང་ཡང་རུང་བའམ། བླ་མའི་གནས་ལྟ་བུའམ། ཚངས་པ་མཚུངས་པར་སྤྱོད་པ་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཤིང་། གང་དག་མ་འོངས་པ་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། གཞན་མཁས་པ་ཚངས་པ་མཚུངས་པར་སྤྱོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་བྱུང་བ་གང་དག་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བྱུང་ལ། ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་འདས་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་གྱུར་པ་ཡིན། ཉན་ཐོས་ཀྱི་ཐེག་པ་པ་


DKG032_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། དགྲ་བཅོམ་པ་ཉིད་ཐོབ། འཐོབ་པར་འགྱུར། དེ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱང་རང་བྱང་ཆུབ་ཐོབ་འཐོབ་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་མངོན་དུ་གྱུར་པ་ལ། མེ་ཏོག་རྣམ་པ་སྣ་ཚོགས་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱ་བར་འདོད་པ་དང་། བླ་མར་བྱ་བར་འདོད་པ་དང་། རི་མོར་བྱ་བར་འདོད་པ་དང་། མཆོད་པ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡི་གེར་བྲིས་སམ། ཡི་གེར་འདྲིར་བཅུག་ནས་གླེགས་བམ་དུ་བྱས་ཏེ། མེ་ཏོག་རྣམ་པ་སྣ་ཚོགས་ནས། བ་དན་གྱི་བར་དག་དང་། རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པ་བྱའོ། །དོན་གྱི་དབང་འདི་མཐོང་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན། བདག་གིས་སུ་ལ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པ་བྱ་ཞིང་བརྟེན་ཏེ་གནས་པར་བྱ་སྙམ་ན། ཀུན་དགའ་བོ་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་ང་དང་འདྲ་བའམ། ལྷག་པ་ཡང་མ་མཐོང་ནས། དེ་ནས་ངས་འདི་སྙམ་དུ་བསམས་ཏེ། ངས་ཆོས་ཞི་བ་གྱ་ནོམ་པ་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཉིད་ལ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པ་བྱ་ཞིང་བརྟེན་ཏེ་གནས་པར་བྱའོ་སྙམ་མོ། །ཀུན་དགའ་བོ་ཆོས་དེ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དེ། ཀུན་དགའ་བོ་ང་ད་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་བརྟེན་ཏེ་གནས་ན། ཀུན་དགའ་བོ་


DKG032_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་བྱང་ཆུབ་སེམས་དཔའ་རྣམས་བྱུང་ལ། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱུང་ཞིང་། དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་བྱུང་བའི་ཕྱིར་ཏེ། ཀུན་དགའ་བོ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པ་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་གང་ལ་བསླབས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོ་བྱའོ། ། མཆོད་པར་བྱའོ། ། ཀུན་དགའ་བོ་འདི་ཇི་སྙམ་


DKG032_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་གཞན་དག་ལ་རྒྱ་ཆེར་རྗོད་ཅིང་སྟོན་ལ་རྣམ་པར་འབྱེད་དེ། གསལ་བར་བྱེད་ཅིང་ཡང་དག་པར་རབ་ཏུ་སྟོན་ལ། འདི་སྐད་ཅེས་ཚུར་ཤོག །རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་རྗོད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རྒྱུན་དུ་ཞུགས་པ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བཀོད་ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་གཞན་དག་ལ་རྒྱ་ཆེར་རྗོད་ཅིང་འཆད་པ་ནས། ཡང་དག་


DKG032_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་ཏུ་སྟོན་པའི་བར་དུ་བྱེད་ཅིང་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཅེས་བྱ་བ་ནས། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་བརྗོད་པའི་བར་དུ་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རང་སངས་རྒྱས་ཀྱི་བར་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་རྣམས་ལ་ཡང་སྦྱར་བར་བྱའོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་དང་། གང་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ལ། རྣམ་པར་འབྱེད་ཅིང་གསལ་བར་བྱེད་དེ། ཡང་དག་པར་སྟོན་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབས་ཤིག །གང་གི་ཚེ་འདི་ལ་སློབ་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་འཐོབ་པར་འགྱུར་རོ་ཞེས་བརྗོད་ན། དེ་ནི་བསོད་ནམས་མཚུངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ངེས་པར་འབྱུང་བའི་ཕྱིར་རོ། ། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་ཡང་སྦྱར་བར་བྱའོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་


DKG032_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་གཞན་དག་ལ་རྒྱ་ཆེར་རྗོད་པ་ནས་ཡང་དག་པར་སྟོན་པའི་བར་དུ་བྱེད་ལ། འདི་སྐད་ཅེས་ཚུར་ཤོག །རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཅེས་བྱ་བ་ནས། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནན་ཏན་གྱིས་ཤིག །རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་ཞིང་། དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བརྗོད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ས་དེ་དང་། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་ཡང་སྦྱར་བར་བྱའོ། །ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་སྟེ། དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་ཉིད་རྗོད་པ་ནས། ཡང་དག་པར་སྟོན་པའི་བར་དུ་བྱེད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཅེས་བྱ་བ་ནས། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནན་ཏན་གྱིས་ཤིག །གང་གི་ཚེ་ཁྱོད་ཀྱིས་ཇི་སྐད་བསྟན་


DKG032_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་བྱས་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པ་དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་རྗོད་པ་བས། གང་ཞིག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པ་ནས། ཡང་དག་པར་རབ་ཏུ་སྟོན་པའི་བར་དུ་བྱེད་ལ། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཅེས་བྱ་བ་ནས། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་ཤིག །ནན་ཏན་བྱས་ན་ཁྱོད་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཀྱང་བརྗོད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །ཀུན་དགའ་བོ་གཞན་ཡང་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དང་། གླིང་བཞི་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་སྟོན་པ་པས་ནི་གཞན་གང་ཞིག་འདི་སྐད་ཅེས་བདག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་ཞིང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ངན་སོང་གསུམ་པོ་དག་ཏུ་ལྟུང་བའི་སེམས་ཅན་རྣམས་གདོན་པར་བྱའོ་ཞེས་ཟེར་བ་དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འདི་སྟོན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་མཚར་ཅིག་ཆོས་བསྟན་མི་དགོས་ཏེ། དེ་དག་རྫོགས་པའི་བྱང་


DKG032_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལ་གཞོལ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པ་དག་ཡིན་ལ། འདི་ནི་འཁོར་བ་ལ་ཡིད་བྱུང་ཞིང་སྙིང་རྗེ་ཆེན་པོ་ལ་འཇུག་པས་ཡོངས་སུ་གཟིར་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་ཏེ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །དེ་བཞིན་དུ། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །དེ་ལྟ་དེ་ལྟར་ཟས་དང་། གོས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་སྨན་གདགས་འཚལ་ལགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆོས་ཀྱིས་བསྡུ་བ་དང་། ཟང་ཟིང་གིས་བསྡུ་བས་སྨན་འདོགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་ཆེས་མང་དུ་སྐྱེད་ཀྱི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དེ་དག་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་


DKG032_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་ནི་འདི་སྙམ་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་འདོམས་ཤིང་རྗེས་སུ་སྟོན་པ་དེ་ནི་བསོད་ནམས་ཆེས་མང་དུ་སྐྱེད་སྙམ་བགྱིད་པའི་སླད་དུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ལ་སྤྲོ་བ་བསྐྱེད་པ་ནི་ལེགས་སོ་ལགས་སོ། །འཕགས་པ་ཉན་ཐོས་གང་སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པར་བྱའོ། །ཆོས་ཀྱིས་བསྡུ་བ་དང་། ཟང་ཟིང་གིས་བསྡུ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པར་བྱ་ཞིང་ཡོངས་སུ་བསྐྱང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལས་བྱུང་ལ། རང་སངས་རྒྱས་ཀྱི་ཐེག་པ་ཡང་དེ་ལས་བྱུང་ཞིང་ཐེག་པ་ཆེན་པོ་ཡང་དེ་ལས་བྱུང་བའི་ཕྱིར་རོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་མ་བསླབས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་མ་བསླབས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་མ་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་འཚང་མི་རྒྱའོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་


DKG032_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཉན་ཐོས་ཀྱི་བྱང་ཆུབ་ཡོད་པར་མི་འགྱུར་བ་ཞིག་ན། ཀུན་དགའ་བོ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སློབ་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བས་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བཙུན་པ་བཅོམ་ལྡན་འདས་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་སྤྱོད་པ་དེ་སྲིད་དུ་འཇིག་རྟེན་ན་སངས་རྒྱས་དཀོན་མཆོག་ནུབ་པར་མི་འགྱུར། དེ་བཞིན་དུ་འཇིག་རྟེན་ན་ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ནུབ་པར་མི་འགྱུར། དེ་བཞིན་དུ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། བསམ་གཏན་བཞི་དང་། དེ་བཞིན་དུ་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། དྲན་པ་ཉེ་བར་གཞག་པ་བཞི་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར།


DKG032_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་འོག་མིན་གྱི་བར་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། དེ་བཞིན་དུ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། རྗེས་སུ་སངས་རྒྱས་པའི་ཡེ་ཤེས་རྣམས་འཇིག་རྟེན་ན་མཆིས་པར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བའི་བར་དུ་འཇིག་རྟེན་ན་མཆིས་པར་འགྱུར། མི་དགེ་བའི་ཆོས་ཐམས་ཅད་ནི་ཡོངས་སུ་ཉམས་པར་འགྱུར། དགེ་བའི་ཆོས་བསྒོམ་པ་ཐམས་ཅད་ནི་ཡོངས་སུ་རྫོགས་པར་འགྱུར། ལྷའི་རིས་རྣམས་ནི་མངོན་པར་འཕེལ་བར་འགྱུར། ལྷ་མ་ཡིན་གྱི་རིས་རྣམས་ནི་ཡོངས་སུ་ཉམས་པར་འགྱུར། སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་འགྱུར། ཆོས་ཀྱི་ཚུལ་དང་། དགེ་འདུན་གྱི་ཚུལ་རྒྱུན་མི་འཆད་པར་འགྱུར། འཇིག་རྟེན་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ལེགས་པར་སྨྲས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུན་རིང་པོ་ཇི་སྲིད་དུ་འཇིག་རྟེན་ན་སྤྱོད་པར་འགྱུར་བ་ཡུན་རིང་པོ་དེ་སྲིད་དུ་འཇིག་རྟེན་ན་སངས་རྒྱས་དཀོན་མཆོག་ནུབ་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ཡོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐ་ན་ཐོས་པ་ཙམ་ཡང་དོན་ཆེན་པོ་ཡིན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། འདི་ལྟ་སྟེ། མེ་ཏོག་དང་། འབྲས་བུ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། བདུག་པ་དང་། མར་མེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་།


DKG032_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོའི་སྒྲ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོ་བྱེད་པ་དང་། མཆོད་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། ལྷའི་བུའམ། ལྷའི་བུ་མོ་གང་ལ་ལའི་རྣ་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གྲག་པ་དེ་དག་ཐམས་ཅད་ནི་དགེ་བའི་རྩ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་དག་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་དག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་


DKG032_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་ཤིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་འདུས་ལ། དགེ་བའི་ཆོས་ཐམས་ཅད་ཀྱང་སྒྲུབ་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་གཞན་ཡང་ཁྱོད་ཀྱིས་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་ང་ལ་བསྙེན་བཀུར་བྱས་ཏེ། དེའི་ཕྱིར་ད་ལྟར་ང་འཚོ་ཞིང་སྡོད་པའི་ལུས་འདི་ལ་ཁྱོད་ཀྱིས་དགའ་བ་དང་། དང་བ་དང་། གུས་པར་བྱས་སོ། །ང་འདས་པའི་འོག་ཏུ་ཡང་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དགའ་བ་དང་། དད་པ་དང་། གུས་པར་གྱིས་ཤིག །ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཁྱོད་ཀྱིས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཆུད་ཟ་བར་མི་འགྱུར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཅི་ནས་ཀྱང་ཡི་གེ་གཅིག་ཀྱང་ནུབ་པར་མི་འགྱུར་བ་དེ་ལྟར་ལན་གཉིས་ལན་གསུམ་དུ་ཁྱོད་ཀྱི་ལག་ཏུ་གཏད་དོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྲིད་དུ་འཇིག་རྟེན་ན་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པར་རིག་པར་བྱའོ། །དེ་སྲིད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་སེམས་ཅན་རྣམས་ལ་ཆོས་སྟོན་པར་རིག་པར་བྱའོ། ། ཀུན་དགའ་བོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་མཐོང་བ་དང་། དེ་བཞིན་གཤེགས་པ་ལས་ཆོས་ཐོས་པ་དང་མི་འབྲལ་བར་རིག་པར་བྱའོ། །དེ་དག་ནི་དེ་བཞིན་གཤེགས་པའི་ཐད་ན་ཚངས་པར་སྤྱད་པ་སྤྱོད་པར་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པར་བྱེད། ཡི་གེར་འདྲི་བར་བྱེད། ཡི་གེར་འདྲིར་འཇུག་པར་བྱེད། ཀུན་ཆུབ་པར་བྱེད། རྗོད་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། སྟོན་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་དུ་འདི་ལྟ་སྟེ། མེ་ཏོག་དང་།


DKG032_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། བདུག་པ་དང་། མར་མེ་དང་། ཕྱེ་མ་དང་། མར་དང་། འབྲུ་མར་དང་། སྒྲོན་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། མཆོད་པའི་ཡོ་བྱད་རྣམ་པ་མང་པོ་གཞན་དག་གིས་ཀྱང་བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པར་འགྱུར། རྗེད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་མ་དེ་དག་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་ལྷག་མ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མཇུག་སྡུད་ཀྱི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གསུམ་སྟེ་རྫོགས་སོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝར་མ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །།ཡེ་ངྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེཥྭ་ནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ


previousསུམ་ཅུ་རྩ་གསུམ་པ། མཇུག་སྡུད་ཀྱི་ལེའུ། no next