Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་ལྔ་པ། ཐབས་མ་མཁས་པའི་ལེའུ།
   
   
   
   
   
   
   
   


 
previousཉི་ཤུ་ལྔ་པ། ཐབས་མ་མཁས་པའི་ལེའུ། next

ཉི་ཤུ་ལྔ་པ། ཐབས་མ་མཁས་པའི་ལེའུ།


DKG032_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་མ་མ་མཆིས་པའི་ཏིང་ངེ་འཛིན་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཚན་མ་མ་མཆིས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་སྨོན་པ་མ་མཆིས་པའི་ཏིང་ངེ་འཛིན་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྨོན་པ་མ་མཆིས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་བསྒོམ་པར་བགྱི། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཇི་ལྟར་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་བསྒོམ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་བསྒོམ་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱ་སྟེ། ཅི་ནས་ཀྱང་སོ་སོར་རྟོག་པ་ན། སེམས་རྣམ་པར་མི་གཡེང་བ་དེ་ལྟར་སོ་སོར་བརྟག་


DKG032_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སེམས་རྣམ་པར་མ་གཡེངས་ན། དེས་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །དེས་ཆོས་དེ་དག་ཡང་དག་པར་རྗེས་སུ་མཐོང་ཡང་མངོན་སུམ་དུ་ནི་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ལེགས་པར་བསླབས་པ་ཡིན་ཞིང་ཆོས་གང་ཡང་འཕེལ་བའམ། རྣམ་པར་གཅོད་པར་མི་བྱེད་ལ། མངོན་སུམ་དུ་མི་བྱེད་པའི་བར་གྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་དོན་དམ་པར་གང་ཞིག་མངོན་སུམ་དུ་བྱེད་པ་དང་། གང་གིས་མངོན་སུམ་དུ་བྱེད་པ་དང་། གང་མངོན་སུམ་དུ་བྱ་བའི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྟོང་པ་མངོན་སུམ་དུ་མི་བྱའོ་ཞེས་བཀའ་སྩལ་ན། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་ནས། སྟོང་པ་ཉིད་ཇི་ལྟར་མངོན་སུམ་དུ་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་། མངོན་སུམ་དུ་བྱའོ་སྙམ་དུ་ནི་མི་རྟོག་གི །ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་སོ་སོར་རྟོག་ལ། འདི་ནི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་སོ་སོར་རྟོག་སྟེ། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་ནོ་ཞེས་སོ་སོར་རྟོག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མཉམ་པར་མ་གཞག་ན་ཡང་དམིགས་པ་དག་ལ་སེམས་ཉེ་བར་གཏོད་དེ། བར་མ་དོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་མི་ཉམས་སོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལས་ཀྱང་


DKG032_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་ཉམས་ལ། ཟག་པ་མེད་པ་ཡང་མངོན་སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཆོས་རྒྱ་ཆེན་པོ་རྣམས་དང་ལྡན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཤིན་ཏུ་གནས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། འདི་ནི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཀྱང་འདི་སྙམ་དུ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ནོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ནོ། །འདི་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་དུས་ཡིན་ནོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པའི་དུས་ཡིན་ནོ། །འདི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དག་བསྒོམ་པའི་དུས་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་བསྒོམ་པའི་དུས་ཡིན་ནོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པའི་དུས་ཡིན་གྱི། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་བསྒོམ་པའི་དུས་མ་ཡིན། འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པ་དང་། ཕྱིར་མི་འོང་བའི་འབྲས་བུ་བསྒོམ་པའི་དུས་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་བསྒོམ་པ་དང་། རང་བྱང་ཆུབ་བསྒོམ་པའི་དུས་མ་ཡིན་ནོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་


DKG032_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ལ་ཡོངས་སུ་འདྲིས་པར་བྱེད་མོད་ཀྱི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་འདྲིས་པར་བྱེད་མོད་ཀྱི། ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་དཔེར་ན་སྐྱེས་བུ་ལ་ལ་ཞིག་དཔའ་བ་དང་། དམ་བཅས་པ་ལ་བརྟན་པ་དང་། གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། འཕོང་རྩལ་གྱི་ལས་ལེགས་པར་བསླབས་པ་ཞིག་ཏུ་གྱུར་ལ། དེས་ཀྱང་མཚོན་ཆ་སྲ་བ་དག་བཅངས་ཤིང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཚར་ཕྱིན་པ། བཟོའི་གནས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་གྱུར་པ། རིག་པའི་གནས་བཅྭ་བརྒྱད་ལ་ལེགས་པར་བསླབས་པ། སྐྱེ་བོ་མང་པོ་ལ་དབེན་པ་དང་། དགའ་བ་དང་། ཡིད་དུ་འོང་བར་གྱུར་ན། ཐམས་ཅད་ལ་ལེགས་པར་བསླབས་པའི་ཕྱིར་དགོས་པ་གང་དང་གང་བརྩམས་པ་ཐམས་ཅད་ལས་རྙེད་པ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེའི་ཚེ་ཡང་སྐྱེ་བོ་མང་པོས་བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ལ་ཕྱིར་ཞིང་ཡིད་རངས་ཏེ། དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་པ་དེ། དགོས་པ་ཞིག་གི་ཕྱིར་ཕ་མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། བུ་སྨད་རྣམས་ཁྲིད་དེ་འབྲོག་དགོན་པ་བྱིས་པ་རྣམས་འཇིགས་པར་བྱེད་པ་སྤུ་ཟིང་ཞེས་བྱེད་པ་ཞིག་ཏུ་སོང་ལ། དེར་སོང་ནས་ཀྱང་ཕ་མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། བུ་སྨད་དེ་དག་ལ་མ་འཇིགས་ཤིག །ཁོ་བོས་ཁྱེད་འཇིགས་ཤིང་སྐྲག་པ་ཆེན་པོ་འདི་ལས་བདེ་ལེགས་དང་། བདེ་བར་འབྲོས་སུ་གཞུག་ཅིང་མྱུར་དུ་ཐར་བར་བྱའོ་ཞེས་བསྒོ་ལ། འབྲོག་དགོན་པ་


DKG032_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡང་དེ་དག་གི་དགྲ་བོ་དང་། གསོད་པ་དང་། ཕྱིར་རྒོལ་བ་མང་པོ་དག་ཅིག་བྱུང་བར་གྱུར་ལ། དེ་ཡང་ཤེས་རབ་ཀྱི་སྟོབས་མཆོག་དང་ལྡན་པ་ཡིན་པས། དེས་ཕ་མ་དང་། སྤུན་དང་། སྲིང་མོ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། བུ་སྨད་རྣམས་འབྲོག་དགོན་པ་དེ་ནས་བདེ་ལེགས་དང་། བདེ་བར་བཏོན་ནས། སླར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་ཞུགས་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ལ། མ་སྣད་མ་སྨས་པར་གནས་པར་བྱེད་ཅིང་། སེམས་ཅན་དེ་དག་ལ་ཕྱིར་རྒོལ་བའི་སེམས་སམ། སེམས་འཁྲུག་པར་ཡང་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྐྱེས་བུ་དེས་འཕོང་གི་ལས་དང་། དེ་ལས་གཞན་པའི་དགོས་པ་ཐམས་ཅད་ལ་ཤིན་ཏུ་བྱང་བར་བྱས་པའི་ཕྱིར་རོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་བྱམས་པ་དང་ལྡན་པ་དང་། སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ། བསྒྲུབས་ནས་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བར་སྐབས་དེ་ན། ཚད་མེད་པ་བཞི་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་ཟག་པ་ཟད་པར་མ་གྱུར་པ་ཁོ་ནར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ལ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་ལ་གནས་ནས་ཀྱང་དེ་དག་གི་དབང་དུ་མི་འགྲོ། དེ་དག་གིས་འཕྲོགས་པར་མི་འགྱུར་ཏེ། གང་མངོན་སུམ་དུ་བྱས་པས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་རྣམ་པར་ཐར་པའི་སྒོ་དེ་དག་མངོན་སུམ་དུ་ཡང་མི་བྱེད་དོ། ། རབ་འབྱོར་དཔེར་ན་འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཡང་ས་ལ་མི་ལྟུང་ཞིང་། ནམ་མཁའ་ལ་རྒྱུ་སྟེ། དེར་ཡང་མི་གནས་ལ། གོས་པར་འགྱུར་བ་ཡང་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བྱེད་


DKG032_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དེ་དག་ལ་ཡང་གནས་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་བ་མ་རྫོགས་པར་གང་མངོན་སུམ་དུ་བྱས་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་འཕོང་གི་བསླབ་པ་ལ་ལེགས་པར་བསླབས་པ་དེས་མདའ་གནམ་རྒྱང་དུ་འཕངས་ལ། གནམ་རྒྱང་དུ་འཕངས་ནས། མདའ་དེ་ལས་གཞན་པ་དག་གིས་མདའ་སྔ་མ་དེའི་ཕྱི་བཞིན་དུ་བརྒྱུད་དེ། དེ་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་མདའ་དེ་ས་ལ་ལྟུང་དུ་མི་སྟེར་ལ། ཀྱེ་མ་མདའ་འདི་ས་ལ་ལྟུང་ཡང་ཅི་མ་རུང་སྙམ་ནས། དེས་མདའ་ཕྱི་མ་ཡང་གནམ་རྒྱང་དུ་མ་འཕངས་ན། མདའ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ས་ལ་ལྟུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་ཡང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་ཡང་དག་པའི་མཐའ་དམ་པ་དེ་མངོན་སུམ་དུ་མི་བྱེད་ཀྱི། གང་གི་ཚེ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ་ནི་ཡང་དག་པའི་མཐའ་དམ་པ་མངོན་སུམ་དུ་བྱེད་དེ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་འདི་དག་གི་ཆོས་ཉིད་ལ་དེ་ལྟར་ངེས་པར་བརྟག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་ལྔ་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་


DKG032_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ་དང་། ཡང་དག་པའི་མཐའ་ལ་སློབ་པ་དང་། དེ་བཞིན་ཉིད་ལ་སློབ་པ་དང་། ཆོས་ཀྱི་དབྱིངས་ལ་སློབ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་གི་བར་ལ་སློབ་པར་བགྱིད་ཀྱང་བར་མ་དོར་ལྟུང་བར་ཡང་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དཀའ་བ་བགྱིད་པ་དེ་ནི་བཙུན་པ་བཅོམ་ལྡན་འདས་ངོ་མཚར་ལགས་སོ། ། དེ་ནི་མཆོག་ཏུ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིན་ཞིང་། དེ་དག་ནི་འདི་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་ཅན་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་ལྟ་བུའི་སེམས་རླབས་པོ་ཆེ་མངོན་པར་བསྒྲུབས་ཏེ། བདག་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིན་ཞིང་། བདག་ཁོ་ནས་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་ཐར་བར་བྱའོ་སྙམ་ནས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དེ་དག་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་པར་སྒྲུབ་པར་བྱེད། དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། སྨོན་པ་མེད་པ་མངོན་པར་སྒྲུབ་པར་བྱེད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ལ་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཟབ་མོའི་གནས་གང་དག་ཡིན་པ་འདི་ལྟ་སྟེ། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་དུ་དྲན་པ་


DKG032_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དེ་དག་ལ་རྟག་ཏུ་སོ་སོར་རྟོག་པར་བྱེད་ཅིང་། རྣམ་པར་ཐར་པའི་སྒོ་གསུམ་ལ་རྟག་ཏུ་སོ་སོར་རྟོག་པར་བྱེད་ལ། འདི་ལྟར་ཡང་སེམས་མངོན་པར་སྒྲུབ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྡིག་པའི་གྲོགས་པོའི་དབང་དུ་སོང་བ། བདག་ཏུ་ལྟ་བའི་དམིགས་པ་ལ་སྤྱོད་པ། དེ་བཞིན་དུ་སེམས་ཅན་ལྟ་བུའི་དམིགས་པ་ནས། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོའི་བར་དུ་ལྟ་བ་སྤང་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ལ། དེ་དག་དེ་ལྟར་དམིགས་པར་སྤྱོད་པའི་སེམས་ཅན་དག་ལ་ཆོས་སྟོན་པར་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་ཡང་དག་པའི་མཐའ་གང་མངོན་སུམ་དུ་བྱས་ནས། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་བའི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏམ། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་ཉིད་ཀྱི་ཚེ་ན། དེ་ལ་ཟག་པ་མེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་མོད་ཀྱི། ཡང་དག་པའི་མཐའ་གང་མངོན་སུམ་དུ་བྱས་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ནས། རང་བྱང་ཆུབ་ཀྱི་བར་དུ་མངོན་སུམ་དུ་བྱེད་པར་འགྱུར་བའི་ཡང་དག་པའི་མཐའ་རེ་ཞིག་མངོན་སུམ་དུ་མི་བྱེད་དོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་བསྐྱེད་པ་འདི་དག་དགེ་བའི་རྩ་བ་དེ་དག་དང་ལྡན་པ་ནི་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱེད་ལ། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་ལས་ཡོངས་སུ་ཉམས་


DKG032_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་བ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ནི་རྟག་ཏུ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་དང་། ཆོས་དཀར་པོ་དག་གིས་རྣམ་པར་འཕེལ་བ་དང་། དེའི་དབང་པོ་དག་ཀྱང་ཇི་ལྟར་ཉན་ཐོས་དང་། རང་སངས་རྒྱས་དག་གི་དབང་པོ་ལྟ་བུ་མ་ཡིན་གྱི། ཆེས་རྣོ་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་མཐོང་ན། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་པོ་འདི་ལྟ་སྟེ། རྟག་པའི་འདུ་ཤེས་དང་། བདེ་བའི་འདུ་ཤེས་དང་། བདག་ཏུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་ལ་སྤྱོད་པ་དག་སྟེ། སེམས་ཅན་དེ་དག་གི་དོན་དུ་བྱང་ཆུབ་ཏུ་སྤྱད་པར་བྱ་སྟེ། ཅི་ནས་ཀྱང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་དག་ལ་འདི་ལྟ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བར་ཆོས་སྟོན་པ་དེ་ལྟར་སྤྱད་པར་བྱའོ་སྙམ་དུ་སེམས་ཏེ། དེ་སེམས་བསྐྱེད་པ་དེ་དང་ལྡན་ཞིང་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་མོད་ཀྱི། སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་ནི་སྙོམས་


DKG032_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པར་མི་བྱེད་དོ། །དེ་དེའི་ཚེ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྫོགས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ཆོས་དེ་དག་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་བྱེད་མོད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་མཐོང་ན་འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས། སྡིག་པའི་གྲོགས་པོའི་དབང་དུ་སོང་བ། དམིགས་པར་ལྟ་བ་འདི་ལྟ་སྟེ། བདག་ཅེས་བྱ་བའམ། སེམས་ཅན་ཞེས་བྱ་བའམ། དེ་བཞིན་དུ་སྦྱར་ཏེ། ཤེས་པ་པོའི་བར་ཞེས་བྱ་བའམ། དེ་བཞིན་དུ་གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་རྣམས་ཞེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ། ཕུང་པོ་རྣམས་ཞེས་བྱ་བའམ། ཁམས་རྣམས་ཞེས་བྱ་བའམ། སྐྱེ་མཆེད་རྣམས་ཞེས་བྱ་བ་ལ་སྤྱོད་པ་དག་སྟེ། བདག་གིས་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་དེ་དག་ལ་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སེམས་ཅན་དེ་དག་གི་དམིགས་པར་ལྟ་བའི་སྐྱོན་འདི་དག་མི་འབྱུང་བར་སེམས་ཅན་དེ་དག་བདག་གིས་དེ་ལྟར་བྱའོ་སྙམ་དུ་སེམས་ཏེ། དེ་སེམས་བསྐྱེད་པ་དེ་དག་དང་ལྡན་ཞིང་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པ་དང་ལྡན་ཡང་སེམས་ཅན་རྣམས་ལ་ལྟ་བས་ནི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ལ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་


DKG032_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་སྡིག་པའི་གྲོགས་པོའི་དབང་དུ་སོང་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་དག་ལ་སྤྱོད་པ་དག་སྟེ། འདི་ལྟ་སྟེ། བུད་མེད་ཀྱི་མཚན་མ་དང་། སྐྱེས་པའི་མཚན་མ་དང་། གཟུགས་ཀྱི་མཚན་མ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱི་མཚན་མ་ལ་སྤྱོད་པ་དག་ཡིན་ཏེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། སེམས་ཅན་དེ་དག་གི་སྐྱོན་དེ་དག་མི་འབྱུང་བར་བདག་གིས་དེ་དག་དེ་ལྟར་བྱའོ་སྙམ་དུ་སེམས་སོ། ། དེ་སེམས་བསྐྱེད་པ་དེ་དང་ལྡན་ཏེ། ཐབས་ལ་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པ་དག་དང་ལྡན་ཡང་སེམས་ཅན་རྣམས་ལ་ལྟ་བས་ནི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ལ། དེའི་ཚེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། ནང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་པ། ཡེ་ཤེས་ཀྱི་ཆོས་དེ་ལྟ་བུ་དང་ལྡན་པ་ནི་འདུ་བྱེད་རྣམས་ལ་བདེ་བར་འདུ་ཤེས་སྐྱེད་པའམ། འདུ་བྱེད་རྣམས་ལ་བདེ་བར་རྗོད་པའམ། ཁམས་གསུམ་པ་དང་། ལྷན་ཅིག་ཏུ་གནས་པ་དེ་ནི་གནས་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱས་ནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། ཡང་དག་པའི་མཐའ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུའམ།


DKG032_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འཐོབ་པར་འགྱུར་ཞིང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། དངོས་པོ་མེད་པ་མངོན་སུམ་དུ་བྱེད་པར་མི་འགྱུར་བའི་ཡང་དག་པའི་མཐའ་ཇི་ལྟར་མངོན་སུམ་དུ་མི་བྱ་ཞེས་ཡོངས་སུ་དྲི་བར་བྱའོ། །དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་ཡོངས་སུ་དྲིས་པ་ན། འདི་སྐད་ཅེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་སྒོམ་པ་ན་དེས་སྟོང་པ་ཉིད་ཡིད་ལ་བྱའོ། །དེས་མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་ཡིད་ལ་བྱའོ། །དེས་མངོན་པར་འདུ་བྱ་བ་མེད་པ་ཉིད་དང་། འགག་པ་མེད་པ་ཉིད་ཡིད་ལ་བྱའོ་ཞེས་ལན་འདེབས་ཤིང་། གལ་ཏེ་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བར་སེམས་བསྐྱེད་པ་ཉེ་བར་མི་སྟོན་ཏམ། ཐབས་ལ་མཁས་པ་ལན་མི་འདེབས་ན། དེའི་ཚེ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་རིགས་ཀྱི་བུ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ས་ཡོངས་སུ་དྲིས་པ་གང་ཡིན་པ་དེ་མི་རྗོད་མི་སྟོན་རབ་ཏུ་མི་འབྱེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ས་ལ་ཇི་ལྟ་བ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡོངས་སུ་འདྲིས་པར་བྱས་ནས། བསྲབས་པའི་ས་ལ་འཇུག་པར་བྱ་བ་མ་ཡིན་པར་རིག་པར་བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པ་ཕྱིར་མི་ལྡོག་པ་ཞེས་བགྱི་བའི་རྣམ་གྲངས་དེ་མཆིས་ལགས་སམ། བཅོམ་


DKG032_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡོད་དེ། རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཇི་ལྟ་བ་དེ་ལྟར་ལན་འདེབས་པའོ། །གསོལ་པ། ཀྱེ་མ་བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་ཏུ་སྤྱོད་པ་ནི་མང་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡོངས་སུ་སྦྱང་བའི་སའམ། ཡོངས་སུ་སྦྱང་བ་མ་ལགས་པའི་ས་ལ་གནས་པ་ལྟར་གང་དེ་སྐད་དུ་ལན་འདེབས་པ་ནི་ཉུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་ས་ལ་དེ་ལྟར་ལུང་བསྟན་པ་དེ་དག་ནི་ཉུང་ངོ་། །གང་དག་ལུང་བསྟན་པ་དེ་དག་ནི་དེ་སྐད་དུ་ལན་འདེབས་ཏེ། དེ་དག་ནི་དགེ་བའི་རྩ་བ་དག་བསྐྱེད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། ། དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡིན་ཏེ། རབ་འབྱོར་སྟོང་པ་ཉིད་དེ་དག་ཐམས་


DKG032_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཡིན་ནོ། ། གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ཀྱི་བས་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་མི་སྐྱེ་བ་ལ་སློབ་ན། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། དེ་བཞིན་དུ་གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་བས་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མི་སྐྱེ་བ་ལ་སློབ་ན། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། བཙུན་པ་བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བས་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མི་སྐྱེ་བ་ལ་སློབ་ན། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་སྦྱར་བར་བགྱིའོ། ། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་བས་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མི་སྐྱེ་བ་ལ་སློབ་ན། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤོང་བའམ། འགག་པར་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤོང་བའམ། འགག་པར་འགྱུར་སྙམ་མམ། གསོལ་པ། བཙུན་


DKG032_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ལྡན་འདས་མ་ལགས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤོང་བའམ། འགག་པར་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་གི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤོང་བའམ། འགག་པར་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཆོས་ཀྱི་དེ་བཞིན་ཉིད་འདི་ལ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སློབ་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འཐོབ་བོ། ། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་མི་ནུས་ཤིང་། མྱུར་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་རྗེས་སུ་འཐོབ་བོ། །རང་གི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པ་ཡིན། མགོན་བྱེད་པའི་ཆོས་རྣམས་ལ་ཡང་གནས་པ་ཡིན། རང་གི་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་པ་ཡིན། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་ཡིན། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་ཡང་སློབ་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ལན་གསུམ་དུ་བཟླས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་སྐོར་བར་འགྱུར་རོ། །སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ཟློ་བར་


DKG032_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། ། དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཞུགས་པ་ཡིན། འཆི་བ་མེད་པའི་སྒོ་ཡང་འབྱེད་པ་ཡིན། སེམས་ཅན་དཔག་ཏུ་མེད་པ་གྲངས་མེད་པ་ཚད་མེད་པ་དག་ཐེག་པ་གསུམ་པོ་དག་ལ་འགོད་པར་བྱེད་པ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནོ། །རབ་འབྱོར་སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱིས་ནི་བསླབ་པ་འདི་ལ་སློབ་པར་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པ་དེ་བསླབ་པ་འདི་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ནམ་ཡང་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེ། དུད་འགྲོ་རྣམས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དུ་མི་སྐྱེ། མཐའ་འཁོབ་ཀྱི་མི་རྣམས་ཀྱི་ནང་དུ་མི་སྐྱེ། རིགས་དམན་པ་རྣམས་དང་། དབུལ་པོའི་རིགས་དང་། གཞན་གྱིས་མངག་གཞུག་བྱ་བའི་རིགས་སུ་མི་སྐྱེའོ། །ནམ་ཡང་ཞར་བ་དང་། སྒུར་པོ་དང་། ཐེང་པོ་དང་། ཡན་ལག་མ་ཚང་བར་མི་འགྱུར། མིག་གི་དབང་པོ་མ་ཚང་བར་མི་འགྱུར་རོ། །ཧ་ཅང་རིང་པོར་མ་ཡིན། ཧ་ཅང་ཐུང་ངུར་མ་ཡིན། ནག་པོར་མི་འགྱུར། སྲོག་གཅོད་པར་མི་འགྱུར་བ་ནས། ལོག་པར་ལྟ་བའི་བར་དུ་མི་འགྱུར་རོ། །ནམ་ཡང་ལོག་པས་འཚོ་བས་འཚོ་བར་མི་བྱེད་དོ། །ཡང་དག་པ་མ་ཡིན་པ་ཡོངས་སུ་མི་འཛིན། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་མི་འཛིན། འཆལ་པའི་ཚུལ་ཁྲིམས་ཡོངས་སུ་འཛིན་པར་མི་བྱེད་དོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་ནམ་ཡང་ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་མི་སྐྱེའོ། །དེ་ཡང་ཐབས་ལ་མཁས་པ་འདི་ཡིན་ཏེ། ཐབས་ལ་མཁས་པ་གང་དང་ལྡན་ན། བསམ་གཏན་དང་། ཚད་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་ལ་སྙོམས་པར་འཇུག་ཀྱང་དེའི་དབང་གིས་ཀྱང་མི་སྐྱེ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་གང་དང་ལྡན་


DKG032_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ན། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་ལྡང་ཡང་དེ་དག་གི་དབང་གིས་ཀྱང་མི་སྐྱེ་ལ། ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་ཡང་མི་སྐྱེ་བའི་ཐབས་ལ་མཁས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་བསྟན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སྟོབས་དང་། མི་འཇིགས་པ་རྣམས་ཡོངས་སུ་དག་པར་འགྱུར་ཏེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཞིག་ཡོངས་སུ་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཐམས་ཅད་ལ་མི་ཞུམ་མི་འགོང་བ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེ་མི་ཤེས་པས། བྱིས་པ་སོ་སོའི་སྐྱེ་བོ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་ཉིད་རྗེས་སུ་འཐོབ་ཅིང་། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། སྤྲོས་


DKG032_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྣམ་པར་གཡེངས་པའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །རབ་འབྱོར་དཔེར་ན་སའི་ཕྱོགས་གང་ན་གསེར་རམ། དངུལ་འབྱུང་བ་དེ་དག་ནི་ཉུང་ངོ་། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཅིང་སྤྱད་པ་འདི་ལ་སློབ་པ་དེ་དག་ནི་ཉུང་གི །དེ་བས་ནི་སེམས་ཅན་གང་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་སློབ་པ་དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་དཔེར་ན་འཁོར་ལོས་སྒྱུར་བར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པ་དེ་དག་ནི་ཉུང་གི །དེ་བས་ནི་གང་དག་ཁམས་ཀྱི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པ་དག་ནི་ཆེས་མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དུ་ཡང་དག་པར་མངོན་སུམ་དུ་ཞུགས་པ་དེ་དག་ནི་ཉུང་གི །དེ་བས་ནི་སེམས་ཅན་གང་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་དུ་ཡང་དག་པར་མངོན་སུམ་དུ་ཞུགས་པ་དེ་དག་ནི་ཆེས་མང་ངོ་། ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་ཡིན་པ་དེ་དག་ལས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ནི་ཆེས་ཉུང་གི །དེ་བས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བ་དག་ནི་ཆེས་མང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་ཐེ་ཚོམ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པར་འགྱུར་བ་དེ་དག་ནི་ཕྱིར་མི་ལྡོག་པའི་ས་ལ་འཇུག་པར་འགྱུར་རོ། །གང་དག་ཐེ་ཚོམ་མེད་པ་དེས་སྤྱོད་པར་མི་འགྱུར་བ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ས་ལ་འཇུག་པར་འདོད་པ་དང་། ཕྱིར་མི་ལྡོག་པའི་སའི་གྲངས་སུ་


DKG032_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི་ནམ་ཡང་སེར་སྣའི་སེམས་མི་སྐྱེད་དོ། །ནམ་ཡང་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་དང་། ལེ་ལོའི་སེམས་དང་། རྣམ་པར་གཡེང་བའི་སེམས་དང་། འཆལ་པའི་ཤེས་རབ་ཀྱི་སེམས་མི་སྐྱེད་དོ། །ནམ་ཡང་འདོད་པ་འདོད་ཆགས་ཀྱི་སེམས་དང་། ཞེ་སྡང་གི་སེམས་དང་། གཏི་མུག་དང་ལྡན་པའི་སེམས་མི་སྐྱེད་དོ། ། ནམ་ཡང་འཁྲུལ་པའི་སེམས་དང་། བག་མེད་པའི་སེམས་མི་སྐྱེད་དོ། །ནམ་ཡང་གཟུགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ནམ་ཡང་ཚོར་བ་དང་ལྡན་པ་དང་། འདུ་ཤེས་དང་ལྡན་པ་དང་། འདུ་བྱེད་རྣམས་དང་ལྡན་པ་དང་། རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ནམ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དང་ལྡན་པའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་དང་ལྡན་པའི་སེམས་མི་སྐྱེད་དོ། །ནམ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་ལྡན་པ་དང་། བྱང་ཆུབ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ན། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་པའི་ཕྱིར་ཏེ། མི་དམིགས་པས་ཆོས་གང་ལ་ཡང་སེམས་སྐྱེད་པར་མི་བྱེད་དོ། ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡང་དག་པར་བཟུང་བ་ཡིན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གསལ་བར་བྱས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་དེ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་


DKG032_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །རབ་འབྱོར་དཔེར་ན་འཇིག་ཚོགས་ལ་ལྟ་བའི་ནང་དུ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་འདུས་པ་དེ་བཞིན་དུ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་དཔེར་ན་མི་འཆི་བའི་དུས་བྱས་པའི་སྲོག་གི་དབང་པོ་འགགས་པ་ན། དབང་པོ་ཐམས་ཅད་འགག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་འདུས་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན། འདི་དག་ཐམས་ཅད་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་སློབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པའི་གནས་ཐོབ་པའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་འཁོད་པ་གང་དག་ཡིན་པ་དེ་དག་མང་བ་ཡིན་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་འཛམ་བུ་གླིང་གི་སེམས་ཅན་རྣམས་ཀྱང་མང་བ་ལགས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་གང་དག་མཆིས་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་སྟེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ན་བཟའ་དང་། བཤོས་དང་།


DKG032_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོ་སྨན་དང་། ཡོ་བྱད་ཀྱིས་ཇི་སྲིད་འཚོ་ཞིང་འདུག་གི་བར་དུ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཤིང་། རིམ་གྲོ་ཐམས་ཅད་ཀྱང་བྱས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཅི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ཡང་སྒྲུབ་པར་བྱེད་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་སྔ་མའི་བསོད་ནམས་དེ་བས་འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་དོན་ཆེན་པོ་བྱེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་བར་འདོད་པ་དང་། སེམས་ཅན་མགོན་མེད་པ་དང་། སྐྱབས་མེད་པ་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་འགྱུར་བར་འདོད་པ་དང་། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་བར་འདོད་པ་དང་། ལོང་བ་རྣམས་ཀྱི་མིག་ཏུ་འགྱུར་བར་འདོད་པ་དང་། མ་རིག་པའི་མུན་ནག་ཏུ་ཞུགས་པའི་སེམས་ཅན་རྣམས་ཀྱི་སྒྲོན་མར་འགྱུར་བར་འདོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རྗེས་སུ་ཐོབ་པར་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་དུ་རྗེས་སུ་འགྲོ་བར་འདོད་པ་དང་། སངས་རྒྱས་


DKG032_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་རོལ་པས་རྣམ་པར་རྩེ་བར་འདོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེང་གེའི་སྒྲ་སྒྲོགས་པར་འདོད་པ་དང་། དམ་པའི་ཆོས་ཀྱི་རྔ་བོ་ཆེ་བརྡུང་བར་འདོད་པ་དང་། དམ་པའི་ཆོས་ཀྱི་དུང་འབུད་པར་འདོད་པ་དང་། དམ་པའི་ཆོས་ཀྱི་གཏམ་ཟེར་བར་འདོད་པ་དང་། འཆི་བ་མེད་པའི་དབྱིངས་སུ་རྗེས་སུ་འཇུག་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་ནམ་ཡང་ཡོངས་སུ་གཟུང་བ་ཆེན་པོ་མི་འཛིན་ཏོ། །ནམ་ཡང་ཕུན་སུམ་ཚོགས་པ་གང་ཡང་མི་འཐོབ་པ་མེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་ལགས་སམ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ་མོད་ཀྱི། ཕུན་སུམ་ཚོགས་པ་དེ་གཉིས་ལ་གནས་པར་མི་བྱ། དེ་ལ་བརྟེན་པར་ནི་མི་བྱ་སྟེ། རབ་འབྱོར་དེ་དག་ཤེས་པ་དང་། ལྟ་བས་མཐོང་ནས། ས་དེ་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ཏེ། འཇིག་རྟེན་གྱི་སྦྱིན་པའི་གནས་གཞན་དགེ་སྦྱོང་ངམ། བྲམ་ཟེའམ། ཉན་ཐོས་སམ། རང་སངས་རྒྱས་གང་དག་ཡིན་པ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ནས་ཡོན་གནས་ཉིད་དུ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་གཏོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ། །རབ་འབྱོར་


DKG032_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་རྒྱང་རིང་དུ་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་སོ། །འདིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་གལ་ཏེ་དེ་ལྟར་ཤེས་པར་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཇི་སྟེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལ་ཡོད་དོ་ཞེས་བྱ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་ཤེས་པ་མེད་དེ། གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའམ། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཆོས་དེ་ཡང་མི་ཤེས་ཤིང་མི་མཐོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ། གལ་ཏེ་དེ་འདི་སྙམ་དུ་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་གནས་པའི་ཕྱིར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སུ་ཡང་ངེས་པར་འབྱུང་བ་མེད་དོ་སྙམ་དུ་སེམས་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཐབས་ལ་མཁས་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་ལྔ་པའོ།། །།


previousཉི་ཤུ་ལྔ་པ། ཐབས་མ་མཁས་པའི་ལེའུ། next