Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་བཞི་པ།


   
   
   
   
   
   
འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ།next

འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ།


DKG034_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་པཉྩཱ་ཤ་ཏི་ཀ །བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་


DKG034_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ། བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དུ་མ་དག་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གང་ལ་ལ་ཞིག་ཉན་ཐོས་ཀྱིས་ལ་སློབ་པར་འདོད་པ་དང། རང་སངས་རྒྱས་ཀྱིས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང། རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བ་དང། རྣལ་འབྱོར་དུ་བྱ་བ་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དུ་རྒྱ་ཆེར་བསྟན་པའི་ཕྱིར་རོ། །རབ་འབྱོར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང། ཉན་ཐོས་ཀྱི་ཆོས་རྣམས་


DKG034_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དང། རང་སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ། རྣལ་འབྱོར་དུ་བྱ་སྟེ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་དང། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དང། སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །དགེ་བའི་ཆོས་བྱང་ཆུབ་ཀྱི་ཆོས་རྣམས་དང། ཉན་ཐོས་ཀྱི་ཆོས་རྣམས་དང། རང་སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ཡིན་ནོ་ཞེས་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པའི་སྤོང་བ་བཞི་དང། རྫུ་འཕྲུལ་


DKG034_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་དང། འཕགས་པའི་བདེན་པ་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་ཤེས་པ་རྣམས་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་དང། རང་བྱང་ཆུབ་ཉིད་དང། ཐམས་ཅད་ཤེས་པ་ཉིད་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། རབ་འབྱོར་དེ་དག་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང། ཉན་ཐོས་ཀྱི་ཆོས་རྣམས་དང། རང་སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ཡིན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་རྣམས་ཡིན་ནོ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང། ཉན་ཐོས་ཀྱི་ཆོས་རྣམས་དང། རང་སངས་རྒྱས་ཀྱི་ཆོས་རྣམས་དང། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་གང་དག་ལགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་ཆུད་ཅིང་འདུས་ཏེ་འུབ་ལ་ཡང་དག་པར་གཞོལ་བ་ནི་བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་ཕྱིར་རོ། །རབ་འབྱོར་གྱིས་


DKG034_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ། ཨ་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནམ་མཁའ་དང་མཚུངས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟ་བུ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཨ་ལ་ལ། ཨ་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བརྩོན་པས་རྟོགས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་དང། དགེ་བའི་རྩ་བ་ཆུང་བ་དང། ཡིད་མི་གཞུངས་པ་དང། དོན་དུ་མི་གཉེར་བ་དང། ཐོས་པ་དང་མི་ལྡན་པ་དང། ཤེས་རབ་ཆུང་བ་དང། སྡིག་པའི་གྲོགས་པོས་ཟིན་པ་དང། སྡིག་པའི་གྲོགས་པོ་དང་འདྲེ་བ་མང་བ་དང། སྡིག་པའི་གྲོགས་པོས་འཛིན་དུ་བཅུག་པ་དང། དད་པ་ཙམ་དང་ལྡན་པ་དང། ལས་དང་པོ་པ་དང་སྐལ་བ་མེད་པའི་ཚུལ་ཅན་དང། ཡོངས་སུ་མི་འདྲི་བའི་རང་བཞིན་ཅན་དང། ཤེས་རབ་འཆལ་པར་འགྱུར་བར་བྱས་པ་དང། ལེ་ལོ་ཅན་དང། བརྩོན་འགྲུས་ཆུང་བ་དང། སྙིང་སྟོབས་ཆུང་བ་དང། མོས་པ་ཆུང་བ་དང། དགེ་བའི་ཆོས་དེ་དག་ལ་མངོན་པར་མི་བརྩོན་པས་མོས་པར་དཀའ་བ་སྟེ། རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མོས་པར་དཀའ་བ་ཞེས་བྱའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན་དེས་འདས་པ་དང། མ་བྱོན་པ་དང།


DKG034_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བཟུང་བ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་རྒྱུན་མི་འཆད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་སྟེ། དེས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་རབ་འབྱོར་དང། དགེ་སློང་དེ་དག་དང། བྱང་ཆུབ་སེམས་དཔའ་དེ་དག་དང། ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་རྫོགས་སོ།།


previousའཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ།next