Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
བཅུ་པ། རྣམ་པར་སྣང་མཛད་ཀྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་པ། རྣམ་པར་སྣང་མཛད་ཀྱི་ལེའུ། next

བཅུ་པ། རྣམ་པར་སྣང་མཛད་ཀྱི་ལེའུ།


DKG035_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ་དག་སྔོན་འདས་པའི་བསྐལ་པ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་དེ་བས་ཀྱང་ཕ་སྔའི་དུས་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཚུལ་དྲི་མ་མེད་པར་ཕྱོགས་ཀུན་སྣང་བ་ཞེས་བྱ་བའི་དབུས་ན། འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་བྱུང་སྟེ། འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེ་ནི། རིན་པོ་ཆེའི་པད་མོ་མང་པོའི་རྒྱ་མཚོ་ལ་རབ་ཏུ་གནས་པ་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ། འཇིག་རྟེན་གྱི་ཁམས་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ། ཀུན་ནས་ཟླུམ་པའི་དབྱིབས་སུ་འདུག་པ། གཞི་རྒྱན་མཐའ་ཡས་པས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཁོར་ཡུག་བརྒྱ་ཕྲག་གསུམ་གྱིས་ཀུན་ནས་བསྐོར་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་སྤྲིན་གྱིས་ཀུན་ནས་ཡོག་པ། རི་རབ་དང་གྲོང་ཁྱེར་དང་། ཁང་ཁྱིམ་དྲི་མ་མེད་ཅིང་འོད་རྣམ་པར་སྣང་བས་བརྒྱན་པ། ཟས་དང་


DKG035_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་དང་། གོས་ཀྱི་ལོངས་སྤྱོད་ཡིད་ཀྱིས་བསམས་པས་འབྱུང་བ་རྒྱན་གྱི་རྣམ་པ་བརྗོད་པ་སྣ་ཚོགས་དང་ལྡན་པ་ཞིག་སྟེ། འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེའི་དབུས་ན། སྤོས་ཆུའི་རྒྱ་མཚོ་འོད་རྣམ་པར་དག་པ་ཞེས་བྱ་བ་ཡོད་དེ། དེ་ལས་མེ་ཏོག་གི་རི་རབ་མེ་ཏོག་འོད་འཕྲོ་བའི་རྒྱན་གྱི་རྒྱལ་མཚན་ཞེས་བྱ་བ། རིན་པོ་ཆེའི་ཁྲི་འཕང་བཅུའི་འཁོར་གྱིས་བསྐོར་ཅིང་བརྒྱན་པ་ཞིག་བྱུང་སྟེ། རི་རབ་དེའི་སྟེང་ན་ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ། སྤོས་ཀྱི་རྒྱལ་མཚན་སྟོང་ཕྲག་དཔག་ཏུ་མེད་པ་ཤིན་ཏུ་བསྒྲེངས་པའི་རྒྱན་ཅན། མེ་ཏོག་གི་ཁང་པ་བརྩེགས་པ་དཔག་ཏུ་མེད་པའི་ཕྲེང་བ་རྣམ་པར་བྲེས་པ། ནོར་བུའི་ཁང་པ་བརྩེགས་པ་རྣམ་པར་བཀོད་པ། རིན་པོ་ཆེའི་རྡོ་རྗེའི་རྒྱལ་མཚན་དཔག་ཏུ་མེད་པས་ཀུན་ཏུ་བརྒྱན་པ། རིན་པོ་ཆེའི་མེ་ཏོག་པུན་ད་རི་ཀ་དཔག་ཏུ་མེད་པའི་ཕྲེང་བ་དག་གིས་ཀུན་ནས་བསྐོར་བ། སྤོས་དང་། རིན་པོ་ཆེའི་པད་མོ་མང་པོ་དཔག་ཏུ་མེད་པས་ཀུན་ཏུ་བརྒྱན་པ། རོལ་མོ་སྣ་ཚོགས་ཀྱི་སྒྲ་ཡིད་དུ་འོང་བའི་སྤྲིན་དཔག་ཏུ་མེད་པས་ཀུན་ཏུ་རྒྱས་པ། སྤོས་དང་བདུག་པའི་འོད་འཕྲོ་བའི་སྤྲིན་དཔག་ཏུ་མེད་པས་ཀུན་ཏུ་སྣང་བར་བྱས་པ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་སེམས་ཅན་སྣ་ཚོགས་སྣང་བས་ཀུན་ནས་བསྐོར་བ་སྟེ། འདི་ལྟར་ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ། དེའི་ཤར་ཕྱོགས་ལོགས་ན་གྲོང་ཁྱེར་ཆེན་པོ་འོད་འཕྲོ་སྣང་བ་ཞེས་བྱ་བ་མི་ཡི་རྒྱལ་པོའི་གནས་གྲོང་ཁྱེར་བརྒྱ་སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བ། རིན་པོ་ཆེ་འབའ་ཞིག་ལས་བྱས་པ་ཆུ་དང་ཞེང་དུ་དཔག་ཚད་སྟོང་ཕྲག་བདུན་ཡོད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ཏགས་དང་། ཕྲུ་མའི་ར་བ་བདུན་གྱིས་བརྒྱན་ཅིང་ཀུན་ནས་བསྐོར་བ། རིན་པོ་ཆེའི་འོབས་སྤོས་ཀྱི་ཆུས་གང་བ། རིན་པོ་ཆེའི་མེ་ཏོག་ཨུཏྤ་ལ་དང་། པདྨོ་དང་། ཀུ་མུ་ད་དང་། མེ་ཏོག་པུན་ད་རི་ཀས་རྣམ་པར་བརྒྱན་པ་བདུན་གྱིས་ཀུན་ནས་བསྐོར་བ། ཤིང་ཏ་ལའི་ཕྲེང་བ་རྒྱན་རྣམ་པ་སྣ་ཚོགས་ཀྱི་ཚོགས་མང་པོ་འབྱིན་པ་


DKG035_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱིས་ཀུན་ནས་བསྐོར་བ། རིན་པོ་ཆེའི་རྒྱན་དང་ཁང་བུ་བརྩེགས་པས་རབ་ཏུ་བརྒྱན་པ། སྟེང་ནས་གསེར་གྱི་དྲ་བ་དང་། དྲིལ་བུའི་དྲ་བ་དང་། མེ་ཏོག་གི་ཕྲེང་བའི་དྲ་བ་དང་། ཨིནྡྲ་ནཱི་ལའི་དྲ་བ་དང་། རྡོ་རྗེ་པད་མོའི་དྲ་བས་ཀུན་ནས་ཡོག་ལ། རིན་པོ་ཆེའི་ཤིང་དྲུང་མེ་ཏོག་གི་དྲ་བ་དང་། རོལ་མོའི་སྒྲ་མང་པོ་ཐམས་ཅད་ཀྱི་སྤྲིན་ཡིད་དུ་འོང་བས་ཀུན་ཏུ་ཁྱབ་པ། སྤོས་དང་ཕྲེང་བའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཡོད་དེ། དེའི་འཁོར་ཀུན་ན་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ཡོད་དེ། སྒོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱིས་བྱས་པ་སྟེ། སྒོ་དེ་དག་རེ་རེའི་མདུན་ཡང་རིན་པོ་ཆེ་རྡོ་ཡི་རྒྱལ་མཚན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བདུན་བདུན་གྱིས་བརྒྱན་པའོ། །བཟའ་ཤིང་གི་ར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུས་ཀྱང་ཀུན་ནས་བསྐོར་བ་སྟེ། བཟའ་ཤིང་གི་ར་བ་དེ་དག་ཐམས་ཅད་ཀྱང་སྤོས་དང་རིན་པོ་ཆེའི་ཤིང་སྣ་ཚོགས་ལས་སྤོས་ཀྱི་དྲི་ཀུན་ཏུ་བྱུང་བ་བྱ་སྣ་ཚོགས་ཡིད་དུ་འོང་བའི་སྒྲ་འབྱིན་པའོ། །གྲོང་ཁྱེར་ཆེན་པོ་འོད་འཕྲོ་བའི་སྤྲིན་ཅེས་བྱ་བ་དེར་མྱི་སྐྱེས་པ་ཐམས་ཅད་ཀྱང་ལས་ཀྱི་རྣམ་པར་སྨིན་པས་རྫུ་འཕྲུལ་ཐོབ་པ་དག་སྟེ། ནམ་མཁའ་ལས་རྒྱུ་བ་མི་དང་ལྷ་མཉམ་དུ་སྤྱོད་པ། ཡིད་བཞིན་གྱི་ཡུལ་ལ་ལོངས་སྤྱོད་པ་ཤ་སྟག་གོ །དེ་ནས་ལྷོ་ཕྱོགས་ལོགས་ན་ལྷ་ཡི་གྲོང་ཁྱེར་ཤིང་གི་མེ་ཏོག་སྣ་ཚོགས་ཞེས་བྱ་བ་ཡོད་དོ། །དེ་ནས་ལྷོ་ཕྱོགས་ལོགས་ན་ཀླུའི་གྲོང་ཁྱེར་ཀུན་ཏུ་རྫོགས་པ་ཞེས་བྱ་བ་ཡོད་དོ། །དེ་ནས་ལྷོ་ཕྱོགས་ལོགས་ན་གནོད་སྦྱིན་གྱི་གྲོང་ཁྱེར་རྡོ་རྗེའི་དཔལ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དོ། །དེ་ནས་ལྷོ་ཕྱོགས་ལོགས་ན་དྲི་ཟའི་གྲོང་ཁྱེར་གཞལ་མེད་ཁང་བཟང་པོ་ཞེས་བྱ་བ་ཡོད་དོ། །དེ་དང་འདབ་ཆགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་འཁོར་ལོའི་ཚོན་ཅེས་བྱ་བ་ཡོད་དོ། །དེ་དང་འདབ་ཆགས་སུ་འདབ་མ་བཟང་པོའི་གྲོང་ཁྱེར་རིན་པོ་ཆེ་སྣ་ཚོགས་བཟང་པོའི་ལྟེ་བ་ཞེས་བྱ་བ་ཡོད་དོ། །དེ་དང་འདབ་ཆགས་སུ་བྲམ་ཟེའི་གྲོང་ཁྱེར་རྒྱན་བཟང་པོ་སྣ་ཚོགས་ཞེས་བྱ་བ་ཡོད་དེ། དེ་དག་ལ་སྩོགས་པ་གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་


DKG035_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བའོ། །གྲོང་ཁྱེར་དེ་དག་རེ་རེ་ཞིང་ཡང་རྒྱན་མང་པོ་དུ་མས་བརྒྱན་པ་ནས་གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་གྱིས་བསྐོར་བའི་བར་དུ་སྟེ། ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ་དེའི་དབུས་ན། སྙིང་པོ་བྱང་ཆུབ་རིན་པོ་ཆེའི་མེ་ཏོག་རྣམ་པར་སྣང་བ་ཞེས་བྱ་བ་རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་། ཡལ་ག་སྟུག་ཅིང་རྒྱ་ཆེ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པས་ཀུན་ནས་བསྐོར་བ། རིན་པོ་ཆེའི་མེ་ཏོག་གཟུགས་དང་། དབྱིབས་རྣམ་པ་ཐ་དད་པ་མང་པོ་ཤིན་ཏུ་རྒྱས་པ་སྤོས་དང་མར་མེ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ལྟར་འདུག་པའི་ཕྲེང་བ་མང་པོ་རྒྱ་ཆེན་པོའི་སྤྲིན་ཀུན་ཏུ་བཀྲམ་པ། རིན་པོ་ཆེའི་འོད་ཐུར་དུ་འཕྲོ་བས་ཞིང་ཀུན་ཏུ་ཁྱབ་པ་འོད་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་སྤྲིན་གྱིས་བརྒྱན་པ། ཕྱོགས་བཅུ་འོད་ཟེར་མང་པོས་རྣམ་པར་སྣང་བར་བྱས་པ་རྒྱན་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་མང་པོས་སྤྲས་པ། རོལ་མོ་ཐམས་ཅད་ཀྱི་སྒྲ་དབྱངས་ཤིན་ཏུ་འབྱུང་བ། ནོར་བུའི་རྒྱལ་པོ་ཐམས་ཅད་ལས་བྱང་ཆུབ་སེམས་དཔའི་ལུས་འབྱུང་བ། ཕྱོགས་བཅུར་མེ་ཏོག་སྣ་ཚོགས་མང་པོ་རབ་ཏུ་འབྱུང་བ་ཡོད་དེ། དེའི་མདུན་དུ་པད་མོ་ཆེན་པོ་མེ་ཏོག་གི་ཟེ་བ་འོད་འཕྲོ་བའི་དཀྱིལ་འཁོར་ཞེས་བྱ་བ་རྒྱར་དཔག་ཚད་བྱེ་བ་ཕྲག་བརྒྱ་ཡོད་པ། རྩ་བ་སྤོས་དང་རིན་པོ་ཆེ་དང་རྡོ་རྗེའི་རྒྱ་མཚོ་ལ་ཟུག་པ། ཆུ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་ཚོན་གྱིས་རྣམ་པ་སྣ་ཚོགས་སུ་གྱུར་པ། རིན་པོ་ཆེ་རྣམ་པ་ཐ་དད་པ་ཚད་མེད་པའི་འདབ་མ་ཅན། རིན་པོ་ཆེ་འོད་འཕྲོ་བ་དང་། སྤོས་ཀྱི་ཟེ་བའི་དཀྱིལ་འཁོར་གྱིས་བརྒྱན་པ། སྙིང་པོ་ལ་རིན་པོ་ཆེ་ཁ་དོག་མཐའ་ཡས་པའི་ཚོན་བཀྱེ་བ་པད་མོའི་དཀྱིལ་འཁོར་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་འཁོར་གྱིས་བསྐོར་བ། ཕྱོགས་བཅུར་འོད་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ་རབ་ཏུ་འགྱེད་པ། ཟེ་བ་ཐམས་ཅད་ལས་ཡིད་དུ་འོང་བའི་སྒྲ་འབྱུང་བ་མངོན་པར་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེར།


DKG035_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རི་རབ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། དེ་བཞིན་གཤེགས་པ་རི་རབ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་དག་ལས་བསྐལ་པའི་ཐོག་མ་པ་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དབྱངས་ཤེས་བྱ་སྟེ། དེས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཚུལ་དྲི་མ་མེད་པར་ཕྱོགས་ཀུན་ཏུ་སྣང་བ་ཞེས་བྱ་བ་འདི་ཡོངས་སུ་སྦྱངས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཞེས་བྱ་བ་དེར་ལོ་བརྒྱ་ན། དེ་བཞིན་གཤེགས་པ་འབྱུང་ངོ་ཞེས་བྱ་བའི་ཚེ། ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ། དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཏེ། འདི་ལྟར་རིན་པོ་ཆེའི་འོད་འཕྲོ་བའི་སྤྲིན་བསམ་གྱིས་མི་ཁྱབ་པ་རབ་ཏུ་གཏོང་བའི་སྙིང་པོ་ཅན་དུ་གྱུར་ནས། སངས་རྒྱས་ཀྱི་ཡོན་ཏན་གྱི་དཀྱིལ་འཁོར་གྱི་སྒྲ་ཡང་རབ་ཏུ་འབྱིན། ཕྱོགས་བཅུ་དག་ཀྱང་འོད་ཟེར་གྱི་དྲ་བས་རྣམ་པར་སྣང་བར་བྱེད། གཞལ་མེད་ཁང་དང་ཁང་ཁྱིམ་གྱི་གྲོང་རྡལ་ཐམས་ཅད་ཀྱང་རབ་ཏུ་སྣང་བར་བྱེད། རིན་པོ་ཆེའི་མེ་ཏོག་དང་། འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་ཡང་རབ་ཏུ་འགྱེད། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་དགེ་བའི་རྩ་བ་ཡངས་པའི་སྒྲ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོ་རབ་ཏུ་མཐོང་བའི་སྒྲ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་། སྤྱོད་པ་དང་འབྱུང་བ་མངོན་པར་བསྒྲུབ་པའི་སྒྲ་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་ངེས་པའི་ཚིག་སྣ་ཚོགས་རབ་ཏུ་བསྒྲག་པའི་སྒྲ་དག་ཀྱང་རབ་ཏུ་འབྱིན་ཏོ། །དེ་དག་ནི་དེ་བཞིན་གཤེགས་པ་སྐྱེ་བའི་ལྟས་ཏེ། རྒྱན་དེ་དག་བྱུང་བ་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་འབྱུང་བར་འཇིག་རྟེན་གྱི་དབང་པོ་རྣམས་ཀྱིས་ཁོང་དུ་ཆུད་དོ། །དེ་བཞིན་གཤེགས་པ་ལས་མཉན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། སངས་རྒྱས་བལྟ་བར་མོས་


DKG035_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྙིང་པོ་བྱང་ཆུབ་ཏུ་མངོན་པར་གཞོལ་བ་དེ་དག་ཐམས་ཅད་ཀྱང་ལྟས་མངོན་དུ་བྱུང་བས་ཡང་དག་པར་བསྐུལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དཔལ་ཞེས་བྱ་བ་མཉམ་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པའི་སྐུ་ཅན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡོངས་སུ་སྐྱེ་བ་རབ་ཏུ་འཕྲོས་པ། སྐུ་སྙིང་པོ་བྱང་ཆུབ་ཐམས་ཅད་ལ་བཞུགས་པ། གཟུགས་ཀྱི་སྐུ་མཐའ་དང་དབུས་མེད་པར་རྣམ་པར་དག་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་འཕགས་ཤིང་ཟིལ་གྱིས་གནོན་པ། མཚན་རིན་པོ་ཆེའི་མེ་ཏོག་ཐམས་ཅད་ཤིན་ཏུ་རྒྱས་པ། སེམས་ཅན་ཐམས་ཅད་ཀྱི་གནས་སུ་གཟུགས་བརྙན་རབ་ཏུ་འབྱུང་བ། འགྲོ་བ་ཐམས་ཅད་ལ་མངོན་དུ་སྟོན་པ། སངས་རྒྱས་ཀྱི་སྤྲུལ་པ་ཁ་དོག་མཐའ་ཡས་པའི་སྤྲིན་གྱིས་དྲ་བ་རབ་ཏུ་འགྱེད་པ། འཇིག་རྟེན་གྱི་ཁམས་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཁྱབ་པར་མཛད་པ། འོད་ཟེར་ཀྱི་དྲ་བ་ཁ་དོག་མཐའ་ཡས་པ་རབ་ཏུ་གཏོང་བ་དེ་པད་མོ་ཆེན་པོ་དེ་ལ་མངོན་པར་བྱུང་བར་གྱུར་ཏོ། །ཇི་ལྟར་སྤོས་ཆུའི་རྒྱ་མཚོ་རྣམ་པར་དག་པའི་འོད་ལ་རབ་ཏུ་གནས་པའི་རི་རབ་མེ་ཏོག་གི་འོད་འཕྲོ་བས་བརྒྱན་པའི་རྒྱལ་མཚན་གསེར་ཤིན་ཏུ་འབར་བའི་རྒྱན་ཅེས་བྱ་བའི་རྩེ་མོ་ལ། ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པར་སངས་རྒྱས་ཀྱི་གདན་ལ་བཞུགས་པ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཀུན་ཏུ་ཡང་རི་རབ་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་རྩེ་མོ་ལ་བཞུགས་པར་ཀུན་ན་སྣང་ངོ་། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཀུན་ཏུ་ཚུལ་རྒྱ་ཆེ་བ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དག་གི་གླིང་བཞི་པ་ཐམས་ཅད་ནའང་སྙིང་པོ་བྱང་ཆུབ་ལ་བཞུགས་པར་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་གྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་གཟེར་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་སྐྱེད་པ་ཞེས་བྱ་


DKG035_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོད་ཟེར་སངས་རྒྱས་ཀྱི་ཞིང་། ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་རབ་ཏུ་བཀྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་ནས། འདུལ་བ་ཐམས་ཅད་ཡང་དག་པར་བསྐུལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་གྱིས་འོད་ཟེར་དེ་དག་བཀྱེ་མ་ཐག་ཏུ། དེའི་མོད་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་གྱུར། སྒྲིབ་པའི་དྲ་བ་ཐམས་ཅད་ཀྱང་ཤིན་ཏུ་བསལ། སངས་རྒྱས་བལྟ་བ་ལ་སྒྲིབ་པའི་རི་ཐམས་ཅད་ཀྱང་རྣམ་པར་བཅོམ། སེམས་ཅན་ཐམས་ཅད་ཀྱི་རྙོག་པ་ཡང་རྣམ་པར་དག །དགེ་བ་རྒྱ་མཚོ་ཐམས་ཅད་ཀྱང་རབ་ཏུ་བྱུང་། མོས་པ་ཡངས་པའི་དཀྱིལ་འཁོར་ཡང་ཡོངས་སུ་དག །མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོའི་གཡང་ས་དང་། འཇིགས་པ་ཐམས་ཅད་ཀྱང་རྣམ་པར་བསྩལ། ལུས་དང་སེམས་ཀྱི་གནོད་པ་ཐམས་ཅད་ཀྱང་རབ་ཏུ་ཞི། སངས་རྒྱས་མཐོང་བས་དགའ་བའི་ཤུགས་ཀྱང་རྣམ་པར་དག །ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་གཞོལ་བ་ཡང་ཤིན་ཏུ་ཐོབ་པར་གྱུར་ཏེ། དེ་དག་འོད་གཟེར་དེས་ཡང་དག་པར་བསྐུལ་བ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་འཁོར་བརྒྱ་སྟོང་དུ་མ་དག་གིས་བསྐོར་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་འདོང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་གྲོང་ཁྱེར་ཆེན་པོ་འོད་འཕྲོ་བའི་འོད་ཅེས་བྱ་བ་དེར་རྒྱལ་པོ་བལྟ་ན་དགའ་བ་ཤིན་ཏུ་གཙང་བའི་བློ་གྲོས་ཤེས་བྱ་བ། གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་བདག་པོ་བྱུང་སྟེ། དེ་ལ་བུད་མེད་བསོད་ནམས་ཀྱི་དཔལ་ལ་སྩོགས་པ་སྟོང་ཕྲག་སུམ་ཅུ་རྩ་བདུན་ཡོད་དོ། །དེ་ལ་བུ་གཟི་བརྗིད་ཆེན་པོ་ལ་སྩོགས་པ་ལྔ་བརྒྱ་ཡོད་དོ། །རྒྱལ་པོའི་བུ་གཟི་བརྗིད་ཆེན་པོ་ལ་ཡང་བུད་མེད་བལྟ་ན་བཟང་བ་ལ་སྩོགས་པ་སྟོང་ཕྲག་བཅུ་ཡོད་དོ། །དེ་ནས་རྒྱལ་པོ་གཞོན་ནུ་གཟི་བརྗིད་ཆེན་པོས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐོང་ནས་སྔོན་གྱི་དགེ་བའི་རྒྱུས་ཆོས་བཅུ་ཁོང་དུ་ཆུད་པར་གྱུར་ཏོ། །བཅུ་གང་ཞེ་ན། འདི་ལྟ་སྟེ།


DKG035_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ལ་སྒོ་ཀུན་ནས་རབ་ཏུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཚུལ་ཡངས་པའི་སྤྲིན་གྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ། འགྲོ་བ་ཐམས་ཅད་འདུལ་བའི་རྒྱན་ཆེན་པོ་ཞེས་བྱ་བའི་བྱམས་པ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་སྒྲ་ཡི་སྤྲིན་གྱིས་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཡོན་ཏན་མཐའ་དང་དབུས་མེད་པས་ཡང་དག་པར་འཕགས་པ་ཞེས་བྱ་བ་དགའ་བ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པ་ཞེས་བྱ་བའི་བཏང་སྙོམས་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཚུལ་གྱི་གཞི་རྒྱ་ཆེན་པོ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བའི་མངོན་པར་ཤེས་པ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་མོས་པ་རྒྱ་མཚོའི་སྟོབས་དང་ཤུགས་རྣམ་པར་འཕེལ་བར་བྱེད་པ་ཞེས་བྱ་བའི་སྨོན་ལམ་གྱི་ཚུལ་གྱི་སྒོ་ཆེན་པོ་ཁོང་དུ་ཆུད་དོ། །འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་འོད་ལ་ཡང་དག་པར་གཞོལ་བའི་ཤུགས་ཞེས་བྱ་བ་ཐ་དད་པ་ཡང་དག་པར་ཤེས་པའི་ཡེ་ཤེས་ཆེན་པོའི་སྒོ་ཁོང་དུ་ཆུད་དོ། །དེ་ནས་རྒྱལ་པོ་གཞོན་ནུ་གཟི་བརྗིད་ཆེན་པོ་ཞེས་བྱ་བ་དེ་ཆོས་ཀྱི་སྣང་བ་ཆེན་པོ་ཐོབ་ནས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་གྱི་ཚོགས་ཐམས་ཅད་ལ་ཚིགས་སུ་བཅད་དེ་སྨྲས་པ། ཉི་མ་མང་པོ་སྟོང་གི་རྣམས། །མཁའ་ལ་མངོན་པར་འཕགས་པ་བཞིན། །སྙིང་པོ་བྱང་ཆུབ་དྲི་མེད་ལ། །སངས་རྒྱས་འོད་ནི་ཤིན་ཏུ་སྣང་། །བསྐལ་པ་བྱེ་བ་སྟོང་དག་གི །མགོན་པོ་འཇིག་རྟེན་བྱུང་བ་ནི། །སངས་རྒྱས་ཡང་དག་སྐྱེས་པ་རྣམས། །རྒྱལ་བ་ཀུན་ན་རབ་ཏུ་སྣང་། །ལྟོས་ཤིག་སངས་རྒྱས་འོད་ཟེར་ལ། །སངས་རྒྱས་སྤྲིན་ནི་བསམ་མི་ཁྱབ། །གནས་རྣམས་ཀུན་ན་ཀུན་ཀྱང་སྣང་། །དེ་བཞིན་གཤེགས་པ་མཉམ་པར་གཞག །འོད་འཕྲོ་སྤྲིན་རྣམས་རབ་


DKG035_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱེ་བ། །འོད་ཟེར་སྤྲིན་ལ་ཟད་མི་ཤེས། །འཇིག་རྟེན་འདི་དག་སྣང་བར་བྱེད། །སངས་རྒྱས་རྣམ་པར་འཕྲུལ་ལ་ལྟོས། །སངས་རྒྱས་རྣམས་ཀྱི་སྐུ་དག་ལས། །འོད་གཟེར་རྣམས་ནི་དྲི་མེད་པ། །སེམས་ཅན་ཀུན་དང་མཉམ་པའི་ལུས། །ཕྱོགས་དང་ཕྱོགས་མཚམས་རྒྱས་འགེངས་ལྟོས། །སངས་རྒྱས་གསུང་ནི་ཡིད་འོང་བ། །འགྲོ་བ་ཀུན་ཏུ་རབ་ཏུ་བསྒྲགས། །འགྲོ་ཀུན་དབྱངས་ཀྱི་ཡན་ལག་ཏུ། །སངས་རྒྱས་ཡོན་ཏན་རྣམ་པར་བརྗོད། །སངས་རྒྱས་འོད་ཀྱིས་ཕོག་པ་ཡི། །སེམས་ཅན་ཀུན་ཀྱང་བདེ་བར་གྱུར། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི། །འགྲོ་བ་ཀུན་ཀྱང་དགའ་བ་སྐྱེས། །བྱང་ཆུབ་སེམས་དཔའི་སྤྲིན་གྱི་རྣམས། །རིན་ཆེན་སྤྲིན་རྣམས་རབ་འགྱེད་ཅིང་། །བསྟོད་པའི་སྤྲིན་གྱིས་རྒྱལ་བའི་དྲུང་། །ཕྱོགས་བཅུ་ཀུན་ནས་མངོན་པར་འོང་། །སྙིང་པོ་བྱང་ཆུབ་འདི་ལ་ཡང་། །སྒྲ་ཡི་རྒྱ་མཚོ་ཟབ་མོ་གྲག །སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི། །སངས་རྒྱས་རྣམ་པར་འཕྲུལ་ལ་ལྟོས། །ཀུན་ཀྱང་སྲི་ཞུ་ལྡན་གྱུར་ཏེ། །དགའ་ཤིང་ཤིན་ཏུ་མོས་བྱས་ཤིང་། །ཆོས་ཀྱི་རྒྱལ་པོ་བལྟ་བའི་ཕྱིར། ། འཇིག་རྟེན་མགོན་པོའི་དྲུང་དུ་འདོང་། །ཀྱེ་རྒྱལ་བའི་སྲས་དག་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཆེན་པོས་ཚིགས་སུ་བཅད་པ་འདི་བརྗོད་པའི་ཚེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་དཔལ་གྱི་སྒྲ་ཐམས་ཅད་ཀྱི་སེམས་ཅན་གྱི་གནས་ཀུན་ཏུ་ཤིན་ཏུ་གྲག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་བལྟ་ན་དགའ་བ་ཤིན་ཏུ་གཙང་བའི་བློ་གྲོས་ཀྱིས་ཚིགས་སུ་བཅད་པ་འདི་དག་ཐོས་ནས་དགའ་བ་ཆེན་པོ་སྐྱེས་ཏེ། རང་གི་འཁོར་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། ཞང་བློན་རྣམས་དང་གཞོན་ནུ་དང་། །རྒྱལ་པོའི་མི་དང་བློན་པོ་དང་། །ཚོང་པ་རྣམས་དང་དེ་བཞིན་དུ། །ཡུལ་མི་རྣམས་ཀྱང་ཀུན་འདུས་ཤིག །གྲོང་ཁྱེར་རྣམས་ནི་ཀུན་ཏུ་ཡང་། །རྔ་སྒྲ་དག་གིས་མྱུར་དུ་སྒྲོགས། །ཀུན་ཀྱང་འཐུན་པར་ལྷན་ཅིག་ཏུ། །རྒྱལ་བ་བལྟ་བའི་ཕྱིར་དེངས་


DKG035_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །སྲང་རྣམས་ཐམས་ཅད་ཀུན་ཏུ་ཡང་། །དགེ་བའི་དྲིལ་གྱི་སྒྲ་སྒྲོགས་ཤིག །བུ་དང་ཆུང་མ་འཁོར་བཅས་པ། །རྒྱལ་བ་བལྟ་བའི་ཕྱིར་ཡང་འདོང་། །གྲོང་ཁྱེར་རྣམས་ཀྱང་བརྒྱན་པར་གྱིས། །རྒྱན་རྣམས་ཀུན་ཏུ་བླ་རེ་བྲེས། །རྒྱལ་མཚན་དམ་པ་བཟང་པོའི་རྣམས། །ནོར་བུ་སྣ་ཚོགས་བརྒྱན་པར་སྒྲེང་། །རིན་ཆེན་དྲ་བའི་བླ་རེ་རྣམས། །ནམ་མཁའི་དཀྱིལ་དུ་བྲེ་བར་གྱིས། །ནམ་མཁའ་འདི་ལས་ཐམས་ཅད་དུ། །སིལ་སྙན་སྤྲིན་གྱི་སྒྲ་དག་ཕྱུང་། །ལམ་གྱི་སྲང་ཡང་བརྒྱན་པར་གྱིས། །རིན་ཆེན་ཆར་ཡང་ཀུན་ཏུ་ཕོབ། །བཞོན་པ་རིན་ཆེན་བསྟད་པར་གྱིས། །རྒྱལ་བ་བལྟ་བའི་ཕྱིར་འདོང་ངོ་། །རང་རང་སོ་སོའི་འཁོར་རྣམས་ཀྱིས། །སྣ་ཚོགས་སྤྲིན་གྱི་ཆར་ཕོབ་ཤིག །རྒྱན་གྱི་སྤྲིན་རྣམས་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ཀྱང་དགབ་པར་གྱིས། །སྤོས་དང་པད་མོ་འོད་ཀྱི་སྤྲིན། །མེ་ཏོག་གདུགས་རྣམས་བསམ་ཡས་དང་། །སེ་མོ་དོ་དང་ཕྲེང་སྤྲིན་དང་། །གོས་ཀྱི་སྤྲིན་གྱི་ཆར་ཕོབ་ཤིག །རི་རབ་རྣམས་དང་སྤོས་ཀྱི་རི། །ནོར་བུའི་འཁོར་ལོས་བརྒྱན་པར་གྱིས། ། དྲི་མེད་ཙན་དན་ཕྱེ་མ་རྣམས། །ནམ་མཁའི་དཀྱིལ་ལ་རབ་ཏུ་སྟོན། །ནོར་བུའི་ཕྲེང་བ་མེ་ཏོག་ཕྲེང་། །རིན་ཆེན་ཕྲེང་བ་དྲི་མེད་དང་། །རིན་ཆེན་སྒྲོན་གྱི་ཕྲེང་བ་རྣམས། །ནམ་མཁའི་དབྱིངས་ལ་བསྒྲུབ་པར་གྱིས། །ཐམས་ཅད་སངས་རྒྱས་མངོན་གྱིས་ལ། །དགའ་ཞིང་སྤྲོ་བའི་སེམས་བསྐྱེད་དེ། །བུ་དང་འཁོར་དུ་བཅས་པའི་རྣམས། །རྒྱལ་བ་བལྟ་ཕྱིར་ཀུན་འདོང་ངོ་། །དེ་ནས་རྒྱལ་པོ་བལྟ་ན་དགའ་བ་ཤིན་ཏུ་གཙང་བའི་བདག་པོ་བསོད་ནམས་དཔལ་ལ་སྩོགས་པ་བུད་མེད་སྟོང་ཕྲག་སུམ་ཅུ་རྩ་བདུན་དང་། གཟི་བརྗིད་ཆེན་པོ་ལ་སོགས་པ་གཞོན་ནུ་ལྔ་བརྒྱ་དང་། བློ་གྲོས་ཀྱི་སྟོབས་ལས་སྩོགས་པ་བློན་པོ་སྟོང་ཕྲག་དྲུག་ཅུ་དང་། དེ་དག་ལ་སྩོགས་པ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བདུན་གྱིས་བསྐོར་ཅིང་མདུན་ཏུ་བདར་ཏེ་གྲོང་ཁྱེར་ཆེན་པོ་འོད་འཕྲོ་སྣང་བ་ནས་བྱུང་ནས་སྡེའི་འཁོར་དང་བཅས་པ་ནམ་མཁའི་དབྱིངས་


DKG035_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མངོན་པར་འཕགས་ཏེ། རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས། ནམ་མཁའ་ཐམས་ཅད་རྒྱན་གྱི་སྤྲིན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་གྲོང་ཁྱེར་ཤིང་གི་མེ་ཏོག་སྣ་ཚོགས་ཤེས་བྱ་བ་ནས་ཀྱང་ལྷའི་དབང་པོ་རབ་མཚེ་མའི་རྒྱལ་མཚན་ཞེས་བྱ་བ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཀླུའི་གྲོང་ཁྱེར་ཀུན་ཏུ་རྫོགས་པ་ནས་ཀྱང་ཀླུའི་རྒྱལ་པོ་བཅུ་དྲི་མ་མྱེད་པའི་འོད་ཅེས་བྱ་བ་ཀླུ་བྱེ་བ་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་གནོད་སྦྱིན་གྱི་གྲོང་ཁྱེར་རྡོ་རྗེའི་དཔལ་རྒྱལ་མཚན་ཞེས་བྱ་བ་ནས་ཀྱང་གནོད་སྦྱིན་གྱི་བདག་པོ་དཔའ་བས་རྒྱལ་བ་ཞེས་བྱ་བ་གནོད་སྦྱིན་བྱེ་བ་བདུན་ཅུ་རྩ་བདུན་དང་ལྷན་ཅིག །དྲི་ཟའི་གྲོང་ཁྱེར་གཞལ་མེད་ཁང་བཟང་པོ་ནས་ཀྱང་དྲི་ཟའི་རྒྱལ་པོ་བལྟ་ན་དགའ་བ་ཞེས་བྱ་བ་དྲི་ཟ་བྱེ་བ་དགུ་བཅུ་རྩ་བདུན་དང་ལྷན་ཅིག །ལྷ་མ་ཡིན་གྱི་གྲོང་ཁྱེར་འཁོར་ལོའི་ཚོན་ནས་ཀྱང་ལྷ་མ་ཡིན་གྱི་དབང་པོ་གཟུགས་རྣམ་པར་དག་པ་ལས་སེམས་པ་ཞེས་བྱ་བ་ལྷ་མ་ཡིན་བྱེ་བ་སྟོང་ཕྲག་ལྔ་བརྒྱའི་འཁོར་གྱིས་བསྐོར་བ་དང་ལྷན་ཅིག་ནམ་མཁའ་ལྡིང་གི་གྲོང་ཁྱེར་རིན་པོ་ཆེ་སྣ་ཚོགས་བཟང་པོའི་ལྟེ་བ་ནས་ཀྱང་ནམ་མཁའ་ལྡིང་གི་དབང་པོ་སྟོབས་བཅུ་སྤྱོད་པ་ཞེས་བྱ་བ་ནམ་མཁའ་ལྡིང་གི་འཁོར་དགུ་བཅུ་རྩ་དགུ་དང་ལྷན་ཅིག་མིའམ་ཅིའི་གྲོང་ཁྱེར་རྩེ་བའི་དགའ་བ་དང་ལྡན་པ་ནས་ཀྱང་མིའམ་ཅིའི་དབང་པོ་རྡོ་རྗེ་དཔལ་ཞེས་བྱ་བ་མིའམ་ཅི་བྱེ་བ་ཕྲག་བཅོ་བརྒྱད་དང་ལྷན་ཅིག །ལྟོ་འཕྱེ་ཆེན་པོའི་གྲོང་ཁྱེར་རིན་པོ་ཆེ་རྡོ་རྗེ་སྲ་བའི་རྒྱལ་མཚན་ནས་ཀྱང་ལྟོ་འཕྱེ་ཆེན་པོའི་དབང་པོ་རིན་པོ་ཆེ་གྲགས་པའི་རྒྱལ་མཚན་ཞེས་བྱ་བ་ལྟོ་འཕྱེ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གསུམ་དང་ལྷན་ཅིག །ཚངས་པའི་གྲོང་ཁྱེར་རྒྱན་བཟང་པོ་སྣ་ཚོགས་ནས་ཀྱང་ཚངས་པའི་དབང་པོ་གཞན་གྱིས་ཕམ་པ་མེད་པ་ཞེས་བྱ་བ་ཚངས་པ་བྱེ་བ་ཕྲག་བཅྭོ་བརྒྱད་ཀྱི་འཁོར་གྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་


DKG035_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔལ་དེ་བཞིན་གཤེགས་པ་གང་ན་བ་དེར་དོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་དག་ལ་སྩོགས་པ་གྲོང་ཁྱེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲོང་ཁྱེར་གྱི་འཁོར་དང་བཅས་པ་དག་ནས་སེམས་ཅན་གྱི་རིས་ཐ་དད་པ་ན་གནས་པའི་རྒྱལ་པོ་མང་པོ་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དཔལ་གྱིས་སེམས་ཅན་དེ་དག་འདུལ་བའི་དབང་ཉེ་བར་བཟུང་སྟེ། འཁོར་གྱི་དཀྱིལ་འཁོར་གྱི་རྒྱ་མཚོ་དེར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡང་དག་པར་འབྱུང་བའི་ཆོས་རྣམ་པར་འཕྲུལ་པ་ཞེས་བྱ་བ་མདོའི་འཁོར་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་བཅས་པ་བསམ་པ་ཅི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཡོངས་སུ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོས་ཆོས་ཀྱི་གཞུང་འདི་བསྟན་པ་ཐོས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དཔལ་གྱིས་སྔོན་ཡང་དག་པར་བསྒྲུབས་པའི་ཆོས་རྒྱ་མཚོ་ལ་ཆོས་ཀྱི་སྣང་བ་རབ་ཏུ་ཐོབ་བོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ། ཐོག་མ་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་བྱང་ཆུབ་ཀྱི་སེམས་ལ་གནས་པའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཕྱོགས་རྣམ་པར་སྣང་བའི་སྙིང་པོའི་མིག་རྣམ་པར་དག་པ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་རབ་ཏུ་སྣང་ཞིང་རྣམ་པར་དབྱེ་བའི་སྨོན་ལམ་རྒྱ་མཚོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་ཡོན་ཏན་ཆེན་པོ་རྒྱ་མཚོ་མཐའ་དང་དབུས་མེད་པ་རྣམ་པར་དག་པ་ལ་རབ་ཏུ་འཇུག་པའི་སྤྱོད་པའི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་སྒོ་ཡངས་པ་ནས་སྣང་བ་


DKG035_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཡང་དག་པར་འབྱུང་བ་རྒྱ་མཚོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་ཕྱིར་མི་ལྡོག་པའི་སྟོབས་ཆེན་པོའི་ཤུགས་ཀྱི་སྙིང་པོ་དང་མཐུ་ཆེན་པོའི་རྒྱ་མཚོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྤྲུལ་པས་བརྒྱན་ཅིང་འབྱུང་བའི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་ཡོན་ཏན་གྱི་དཀྱིལ་འཁོར་རྒྱ་མཚོ་ཚད་མེད་པ་རབ་ཏུ་འཇུག་པ་ལ་མངོན་པར་བསྒྲུབ་པ་རྒྱ་མཚོའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་བོ། །འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་རྣམ་པར་དམྱིགས་ཤིང་མོས་པ་རྒྱ་མཚོ་སྤྲིན་གྱིས་རྒྱན་ཡང་དག་པར་བསྒྲུབ་པ་རྒྱ་མཚོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་བོ། །འདི་ལྟ་སྟེ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་དང་། མཉམ་པར་དེ་བཞིན་གཤེགས་པ་རྣམ་པར་དམྱིགས་པར་བྱ་བ་དང་། འགྲོ་བ་ཐམས་ཅད་མངོན་དུ་བསྟན་པ་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་སྟོབས་དང་། མི་འཇིག་པ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་ཀྱི་དཔལ་གྱི་སྔོན་གྱི་སྦྱོར་བ་རྒྱ་མཚོ་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་ནས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བའི་ཆོས་ཉིད་འདི་ཐོས་ནས། །བདག་གི་ཡེ་ཤེས་སྣང་བ་སྐྱེས། །དེས་ནི་སངས་རྒྱས་སྔོན་སྤྱོད་པ། །རྒྱ་མཚོ་རྣམས་ཀྱང་རབ་ཏུ་མཐོང་། །སྐུ་ཚེ་ཀུན་ཏུ་ཇི་ལྟ་བུར། །ཕུན་སུམ་ཚོགས་གྱུར་ཀུན་ཀྱང་མཐོང་། །མཚན་གྱི་རྣམ་པ་རྣམས་དམིགས་དང་། །གང་གི་སངས་རྒྱས་མཆོད་པའང་ཤེས། །སྔོན་ཆད་སངས་རྒྱས་དྲུང་དག་ཏུ། །བསྐལ་པ་རྒྱ་མཚོར་སྤྱོད་སྤྱད་དེ། །སངས་རྒྱས་རྒྱ་མཚོ་མང་མཆོད་ནས། །ཞིང་གི་རྒྱ་མཚོ་ཡོངས་སུ་སྦྱངས། །སྐུ་ཡི་རྒྱ་མཚོ་མང་པོ་དག །རྒྱ་ཆེན་ཡོངས་སུ་ཀུན་བཏང་ཞིང་། ། སྤྱོད་པའི་དམ་པ་རབ་སྤྱད་དེ། །རྒྱ་


DKG035_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཞིང་ཡང་ཤིན་ཏུ་སྦྱངས། །སྙན་དང་ཤངས་མང་རྒྱ་མཚོ་དང་། །ཕྱག་ཞབས་དབུ་ཡང་དེ་བཞིན་ཏེ། །རྒྱལ་སྲིད་བཙུན་མོའི་འཁོར་བཏང་ཞིང་། །ཞིང་གི་རྒྱ་མཚོ་ཡོངས་སུ་སྦྱངས། །ཞིང་རྣམས་སོ་སོ་རེ་རེ་ལ། །བསྐལ་པ་བྱེ་བ་བསམ་ཡས་སུ། །བྱང་ཆུབ་སྤྱོད་པ་རབ་སྤྱོད་དེ། །ཞིང་གི་རྒྱ་མཚོ་རབ་ཏུ་སྦྱངས། །ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས། །སྤྱོད་པ་རྒྱ་མཚོ་ཀུན་སྤྱད་ནས། །སངས་རྒྱས་རྒྱ་མཚོ་ཀུན་དྲུང་དུ། །ཞིང་གི་རྒྱ་མཚོ་རབ་ཏུ་སྦྱངས། །ཇི་ལྟར་ཉི་མའི་འོད་སྣང་བས། །ཉི་མའི་དཀྱིལ་འཁོར་མཐོང་བ་བཞིན། །སངས་རྒྱས་ཡེ་ཤེས་འོད་སྣང་བས། །སྔོན་གྱི་སྤྱོད་པ་རྣམས་ཀྱང་མཐོང་། །བྱང་ཆུབ་འཚང་རྒྱ་ཞི་བ་ཡིན། །ཆོས་ཀྱི་དབྱིངས་ནི་ཀུན་གང་བའི། །ཞིང་གི་རྒྱ་མཚོ་དག་པའི་རྣམས། །དྲི་མེད་འོད་ཅན་ཀུན་ཀྱང་མཐོང་། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །ཞིང་གི་རྒྱ་མཚོ་ཡངས་པའི་རྣམས། །དེ་ལྟར་བདག་གིས་སྦྱང་བར་བྱ། །ཀྱེ་རྒྱལ་བའི་སྲས་དག་དེའི་ཚེ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་དེ་མཐོང་བ་དང་། བསྙེན་བཀུར་བ་དང་། མཆོད་པས་དེ་བཞིན་གཤེགས་པ་ལས་མངོན་པར་ཁོང་དུ་ཆུད་དེ། འཇིག་རྟེན་ཐམས་ཅད་ནི་སྣང་བར་བྱེད། སྔོན་གྱི་སྦྱོར་བ་རྒྱ་མཚོ་ནི་རབ་ཏུ་བརྗོད། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོའི་ཚུལ་ནི་རབ་ཏུ་སྒྲོག །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྒྱ་མཚོའི་ཚུལ་ནི་ཤིན་ཏུ་བརྗོད། ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱི་སྒོ་ཡོངས་སུ་སྦྱང་བ་ནི་ཤིན་ཏུ་སྟོན། སྙིང་པོ་བྱང་ཆུབ་ཐམས་ཅད་ལ་མངོན་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་ནི་རབ་ཏུ་བརྗོད། སངས་རྒྱས་ཀྱི་སྟོབས་དང་མི་བསྙེངས་པ་དང་། ཡེ་ཤེས་ཐ་མི་དད་པ་ནི་ཤིན་ཏུ་


DKG035_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་བཞིན་གཤེགས་པའི་སྐུ་སྒོ་ཀུན་ནས་རྣམ་པར་དམིགས་ཤིང་མཐོང་བ་ནི་རབ་ཏུ་བརྗོད། སངས་རྒྱས་ཀྱི་ཞིང་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་སྟོན། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་མཐའ་དང་དབུས་མེད་པའི་རྒྱན་ནི་རབ་ཏུ་སྟོན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ནི་མངོན་པར་བསྒྲུབ་པ་བྱེད་ཅིང་། སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའང་ཡོངས་སུ་འཛིན་དུ་བཙུད་དོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་གྱིས། བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོ་ལ་ཚིགས་སུ་བཅད་དེ་གསུངས་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དོན་དུ་ཁྱོད་ཞུགས་པ། །གཟི་བརྗིད་ཆེན་པོ་ལེགས་སོ་ལེགས། །བསོད་ནམས་སྙིང་པོ་གྲགས་པ་ཆེ། །སྣང་བ་ཁྱོད་ཀྱིས་རབ་ཏུ་ནོན། །ཆོས་ཀྱི་དབྱིངས་ནི་ཁྱབ་བྱས་ཤིང་། །བསོད་ནམས་ཆེན་པོའི་སྤྲིན་ལྡན་པའི། །སངས་རྒྱས་ཡེ་ཤེས་མཆོད་པར་གྱུར། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཞིང་གཅིག་ན་ཡང་སྤྱོད་སྤྱད་ཅིང་། །ང་ཡི་ཡེ་ཤེས་ཇི་ལྟ་བུར། །ཁྱོད་ཀྱིས་མཐོང་བ་དེ་ལྟར་འགྱུར། །ཚུལ་འདི་ཀུན་ནས་ཤེས་པར་ནི། །བརྩོན་འགྲུས་ཆུང་ངུས་མི་ནུས་ཏེ། །བརྩོན་འགྲུས་སྟོབས་ཆེན་ལྡན་པའི་རྣམས། །རྒྱ་མཚོའི་ཞིང་རྣམས་དག་པར་བྱེད། །ཐམས་ཅད་རྡུལ་ལ་འཇུག་ཚུལ་དུ། །བསྐལ་པ་རྒྱ་མཚོར་སུ་སྤྱོད་པ། །རྒྱ་མཚོའི་ཞིང་གི་རྒྱན་གྱི་རྣམས། །དེ་ལ་འདི་འདྲར་རབ་ཏུ་འགྱུར། །སེམས་ཅན་རྣམས་ནི་རེ་རེའི་ཕྱིར། །བསྐལ་པ་རྒྱ་མཚོར་སྤྱོད་སྤྱད་ཅིང་། ། འཁོར་ཀྱང་སྐྱོ་བ་མེད་པའི་རྣམས། །དེ་དག་འཇིག་རྟེན་མགོན་པོར་འགྱུར། །བསྐལ་པ་ཕྱི་མའི་མཐར་ཐུག་པ། །རྒྱལ་བ་རེ་རེ་མཆོད་བྱེད་ཀྱང་། །གང་གི་སེམས་ལ་སྐྱོ་མེད་ན། །དེ་དག་དེ་བཞིན་གཤེགས་པར་འགྱུར། །དུས་གསུམ་གཤེགས་པའི་མགོན་པོ་ཀུན། །


DKG035_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་སྨོན་ལམ་དབང་གིས་གསལ། །སངས་རྒྱས་ཀུན་གྱི་འཁོར་རྣམས་ནི། །ཁྱོད་ཀྱི་ལུས་ཀྱང་རབ་ཏུ་གནས། །སངས་རྒྱས་ཀུན་གྱི་སྨོན་ལམ་དག །མཐའ་དང་དབུས་མེད་རྒྱ་མཚོ་ལ། །བློ་ཆེན་གང་རྣམས་འཇུག་པ་ན། །དེ་དག་ཚུལ་འདི་གནས་པར་འགྱུར། །ང་ལ་མཆོད་པ་བྱས་པས་ཀྱང་། །གཟི་བརྗིད་ཆེན་པོ་སྟོབས་ཆེན་གྱིས། །སེམས་ཅན་རི་རབ་རྡུལ་མཉམ་པ། །བྱང་ཆུབ་ཡོངས་སུ་སྨིན་པར་བྱས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་དག །ཀུན་ཏུ་བཟང་པོ་དཔའ་བའི་རྣམས། །ཆོས་ཀྱི་དབྱིངས་ནི་ཀུན་བཀང་ཞིང་། །ཞིང་གི་རྒྱ་མཚོ་དག་པར་བྱེད། །ཀྱེ་རྒྱལ་བའི་སྲས་དག་དེ་ལ་བསྐལ་པ་རྒྱ་ཆེན་པོ་རིག་པ་ཞེས་བྱ་བ་དེ་ལ་བསྐལ་པ་བར་མ་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ཅིག་བྱུང་སྟེ། དེའི་དུས་ན་མི་རྣམས་ཀྱི་ཚེ་ཡང་བསྐལ་པ་བར་མ་གཉིས་ཐུབ་པར་གྱུར་ཏེ། རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་རི་བོ་རི་རབ་དཔལ་གྱི་སྤྲིན་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔ་བཅུར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པའི་སྤྱན་བཟང་པོའི་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་དེ་ཉིད་ལ་བྱུང་སྟེ། དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པའི་སྤྱན་བཟང་པོ་རྒྱན་གྱི་རྒྱལ་པོ་དེ་མངོན་པར་སངས་རྒྱས་པའི་རྣམ་པར་འཕྲུལ་པ་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཆེན་པོས་མཐོང་ངོ་། །མཐོང་ནས་ཀྱང་སྒོ་རྒྱ་མཚོ་མཐའ་ཡས་པའི་སྙིང་པོ་ཞེས་བྱ་བ་རབ་ཏུ་ཐོབ་པོ། ། ཡེ་ཤེས་རྒྱ་ཆེན་པོའི་བྱིན་གྱི་རླབས་དང་ཆོས་ཀྱི་ཀློང་གི་གཟུངས་ཀྱང་རབ་ཏུ་ཐོབ་བོ། །ཀུན་གྱི་རྗེས་སུ་སོང་བར་འགྲོ་བ་འདུལ་བའི་རྣམ་པར་ཐར་པ་ཞེས་བྱ་བའི་བྱམས་པ་ཆེན་པོ་ཡང་རབ་ཏུ་ཐོབ་བོ། །དམིགས་པའི་སྒོའི་སྤྲིན་ཐམས་ཅད་ཀྱིས་རྒྱས་པར་བྱེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་ཡང་རབ་ཏུ་ཐོབ་བོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྒྱ་མཚོ་དང་བྱིན་གྱི་


DKG035_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱི་མཛོད་ཅེས་བྱ་བའི་དགའ་བ་ཆེན་པོ་ཡང་རབ་ཏུ་ཐོབ་བོ། །ཆོས་ཀྱི་རང་བཞིན་ནམ་མཁའི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་བཏང་སྙོམས་ཆེན་པོ་ཡང་རབ་ཏུ་ཐོབ་བོ། །རང་བཞིན་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ཡོངས་སུ་དག་པའི་ལུས་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རབ་ཏུ་ཐོབ་བོ། །ཆགས་པ་མེད་པའི་དབྱིངས་རྣམ་པར་སྣང་བའི་རྗེས་སུ་སོང་བ་ཞེས་བྱ་བའི་མངོན་པར་ཤེས་པ་ཡང་རབ་ཏུ་ཐོབ་བོ། །རབ་ཏུ་ཁོང་དུ་ཆུད་པས་དྲི་མ་མེད་པའི་ཀློང་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཐ་དད་པ་ཡང་དག་པར་ཤེས་པ་ཡང་རབ་ཏུ་ཐོབ་བོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པར་བྱེད་པ་ཞེས་བྱ་བའི་ཡེ་ཤེས་སྣང་བ་ཡང་རབ་ཏུ་ཐོབ་བོ། །དེ་དག་ལ་སྩོགས་པ་ཆོས་ཀྱི་སྒོ་སྟོང་ཕྲག་བཅུ་ཀུན་ནས་ནོན་པར་གྱུར་ཏེ། དེ་ནས་རྒྱལ་བུ་གཞོན་ནུ་གཟི་བརྗིད་ཆེན་པོས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་གྱི་ཚོགས་ཐམས་ཅད་ལ་ཚིགས་སུ་བཅད་དེ་སྨྲས་པ། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་ཏུ། །འཇིག་རྟེན་གཙོ་བོའི་དམ་པ་ཤིན་ཏུ་དཀོན། །སངས་རྒྱས་ཞིང་འདི་སེམས་ཅན་ཐོབ་རབ་ཐོབ། །དེ་དག་སངས་རྒྱས་གཉིས་པ་འདི་ཡང་མཐོང་། །སངས་རྒྱས་སྐུ་ལས་འོད་རྣམས་རབ་བཀྱེ་བ། །ཁ་དོག་མཐའ་ཡས་རྒྱ་མཚོ་རྣམ་པར་དག །འོད་ཟེར་སྤྱན་གྱིས་འཇིག་རྟེན་ཀུན་ཏུ་ཁྱབ། །ཀུན་ཏུ་རྒྱལ་བའི་ཡོན་ཏན་གྲགས་པར་བྱེད། །འོད་ཀྱིས་རིག་པ་རྨད་ཀྱི་དགའ་བ་སྐྱེ། །འགྲོ་བ་དེ་དག་ཀུན་གྱི་སྡུག་བསྔལ་ཞི། །ཕན་ཚུན་སྲིད་ཞུ་བྱམས་པའི་སེམས་གྱུར་ཅིང་། །སངས་རྒྱས་རྣམ་འཕྲུལ་འདི་དག་ཀུན་ཀྱང་མཐོང་། །སྤྲུལ་པའི་དྲ་བ་སྤྲིན་རྣམས་བསམ་མི་ཁྱབ། །རྣམ་པ་དུ་མའི་འོད་ཀྱི་དྲ་བ་འགྱེད། །ཕྱོགས་བཅུའི་ཞིང་རྣམས་ཀུན་ཀྱང་གང་བྱས་ཤིང་། །སངས་རྒྱས་རྣམ་པར་འཕྲུལ་པ་རབ་ཏུ་སྟོན། །རྒྱལ་བ་རྣམས་ཀྱི་སྤུ་རྩེ་རེ་རེ་ནས། །དབྱངས་སྤྲིན་བཀྱེ་བས་ནམ་མཁའ་ཀུན་བཀང་ཞིང་། །མུན་ནག་ཆེན་པོ་ཀུན་ནས་སྣང་བར་བྱེད། །དམྱལ་བའི་སྡུག་བསྔལ་ཀུན་ཀྱང་རྣམ་པར་སེལ། །


DKG035_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དབྱངས་ནི་ཕྱོགས་རྣམས་བཅུ་པོ་ན། །སེམས་ཅན་རྣམས་ཀྱི་སྔོན་དགེ་རྒྱ་མཚོ་རྣམས། །ཐམས་ཅད་དབྱངས་ཀྱིས་ཀུན་ཏུ་སྒྲ་ཡང་སྒྲོག །སངས་རྒྱས་རྣམ་པར་འཕྲུལ་པ་དེ་དག་ལྟོས། །སངས་རྒྱས་འཁོར་རྣམས་རྒྱ་མཚོ་རྒྱ་ཆེ་བ། །མཐའ་དང་དབུས་མེད་ཡང་དག་རབ་ཏུ་བྱུང་། །དེ་ན་རྒྱལ་བ་ཆོས་ཀྱི་འཁོར་ལོ་བསྐོར། །སེམས་ཅན་རྒྱ་མཚོ་མི་ཟད་རྣམས་ཀྱང་འདུལ། །ཚད་མེད་རྣམ་པར་འཕྲུལ་པ་དག་ལ་ལྟོས། །ཞིང་རྣམས་ཀུན་ན་རྒྱལ་བ་མངོན་པར་བཞུགས། །དེ་ལྟར་བདེ་གཤེགས་ཡེ་ཤེས་ཆགས་པ་མེད། །སེམས་ཅན་དོན་དུ་རྣམ་པར་མངོན་སངས་རྒྱས། །དགའ་ཞིང་མོས་པར་ཀུན་ཀྱང་འདོད་པར་གྱིས། །བདེ་བའི་ཡིད་དང་སྲིད་ཞུ་སྤྲོ་བ་ཡིས། །བདེ་གཤེགས་དེ་ནི་བལྟ་བའི་ཕྱིར་འདོང་ངོ་། །དེ་མཐོང་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད་བྱས་ཤིང་། །འགྲོ་བ་ཀུན་ལ་བྱམས་པའི་སེམས་འགྱུར་ཏེ། །ཀུན་ཏུ་བཟང་པོའི་སྨོན་ལམ་ཀུན་བཏབ་ཅིང་། །ཆོས་རྒྱལ་ཇི་བཞིན་བདག་ཅག་འགྱུར་བར་བྱ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་སྒྲ་ལ་ཐོགས་པ་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་གྱུར་ཏེ། དེ་ཐོས་པའི་སེམས་ཅན་ཚད་མེད་པ་རྣམས་ཀྱང་བྱང་ཆུབ་ཏུ་སྨོན་ལམ་བཏབ་པར་གྱུར་ཏོ། །དེ་ཡང་ཕ་དང་མ་དང་ལྷན་ཅིག་ཏུ་འཁོར་ཐམས་ཅད་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། རིན་པོ་ཆེའི་གདུགས་ཀྱི་སྤྲིན་ལྔས་ནམ་མཁའ་ཐམས་ཅད་ཀུན་ནས་ཡོག་པར་བྱས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །འོངས་པ་དེ་དག་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པའི་སྤྱན་བཟང་པོ་བརྒྱན་གྱི་རྒྱལ་པོ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རང་བཞིན་དྲི་མ་མེད་པའི་རྒྱན་ཅེས་བྱ་བའི་མདོ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མདོའི་འཁོར་ཅན་ཡང་དག་པར་བསྟན་ཏོ། །དེས་དེ་ཐོས་ནས་ཚུལ་ཐམས་ཅད་རྣམ་པར་དག་པ་ལ་འཇུག་པར་འབྱུང་


DKG035_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བ་རབ་ཏུ་སྐྱེས་སོ། །ཡེ་ཤེས་ཀྱི་རིམ་པ་རྣམ་པར་དག་ཅིང་དྲི་མ་མེད་པའི་སྣང་བ་ཞེས་བྱ་བ་ཡང་ནོན་པར་གྱུར་ཏོ། །ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་འགྲོ་བ་ཐམས་ཅད་དགའ་བར་ལྟ་བའི་རྒྱན་ཅེས་བྱ་བར་ཡང་ཞུགས་པར་གྱུར་ཏོ། །ཞིང་ཐམས་ཅད་དུ་ཡང་ཡང་དག་པར་འཇུག་པ་དང་སྣང་བ་མཐའ་ཡས་པར་མཐོང་བས་རྣམ་པར་དག་པའི་སྤྱོད་པའི་དཀྱིལ་འཁོར་ལ་ཡང་རབ་ཏུ་ཞུགས་སོ། །སྤྱོད་པའི་དཀྱིལ་འཁོར་བསོད་ནམས་ཀྱི་སྤྲིན་དྲི་མ་མེད་པའི་འོད་ཀྱི་རྒྱལ་མཚན་ཅེས་བྱ་བ་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །རྗེས་སུ་རྟོག་པའི་དཀྱིལ་འཁོར་ཆོས་ཀྱི་རྒྱ་མཚོ་འབྱམ་ཀླས་པ་ཐམས་ཅད་སྣང་བ་ཞེས་བྱ་བ་ཡང་རྗེས་སུ་རྟོགས་པར་གྱུར་ཏོ། །འཇུག་པའི་དཀྱིལ་འཁོར་ཡེ་ཤེས་ཆེན་པོའི་ཤུགས་ཀྱི་རྒྱན་ཅེས་བྱ་བ་ལ་ཡང་རབ་ཏུ་ཞུགས་སོ། །རང་འབྱུང་དུ་འགྱུར་བ་ཤིན་ཏུ་མཐོང་བའི་ཤུགས་ཀྱི་དབང་བསྐུར་བའི་ཡེ་ཤེས་རྒྱ་མཚོ་ལ་ཡང་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོའི་མཚན་ཉིད་ཀྱི་འོད་རྣམ་པར་སྣང་བའི་སྣང་བ་ཆེན་པོས་ཀྱང་ཤིན་ཏུ་སྣང་བར་གྱུར་ཏོ། །སྨོན་ལམ་གྱི་སྟོབས་ཚད་མེད་པ་ལ་མོས་པ་རྒྱ་མཚོའི་སྙིང་པོའི་སྨོན་ལམ་མངོན་པར་བསྒྲུབ་པའི་ཡེ་ཤེས་ཀྱི་སྟོབས་ལ་ཡང་རྣམ་པར་དག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པའི་སྤྱན་བཟང་པོ་རྒྱན་གྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོ་ལ་ཚིགས་སུ་བཅད་དེ་གསུངས་པ། ལེགས་སོ་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ཅན། །སངས་རྒྱས་བྱང་ཆུབ་སྨོན་ལམ་ཡང་དག་གནས། །སེམས་ཅན་ཀུན་གྱི་མགོན་དང་གནས་གྱུར་པའི། །རྒྱལ་བ་དམ་པ་བསམ་གྱིས་མི་ཁྱབ་འགྱུར། །ཡེ་ཤེས་རྒྱ་མཚོ་ཆེན་པོར་མངོན་པར་བྱུང་། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་རྒྱས་བྱས་ཏེ། །སངས་རྒྱས་སྤྱོད་ཡུལ་རྒྱ་ཆེན་མི་ཟད་པའི། །བསམ་གྱིས་མྱི་ཁྱབ་ཚུལ་ལ་འཇུག་པར་འགྱུར། །སངས་རྒྱས་ཐམས་ཅད་ཡོན་ཏན་སྤྲིན་མཐོང་བའི། །ཡེ་ཤེས་ས་ཡང་མི་ཟད་ནོན་པར་གྱུར། །ཕ་རོལ་ཕྱིན་པ་རྒྱ་མཚོ་ཀུན་གྱི་ཚུལ། །གྲགས་པ་


DKG035_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡོངས་སུ་རྒྱས་པར་བྱེད། །གཟུངས་ཀྱི་ཚུལ་རྣམས་རྒྱ་མཚོ་མང་པོ་དང་། །ཐ་དད་ཡང་དག་ཤེས་ཚུལ་མི་ཟད་དང་། །སྤྱོད་པ་སྨོན་ལམ་ཁྱོད་ཀྱིས་མངོན་བསྒྲུབས་པས། །གཞལ་མེད་ཡེ་ཤེས་ལྡན་པར་ཁྱོད་འགྱུར་རོ། །ཏིང་ངེ་འཛིན་གྱི་རྒྱ་མཚོར་འཇུག་པར་འགྱུར། །སྨོན་ལམ་རྒྱ་མཚོའི་ནང་དུ་ཁྱོད་སྐྱེས་ཏེ། །རྣམ་འཕྲུལ་འདི་ལའང་ཤིན་ཏུ་འབྱུང་བར་འགྱུར། །འདི་ནི་སངས་རྒྱས་ཆོས་ཉིད་བསམ་མི་ཁྱབ། །ཆོས་དབྱིངས་དམ་པ་བསམ་གྱིས་མི་ཁྱབ་པའི། །བསམ་པ་རྒྱ་ཆེན་རྣམ་པར་སྦྱངས་བྱས་ཏེ། །སངས་རྒྱས་སྤྲིན་ལ་རྣམ་པར་བལྟ་བར་གྱིས། །རྒྱ་མཚོའི་ཞིང་རྣམས་དྲི་མེད་རྣམ་པར་སྦྱོངས། །ང་ཡི་བྱང་ཆུབ་སྤྱོད་ལ་འཇུག་པར་གྱིས། །སྔོན་གྱི་སྦྱོར་ཚུལ་རྒྱ་མཚོ་མང་པོ་ཡི། །སྤྱོད་པ་ངས་ནི་ཇི་ལྟར་རྣམ་སྦྱངས་པ། །དེ་འདྲའི་ཚུལ་ཡང་ཁྱོད་ཀྱིས་ཤེས་པར་གྱིས། །ཞིང་རྣམས་རེ་རེར་སངས་རྒྱས་མང་པོ་ངས། །རྒྱ་མཚོ་བརྒྱ་མང་ཤིན་ཏུ་མཆོད་པ་བྱས། །སྔོན་སྤྱོད་དེ་ཡི་འབྲས་བུ་འདི་ཡིན་ཏོ། །འདི་འདྲ་དྲི་མ་མེད་པའི་རྒྱན་ལ་ལྟོས། །ལས་ཀྱི་རྒྱ་མཚོ་མི་ཟད་རྒྱ་ཆེན་དང་། །ཞིང་རྣམས་རྒྱ་མཚོ་དག་བྱའི་སྤྱོད་པ་དང་། །སྨོན་ལམ་བསམ་ཡས་གོ་ཅ་བགོས་པས་ན། །འདི་རྣམས་འདི་འདྲའི་རྣམ་པར་འཕྲུལ་པར་འགྱུར། །སངས་རྒྱས་རྒྱ་མཚོ་མ་ལུས་མཆོད་བྱས་ཤིང་། །ཞིང་རྣམས་རྒྱ་ཆེན་རྒྱ་མཚོ་སྦྱངས་བྱས་ནས། །བསྐལ་པ་འབྱམ་ཀླས་ཀུན་ཏུ་སྦྱངས་བྱས་ཤིང་། །རྒྱལ་བ་ཡོན་ཏན་འོད་ཆེན་མངའ་བར་འགྱུར། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པའི་སྤྱན་བཟང་པོ་རྒྱན་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་བལྟ་ན་དགའ་བ་ཤིན་ཏུ་གཙང་བའི་བདག་པོ་དེ་ཡང་དུས་བྱས་པར་གྱུར་ཏེ། རྒྱལ་བུ་གཞོན་ནུ་གཟི་བརྗིད་ཆེན་པོས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་གྱུར་ཏོ། །ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་ཞེས་བྱ་བ་དེར་ཡང་དེ་བཞིན་


DKG035_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་བསོད་ནམས་རྒྱ་མཚོ་ཤིན་ཏུ་འཕགས་ཤིང་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་གསུམ་པ་བྱུང་བར་གྱུར་ཏེ། དེས་དེ་བཞིན་གཤེགས་པ་དེ་མངོན་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་མཐོང་ནས། འཁོར་ཐམས་ཅད་དང་དཔུང་གི་ཡན་ལག་བཞིའི་ཚོགས་དང་། རིན་པོ་ཆེ་བདུན་དང་། གྲོང་གི་མྱི་དང་ཡུལ་མིར་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད་ནམས་རྒྱ་མཚོ་ཤིན་ཏུ་འཕགས་ཤིང་ཟིལ་གྱིས་མི་ནོན་པ་གང་ན་བཞུགས་པ་དེར་དོང་ནས། དེས་བཅོམ་ལྡན་འདས་དེ་ལ་རིན་པོ་ཆེའི་ཁང་པ་བརྩེགས་པ། སྤོས་དང་ནོར་བུ་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་ཕུལ་ལོ། །དེར་དེ་བཞིན་གཤེགས་པ་དེས་ཀུན་ཏུ་བལྟ་བའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣང་བ་ཞེས་བྱ་བའི་མདོ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མདོའི་འཁོར་དང་བཅས་པའང་ཡང་དག་པར་བཤད་པར་གྱུར་ཏོ། །དེ་ཐོས་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོས། བསོད་ནམས་ཆེན་པོའི་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པོ། །ཏིང་ངེ་འཛིན་དེ་ཐོབ་ནས་ཀྱང་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་རྒྱ་མཚོ་མངོན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསོད་ནམས་རྒྱ་མཚོ་ཤིན་ཏུ་འཕགས་ཤིང་ཟིལ་གྱིས་མི་ནོན་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོ་ལ་ཚིགས་སུ་བཅད་དེ་གསུངས་པ། ཡོན་ཏན་བསོད་ནམས་ཀུན་གྱི་གཟི་བརྗིད་ཅན། །བྱང་ཆུབ་མཆོག་གི་སྨོན་ལམ་ཡིད་ལྡན་པ། །འགྲོ་བ་ཀུན་ལ་སྙིང་རྗེ་རྒྱ་མཚོ་ཡིས། །ང་ཡི་དྲུང་དུ་ཁྱོད་འོངས་ལེགས་སོ་ལེགས། །སྙིང་རྗེའི་སྙིང་པོ་ཁྱོད་ནི་སེམས་ཅན་རྣམས། །སྡུག་བསྔལ་གྱུར་པ་ཀུན་གྲོལ་དོན་ཞུགས་པས། །འགྲོ་བ་ཀུན་གྱི་མགོན་དང་སྐྱབས་སུ་འགྱུར། །བྱང་ཆུབ་སྤྱོད་པའི་ཚུལ་ཡང་དེ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་བརྟན་པ་རྣམས། །སྐྱོ་མེད་ཡིད་ཀྱིས་སྤྱོད་པ་སྤྱད་པ་དག །མཆོག་ཏུ་གྱུར་ཅིང་དམ་པ་ཆགས་


DKG035_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི། །ཡེ་ཤེས་འདི་འདྲ་ཤིན་ཏུ་ཐོབ་པར་འགྱུར། །དེ་ལྟར་ཁྱོད་ནི་ཀུན་ཏུ་བཟང་པོ་ཡི། །མཐུ་ཆེན་སྨོན་ལམ་སྤྱོད་པར་ཞུགས་པས་ན། །བསོད་ནམས་འོད་དང་བསོད་ནམས་དཔལ་ཡིན་ཏེ། །བསོད་ནམས་འབྱུང་གནས་བསོད་ནམས་མཆོག་ཀྱང་ཡིན། །བསམ་གྱིས་མྱི་ཁྱབ་རྒྱལ་བ་རྒྱ་མཚོ་དག །མཐའ་དང་དབུས་མེད་པ་ནི་ཁྱོད་ཀྱིས་ཤེས། །མཐའ་དང་དབུས་མེད་དེ་དག་མཐོང་གྱུར་ནས། །དེ་དག་བསོད་ནམས་རྒྱ་མཚོ་རྟོགས་པར་འགྱུར། །ཁྱོད་ཀྱིས་ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་ཀྱི། །རྒྱལ་བའི་སྤྲིན་རྣམས་ཀུན་ཀྱང་ཤིན་ཏུ་མཐོང་། །དེ་དག་སྤྱོད་པ་རྒྱ་མཚོ་ཐམས་ཅད་ཀྱང་། །སྔོན་ཆད་ཇི་ལྟར་སྤྱད་པ་བཞིན་དུ་མཐོང་། །འདི་ཚུལ་རྒྱ་མཚོ་འདི་ལ་སུ་ཞུགས་ཤིང་། །ཡེ་ཤེས་ས་ལ་སུ་དག་གནས་གྱུར་པ། །དེ་དག་སངས་རྒྱས་ཀུན་གྱི་རྗེས་སློབ་ཅིང་། །ཐམས་ཅད་གཟིགས་པར་གདོན་མྱི་ཟ་བར་འགྱུར། །ཁྱོད་ནི་ཞིང་ཀུན་རྒྱ་མཚོའི་རྡུལ་སྙེད་ཀྱི། །བསྐལ་པ་རྒྱ་མཚོར་སྤྱོད་པ་རབ་སྤྱོད་ནས། །རྒྱལ་བ་ཀུན་གྱི་སྔོན་སྤྱད་རྒྱ་མཚོ་རྣམས། །བསླབས་ནས་རང་བྱུང་ཉིད་དུ་འགྱུར་བར་འོངས། །ཞིང་རྣམས་རྒྱ་མཚོ་ཡོངས་སུ་དག་པ་རྣམས། །ཕྱོགས་བཅུ་དག་ཏུ་ཇི་ལྟར་མཐོང་བ་བཞིན། །ཁྱོད་ཀྱི་ཞིང་ཡང་རྣམ་པར་དག་འགྱུར་ཏེ། །སྨོན་ལམ་ཀུན་ཀྱང་ཤིན་ཏུ་སྒྲོག་པར་འགྱུར། །འཁོར་གྱི་རྒྱ་མཚོ་འདི་དག་ཐམས་ཅད་ཀྱང་། །ཁྱོད་ཀྱི་སྨོན་ལམ་ཐོས་གྱུར་རབ་ཏུ་དགའ། །ཀུན་ཏུ་བཟང་པོའི་སྤྱོད་པའི་ལམ་དག་གིས། །བྱང་ཆུབ་མཆོག་ལ་རབ་ཏུ་འཇུག་པར་འགྱུར། །མཐའ་དང་དབུས་མྱེད་ཞིང་རྣམས་འབྱམ་ཀླས་པར། །བསྐལ་པ་རྒྱ་མཚོ་དག་ཏུ་སྤྱད་པ་སྤྱོད། །ཀུན་ཏུ་བཟང་པོའི་སྤྱོད་པ་ཐམས་ཅད་དང་། །སྨོན་ལམ་རྣམས་ཀྱང་ཡོངས་སུ་རྫོགས་པར་གྱིས། །ནགས་ཚལ་ཆེན་པོ་ཡལ་གའི་དཀྱིལ་འཁོར་རིན་པོ་ཆེའི་མེ་ཏོག་རྒྱས་པ་དེ་ཉིད་དུ། དེ་བཞིན་གཤེགས་པ་གྲགས་པ་རྣམ་པར་གྲགས་པའི་སྤྱན་པད་མོའི་དཔལ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །རྒྱལ་པོ་གཟི་བརྗིད་ཆེན་པོ་དེ་ཡང་དེ་ནས་ཤི་འཕོས་ནས། རྒྱ་མཚོའི་


DKG035_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་ལྷའི་གྲོང་ཁྱེར་རིན་པོ་ཆེ་ཞི་བའི་གནས་ཤེས་བྱ་བར་ཕྱིན་ཏེ། དེར་བསོད་ནམས་དྲི་མ་མེད་པའི་དཔལ་ཞེས་བྱ་བ་ལྷའི་རྒྱལ་པོ་ཆེན་པོར་གྱུར་ཏོ། །དེ་ནས་དེ་ལྷའི་འཁོར་གྱི་ཚོགས་ཆེན་པོ་དང་བཅས་ཏེ། རིན་པོ་ཆེའི་མེ་ཏོག་གི་སྤྲིན་གྱི་ཆར་འབེབས་ཤིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲགས་པ་རྣམ་པར་གྲགས་པའི་སྤྱན་པདྨོའི་དཔལ་གང་ན་བཞུགས་པ་དེར་དོང་ངོ་། །དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲགས་པ་རྣམ་པར་གྲགས་པའི་སྤྱན་པདྨོའི་དཔལ་གྱིས་ཚུལ་ཡངས་པའི་སྒོ་ཀུན་ཏུ་རྣམ་པར་སྣང་བ་ཞེས་བྱ་བའི་མདོ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མདོའི་འཁོར་དང་བཅས་པ་ཡང་དག་པར་སྟོན་ཏོ། །དེས་དེ་དག་ཐོས་ནས་དགའ་བའི་སྙིང་པོ་ཀུན་ནས་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པོ། །ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོའི་དབྱིངས་སུ་ཡང་ཞུགས་པར་གྱུར་ཏེ། །རྣམ་པར་སྣང་མཛད་ཀྱི་ལེའུ་ཞེས་བྱ་བ་སྟེ། བཅུ་པའོ།། །།


previousབཅུ་པ། རྣམ་པར་སྣང་མཛད་ཀྱི་ལེའུ། next