Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་གསུམ་པ། ཆོས་སྣང་བའི་ལེའུ།
   
   
   
   
   
   
   


 
previousཉི་ཤུ་རྩ་གསུམ་པ། ཆོས་སྣང་བའི་ལེའུ། next

ཉི་ཤུ་རྩ་གསུམ་པ། ཆོས་སྣང་བའི་ལེའུ།


DKG035_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གསུམ་པ། དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་རབ་ཏུ་ཐོབ་པ། སེམས་དང་པོ་བསྐྱེད་པ་ལ་གནས་པ། དེ་ལྟར་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་ཆེན་པོ་ལ་ཡང་དག་པར་འཛེག་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཤིན་ཏུ་ཆུད་པ། འཇིག་རྟེན་ཀུན་ཏུ་ཁྲིད་པར་བྱེད་པ་རྣམ་པར་བཟློག་པ། རྫོགས་པའི་སངས་རྒྱས་ཀྱི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་ཀྱི་རྗེས་སུ་སོང་བ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལ་ཤིན་ཏུ་ངེས་པ། རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་གཞོལ་བ་དེ་དག་གིས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཇི་ལྟར་བརྩོན་པར་བྱས་པའི་རྣམ་པ་གང་གིས། དེ་བཞིན་གཤེགས་པ་


DKG035_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཉེས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལས་འདས་པར་འགྱུར་བ་དང་། སྤྱོད་པའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་དག་པར་འགྱུར་བ་དང་། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་གཏེར་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་སྣོད་ཇི་བཞིན་དུ་སྦྱིན་པ་བྱེད་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཡོངས་སུ་མྱི་གཏོང་བར་འགྱུར་བ་དང་། ཇི་ལྟར་དམ་བཅས་པའི་སེམས་ཅན་རྣམས་སྒྲོལ་བར་འགྱུར་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་གདུ་མི་ཆད་པར་འགྱུར་བ་དང་། དགེ་བའི་རྩ་བ་དམིགས་པ་ཐམས་ཅད་དུ་སྦྱོར་བ་དོན་མེད་པར་མི་འགྱུར་བ་དང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལ་བརྩོན་པར་བྱས་པས་ཆོས་ཀྱི་ཡུལ་འདི་དག་ཡོངས་སུ་རྫོགས་པར་འགྱུར་བར་ཇི་ལྟར་བརྩམས་པར་བྱ་བ་དེ་ལེགས་པར་བཤད་པ་མཛོད་ཅིག །འཁོར་འདི་དག་ཐམས་ཅད་ནི་ཉན་པར་འདོད་དོ། །སེམས་ཅན་ཆེན་པོ་དེ་དག་གིས་བརྩོན་པའི་རྣམ་པ་ཇི་ལྟ་བུས་མ་རིག་པའི་མུན་ནག་ཐམས་ཅད་བསྩལ་ཏེ། བདུད་ཀྱི་དཀྲུགས་མའི་འཁོར་ཐམས་ཅད་ལས་ཤིན་ཏུ་རྒྱལ་བར་བྱས་ནས། ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་མནན་ཏེ། སེམས་ཀྱི་དྲི་མ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀུན་ནས་བསྩལ་ནས། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཤིན་ཏུ་བསྒྲུབས་ཏེ། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོའི་ལམ་ཐམས་ཅད་རྣམ་པར་བཟློག་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམ་པར་བྱང་བར་བྱས་ཏེ། བྱང་ཆུབ་སེམས་དཔའི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། རིག་པ་དང་། མི་འཇིགས་པ་ཡོངས་སུ་དག་པ་རྣམས་མངོན་པར་བསྒྲུབས་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་དག་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱན།


DKG035_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བསྒྲུབ་པ་ཡོངས་སུ་རྒྱས་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་རྟོགས་པར་འགྱུར་བ་དང་། དེ་ལྟར་མངོན་པར་བྱང་ཆུབ་ནས་ཀྱང་བསམ་པའི་ཚུལ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གྲུབ་པར་གྱུར་པ་དག་ཏུ་ཇི་ལྟར་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་དག་ལ། དུས་དང་དབང་པོའི་རྒྱུད་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་འབྱིན་པར་འགྱུར་བ་དེ་ལེགས་པར་ཤོད་ཅིག །འཁོར་འདི་དག་ཐམས་ཅད་ནི་ཉན་པར་འདོད་དོ། །ཇི་ལྟར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དང་གཞན་དག་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ཡུལ་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། མྱུར་དུ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་འཐོབ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བརྒྱ་སྟོང་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་ཆོས་ཀྱི་མཛོད་འདི་ཡང་ཡང་དག་པར་བསྲུང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ཤིང་། སྟོན་པ་དང་འཆད་པའི་ཚེ། བདུད་དང་བདུད་ཀྱི་རིགས་སུ་གཏོགས་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྐྱོ་བ་མེད་པར་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་པ་དང་། དེ་ཡང་དག་པར་སྟོན་པའི་ཚེ། ལྷའི་དབང་པོ་རྣམས་ཀྱིས་རིམ་གྲོར་བྱ་བ་དང་། གཞུང་དེ་བཞིན་དུ་ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། མིའི་དབང་པོ་དང་།


DKG035_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་དབང་པོས་རིམ་གྲོར་བྱ་བ་རབ་ཏུ་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་དབང་པོས་རིམ་གྲོ་བྱ་བ་རབ་ཏུ་འཐོབ་པ་དང་། དེ་ལྟར་རིམ་གྲོར་བྱས་ནས་ཀྱང་། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བ། འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་མཆོད་པ། འཇིག་རྟེན་ཐམས་ཅད་ཀྱིས་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤིན་ཏུ་དགོངས་པ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཤིན་ཏུ་བསྲུངས་པ། རང་གི་དགེ་བའི་རྩ་བ་དང་། སྨོན་ལམ་རབ་ཏུ་ཐོབ་པ། ཆོས་དཀར་པོ་ཆེན་པོ་ཡང་དག་པར་སྤེལ་བ་རྣམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་རྣམ་པར་འབྱེད་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་རྒྱ་ཆེན་པོ་རབ་ཏུ་འབྱེད་པ་དང་། བྱང་ཆུབ་སེམས་དཔའི་རིམ་གྱིས་སྤྱོད་པ་ཡོངས་སུ་བསྒྲུབས་པ། ཤིན་ཏུ་སྟོན་པར་འགྱུར་བ་དེ་ལྟ་བུའི་གནས་དག་ཡང་དག་པར་བསྟན་པ་མཛོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ཀྱིས་དོན་འདི་ཉིད་བསྟན་ཏེ་བརྗོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་ཚིགས་སུ་བཅད་དེ་སྨྲས་པ། སྤྱོད་ལ་འཇུག་པ་མཐའ་ཡས་ཡངས་པ་དག །རང་འབྱུང་ཡེ་ཤེས་བསྒྲུབ་པ་དགེ་བ་རྣམས། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ཅན། །གྲགས་པ་ཆེན་པོ་རྣམས་ལ་ལེགས་པར་ཤོད། །བྱང་ཆུབ་སེམས་དཔའ་གང་རྣམས་སེམས་ཐོབ་ཅིང་། །བསོད་ནམས་ལྡན་པ་ཡེ་ཤེས་ཐོབ་པ་རྣམས། །སྐྱོན་མེད་ཞུགས་པའི་འཇིག་རྟེན་རྣམས་བཟློག་ཅིང་། །ཡང་དག་སངས་རྒྱས་ཆོས་མཉམ་ཉིད་ཐོབ་རྣམས། །དེ་དག་གིས་ནི་བདེ་གཤེགས་བསྟན་པ་ལ། །བརྩོན་འགྲུས་བརྟན་པས་ཇི་ལྟར་བརྩོན་པར་བྱ། །གང་གིས་ཕྱོགས་བཅུའི་རྒྱལ་བ་མཉེས་བྱས་ཤིང་། །ཡང་དག་སངས་རྒྱས་ས་ཡང་གནན་བྱ་དང་། །སྤྱོད་པ་དག་དང་སྨོན་ལམ་ཡོངས་དག་དང་། །


DKG035_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གཏེར་ཆེན་རབ་ཏུ་ཐོབ་འགྱུར་ཞིང་། །ཐོབ་ནས་དེ་དག་འགྲོ་ཀུན་མི་གནས་པས། །ཡོངས་སུ་བླངས་པ་རྟག་ཏུ་གཏོང་བྱེད་དང་། །གང་ཡང་ཕ་རོལ་ཕྱིན་པ་མཆོག་གི་ལམ། །དེ་དག་མི་གཏོང་རབ་ཏུ་བརྗོད་པ་དང་། །སེམས་ཅན་ཇི་ལྟར་སྒྲོལ་བྱེད་དམ་བཅས་ཤིང་། །ཡང་དག་སངས་རྒྱས་བསམ་པ་མཉམ་འཛིན་དང་། །མིག་གི་དམྱིགས་པ་བརྟན་པ་ཐམས་ཅད་ཀྱི། །འབྱུང་བ་ཡོན་ཏན་ཅན་ལ་སྟོབས་འགྱུར་ཞིང་། །སྐྱེས་བུ་ཁྱུ་མཆོག་དེ་དག་བརྩོན་གྱུར་པའི། །རྣམ་དག་ལམ་དེ་ཁྱུ་མཆོག་ཁྱོད་ཀྱིས་སྟོན། །ཇི་ལྟར་དེ་དག་མུན་པ་ཀུན་བསྩལ་ཅིང་། །འཁྲུག་པའི་འཁོར་རྣམས་ཐམས་ཅད་ཕམ་བྱས་ནས། །དྲི་མ་བྲལ་བའི་དགེ་ལྡན་མཁས་པ་རྣམས། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་ལྡན་འགྱུར་དང་། །མི་ཁོམ་ངན་སོང་ལམ་རྣམས་ཡོངས་སྤངས་ཤིང་། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་མཆོག་སྤྱོད་དང་། །ཡོན་ཏན་བཟང་པོ་ཐམས་ཅད་ལྡན་འགྱུར་ཞིང་། །རྒྱལ་བའི་ཡེ་ཤེས་སྟོབས་ཀྱང་ཐོབ་གྱུར་དང་། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་ཞུགས་ནས་ཀྱང་། །སེམས་ཅན་བསམ་པ་ཇི་བཞིན་སྟོན་བྱེད་ཅིང་། །མཐའ་ཡས་ཡངས་པའི་ཞིང་རྣམས་བསམ་ཡས་སུ། །སྟོན་པ་ཆེན་པོའི་ལས་ཀྱང་བྱེད་པ་དང་། །ཅི་ནས་དེ་དག་སྤྱོད་པ་མཆོག་ཐོབ་ནས། །མི་ཡི་ཁྱུ་མཆོག་མཛོད་རྣམས་སྟོན་བྱེད་དེ། །ཟིལ་གྱིས་མི་ནོན་གཞན་གྱིས་མི་ཕམ་པར། །རྒྱལ་བའི་ཆོས་ཉིད་རྟག་ཏུ་འཛིན་བྱེད་སྟོན། །སེང་གེ་བཞིན་དུ་ཇི་ལྟར་འཇིགས་པ་མེད། །ཇི་ལྟར་ཟླ་བཞིན་དག་པའི་མདོག་ཏུ་སྤྱོད། །ཆུ་ལ་པད་མོ་བཞིན་དུ་ཆགས་མེད་པ། །དེ་དག་རྒྱལ་བའི་ཡོན་ཏན་ཇི་ལྟར་སྤྱོད། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཁྱོད་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་།


DKG035_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་རྟོགས་ཤིང་། རྣམ་པར་དག་པ་བརྩམས་ཏེ། འདྲི་ཞིང་དེ་ལྟར་རྒྱལ་བའི་སྲས་ཁྱོད། དེ་བཞིན་གཤེགས་པ་འདྲི་བ་ཆོས་མང་པོ་ལ་རབ་ཏུ་གནས་པ། བརྩོན་འགྲུས་ཆེན་པོས་ཤིན་ཏུ་བསྩགས་པ། བརྩོན་འགྲུས་ལྡོག་པ་མྱེད་པས་ཤིན་ཏུ་འབྱུང་བ་འདྲི་བར་བྱེད་པ་ནི། ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་ཙམ་བསྟན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཐོབ་པ་རྣམས་ཀྱིས་ཐོག་མར་སེམས་བསྐྱེད་པ་དེ་མི་ཉམས་པར་ཡོངས་སུ་བསྲུང་བ་དང་། རིམ་གྲོར་བྱ་བའི་ཕྱིར་བག་ཡོད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་རྣམ་པ་བཅུས་ན་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ་ཞེས་བྱ་སྟེ། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུང་བ་དང་། བྱང་ཆུབ་ཀྱི་སེམས་མ་ཉམས་ཤིང་ཤིན་ཏུ་སྦྱངས་པ་དང་། བྱང་ཆུབ་སེམས་དཔའ་བསམ་པ་གཡོ་དང་སྒྱུ་མེད་པ་དང་། དགེ་བའི་རྩ་བ་སྦྱོར་བ་ཕྱིར་མི་ལྡོག་པ་དང་། རང་གི་སེམས་བསྐྱེད་པ་ཤིན་ཏུ་རྟོགས་པ་དང་། ཕྱོགས་ཁྱིམ་པ་དང་། སོ་སོའི་སྐྱེ་བོ་དང་མ་འདྲེས་པ་དང་། དགེ་བའི་རྩ་བའི་ལས་འཇིག་རྟེན་གྱི་འདུ་ཤེས་དང་། འདོད་པ་ཐམས་ཅད་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའི་ལམ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་སྤངས་པ་རབ་ཏུ་ཐོབ་པ་དང་། དགེ་བའི་རྩ་བ་བརྩམས་པ་ནན་ཏན་རྒྱུན་ཆད་པ་མེད་པ་དང་། བདག་གི་རྒྱུད་ཀྱི་སྟོབས་ཀྱི་ཤུགས་ཤིན་ཏུ་བརྟགས་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པ་ལ་གནས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ་ནི།


DKG035_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུས་ན་ཡོངས་སུ་དག་པར་འགྱུར་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པ་ཡིན། ཤེས་བཞིན་གྱི་དྲན་པ་ཅན་ཡིན། ཁེངས་པ་མེད་ཅིང་གཡོ་བ་མེད་དེ། བསམ་གཏན་ཟབ་མོ་ལ་རབ་ཏུ་གནས་པ་ཡིན། སངས་རྒྱས་ཀྱི་ཆོས་ཟབ་མོ་བཙལ་བ་ལ་ནན་ཏན་དུ་བྱེད་ཅིང་རྒྱུན་མི་གཅོད་པ་ཡིན། ལྷག་མཐོང་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་རྟོགས་པར་ཞུགས་པ་ཡིན། བསམ་གཏན་གྱི་རྗེས་སུ་སོང་བའི་སེམས་ཀྱིས། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཟབ་མོའི་རྗེས་སུ་སོང་བ་ཡིན། ས་དང་མཉམ་ཞིང་མཐོན་དམན་དང་བྲལ་བ་ཡིན། སྦྱོར་བ་བཟང་ངན་དང་བར་མ་ལ་སེམས་ཉམས་པ་མེད་པ་ཡིན། སེམས་ཅན་ཀུན་གྱི་ནང་ན་ཆུང་ངུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་གཅིག་བསྐྱེད་པ་ལ་འང་སྟོན་པའི་བསམ་པ་ཐོབ་པ་ཡིན། མཁན་པོ་དང་སློབ་དཔོན་དང་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་དང་། ཆོས་སྨྲ་བ་རྣམས་ལ་རིམ་གྲོ་དང་། བཀུར་སྟིའི་ངང་ཚུལ་ཅན་དུ་གནས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་བག་ཡོད་པ་ལ་གནས་པ། ཡོངས་སུ་དག་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པ་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་བཞག་པ་མོས་པ་ཆེ་བ་རྣལ་འབྱོར་རྒྱུན་མ་ཆད་པ་ཆོས་ཐམས་ཅད་ལ་མི་གནས་པ། ཆོས་ཐམས་ཅད་ལ་བརྩོན་པ། ཉོན་མོངས་པ་མེད་པའི་ཚུལ་ལ་ཞུགས་པ། སེམས་ཡངས་པ་སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པའི་རྗེས་སུ་སོང་བ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཆོས་བཅུས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱའོ། །བཅུ་གང་ཞེ་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཐམས་ཅད་ལ་ཕྱིར་མྱི་ལྡོག་པ་དང་།


DKG035_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་སྲོག་ལ་མི་ལྟ་བ་དང་། འཚོ་བའི་ཡོ་བྱད་དང་། འཚོ་བའི་རྐྱེན་ལ་དོན་དུ་གཉེར་བ་མེད་པ་དང་། ཆོས་ཐམས་ཅད་རྣམ་པར་བསྒོམས་པས་ནམ་མཁའ་དང་མཉམ་པ་དང་། ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་ལྷག་མཐོང་ལ་མཁས་པ་དང་། མི་གནས་པའི་ཆོས་རྣམ་པར་བསྒོམ་པའི་ཕྱག་རྒྱ་དང་། རྟག་ཏུ་རྒྱུན་མི་འཆད་པར་བསྒྲུབས་པའི་སྨོན་ལམ་ཆེན་པོ་དང་། ཡོངས་སུ་སྦྱངས་པའི་བཟོད་པ་ཤེས་པའི་སྣང་བ་དང་། རང་གི་དགེ་བའི་ཆོས་བསྩགས་པ་དང་། མ་བསྩགས་པ་ཤིན་ཏུ་བརྟགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་སྒོ་ཤིན་ཏུ་བྱང་བ་སྟེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་མཉེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་བཅུ་ལ་གནས་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་རྣམས་མཉེས་པར་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ་བག་ཡོད་པ་ལ་གནས་པ་དང་། མྱི་སྐྱེ་བའི་བཟོད་པ་ལ་གནས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་པ་དང་། སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་ལ་གནས་པ་དང་། སྨོན་ལམ་མངོན་པར་བསྒྲུབ་པ་ལ་གནས་པ་དང་། ཐབས་མཁས་པ་ལ་གནས་པ་དང་། བརྟན་པའི་སྟོབས་ཀྱི་ཤུགས་ལ་གནས་པ་དང་། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལྟ་བུ་ལ་གནས་པ་དང་། ལེན་པ་མེད་པ་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་མཉེས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ས་རྣམ་པར་དགོད་པ་ལས་འདའ་བ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསྩགས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཕྱེ་བ་ཚད་མེད་པའི་ལམ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་སྣང་བ་དང་། དགེ་བའི་བཤེས་གཉེན་དང་འགྲོགས་པ་རྒྱུན་མ་ཆད་པ་དང་། བརྩོན་འགྲུས་ཞིག་པ་མེད་པ་དང་།


DKG035_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལེགས་པར་བརླབས་པ་དང་། དགེ་བའི་རྩ་བ་སྦྱོར་བས་མི་སྐྱོ་བ་དང་། ཐེག་པའི་རྒྱན་ཤིན་ཏུ་བཤམས་པ་དང་། ཡེ་ཤེས་ཀྱི་བསམ་པ་རབ་ཏུ་རྣོ་བ་དང་། ས་དང་སར་མ་ཡིན་པའི་ཆོས་ཀྱི་སྒོ་ལ་མི་གནས་པ་དང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། དགེ་བའི་རྩ་བའི་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས། ས་ནས་སར་རྣམ་པར་དགོད་པ་ལས་འདའ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐོག་མ་ནས། ས་རྣམ་པར་དགོད་པ་ཐམས་ཅད་ལ་མཁས་པ་རྣམ་པར་དཔྱོད་པ་ཡིན་ཏེ། ཆོས་ཀྱི་སྒོ་གང་གིས་གང་ཁོང་དུ་ཆུད་པར་འགྱུར་བ་དང་། ཡེ་ཤེས་ཀྱི་སྒོ་གང་གིས་ཐོབ་པར་འགྱུར་བ་དང་། བསྒྲུབ་པ་གང་ཡིན་པ་དང་། རྒྱུ་མཐུན་པ་གང་ཡིན་པ་དང་། སྤྱོད་ཡུལ་གང་ཡིན་པ་དང་། རྣམ་པར་འཕྲུལ་པ་གང་ཡིན་པ་དང་། ཡང་དག་པར་མཐོང་བ་གང་ཡིན་པ་དང་། ཆོས་ཀྱི་སྒོ་རྣམ་པར་དབྱེ་བའི་ཁྱད་པར་གང་ཡིན་པ་དང་། ཇི་ལྟར་ཐོབ་པར་བྱ་བ་ཐམས་ཅད་ཀྱི་འང་རྣམ་པར་དཔྱོད་དོ། །དེ་དག་ལ་ཤིན་ཏུ་རྣམ་པར་དཔྱད་པས། ཆོས་ཐམས་ཅད་ལ་མི་གནས་ཤིང་སེམས་ཀྱི་རང་བཞིན་གྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཡང་དག་པར་འདའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་བདག་ཅག་གིས་ཇི་ནས་ཀྱང་མྱུར་དུ་འདའ་བར་བྱའོ། །སྙམ་དུ་མྱི་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ས་ནས་ས་ལ་རྣམ་པར་གནས་པས། ཇི་ལྟ་ཇི་ལྟར་ཡང་དག་པར་གནས་པ་དེ་ལྟ་དེ་ལྟར་བསོད་ནམས་ཀྱི་ཚོགས་ཆེས་ཆེ་བ་སྐྱེ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བསོད་ནམས་ཀྱི་ཚོགས་ཆེན་པོ་སྐྱེས་པར་གྱུར་པ། དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པའི་སའི་རྗེས་སུ་སོང་ཞིང་སངས་རྒྱས་ཀྱི་མཛད་པ་ཚད་མེད་པས་ཉེ་བར་གནས་པར་


DKG035_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་སྙམ་སྟེ་དེ་དག་སྦྱོར་བ་རྒྱུན་མི་ཆད་ཅིང་སྐྱོ་བ་མེད་པའི་ཡིད་དང་ལྡན་པ་དང་། ཚོགས་ཀྱི་རྒྱན་ཆེན་པོས་བྱང་ཆུབ་སེམས་དཔའི་རྣམ་པར་བཀོད་པ་ལས་ཡང་དག་པར་འདའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་བཅུས་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱང་བར་བྱས་ཏེ། བཅུ་གང་ཞེ་ན་ཡོ་བྱད་ཡོངས་སུ་གཟུང་བ་མེད་པ་དང་། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་ཁ་ན་མ་ཐོ་བ་མེད་པ་དང་། བཟོད་པ་དང་དེས་པ་མི་ཟད་པའི་སའི་རྗེས་སུ་སོང་བ་དང་། བརྩོན་འགྲུས་རྩོམ་པ་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་པ་དང་། དྲན་པའི་སྟོབས་ཀྱི་ཤུགས་རྨོངས་པ་མེད་པ་དང་། གཅིག་ལས་རྣམ་པ་ཐ་དད་པའི་ཆོས་ཀྱི་རྗེས་སུ་སོང་ཞིང་ཁོང་དུ་ཆུད་པ་དང་། གནས་མེད་པའི་སྤྱོད་པ་བསྒྲུབ་དཀའ་བ་ཐམས་ཅད་ལ་སེམས་རིའི་རྒྱལ་པོ་ལྟ་བུ་དང་། སེམས་ཅན་ཐམས་ཅད་དང་མ་འདྲེས་པའི་མུ་སྟེགས་སུ་གྱུར་པ་དང་། འགྲོ་བ་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱོང་བར་བྱའོ། །དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟར་ཡོངས་སུ་སྦྱངས་པ་དེ་རྣམ་པ་བཅུས་ཤིན་ཏུ་དག་པར་འགྱུར་ཏེ། བཅུ་གང་ཞེ་ན་སེམས་ཅན་གྱི་གཙོ་བོ་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པས་ཡང་དག་པར་དགོངས་པ་དང་། འདས་པའི་བྱང་ཆུབ་སེམས་དཔའི་གྲོགས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཡང་དག་པར་གཟུང་བ་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་ལ་ཡང་དག་པར་བརྟེན་པ་དང་། མོས་པ་དང་བརྩོན་འགྲུས་དང་། བག་ཡོད་པ་ལ་རབ་ཏུ་གནས་པ་དང་། ཆོས་ཐ་དད་པ་ཐམས་ཅད་ལ་ཐ་མི་དད་པར་རྟོགས་པ་དང་། སྙིང་རྗེའི་བྱིན་གྱི་རླབས་ཤིན་ཏུ་ཆེ་བ་དང་། ཆོས་ཐམས་ཅད་ཡང་དག་པ་ཇི་


DKG035_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་བཞིན་དུ་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། ཐབས་ལ་མཁས་པར་རྣམ་པར་དཔྱོད་པའི་སྦྱོར་བ་དང་། སྦྱོར་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་འབྲང་བ་དག་སྟེ། ཀྱེ་རྒྱལ་བའི་སྲས་རྣམ་པ་བཅུ་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ་སྐྱོ་བ་མེད་པར་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་དང་། དགེ་བའི་རྩ་བ་སྣ་ཚོགས་བསྩགས་པས་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་དང་། ལུས་དང་སྲོག་གིས་བསྔོ་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པའི་སྨོན་ལམ་དང་། ཡེ་ཤེས་ཀྱི་སྒོ་རྣམ་པར་དབྱེ་བ་ཁོང་དུ་ཆུད་པས་སངས་རྒྱས་ཀྱི་ཞིང་ལ་འཇུག་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཉིས་སུ་མེད་པས་ཚུལ་གཅིག་གི་རྒྱུད་དུ་འགྲོ་བའི་སྨོན་ལམ་དང་། དེ་བཞིན་གཤེགས་པའི་སྒོ་ལ་འཇུག་པས་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་སྨོན་ལམ་དང་། མོས་པ་རྣམ་པར་སྦྱངས་པས་བལྟ་ན་དོན་ཡོད་པའི་སྨོན་ལམ་དང་། ཕྱི་མའི་མཐར་བྱིན་གྱིས་བརླབས་པས་བསྐལ་པར་གནས་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཐེག་པའི་རྒྱན་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་རྣམ་པར་སྦྱང་བའི་སྨོན་ལམ་དག་སྟེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟར་སྨོན་ལམ་རྣམ་པར་སྦྱོང་ངོ་། །དེ་དག་རྣམ་པ་བཅུས་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དེ། བཅུ་གང་ཞེ་ན་ཡོངས་སུ་སྐྱོ་བ་མེད་པ་དང་། རྒྱན་ཆེན་པོ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་དུ་འཕགས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཐོས་ནས།


DKG035_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྨོན་ལམ་དུ་མངོན་པར་བསྒྲུབ་པ་དང་། བསམ་པ་ཕྱི་མའི་མཐའི་མུར་ཐུག་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་གཏུགས་པའི་སྨོན་ལམ་ཆེན་པོ་དང་ལྡན་པ་དང་། བསྐལ་པ་ཐམས་ཅད་དུ་གནས་པར་མི་འཇིགས་པ་དང་། སྡུག་བསྔལ་ཐམས་ཅད་ཀྱིས་ཇི་མི་སྙམ་པ་དང་། བདེ་བ་ཐམས་ཅད་ལ་ཡེ་མི་བརྔམ་པ་དང་། བསམ་པ་མཉམ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་བསྒྲུབ་པ་དག་སྟེ། དེ་དག་སྨོན་ལམ་ཆེན་པོ་དེ་ལྟར་ཡོངས་སུ་སྦྱོང་ཞིང་། ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སངས་རྒྱས་མཐོང་བའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །གཟུངས་འཁྲུལ་པ་མེད་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །སྨོན་ལམ་ཟད་མི་ཤེས་པས་ཆོས་ཐམས་ཅད་ཤིན་ཏུ་རྟོགས་པའི་གཟུངས་ཀྱང་རབ་ཏུ་འཐོབ་པོ། །སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །ཏིང་ངེ་འཛིན་གྱི་རྒྱུད་ཀྱི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་པོ། །འགྲོ་བ་ཐམས་ཅད་ཚིམ་པར་བྱ་བའི་བསོད་ནམས་ཀྱི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་པོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་པའི་ཡེ་ཤེས་ཀྱི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །རྣམ་པར་སྨྱིན་པ་ལ་གནས་པ་མངོན་པར་བསྒྲུབ་པའི་གཏེར་ཟད་མི་ཤེས་པའང་རབ་ཏུ་འཐོབ་པོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་མཐའ་ཡས་པའི་གཏེར་ཟད་མྱི་ཤེས་པའང་རབ་ཏུ་འཐོབ་པོ། །འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མེད་པར་གཏོགས་པ་ལ་འཇུག་པའི་གཏེར་ཟད་མི་ཤེས་པ་འང་རབ་ཏུ་འཐོབ་པོ། །དེ་ལྟར་གཏེར་རབ་ཏུ་ཐོབ་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟད་མི་ཤེས་པ་དང་ལྡན་པ་དེ་དག་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་དག་པས། སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་གཏེར་གྱི་སྦྱིན་པ་བྱེད་དོ། །དེ་ལ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་བསམ་


DKG035_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་འཇུག་ཅེ་ན། སྦྱོར་བ་ཇི་ལྟ་བུར་རྒྱུ་བ་དང་། རྒྱུ་དང་རྐྱེན་ཇི་ལྟ་བ་དང་། སེམས་དང་སེམས་ལས་བྱུང་བའི་སྦྱོར་བ་ཇི་ལྟ་བ་ལས། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེ་དག་དེ་ལྟར་བསམ་པ་ལ་ཞུགས་པ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཆོས་ཡང་དག་པར་སྟོན་ཏེ། དེ་དག་འདོད་ཆགས་ཀྱི་བསམ་པ་རྣམ་པར་བཟློག་པའི་ཕྱིར་མི་སྡུག་པ་ཡང་དག་པར་སྟོན་ཏོ། །ཞེ་སྡང་གི་བསམ་པ་རྣམ་པར་བཟློག་པའི་ཕྱིར། བྱམས་པ་ཆེན་པོའི་སྦྱོར་བ་ཡང་དག་པར་སྟོན་ཏོ། །གཏི་མུག་གི་བསམ་པ་རྣམ་པར་བཟློག་པའི་ཕྱིར་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་ཡང་དག་པར་སྟོན་ཏོ། །ཆ་མཉམ་པ་རྣམ་པར་བཟློག་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པའི་ཆོས་ཀྱི་སྒོ་ཡང་དག་པར་སྟོན་ཏོ། །འཁོར་བའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པ་ཡང་དག་པར་སྟོན་ཏོ། །གནས་ཀྱི་བསམ་པ་རྣམ་པར་བཟློག་པའི་ཕྱིར་གནས་མེད་པའི་ཆོས་ཀྱི་སྒོ་ཡང་དག་པར་སྟོན་ཏོ། །ཞུམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། རྒྱ་ཆེན་པོའི་ཡུལ་ཡང་དག་པར་སྟོན་ཏོ། །བདག་གི་ང་རྒྱལ་གྱིས་བཅོམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། ཆོས་ཀྱི་མཉམ་པ་ཉིད་ཡང་དག་པར་སྟོན་ཏོ། །གཡོ་དང་སྒྱུས་མི་མཉམ་པའི་བསམ་པ་རྣམ་པར་བཟློག་པའི་ཕྱིར། བྱང་ཆུབ་སེམས་དཔའི་བསམ་པ་མཉམ་པ་ཉིད་དང་། ཞི་བའི་གནས་ཀྱི་བསམ་པ་མངོན་པར་བསྒྲུབ་པ་ཡང་དག་པར་སྟོན་ཏོ། །དེ་དག་ནི་དེ་ལྟར་སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་གཏེར་ཡང་དག་པར་སྟོན་ཏོ། །དེ་ཡང་དོན་དབྱེར་མེད་པ་ཡང་དག་པར་སྟོན་ཏེ། ཡི་གེའི་མཚམས་འབྱོར་བར་སྦྱར་བས་ཡང་དག་པར་སྟོན་ཏོ། །ཤེས་པ་རྣམ་པར་དབྱེ་བས་ཡང་དག་པར་སྟོན་ཏོ། །བསྟན་པ་སྔ་ཕྱི་མ་འདྲེས་པས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་ཚུལ་དང་ཚུལ་མ་ཡིན་པའི་བྱེ་བྲག་དབྱེར་མེད་པས་


DKG035_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྟོན་ཏོ། །མཚན་ཉིད་ཀྱི་ཕྱག་རྒྱ་རྣམ་པར་མི་འཁྲུགས་པས་ཡང་དག་པར་སྟོན་ཏོ། །ཆོས་རབ་ཏུ་དགོད་པ་རྒྱུན་ཆད་པ་མེད་པས་ཡང་དག་པར་སྟོན་ཏོ། །མཐའ་ཡས་པ་སྦྱང་བས་ཡང་དག་པར་སྟོན་ཏོ། །ཐེ་ཚོམ་ཐམས་ཅད་ཤིན་ཏུ་གཅད་པའི་ཕྱིར་ཡང་དག་པར་སྟོན་ཏོ། །དབང་པོའི་རྒྱུད་ལ་འཇུག་པའི་ཕྱིར་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ལ་དགོད་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །ཡང་དག་པའི་མཐའ་མཚན་ཉིད་མེད་པ་རྣམ་པར་མི་འཁྲུག་པས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །ཆོས་ཀྱི་རྔ་ཡང་དག་པར་བརྡུང་བས་ཡང་དག་པར་སྟོན་ཏོ། །གནས་ཐམས་ཅད་ཡང་དག་པར་སྤང་བས་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པ་མི་གཏོང་བས་ཡང་དག་པར་སྟོན་ཏོ། །ཚིག་དང་སྐད་དང་སྒྲ་དང་ངག་གི་ལས་ཐམས་ཅད་མཉམ་པ་ཉིད་ལ་མི་གནས་པས་ཡང་དག་པར་སྟོན་ཏོ། །རྣམ་པར་མི་རྟོག་པའི་དབྱིངས་ཀྱི་རྗེས་སུ་འགྲོ་བས་ཡང་དག་པར་སྟོན་ཏོ། །དཔེ་ཐམས་ཅད་རྣམ་པར་དགོད་པས་རྒྱུད་དང་མི་འགལ་བས་བརྟན་པར་བྱ་བས་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་གི་ལུས་སུ་སེམས་པ་ལ་ཡང་དག་པར་གཞོལ་བས་ཡང་དག་པར་སྟོན་ཏོ། །དེ་ལྟར་སེམས་ཅན་ལ་ཆོས་ཡང་དག་པར་སྟོན་པས། རྟག་ཏུ་རྒྱུན་མྱི་འཆད་པར་ཆོས་ཀྱི་ནན་ཏན་གྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་། རང་གི་དོན་རྟིང་ཚུགས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་མི་གཏོང་བས་རྒྱ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་དག་པར་བསྒྲུབ་བོ། །དེ་ལ་འང་སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་། ཡོ་བྱད་ཀྱིས་ཡོངས་སུ་བསྡུད་པ་དང་། སྦྱོར་བ་མཉམ་པར་ཡོངས་སུ་གཏོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །ཡང་དག་པར་བླངས་པ་མི་གཏོང་བ་དང་། གནས་པ་


DKG035_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། ང་རྒྱལ་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །ཉེས་པ་ཐམས་ཅད་ཁྱད་དུ་གསོད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་འཁྲུགས་པ་དང་། མཉམ་པ་ཉིད་ལ་གཞོལ་བ་དང་། མཐོན་དམན་མེད་པ་དང་། ཟད་མྱི་ཤེས་པའི་ས་མཉམ་པར་འཛིན་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །བརྩམ་པ་ཆེན་པོ་བརྩམས་པ་དང་། བརྩམ་པ་ཐམས་ཅད་ལ་ཞུམ་པ་མེད་པ་དང་། སྦྱོར་བ་ཕྱིར་མི་ལྡོག་པ་དང་། ཡིད་ལ་བྱེད་པ་ཕྱིར་མི་འགྱུར་བ་དང་། མཐུ་མཐའ་ཡས་པ་དང་། སྟོབས་ལ་ཐུབ་པ་མེད་པ་དང་། སྔོན་དུ་འདོར་བ་མི་འཕྲོགས་པ་དང་། དད་པའི་མཐུ་ཆེན་པོ་དང་། བླང་བ་དང་། དོར་བ་མེད་པའི་ཚོགས་ཐམས་ཅད་ཡོངས་སུ་རྒྱས་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་སྒོ་ཉམས་པ་མེད་པ་ལ་ཡང་དག་པར་འཇུག་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་འདུ་འཛི་ཡོངས་སུ་སྦྱོང་བ་དང་མི་འབྲལ་བ་དང་། རིམ་གྱིས་བསམ་གཏན་དང་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང་། གནས་མེད་ཅིང་བླང་བ་མེད་པ་ཤིན་ཏུ་རྟོགས་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་སེལ་བ་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་མངོན་པར་བསྒྲུབ་པ་དང་། མངོན་པར་ཤེས་པ་ཆེན་པོས་རྣམ་པར་འཕྲུལ་པའི་རྗེས་སུ་འགྲོ་བ་དང་། རིམ་གྱིས་རྣམ་པར་སྤོང་བའི་ཏིང་ངེ་འཛིན་གྱི་སྒོ་ལ་རབ་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གཅིག་ལ་སྒོ་མཐའ་ཡས་པར་རབ་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཐམས་ཅད་ཤེས་པ་དང་། དེའི་ཡུལ་གྱི་རྗེས་སུ་རབ་ཏུ་ཞུགས་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཡེ་ཤེས་ཀྱི་ཕྱག་རྒྱ་མི་འཁྲུགས་པ་ཐམས་ཅད་མཁྱེན་པའི་ས་ལ་ཉེ་བར་གྱུར་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉན་པ་དང་། གཟུང་བ་དང་། བླང་བ་དང་། བཅང་


DKG035_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་ཡོངས་སུ་མི་སྐྱོ་བ་དང་། ཆོས་ཐམས་ཅད་ཀྱིས་མི་ངོམས་པ་དང་། ཇི་ལྟར་ཐོས་པ་ལ་ཚུལ་བཞིན་དུ་རྟོགས་པ་དང་། དེ་ལ་མངོན་སུམ་དུ་མཉམ་པར་གཞོག་པ་དང་། སྒྲོ་འདོགས་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པ་དང་། མཚན་ཉིད་ཀྱི་ཕྱག་རྒྱ་ཐ་མི་དད་པ་དང་། དེ་བཞིན་གཤེགས་པའི་སྒོ་ནས་ལྷུན་གྱིས་གྲུབ་པར་སྒོམ་ཞིང་བསྒོམ་པ་དང་། སྟོབས་ལ་འཇུག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་རྒྱུན་མི་ཆད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཀུན་དང་ལྡན་པས། ཐམས་ཅད་མཁྱེན་པའི་སྒོར་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །འཇིག་རྟེན་གྱི་བྱ་བའི་རྒྱུད་ཐམས་ཅད་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པས་ཡོངས་སུ་མི་སྐྱོ་བ་དང་། བསམ་པ་བཞིན་དུ་བྱ་བ་སྟོན་པ་དང་། བྱ་བ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པ་དང་། བྱིས་པའི་སྤྱོད་པ་དང་། འཕགས་པའི་སྤྱོད་པ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཉེ་བར་སྟོན་པ་དང་། སྦྱོར་བ་ཐམས་ཅད་ཤིན་ཏུ་བརྟགས་པས་རྒྱུ་བ་དང་། རྒྱན་ཐམས་ཅད་བསྟན་པ་གནས་མེད་པ་དང་། འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་བ་དང་། སེམས་ཅན་ཐམས་ཅད་སྒྲོལ་བའི་སྤྱོད་པས་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་ངོ་། །སེམས་ཅན་གྱི་ཁམས་མཐར་ཐུག་པར་ཡོངས་སུ་སྨྱིན་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་མཐར་ཐུག་པར་ཡོངས་སུ་སྦྱང་བ་དང་། དེ་བཞིན་གཤེགས་པ་མཐར་ཐུག་པར་མཆོད་པ་དང་། ཆོས་ཆགས་པ་མེད་པའི་མཐར་ཐུག་པར་རྣམ་པར་འཚང་རྒྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པར་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྱ་བ་དང་། བསྐལ་པ་ཕྱི་མའི་མཐར་ཐུག་པར་རབ་ཏུ་གནས་པ་དང་། སེམས་བསྐྱེད་པའི་


DKG035_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པར་སྟོབས་ལ་འཇུག་པ་དང་། འགྲོ་བ་དང་ལྡོག་པ་མཐར་ཐུག་པར་མངོན་པར་འཚང་རྒྱ་བ་དང་། ཞིང་གི་གནས་ཀྱི་མཐར་ཐུག་པར་ཐམས་ཅད་མཐོང་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་རབ་ཏུ་ཐོབ་པར་བྱ་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །བསམ་པའི་སྟོབས་ཀུན་ནས་ཉོན་མོངས་པ་མེད་པ་དང་། ལྷག་པའི་བསམ་པའི་སྟོབས་དབང་དུ་གྱུར་ཅིང་ཐུབ་པ་མེད་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་སྐྱོ་བ་མེད་པ་དང་། བྱམས་པ་ཆེན་པོའི་སྟོབས་སྙོམས་པའི་སྦྱོར་བ་ཅན་དང་། གཟུངས་ཀྱི་སྟོབས་དོན་ཐམས་ཅད་ཀྱི་སྦྱོར་བ་ལ་བསྒྲིབས་པ་མེད་པ་དང་། སྤོབས་པའི་སྟོབས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྟོབས་ཐེག་པ་ཐམས་ཅད་ཀྱི་རྒྱན་བྱེད་པ་དང་། སྨོན་ལམ་གྱི་སྟོབས་གཅད་དུ་མི་རུང་བ་དང་། མངོན་པར་ཤེས་པའི་སྟོབས་ཚད་མེད་པ་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ལ་མོས་པ་དམ་པའི་སྟོབས་རབ་ཏུ་འཛིན་པས། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། ། འདོད་ཆགས་ཀྱི་སྤྱོད་པ་ཁོང་དུ་ཆུད་པ་དང་། ཞེ་སྡང་གི་སྤྱོད་པ་རྗེས་སུ་རྟོགས་པ་དང་། གཏི་མུག་གི་སྤྱོད་པ་རབ་ཏུ་རྟོགས་པ་དང་། ཆ་མཉམ་པའི་སྤྱོད་པ་རྗེས་སུ་ཤེས་པ་དང་། སློབ་པའི་སེམས་ཅན་གྱི་སྤྱོད་པ་རབ་ཏུ་རྟོགས་པ་དང་། སྐད་ཅིག་གཅིག་གིས་སེམས་ཅན་མཐའ་ཡས་པའི་སྤྱོད་པ་རྣམ་པར་རྟོགས་པ་དང་། སེམས་དང་བསམ་པ་མཐའ་ཡས་པ་ཐམས་ཅད་ཤེས་པར་བྱེད་པ་དང་། ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་དབྱིངས་ཀྱི་སྒོ་ཐམས་ཅད་དང་ལྡན་པ་ཁོང་དུ་ཆུད་པས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བྱེད་དོ། །དེ་དག་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་སྦྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དེ་དག་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕ་རོལ་གྱི་ཕྱོགས་


DKG035_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཏོང་བར་བྱང་ཆུབ་སེམས་དཔའི་ཐེག་པ་རྒྱ་ཆེན་པོའི་རྒྱན་དང་ལྡན་པ་ལ་གནས་ཤིང་། སེམས་ཅན་གྱི་ཁམས་ཇི་ལྟར་དམ་བཅས་པ་བཞིན་དུ་ཡང་དག་པར་སྒྲོལ་ལོ། །དེ་དག་དགེ་བའི་ལས་ཤིན་ཏུ་བསྩགས་པ་སྟོན་པས། ངན་སོང་དུ་འགྲོ་བའི་སེམས་ཅན་སྒྲོལ་ལོ། །བརྩམ་པ་ཆེན་པོ་ལ་གཟུད་པས་སེམས་ཅན་གྱི་ཁམས་མི་ཁོམ་པར་འགྲོ་བ་སྒྲོལ་ལོ། །ལྷག་མཐོང་ཉེ་བར་བསྟབས་པས་གཟུགས་ཀྱི་ཁམས་ན་འཁོད་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །ཕྲ་བའི་ཡེ་ཤེས་ཉེ་བར་བསྟབས་པས་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་སྒྲོལ་ལོ། །ཞི་བའི་ཚུལ་ཉེ་བར་བསྟབས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །སྟོབས་བཅུའི་རྒྱན་ཆེན་པོ་དང་ལྡན་པ་བསྟབས་པས། ཐེག་པ་ཆེན་པོ་ལ་མོས་པའི་སེམས་ཅན་གྱི་ཁམས་སྒྲོལ་ལོ། །དེ་ལྟར་ན་སྔོན་ལས་དང་པོ་པའི་ས་ལ་གནས་པའི་ཚེ། སེམས་ཅན་གཡང་ས་ཆེན་པོ་ནས་ལྷུང་བ་རྣམ་པ་ཐ་དད་པར་གྱུར་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སྒོ་སྣ་ཚོགས་ནས་གཟུང་བར་བྱའོ། །ཞེས་སེང་གེའི་སྒྲ་བསྒྲགས་པ་དེ་བཞིན་དུ་ཡེ་ཤེས་ཐོབ་པ་རྣམ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་ལ་ཞུགས་པ་ནི་རྟག་ཏུ་རྒྱུན་མི་གཅོད་པར་སངས་རྒྱས་ཀྱི་རིགས་དང་ཆོས་ཀྱི་རིགས་དང་དགེ་འདུན་གྱི་རིགས་མི་གཅད་པའི་ཕྱིར་ཞུགས་པ་ཡིན་ཏེ། དེ་དག་བྱང་ཆུབ་ཀྱི་སེམས་གཞན་གྱི་སེམས་ཀྱི་རྒྱུད་ལ་གཞོལ་བས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། ཆོས་ཀྱི་མཛོད་རྣམ་པར་འགྲེལ་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། བསྟན་པའི་ཚུལ་དང་འགལ་བར་མི་བྱེད་པས། དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། སྨོན་ལམ་ཆེན་པོ་ཡང་དག་པར་བརྗོད་པས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཡང་དག་པར་སྟོན་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། སྙིང་པོ་ཐོབ་པར་བྱེད་པའི་ཆོས་ལ་བརྩོན་པས་དགེ་འདུན་གྱི་རིགས་


DKG035_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཅོད་པ་ཡིན། དེ་བཞིན་གཤེགས་པའི་ས་བོན་སེམས་ཅན་གྱི་ཞིང་ལ་འདེབས་པས། སངས་རྒྱས་ཀྱི་རིགས་མི་གཅོད་པ་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པས་ཆོས་ཀྱི་རིགས་མི་གཅོད་པ་ཡིན། ཚོགས་ཆེན་པོ་ཡོངས་སུ་སྡུད་པ་ལ་མི་སྐྱོ་བས་དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་དྲན་པའི་ཕྱིར། རྟག་ཏུ་དེ་བཞིན་གཤེགས་པའི་གདམས་ངག་དང་། རྗེས་སུ་བསྟན་པ་མི་གཏོང་བས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རིགས་མི་གཅོད་པ་ཡིན། དེ་དག་དེ་ལྟར་སྐྱབས་གསུམ་གྱི་རིགས་མི་གཅོད་པའི་ཕྱིར་ཞུགས་པས་རྩོམ་པ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། བརྩམས་པ་གང་ཅི་རྩོམ་ཡང་རུང་། དེ་དག་ཐམས་ཅད་དུ་ཐོགས་པ་མེད་པར་ཐམས་ཅད་མཁྱེན་པའི་སྒོར་འབྱུང་བ་ཐོབ་པར་བྱེད་དོ། །དེ་དག་དེ་ལྟར་ལུས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ངག་གི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ལ་གནས་པས་དགེ་བའི་རྩ་བ་བརྩམ་པ་དོན་ཡོད་པར་རྩོམ་པ་ཡིན་ཏེ། སེམས་ཅན་གྱི་དོན་སྦྱོར་བ་དོན་ཡོད་པར་རྩོམ་མོ། །སེམས་ཅན་དོན་ཡོད་པར་འདུལ་བར་བྱེད་དོ། །ཆོས་དོན་ཡོད་པར་སྟོན་ཏོ། །དེའི་ཆོས་སྟོན་པ་ཐམས་ཅད་ཀྱང་སེམས་ཅན་གྱི་བསམ་པ་ཚིམ་པར་བྱ་བ་ལ་ཐོགས་པ་མེད་པས་ཁོང་དུ་ཆུད་པར་འགྱུར་རོ། །དེའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ལོག་པར་མི་འགྱུར་ཏེ། སེམས་བསྐྱེད་པ་གཞན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །དེ་དེ་ལྟར་ཆོས་དཀར་པོ་བསྩགས་པ་དོན་ཡོད་པ་དེ་ལྟ་བུ་ལ་གནས་པས་རྒྱན་རྣམ་པར་ཕྱེ་བ་བཅུས་སེམས་བསྐྱེད་པ་ཐམས་ཅད་ཡོངས་སུ་བསྔོ་སྟེ། བཅུ་གང་ཞེ་ན་འདི་ལྟར་ལུས་ཀྱི་རྒྱན་སེམས་ཅན་འདུལ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་དང་། ངག་གི་རྒྱན་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། སེམས་ཀྱི་རྒྱན་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་རྗེས་སུ་


DKG035_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཀུན་ནས་ཉོན་མོངས་པ་མེད་པ་དང་། འོད་ཀྱི་རྒྱན་འོད་ཟེར་གྱི་དྲ་བ་མཐའ་དང་དབུས་མེད་པ་བཀྱེ་བས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པ་དང་། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སེམས་ཅན་གྱི་རྣམ་པ་ཚད་མེད་པའི་ཚོགས་ཡོངས་སུ་མགུ་བར་བྱེད་པ་དང་། རྫུ་འཕྲུལ་རྣམ་པར་འཕྲུལ་པའི་རྒྱན་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་དང་། བསྟན་པའི་རྒྱན་མཁས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་དང་། མྱ་ངན་ལས་འདས་པའི་རྒྱན་མངོན་པར་སངས་རྒྱས་པ་གཅིག་གིས་ཕྱོགས་བཅུ་མ་ལུས་པར་རྒྱས་པར་འགེངས་པ་དང་། ཆོས་བྱིན་གྱིས་བརླབས་པའི་རྒྱན་ཡུལ་དང་། དུས་དང་སྣོད་ཇི་ལྟ་བ་བཞིན་དུ་སྟོན་པ་དག་སྟེ། དེ་དག་རྒྱན་དེ་ལྟ་བུས་སེམས་བསྐྱེད་པ་ཐམས་ཅད་དུ་མངོན་པར་བསྒྲུབ་པས་ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པ་དང་། ཡེ་ཤེས་ཆེན་པོ་དོན་ཡོད་པ་རབ་ཏུ་འཐོབ་སྟེ། དེ་དག་མཐོང་བས་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པར་འགྱུར་བའི་ཕྱིར་སེམས་ཅན་རྣམས་ལ་དོན་ཡོད་པ་ཡིན་ཏེ། ཐོས་པ་དང་བསྙེན་བཀུར་བ་དང་། འགྲོགས་པ་དང་། རྗེས་སུ་དྲན་པ་དང་། རྗེས་སུ་རབ་ཏུ་བྱུང་བ་དང་། ཆོས་སྟོན་པ་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡིད་རང་བ་དང་། དད་ཅིང་མོས་པ་དང་། ཆུང་ངུ་ན་མིང་བརྗོད་པ་ཙམ་ཡང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིན་པའི་ཕྱིར་སེམས་ཅན་རྣམས་ལ་དོན་དུ་འགྱུར་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་རྩིའི་མིང་མཐོང་ན་བདེ་བ་ཞེས་བྱ་བ་དེ་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ལུས་ལ་ཞེན་པ་འམ་ལྟོར་ཟོས་པའི་དུག་རབ་ཏུ་ཞི་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་ཆོས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡང་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དུག་ཐམས་ཅད་བྱང་བར་འགྱུར་ཏེ། ཆོས་དཀར་


DKG035_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྟོབས་ཀྱི་ཤུགས་ཀྱང་སྐྱེ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཉིད་དེ་ལྟ་བུ་དང་ལྡན་ཞིང་ཆོས་དེ་དག་ལ་གནས་ཏེ། ཤེས་རབ་ཀྱི་འོད་ཆེན་པོས་མ་རིག་པའི་མུན་པ་བསལ་ནས། བདུད་ཀྱི་དཀྲུགས་མའི་འཁོར་ཐམས་ཅད་བྱམས་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཕམ་པར་བྱས་ཏེ། ཡེ་ཤེས་དང་བསོད་ནམས་ཀྱི་སྟོབས་ཀྱི་ཤུགས་ཀྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་མནན་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པས། སེམས་ཀྱི་དྲི་མ་ཐམས་ཅད་དང་། ཉོན་མོངས་པའི་ཕྱོགས་ཐམས་ཅད་བསལ་ནས། སྐྱོ་བ་མེད་པའི་སྟོབས་དང་ཤུགས་ཀྱིས་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་བསྒྲུབས་ཏེ། སྔོན་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྤྱོད་པའི་སྟོབས་དང་ཤུགས་ཀྱིས་མི་ཁོམ་པ་དང་། ངན་སོང་དང་ངན་འགྲོའི་ལམ་ཐམས་ཅད་རྣམ་པར་བཟློག་ནས། མངོན་པར་ཞེན་པ་མེད་པའི་སྟོབས་དང་ཤུགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་སྦྱངས་ཏེ། རིམ་གྱིས་ཐབས་དང་ཤེས་རབ་ཀྱི་སྟོབས་དང་། ཤུགས་ཀྱིས་བྱང་ཆུབ་སེམས་དཔའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། རིག་པ་དང་མི་འཇིགས་པ་ཡོངས་སུ་དག་པ་མངོན་པར་བསྒྲུབས་ནས། ཆོས་དཀར་པོ་ཐམས་ཅད་ཀྱི་སྟོབས་དང་ཤུགས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་དཔེ་བྱད་བཟང་པོ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཡོངས་སུ་དག་པ་མངོན་པར་བསྒྲུབ་པ་རབ་ཏུ་རྒྱས་པར་བྱས་ཏེ། ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་དབང་དང་། བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་འཐོབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ཡང་སྨོན་ལམ་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་འཐོབ་པར་འགྱུར་རོ། །སྔོན་གྱི་བྱིན་


DKG035_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རླབས་དང་། ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་མངོན་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་ཞིང་བསྟན་ཏེ། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ཅིང་། མཐའ་ཡས་པའི་སེམས་ཅན་རྣམ་པར་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་ཆོས་དེ་ལྟ་བུ་དང་ལྡན་པ་དག་ནི་ཚུལ་དེ་ལྟ་བུས་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་ནས་ཀྱང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་། ཆོས་སྨྲ་བ་ཆེན་པོ་ཡང་བྱེད་དོ། །དེ་ལྟར་ཆོས་སྨྲ་བ་བྱེད་པའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དེ་དག་ཆོས་ཀྱི་མཛོད་ཆེན་པོ་གཟུང་ཞིང་བསྲུང་བའི་ཕྱིར། ཐ་དད་པ་ཡང་དག་པར་ཤེས་པའི་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའི་ཚིག་གིས་འཁོར་གྱི་དཀྱིལ་འཁོར་མཐའ་ཡས་པར་བདག་གི་ལུས་ཀྱི་རྒྱན་བྱིན་གྱིས་བརླབས་ཏེ་བསྟན་པ་མངོན་པར་བསྒྲུབས་པས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་མཁས་པ་མཐའ་ཡས་པ་དང་། ཡེ་ཤེས་མི་ཟད་པའི་སྒོར་འཇུག་པ་དང་། དབྱངས་ཀྱི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་ཕྱེ་བའི་བྱིན་གྱི་རླབས་དང་། དབྱངས་གཅིག་བསྒྲགས་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མགུ་བར་བྱེད་པའི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་བསམ་པ་དང་། བག་ལ་ཉལ་བ་དང་། ཤེས་པའི་ས་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བ་དང་། ལུས་ཀྱི་བྱིན་གྱི་རླབས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་ཕྱིན་ཀྱང་ཟིལ་གྱིས་མི་ནོན་པ་དང་། ལུས་ཀྱི་རྒྱན་སྒོ་ཐམས་ཅད་དུ་རྣམ་པར་བསྟན་པ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སེམས་དང་། བསམ་པ་ཁོང་དུ་ཆུད་པས་རབ་ཏུ་རྟོགས་པ་དང་། ཚིག་གྲོལ་བའི་བྱིན་གྱི་རླབས་ཀྱིས་བསྟན་པ་དང་ཆོས་འཆད་


DKG035_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་གྱི་རླབས་ལ། མཁས་པས་ཆོས་ཀྱི་གཏམ་ཆེན་པོ་བྱེད་དེ། སྟོབས་དང་ཤུགས་ཀྱི་དབང་ཐུབ་པ་མེད་པ་དང་། འཇིགས་པ་མེད་པའི་དབང་ཞུམ་པ་མེད་པ་དང་། ཆོས་ཀྱི་དབང་ཟིལ་གྱིས་མི་ནོན་པ་དང་། ཡེ་ཤེས་ཀྱི་དབང་གཞན་གྱིས་མི་ཐུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་ཆོས་ཀྱི་མཚན་ཉིད་འཁྲུགས་པ་མེད་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་དབང་མཚམས་སྦྱོར་བ་རྒྱུན་ཆད་པ་མེད་པར་བསམ་པ་ཤིན་ཏུ་རྟོགས་པ་དང་། གཟུངས་ཀྱི་དབང་ཆོས་ཐམས་ཅད་རྣམ་པར་གདོན་མྱི་ཟ་བ་ལ་འཇུག་པ་དང་། སྨོན་ལམ་གྱི་དབང་དཔེ་སྣ་ཚོགས་ཀྱིས་བསྟན་པའི་ཚུལ་ཉེ་བར་བསྒྲུབ་པ་ཤིན་ཏུ་བསྟན་པ་དང་། སྙིང་རྗེ་ཆེན་པོའི་དབང་ཕྱིར་མི་ལྡོག་ཅིང་རྒྱུན་མ་ཆད་པ་དང་། བྱམས་པ་ཆེན་པོའི་དབང་སྔོན་ཤིན་ཏུ་བསྐྱེད་པས་བསམ་པ་ཐམས་ཅད་ཚིམ་པར་བྱེད་ཅིང་། འོད་ཟེར་གྱི་དྲ་བ་ཆེན་པོ་གཏོང་བས་ཆོས་ཀྱི་གཏམ་ཆེན་པོ་བྱེད་དོ། །དེ་དག་ནི་དེ་བཞིན་གཤེགས་པ་སེང་གེའི་གདན་ལ་བཞུགས་ཤིང་ཆོས་ཀྱི་གཏམ་གསུང་བ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་དང་སྨོན་ལམ་གྱི་ཁྱད་པར་དང་ལྡན་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན། བྱང་ཆུབ་སེམས་དཔའ་དེ་ལ་ཕྱིར་བརྒལ་བ་འམ། སྤྱི་གཙུག་བལྟ་བ་འམ། ཟིལ་གྱིས་གནན་པ་འམ། དྲི་བའི་ཚོགས་ཡོངས་སུ་དྲི་བས་ཐུབ་པར་བྱ་བར་ནུས་པའི་སེམས་ཅན་གང་ཡང་མེད་དེ། དེ་ནི་གནས་མེད་དོ། །ཀྱེ་རྒྱལ་བའི་སྲས་གལ་ཏེ་བྱང་ཆུབ་སེམས་དཔའ་དབང་དེ་ལྟ་བུ་ཐོབ་པ་ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཙམ་དུ་ཡངས་པའི་འཁོར་གྱི་དཀྱིལ་འཁོར་གཅིག་ཡོད་ལ་འཁོར་གྱི་དཀྱིལ་འཁོར་དེ་ཡང་སེམས་ཅན་སྟོང་གསུམ་གྱི་བདག་པོའི་གཟི་བརྗིད་ཐོབ་པ་ཤ་སྟག་གིས་གང་བ་ཞིག་ཡིན་ན་ཡང་། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་འོངས་མ་ཐག་ཏུ་ལུས་བསྟན་པའི་དབང་གིས་ཟིལ་གྱིས་མནན་ཏེ། བྱམས་པ་ཆེན་པོའི་དབང་གིས་ལུས་ཀྱི་གཞི་ཚིམ་པར་བྱས་ནས་ཡེ་ཤེས་ཆེན་པོའི་དབང་གིས་སེམས་དང་བསམ་པ་རྣམ་


DKG035_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱས་ཏེ། མི་འཇིགས་པའི་བསམ་པ་ཆེན་པོས་ཆོས་སྟོན་པར་བྱེད་ཅིང་། སྤོབས་པ་ཆེན་པོའི་དབང་གིས་སེམས་ཅན་ཚིམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་མེད་པ་དང་ལྡན། ཆོས་རྣམ་པར་འབྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བ་ལ་མཁས་པ་དང་ལྡན། དྲན་པའི་སྟོབས་དང་ཤུགས་མ་ཉམས་ཤིང་རྒྱ་ཆེ་བ་དང་ལྡན། ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་གདོན་མི་ཟ་བར་བཟུང་ཞིང་བླངས་པས་རྟོགས་པར་མཁས་པ་དང་ལྡན། བྱང་ཆུབ་སེམས་དཔའི་མཁས་པ་མཐའ་དང་དབུས་མེད་པ་དང་ལྡན། ཆོས་ཀྱི་མཚན་ཉིད་བསྒྲིབས་པ་མེད་པའི་ཆོས་སྟོན་པ་ལ་མཁས་པ་དང་ལྡན། མོས་པ་ལ་མཁས་པ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བླངས་པ་དང་ལྡན། དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱི་བྱིན་གྱི་བརླབ་ལ་མཁས་པ་དང་ལྡན། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་བསམ་པ་བཟང་པོ་རྣམ་པར་དག་པ་ལ་མཁས་པ་དང་ལྡན་པས། ཆོས་སྨྲ་བ་ཆེན་པོ་བྱེད་ཅིང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་ཀྱང་རྣམ་པར་འབྱེད་དོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་སྨོན་ལམ་དང་། ཡེ་ཤེས་འབྱམ་ཀླས་པས་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་རིམ་གྱིས་ཡང་དག་པར་འབྱུང་བའི་ཆོས་ཀྱི་སྒོའི་ལེའུ་ཡང་དག་པར་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསོད་ནམས་ཚོགས་བསྩགས་བྱང་ཆུབ་སེམས་ལ་གནས་པ་རྣམས། །རྟག་ཏུ་བག་


DKG035_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་བློ་བརྟན་མཐུ་ཆེན་བདོག་པ་དག །དྲན་དང་ལྡན་ཞིང་བྱང་ཆུབ་སེམས་རབ་མི་གཏོང་བས། །ཕྱོགས་རྣམས་བཅུ་པོར་བདེ་གཤེགས་རྣམས་ནི་མཉེས་པར་བྱེད། །བརྩོན་འགྲུས་བརྩམས་པ་དྲན་ལྡན་མོས་པ་བརྟན་པ་ཅན། །འཇིག་རྟེན་ཀུན་ལ་རྟག་ཏུ་མི་གནས་མི་ལྡོག་པ། །ཟབ་པའི་ཆོས་ཞུགས་མྱ་ངན་མེད་པའི་ཚུལ་མཁས་རྣམས། ། ཕྱོགས་རྣམས་བཅུ་པོར་བདེ་གཤེགས་རྣམས་ནི་མཉེས་པར་བྱེད། །བརྩོན་འགྲུས་བརྟན་པས་བདེ་གཤེགས་མཉེས་པར་བྱས་ནས་ཀྱང་། །དུས་གསུམ་བསོད་ནམས་ཚོགས་དང་ཡེ་ཤེས་ལྡན་པ་རྣམས། །ས་རྣམས་གནོན་བྱེད་སྤྱོད་མཆོག་ཉམས་པ་མེད་པར་བྱེད། །ཐུབ་པའི་སྨོན་ལམ་རྫོགས་བྱེད་སྟོན་པའང་དེ་བཞིན་བྱེད། །ཡེ་ཤེས་གཅིག་ལ་ཞུགས་པ་དེ་དག་ཐོབ་བྱ་བ། །ཐོབ་ནས་འགྲོ་བ་ཀུན་ལ་སྦྱིན་པ་རབ་ཏུ་གཏོང་། །བསམ་པ་དག་དང་ཁམས་དང་སྦྱོར་བ་ཤེས་བྱས་ནས། །དབང་པོ་ཇི་བཞིན་མཁས་པ་དེ་ལྟར་ཆོས་ཀྱང་སྟོན། །ཕ་རོལ་ཕྱིན་ལ་བརྩོན་པ་མཐུ་ཆེན་ལྡན་པ་རྣམས། །འགྲོ་བ་རྣམས་ལ་ཆོས་སྟོན་བདག་གི་དོན་མི་གཏོང་། །ཕ་རོལ་ཕྱིན་རྫོགས་གྲོལ་བ་མཐུ་ཆེན་ལྡན་པ་རྣམས། །ཁྱུ་མཆོག་མཐུ་ཡིས་འཁོར་བའི་མཚོ་ལས་སེམས་ཅན་སྒྲོལ། །དེ་ལྟར་ཉིན་མཚན་སྐྱོ་བ་མེད་པར་བརྩོན་བྱེད་ཅིང་། །དྲང་སྲོང་རྒྱལ་བ་ཆོས་རིགས་མི་གཅོད་ཞུགས་པ་ཡིས། །དཀར་པོའི་སྤྱོད་པ་གང་ཡང་རུང་སྟེ་སྤངས་པ་རྣམས། །ཐམས་ཅད་དོན་ཡོད་རྒྱལ་བ་རྣམས་ཀྱི་སར་འགྲོའོ། །དེ་དག་ཇི་སྤྱོད་ཐམས་ཅད་འགྲོ་བ་རྣམས་ལ་ཡང་། །རྣམ་སྨིན་དོན་ཡོད་ཉོན་མོངས་དྲི་མ་སྦྱོང་བར་འགྱུར། །འདི་འདྲའི་ཆོས་ལྡན་དེ་དག་མུན་པ་བསལ་བྱས་ཤིང་། །བདུད་འཁྲུགས་འཁོར་ལོ་ཕམ་བྱས་བྱང་ཆུབ་ཐོབ་པར་བྱེད། །དེ་ལྟར་བརྩོན་ཞིང་ཡེ་ཤེས་ཐོབ་པའི་བདེ་གཤེགས་སྲས། །བདེ་གཤེགས་རྣམས་ཀྱི་ཆོས་རབ་མཛོད་ཀྱང་རབ་ཏུ་སྟོན། །དེ་དག་ཆོས་སྨྲའི་བྱ་བ་ཀུན་ཀྱང་ཤིན་ཏུ་བྱེད། །བདུད་རྩི་མཆོག་


DKG035_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་སྤྲིན་གྱི་ཆར་ཡང་མངོན་པར་འབེབས། །དེ་དག་སྙིང་རྗེ་བྱམས་པས་འགྲོ་བ་ཀུན་བཀང་ཞིང་། །བརྟན་པ་དེ་རྣམས་འཁོར་གྱི་བསམ་པ་ཤེས་བྱས་ནས། །གང་གི་བསམ་པ་བློ་གྲོས་སེམས་རྒྱུད་ཅི་འདྲ་བ། །དེ་བཞིན་རྒྱལ་བའི་ཆོས་ནི་སྟོང་ཕྲག་དུ་མ་སྟོན། །གླང་པོའི་སྟབས་སྡུག་ཚུལ་བཟང་འགྲོས་སུ་འགྲོ་བ་རྣམས། །སེང་གེའི་རྩལ་ལྟར་རྟག་ཏུ་སུས་ཀྱང་མི་ཐུབ་ཅིང་། །ཡེ་ཤེས་རྒྱ་མཚོ་ལྟ་བུ་རི་རབ་བཞིན་གནས་པ། །སྤྲིན་ལྟར་འགྲོ་བ་ཀུན་གྱི་ཉོན་མོངས་ཞི་བར་བྱེད། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་། དེ་ལ་སྟོན་པས་རྗེས་སུ་དགྱེས་པར་མཛད་དོ། །ཆོས་སྣང་བའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་གསུམ་པའོ།། །།


previousཉི་ཤུ་རྩ་གསུམ་པ། ཆོས་སྣང་བའི་ལེའུ། next