Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
བཅུ་བཞི་པ། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་བཞི་པ། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ལེའུ། next

བཅུ་བཞི་པ། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ལེའུ།


DKG035_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་ནས་འོད་ཟེར་བྱེ་བ་ཕྲག་བརྒྱ་བཀྱེ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་ནས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཤར་གྱི་ལུས་


DKG035_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་བྱེ་བ་ཕྲག་བརྒྱ་དང་ནུབ་ཀྱི་བན་ལང་སྤྱོད་བྱེ་བ་ཕྲག་བརྒྱ་དང་། བྱང་གི་སྒྲ་མི་སྙན་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཁོར་ཡུག་རྡོ་རྗེའི་རི་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །མངོན་པར་འབྱུང་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་འཚང་རྒྱ་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །རི་རབ་རིའི་རྒྱལ་པོ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །རྒྱལ་པོ་ཆེན་པོ་བཞིའི་ཁམས་ཀྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །མཚེ་མའི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དགའ་ལྡན་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འཕྲུལ་དགའི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཚངས་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །གྱ་ནོམ་སྣང་བ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །དགེ་རྒྱས་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འབྲས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འོག་མིན་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་འདིའི་ཁོངས་སུ་གང་ཅི་ཡང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་འདི་ན་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་ཏུ་བཞུགས་ཏེ། བསྐོར་ཅིང་མདུན་དུ་བྱས་པར་སྣང་བ་དེ་བཞིན་དུ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་བཞུགས་པར་སྣང་ངོ་། །དེ་དག་ཐམས་ཅད་དུ་འང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་


DKG035_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སངས་རྒྱས་དཔལ་དང་། ནོར་དཔལ་དང་། རིན་ཆེན་དཔལ་དང་། ཡོན་ཏན་དཔལ་དང་། མིག་གི་དཔལ་དང་། བརྩོན་འགྲུས་དཔལ་དང་། ཆོས་ཀྱི་དཔལ་དང་། ཡེ་ཤེས་དཔལ་དང་། བཟང་པོའི་དཔལ་ཞེས་བྱ་བ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་དང་། ཡིད་དུ་འོང་བའི་མདོག་དང་། པད་མོའི་མདོག་དང་། ཙམ་པ་ཀའི་མདོག་དང་། ཨུད་པ་ལའི་མདོག་དང་། ས་ལེ་སྦྲམ་གྱི་མདོག་དང་། རིན་པོ་ཆེའི་མདོག་དང་། རྡོ་རྗེའི་མདོག་དང་། ཤེལ་གྱི་མདོག་དང་འདྲ་བའི་མདོག་ཅེས་བྱ་བ་དག་ནས་འོངས་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་དེ། འདི་ལྟར་རིག་བྱེད་མི་གཡོ་བ་དང་། རིག་བྱེད་མི་སྐྱོད་པ་དང་། རིག་བྱེད་བཅིངས་པ་མེད་པ་དང་། རིག་བྱེད་ཀུན་སྤྱོད་པ་དང་། རིག་བྱེད་བསྒྲིབས་པ་མེད་པ་དང་། རིག་བྱེད་མཐའ་རྒལ་དང་། རིག་བྱེད་དམ་པ་དང་། རིག་བྱེད་དབང་ཕྱུག་དང་། རིག་བྱེད་ཚངས་པ་དང་། རིག་བྱེད་སྣ་ཚོགས་ཤེས་བྱ་བ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་ཏེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །འཇིག་རྟེན་ཀུན་དང་མི་ལྡན་ཞིང་། །བྲལ་བར་གྱུར་ཏེ་དངོས་མེད་པའི། །ཡང་དག་སངས་རྒྱས་སུས་ཤེས་པ། །དེ་དག་མྱིག་གི་ལམ་མི་གནས། །ཤེས་རབ་ཆེན་པོ་སུས་མཐོང་ཞིང་། །དངོས་པོའི་འདུ་ཤེས་མི་འཇུག་ལ། །རྣམ་པར་བསྒོམས་ཤིང་ཤེས་


DKG035_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །དེ་དག་དེ་བཞིན་གཤེགས་པར་གྱུར། །འཇིག་རྟེན་ཁམས་འདི་མཐོང་གྱུར་ཏེ། །སངས་རྒྱས་ཆེ་བ་ཉིད་དག་ལ། །གང་གི་སེམས་ནི་མི་གཡོ་བ། །དེ་དག་མི་ཡི་མཆོག་ཏུ་འགྱུར། །སངས་རྒྱས་ཆོས་ལ་གང་གི་རྣམས། །མཉམ་པའི་སེམས་སུ་རབ་འཇུག་ཅིང་། །མི་གཉིས་མངོན་གྱུར་བརྟན་པ་རྣམས། །དེ་དག་བསམ་གྱིས་མི་ཁྱབ་འགྱུར། །གང་རྣམས་བདག་དང་སངས་རྒྱས་དག །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་རྣམས། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །བལྟ་བར་བྱ་ལས་འདས་པ་དང་། །རྣམ་པར་བལྟ་ལས་དེ་བཞིན་ཏེ། །ཆོས་ལ་གང་དག་རྨོངས་མེད་པ། །དེ་དག་རབ་ཏུ་འོད་བྱེད་འགྱུར། །གང་གིས་ཤེས་རབ་ཆེན་པོ་རྣམས། །སེམས་བསྐྱེད་ཀུན་ལ་རབ་གནས་ཤིང་། །ཐམས་ཅད་མཐོང་ཡང་སྐྱེ་མེད་པ། །དེ་དག་གྲགས་པ་ཆེན་པོར་འགྱུར། །སེམས་ཅན་རྣམས་ལ་སྐྱེ་བ་མེད། །འཇིག་པའང་ཡོད་པ་མ་ཡིན་ཏེ། །དེ་ལྟར་གང་གིས་ཤེས་པ་ནི། །དེ་དག་བླ་ན་མེད་པར་འགྱུར། །གང་གིས་གཅིག་ལ་མང་ཤེས་ཤིང་། །མང་པོའང་གཅིག་ཏུ་རབ་རྟོགས་ཏེ། །གནས་ཀྱི་རྣམས་སུའང་འབྱུང་འགྱུར་བ། །དེ་དག་འཇིགས་པ་མེད་པར་འགྱུར། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་འདི་ནས་འདས་ཏེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་བཅུ་སྣང་བར་བྱས་སོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་བཅུ་སྣང་བར་བྱས་སོ། །བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་གི་ཕྱོགས་དང་སྟེང་གི་ཕྱོགས་དག་ཏུ་ཡང་འཇིག་རྟེན་གྱི་ཁམས་བཅུ་བཅུ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་


DKG035_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་ཡང་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅིའང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེ་དག་གི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་བཞུགས་པར་སྣང་སྟེ། ཐམས་ཅད་དུའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་དང་། སངས་རྒྱས་དཔལ་དང་། ནོར་དཔལ་དང་། རིན་ཆེན་དཔལ་དང་། ཡོན་ཏན་དཔལ་དང་། མིག་གི་དཔལ་དང་། བརྩོན་འགྲུས་དཔལ་དང་། ཆོས་ཀྱི་དཔལ་དང་། ཡེ་ཤེས་དཔལ་དང་། བཟང་པོའི་དཔལ་ཞེས་བྱ་བ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་དང་། ཡིད་དུ་འོང་བའི་མདོག་དང་། པད་མོའི་མདོག་དང་། ཙམ་པ་ཀའི་མདོག་དང་། ཨུཏ་པ་ལའི་མདོག་དང་། ས་ལེ་སྦྲམ་གྱི་མདོག་དང་། རིན་པོ་ཆེའི་མདོག་དང་། རྡོ་རྗེའི་མདོག་དང་། ཤེལ་གྱི་མདོག་དང་འདྲ་བའི་མདོག་ཅེས་བྱ་བ་དག་ནས་འོངས་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན། ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་དང་། རིག་བྱེད་མི་སྐྱོད་པ་དང་། རིག་བྱེད་བཅིངས་པ་མེད་པ་དང་། རིག་བྱེད་ཀུན་སྤྱོད་པ་དང་། རིག་བྱེད་བསྒྲིབས་པ་མེད་པ་དང་། རིག་བྱེད་མཐའ་རྒལ་དང་། རིག་བྱེད་དམ་པ་དང་།


DKG035_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་དབང་ཕྱུག་དང་། རིག་བྱེད་ཚངས་པ་དང་། རིག་བྱེད་སྣ་ཚོགས་ཤེས་བྱ་བ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །གང་གིས་འགྲོ་བ་ཤིན་ཏུ་གཙེས་གྱུར་ཅིང་། །སྲེད་པའི་གསལ་ཤིང་ལྡན་པར་ཀུན་ཤེས་ནས། །རང་འབྱུང་ཀུན་མཁྱེན་ཡོན་ཏན་ཚོལ་བ་རྣམས། །དེ་དག་ཆོས་ཉིད་འདི་འདྲ་འདི་ཡིན་ནོ། །ཆོས་ཀྱི་རང་བཞིན་གནས་པ་མཐོང་གྱུར་ནས། །མཐའ་གཉིས་གང་གིས་རབ་ཏུ་སྤངས་གྱུར་ཅིང་། །ལྡོག་པ་མེད་ཅིང་དགོས་པ་ཀུན་ཤེས་པ། །དེ་དག་ང་ཡི་འཁོར་ལོ་མཚུངས་མེད་སྐོར། །གང་རྣམས་ཆོས་དང་ལྡན་པའི་བསམ་པ་ཡིས། །འཁོར་བའི་སྐྱེ་དགུ་ཀུན་གྱི་དོན་གྱི་ཕྱིར། །བསྐལ་པ་བསམ་ཡས་རྒྱ་ཆེན་གོ་གྱོན་པའི། །དྲང་སྲོང་ཆེན་པོའི་ལོངས་སྤྱོད་འདི་འདྲའོ། །གཞན་གྱིས་མི་ཕམ་དཔའ་བའི་རྒྱལ་མཚན་ཅན། །བདུད་རྣམས་ཐམས་ཅད་མཐར་འབྱིན་མགོན་པོ་རྣམས། །བྱམས་པས་གང་དག་མི་འཇིགས་སྒྲ་འབྱིན་པ། །དེ་དག་ཆོས་ཉིད་འདི་འདྲ་འདི་ཡིན་ནོ། །འདི་དག་ནང་ནས་བྱུང་ངོ་ཞེས་བྱ་བར། །ཉོན་མོངས་སེལ་བའི་སེམས་ནི་སྐད་ཅིག་ཏུ། །ཐམས་ཅད་ཤེས་པ་སུ་ཡི་རྒྱུད་སྐྱེས་པ། །དེ་དག་རྣམ་པར་འཕྲུལ་པ་འདི་དག་སྟོན། །གང་རྣམས་ཆོས་ཀྱི་རྔ་ནི་རྡུང་བྱེད་ཅིང་། །བྱང་ཆུབ་སེམས་ཀྱང་སྲོག་ཆགས་ཐམས་ཅད་ལ། །ཕྱོགས་བཅུའི་ཞིང་རྣམས་ཀུན་ཏུ་ཤེས་བྱེད་པ། །རང་བྱུང་དེ་དག་ཚུལ་ནི་འདི་འདྲའོ། །གདུལ་བར་དཀའ་བ་མཐའ་ཡས་སྤྱོད་ཡུལ་ཅན། །ཞིང་རྣམས་བྱེ་བ་གང་དག་སྤྱོད་གྱུར་ཅིང་། །ནམ་ཡང་དངོས་པོ་དག་


DKG035_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་མེད་པ། །དེ་དག་དེ་བཞིན་གཤེགས་བཞིན་རྣམ་པར་འཕྲུལ། །གང་རྣམས་དགའ་ཞིང་མོས་པ་མཐའ་ཡས་པ། །རྒྱལ་བ་རྣམས་ནི་ཤིན་ཏུ་རྣམ་དག་ཅིང་། །དེ་བཞིན་གཤེགས་པ་མཁའ་འདྲ་རྗེས་དྲན་པ། །དེ་དག་ལ་ནི་སྨོན་ལམ་འདི་ཡང་བཏབ། །སེམས་ཅན་དོན་ལ་གང་རྣམས་མོས་གྱུར་ཅིང་། །རེ་རེ་དག་གིས་མནར་མེད་སྡུག་བསྔལ་བ། །བསྐལ་པ་དཔག་མེད་སྨིན་པར་བྱ་དད་པ། །དེ་དག་སྐྱོན་མེད་ཕམ་མེད་ཤིན་ཏུ་སྲུང་། །གང་རྣམས་ལུས་དང་སྲོག་ལ་མི་ལྟ་ཞིང་། །སངས་རྒྱས་ཆོས་ལ་རྟག་ཏུ་བརྟུལ་ཞུགས་ཏེ། །མཁས་པ་བདག་མེད་རྣམ་པར་སུ་སྤྱོད་པ། །དེ་དག་སངས་རྒྱས་ཆོས་ཉིད་འོད་ཐོབ་པོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་འདས་ནས། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱས་པ་ནས་གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་དེ་བཞིན་གཤེགས་པ་རྣམས་བཞུགས་པར་སྣང་སྟེ། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་དང་། སངས་རྒྱས་དཔལ་དང་། ནོར་དཔལ་དང་། རིན་ཆེན་དཔལ་དང་། ཡོན་ཏན་དཔལ་དང་། མིག་གི་དཔལ་དང་། བརྩོན་འགྲུས་དཔལ་དང་། ཆོས་ཀྱི་


DKG035_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་། ཡེ་ཤེས་དཔལ་དང་། བཟང་པོའི་དཔལ་ཞེས་བྱ་བ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་དང་། ཡིད་དུ་འོང་བའི་མདོག་དང་། པདྨོའི་མདོག་དང་། ཙམ་པ་ཀའི་མདོག་དང་། ཨུཏྤ་ལའི་མདོག་དང་། ས་ལེ་སྦྲམ་གྱི་མདོག་དང་། རིན་པོ་ཆེའི་མདོག་དང་། རྡོ་རྗེའི་མདོག་དང་། ཤེལ་གྱི་མདོག་དང་འདྲ་བའི་མདོག་ཅེས་བྱ་བ་དག་ནས་འོངས་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་དེ། འདི་ལྟར་རིག་བྱེད་མི་གཡོ་བ་དང་། རིག་བྱེད་མི་སྐྱོད་པ་དང་། རིག་བྱེད་བཅིངས་པ་མེད་པ་དང་། རིག་བྱེད་ཀུན་སྤྱོད་པ་དང་། རིག་བྱེད་བསྒྲིབས་པ་མེད་པ་དང་། རིག་བྱེད་མཐའ་རྒལ་དང་། རིག་བྱེད་དམ་པ་དང་། རིག་བྱེད་དབང་ཕྱུག་དང་། རིག་བྱེད་ཚངས་པ་དང་། རིག་བྱེད་སྣ་ཚོགས་ཞེས་བྱ་བ་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་ཏེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྒྱུ་མའི་རང་བཞིན་དུ། །ཐུགས་སུ་ཆུད་པས་བསྒྲིབས་པ་མེད་གཟིགས་ཏེ། །ཟིལ་གྱིས་མི་ནོན་ཆགས་པ་མི་མངའ་བར། །སྐྱེ་དགུ་རབ་ཏུ་འདུལ་བར་ཤིན་ཏུ་སྣང་། །ལ་ལས་གསེར་གྱི་རི་བོ་འདྲ་བ་དེ། །སྐུ་ཆེར་སྐྱེ་བར་གྱུར་པ་རབ་ཏུ་མཐོང་། །སྐྱེས་བུ་ཟླ་བ་རྣམ་པར་མཛེས་པ་དེ། །ཐ་མའི་སྐུ་ཡང་འཛིན་པར་ལ་ལས་མཐོང་། ། ཡོན་ཏན་ཚད་ལས་འདས་པ་ཀུན་མངའ་ཞིང་། །དགོངས་པ་མཁྱེན་བཞིན་ཤིན་ཏུ་མཁས་


DKG035_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །སྐྱེ་དགུའི་སེང་གེ་དོན་ཡོད་གཤེགས་པ་སྟེ། །ལ་ལས་འཆག་ཅིང་གཤེགས་པར་ཤིན་ཏུ་མཐོང་། །ཕྱོགས་བཅུ་ཀུན་ཏུ་རྣམ་པར་སྣང་བ་དེ། །ལ་ལ་མཐོན་ཐིང་སྤྱན་དུ་དེ་བཞིན་མཐོང་། །འདོད་པའི་ཡོན་ཏན་ལྡན་པའི་སྐྱེ་དགུ་རྣམས། །གཟིགས་ནས་བཞད་པར་དེ་བཞིན་ལ་ལས་མཐོང་། །གཟི་བརྗིད་མཚུངས་མེད་མངའ་ལ་ལ་ལ་ཡིས། །སེང་གེའི་ང་རོར་གསུང་བ་དེ་བཞིན་མཐོང་། །ཟིལ་གྱིས་མི་ནོན་མ་ལོག་གསུང་མངའ་བ། །སྐུ་ཡི་ཐ་མར་སྟོན་པ་ལ་ལས་མཐོང་། །བཅིངས་པ་ཀུན་ལས་རྣམ་པར་གྲོལ་བ་དེ། །ལ་ལས་ཁབ་ནས་འབྱུང་བར་རབ་ཏུ་མཐོང་། །སྔོན་གྱི་རྒྱལ་བའི་སངས་རྒྱས་སྤྱོད་པ་རྣམས། །གཟིགས་ཤིང་ཞི་བ་དེར་གཞོལ་ལ་ལས་མཐོང་། །ལ་ལས་བྱང་ཆུབ་སྙིང་པོ་དམ་པ་ལ། །ཆོས་རྣམས་ཐམས་ཅད་མངོན་པར་སངས་རྒྱས་ཤིང་། །ཡོན་ཏན་ཐམས་ཅད་ཕ་རོལ་ཕྱིན་པ་དང་། །མུན་པ་རྡུལ་བསྩལ་ཉོན་མོངས་སྦྱངས་པ་མཐོང་། །ལ་ལས་ཆོས་ཀྱི་འཁོར་ལོ་སྐོར་བ་ཡང་། །ཐུགས་རྗེ་ཆེན་པོ་བརྙེས་པ་དེ་མཐོང་ངོ་། །ལ་ལས་སྐྱེ་དགུ་ཚད་མེད་རྣམ་འདུལ་བར། །སྐྱེས་བུའི་དམ་པ་དེ་ནི་དེ་བཞིན་མཐོང་། །ལ་ལས་གཟི་བརྗིད་མཚུངས་པ་མེད་པ་དེ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་མཛད་དེ། །རྫུ་འཕྲུལ་ཆགས་མེད་བླ་མེད་སྟོབས་མངའ་བ། །སེང་གེའི་ང་རོ་སྒྲོག་པར་དེ་བཞིན་མཐོང་། །ལ་ལས་རབ་ཏུ་ཞི་བའི་ཐུགས་མངའ་བ། །འཇིག་རྟེན་སྒྲོན་མ་མྱ་ངན་འདས་པར་མཐོང་། །རྣམ་པར་འཕྲུལ་པ་དེ་དག་མཐོང་ནས་ཀྱང་། །སྟོབས་བཅུའི་སྟོབས་མངའ་དེ་དག་རབ་ཏུ་ཤེས། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་འདས་ཏེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སྟོང་སྣང་བར་བྱས་པ་ནས་གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གི་བར་དུ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་


DKG035_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དུའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཐམས་ཅད་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བའི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཞེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །གང་གིས་བདེ་གཤེགས་རྣམས་ཀྱི་ཆོས་ཟབ་པ། །ཟིལ་གྱིས་ནོན་པ་བརྗོད་པ་མེད་པ་རྣམས། །གང་ལ་འཇིག་རྟེན་རྟག་ཏུ་མྱོས་འགྱུར་བ། །དེ་དག་ཐམས་ཅད་རིམ་གྱིས་རབ་ཏུ་སྟོན། །གལ་ཏེ་བདག་གཅིག་མེད་དུ་ཟིན་ན་ནི། །དེ་ཡི་སྤྱོད་ཡུལ་སྟོང་པ་ཞི་བའང་མེད། །རང་བྱུང་རྡུལ་རྣམས་ཤིན་ཏུ་བསྩལ་བ་ཡི། །བདེ་གཤེགས་རྣམས་ཀྱི་སྐུ་ཡང་ཇི་ལྟར་འབྱུང་། །མཁྱེན་དང་རྣམ་གྲོལ་


DKG035_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དང་ལྡན་པ་རྣམས། །མཚུངས་པ་མེད་ལ་གྲངས་ཀྱང་ནམ་ཡང་མེད། །དེ་ནི་འཇིག་རྟེན་འདི་ན་ལ་ལ་དག །རྒྱུ་ལ་ཐོགས་པ་མེད་པར་འདོད་ཕྱིར་རོ། །གང་ལ་ཕུང་པོ་མེད་ཅིང་ཁམས་མེད་དེ། །སྐྱེ་མཆེད་དག་དང་སྐྱེ་ཞིང་འཆི་མེད་པ། །དེ་ཡི་གྲངས་ནི་འཇིག་རྟེན་འདི་བརྙེས་པས། །སྐྱེས་བུ་སེང་གེ་རྣམས་སུ་རབ་ཏུ་བརྗོད། །ནང་དང་ཕྱི་ཞེས་བྱ་བར་གདགས་པ་རྣམས། །དེ་དག་རང་བཞིན་དངོས་ཉིད་སྟོང་པ་སྟེ། །རྟོག་པ་མེད་ཅིང་རྣམ་རྟོག་དེ་བཞིན་མེད། །གཞལ་དུ་མེད་པའི་ཆོས་ཉིད་འདི་འདྲའོ། །དེ་དག་ལ་ནི་གཡོ་བ་ནམ་ཡང་མེད། །སྙེམས་ཤིང་ལྡེག་དང་སྒྲིབ་པ་གང་ཡང་མེད། །འཇིག་རྟེན་ཐམས་ཅད་རྗེས་སུ་རབ་ཏུ་མཁྱེན། །མཐའ་ཡས་འདུལ་བའི་ཚུལ་ནི་འདི་འདྲའོ། །ཞི་བའི་ཏིང་འཛིན་སྤྱོད་ཡུལ་དགྱེས་པ་རྣམས། །རྩེ་གཅིག་གཉིས་ལ་སྤྱོད་པ་མ་ཡིན་ཏེ། །ཡིད་ཀྱིས་བསྩགས་པའང་དེ་བཞིན་གང་ཡང་མེད། །འདིར་ནི་སངས་རྒྱས་རྣམ་འཕྲུལ་མཐའ་ཡས་པའོ། །རྒྱུ་དང་རྐྱེན་དང་བྱ་བ་རྣམ་དག་དང་། །ལས་ཀྱི་རྣམ་སྨིན་སེམས་ཅན་སྤྱོད་པ་ཡིས། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་མི་ལྡོག་སྟེ། །བདེ་གཤེགས་ཆོས་འདི་དེ་ལྟར་བསམ་མི་ཁྱབ། །ཕྱོགས་རྣམས་བཅུ་ན་ཇི་ལྟར་འཁོད་པ་ཡི། །འཇིག་རྟེན་རྣམ་པ་སྣ་ཚོགས་ཀུན་གཟིགས་ཤིང་། །སེམས་ཅན་ཚད་མེད་ཡོངས་སུ་འགྲེལ་མཛད་ཀྱང་། །སྐྱེས་བུའི་དབང་པོ་དེ་དག་རྟོག་མི་མངའ། །ཐམས་ཅད་མཁྱེན་པ་ཉིད་ནི་གསེར་གྱི་མདོག །དེ་ཡང་ཀུན་ན་རྣམ་པར་ཀུན་ཏུ་གནས། །དེ་དག་བསམ་པ་ཇི་འདྲ་ཇི་བཞིན་དུ། །ཐུབ་པ་རྣམས་ནི་དེ་ལྟར་ཆོས་ཀྱང་སྟོན། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་སྣང་བར་བྱས་སོ། །གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས།


DKG035_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅིའང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེ་དག་གི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ནའང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་བཞུགས་པར་སྣང་སྟེ། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ནས་བཟང་པོའི་དཔལ་ཞེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ནས་འདྲ་བའི་མདོག་གི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ནས། རིག་བྱེད་སྣ་ཚོགས་ཞེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །ལྷ་དང་འཇིག་རྟེན་བཅས་པ་ཟིལ་མནན་ཏེ། །སྙིང་རྗེ་ལ་ནི་གང་ཞིག་སེམས་གཏོང་ཞིང་། །འགྲོ་བ་ཐམས་ཅད་བསྐྱབ་པར་ཞུགས་པ་རྣམས། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །བདེ་གཤེགས་རྣམས་ལ་སྙིང་ནས་དད་བསྐྱེད་ཅིང་། །གང་གི་


DKG035_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་ནམ་ཡང་མི་ལྡོག་པར། །སངས་རྒྱས་སྤྱོད་པ་ཡོངས་སུ་མི་གཏོང་བར། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །གང་རྣམས་གང་དུའང་འཇུག་པ་ཡོངས་མེད་ཅིང་། །སངས་རྒྱས་ཡོན་ཏན་རྣམས་ལས་མི་ལྡོག་པ། །ཤིན་ཏུ་བརྟན་པ་བློ་གདུང་མེད་པ་རྣམས། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །གང་རྣམས་འགྲོ་ཞིང་འདུག་དང་འཆག་པའི་ཚེ། །ཉིན་མཚན་རྒྱུན་ཏུ་རྗེས་སུ་སེམས་བྱེད་ཅིང་། །སངས་རྒྱས་བདག་ཉིད་ཆེ་ལ་སེམས་སྤེལ་བ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །དུས་གསུམ་ཐམས་ཅད་རབ་ཏུ་གཞལ་བྱས་ཀྱང་། །གང་གི་སེམས་ནི་ཞུམ་པར་མི་འགྱུར་ཞིང་། །སངས་རྒྱས་ཡོན་ཏན་རྗེས་སུ་སློབ་མོས་པ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །བདག་གི་རང་བཞིན་ཡོངས་སུ་གཞལ་བྱས་ཤིང་། །ཐམས་ཅད་མ་ལུས་ཞི་བར་བྱེད་པ་དང་། །བདག་དང་བདག་མེད་འདོད་ཆགས་བྲལ་བའི་སེམས། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །གཞན་གྱི་བསམ་པ་ཡོངས་སུ་གཞལ་བྱས་ཤིང་། །རྟོག་དང་རྣམ་རྟོག་ཐམས་ཅད་རབ་སྤངས་ཏེ། །སྤྱོད་པ་འདི་འདྲ་དག་དང་ལྡན་གྱུར་པ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །གང་རྣམས་བསམ་གྱིས་མི་ཁྱབ་ཞིང་འཇལ་ཞིང་། །སེམས་ཅན་རྒྱ་མཚོ་ཡིད་ཀྱིས་འཐུང་བྱེད་དེ། །བློ་ཆེ་རྫུ་འཕྲུལ་སྟོབས་དང་ལྡན་གྱུར་པ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །གང་གིས་ཞིང་རྣམས་རྣམ་པར་བསམས་པས་ན། །གཟུགས་དང་གཟུགས་མེད་འདུ་ཤེས་ཡོད་མེད་པ། །ཐམས་ཅད་གྲངས་སུ་ཉེ་བར་འགྲོ་བ་ནི། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །གང་རྣམས་ཞིང་ནི་རྡུལ་དུ་གཞིག་བྱས་ཤིང་། །ཐམས་ཅད་ཕྱོགས་སུ་བཀང་ཞིང་བགྲང་བྱས་ཏེ། །དེ་དག་ནང་དུ་རྒྱལ་བ་འཛུད་བྱེད་པ། །དེ་དག་ལས་ནི་འདི་འདྲར་འགྱུར་བར་འོང་། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་འདས་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་སྣང་བར་བྱས་པ་ནས། སྟེང་གི་ཕྱོགས་ཀྱི་


DKG035_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱའི་བར་དུ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་འང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དག་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་སྟེ། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །མི་འདུལ་ཁ་ལོ་སྒྱུར་བ་མཐུ་


DKG035_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ། །གང་དག་ཁ་དོག་རིགས་ཀྱིས་བལྟ་འདོད་པ། །མིག་ཉམས་ལོག་པར་ལྟ་བར་གྱུར་པ་སྟེ། །དེ་དག་རྒྱལ་བའི་ཆོས་ཉིད་མི་ཤེས་སོ། །དེ་བཞིན་གཤེགས་པའི་ཁ་དོག་དབྱིབས་དག་ནི། །འཇིག་རྟེན་ཀུན་ནའང་ཤེས་པར་ནུས་པ་མེད། །གང་གིས་བསྐལ་པ་བྱེ་བར་བསམ་བྱས་ཀྱང་། །མཐུ་ཆེན་རྣམས་ཀྱི་ཁ་དོག་མཐའ་མེད་དོ། །དེ་བཞིན་གཤེགས་ལ་མཚན་ཉིད་མི་མངའ་སྟེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་ཅིང་དབེན། །ཡན་ལག་ཀུན་ལྡན་བལྟ་ན་མཉམ་མེད་པ། །བསམ་པ་ཇི་བཞིན་ཀུན་ན་རབ་ཏུ་སྣང་། །སངས་རྒྱས་ཆོས་རྣམས་གཞལ་དུ་ཡོད་པ་མིན། །གང་རྣམས་ཅི་ཡང་འདི་ཡི་ཚུལ་བཤད་དེ། །ལྡན་པ་མ་ཡིན་མི་ལྡན་མ་ཡིན་པས། །སངས་རྒྱས་ཆོས་རྣམས་རང་བཞིན་རབ་ཏུ་དབེན། །དེ་བཞིན་གཤེགས་པ་ཕུང་པོ་འཇིག་པ་མེད། །འབྱུང་དང་འཇིག་པར་སྤྲོ་བར་མི་མཛད་དེ། །མངའ་བརྙེས་མངའ་བསྒྱུར་རྣམ་པར་གདོན་མི་ཟ། །བརྗོད་དུ་མེད་པར་བསྟན་པ་རྣམ་པར་སྤྱོད། །ལུས་དང་སེམས་ཀྱང་མཉམ་པར་རབ་གྱུར་ཅིང་། །ནང་དང་ཕྱི་ཡིས་རྣམ་པར་དབེན་པས་ན། །གཉིས་པོ་བགྲང་དུ་མི་རུང་ཤེས་པ་རྣམས། །ཆགས་མེད་བཅིངས་མེད་བདེ་བར་གཤེགས་པར་འགྱུར། །གྱ་ནོམ་སྣང་ཞིང་ཐུགས་གསལ་འོད་མཛད་པ། །སྤྱོད་ཡུལ་ཡོངས་དག་ཀུན་ཏུ་སྣང་གྱུར་ཏེ། །ཐམས་ཅད་མཁྱེན་པ་ཀུན་གཟིགས་ཀུན་ན་བཞུགས། །སྐྱེ་དགུའི་དོན་ཀྱང་རྒྱ་ཆེན་ཡངས་པ་མཛད། །གཅིག་ཏུ་གྱུར་ཅིང་མང་པོར་རབ་ཏུ་གྱུར། །མང་པོར་གྱུར་ཅིང་གཅིག་ཏུ་དེ་བཞིན་འགྱུར། །འགྲོ་བའི་ཁམས་ནི་དུ་མར་ཐུགས་ཆུད་ཅིང་། །ཐམས་ཅད་ཚུལ་དང་འདྲ་བར་རབ་ཏུ་འགྱུར། །སྐུ་མེད་དེ་ལ་ཆགས་པ་གང་ཡང་མེད། །བྱོན་པ་མེད་ཅིང་བསྩགས་པ་ཡོད་མིན་ཡང་། །ཁ་དོག་མཐའ་ཡས་རྣམ་པར་དགོད་བྱས་ཤིང་། །འགྲོ་བ་སྣ་ཚོགས་ལུས་སུ་དེ་དག་སྣང་། །འཇིག་རྟེན་ཐམས་ཅད་སེམས་ཀྱིས་བརྟགས་པ་ཡིན། །སེམས་ནི་རྟོག་པ་ནམ་ཡང་མ་ཡིན་ཏེ། །བདེ་གཤེགས་ཡེ་ཤེས་


DKG035_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་རང་བཞིན་ནོ། །དེ་ཕྱིར་རྒྱལ་བའི་སྐུ་ནི་འདི་འདྲར་སྣང་། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་བཅུར་སྣང་བར་བྱས་ནས་གཞུང་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་བཅུའི་བར་དུ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དག་ན་ཡང་། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་སྟེ་ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚང་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་


DKG035_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །འཇིག་རྟེན་རང་བྱུང་དེ་ལས་མཆོག་མེད་པ། །མི་གནས་དམ་པ་ཕུལ་དང་མཆོག་གི་རྣམས། །དྲང་སྲོང་ཆེན་པོ་སྲིད་པའི་རྒྱུད་འགྲེལ་བ། །ཡོན་ཏན་ཀུན་ལྡན་རྣམ་དག་འདི་ཡིན་ནོ། །འདུ་འཛི་མེད་ཅིང་ཆགས་པ་མི་མངའ་ལ། །འདུ་ཤེས་དངོས་མེད་གནས་པ་མེད་པ་རྣམས། །ཕུན་སུམ་དགེ་ལྡན་སྨད་པ་མི་མངའ་བ། ། མགོན་པོ་རྣམས་ཀྱི་ཆོས་ཉིད་ཐུབ་པར་དཀའ། །ཤིན་ཏུ་འོད་སྣང་དག་པར་གྱུར་པ་རྣམས། །བརྒལ་དུ་གླགས་མེད་རྙོག་པ་མེད་པའི་རྣམས། །གཡོ་མེད་མཐའ་མ་རྣམ་པར་སྤངས་པ་ཡི། །བདེ་གཤེགས་རྣམས་ཀྱི་ཡེ་ཤེས་ཚུལ་འདི་ཡིན། །ལུས་དང་སེམས་ལ་རྣམ་པར་རྟོག་མེད་ཅིང་། །བདེ་གཤེགས་ཆོས་ལ་གང་ཞིག་འཇུག་འགྱུར་བ། །དེ་དག་ཆོས་རྣམས་ཀུན་གྱི་རང་བཞིན་ལ། །ནམ་ཡང་ནེམ་ནུར་དབང་དུ་མི་འགྲོ་བ། །འཇིག་རྟེན་དག་ན་དམྱིགས་པ་གང་ཡོད་པ། །དེ་དག་ཀུན་ལ་བསྟན་པའི་ཆོས་འཇུག་སྟེ། །གང་དག་ཕྱིར་རྒོལ་མེད་པས་བསྟན་མཛད་ཀྱང་། །རང་བཞིན་ལྡོག་པར་འགྱུར་བ་གང་ཡང་མེད། །དངོས་པོ་རབ་ཤེས་ལས་རྣམས་ཡོད་མིན་པར། །ཐེ་ཙོམ་ཐམས་ཅད་རྣམ་པར་སྤངས་བྱས་ཏེ། །སངས་རྒྱས་བྱང་ཆུབ་རབ་ཏུ་རྟོགས་པའི་ཚེ། །སེམས་ལ་རྣམ་པར་འབྱེད་པ་ནམ་ཡང་མེད། །མི་ཤེས་ཆོས་རྣམས་རྣམ་པར་ཕྱེ་བ་དག །བྱུང་མེད་ཚིག་གི་ལམ་གྱིས་རབ་བརྗོད་པ། །སངས་རྒྱས་གསུང་གི་རྗེས་སུ་འབྲང་བྱས་ན། །གཅིག་ཀྱང་མ་ཡིན་མང་པོའང་མ་ཡིན་ནོ། །མང་དང་གཅིག་པ་ནམ་ཡང་ཡོད་མིན་ཏེ། །མང་པོ་རྣམས་ལ་གཅིག་པ་ཡོད་མེད་དོ། །མང་དང་གཅིག་པ་རྣམ་པར་བསྒོམ་བྱས་ན། །སངས་རྒྱས་ཡོན་ཏན་མཐའ་ཡས་ཤེས་པར་


DKG035_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །འཇིག་རྟེན་ཀུན་ཏུ་སེམས་ཅན་ཞིང་རྣམས་དང་། །ཤིན་ཏུ་ཞི་བའི་ཆོས་རྣམས་རྣམ་བལྟས་ཏེ། །མི་གནས་སེམས་ལ་རྟོག་པ་མྱེད་པ་ཡིས། །དྲན་ལྡན་སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །སེམས་ཅན་ཆོས་དང་དེ་བཞིན་ཞིང་གི་རྣམས། །དེ་དག་རང་བཞིན་ཇི་བཞིན་བརྟག་བྱས་ན། ། གཅིག་དང་ཐ་དད་གྱུར་པ་མ་ཡིན་ཏེ། །དེ་ལྟར་སངས་རྒྱས་ཚུལ་འདི་ཤེས་པ་ཡིན། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་སྣང་བར་བྱས་པ་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བའི་བར་དུ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་


DKG035_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ནའང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །ཤེས་རབ་དཔག་མེད་ཆོས་རྣམས་མཐའ་ཡས་པ། །སྲིད་པ་རྒྱ་མཚོའི་ཕ་རོལ་ཕྱིན་པ་དག །ཚེ་རིང་ནད་མེད་མཉམ་མེད་མཚུངས་མེད་འོད། །ཡོན་ཏན་ཆེ་མངའ་འདི་དག་སྦྱོར་འདིའོ། །གང་གིས་སངས་རྒྱས་ཆོས་རྣམས་དངོས་རྟོགས་ཤིང་། །དུས་གསུམ་ཀུན་ཏུ་བརྟགས་ཀྱང་མི་ངོམས་ཏེ། །དམིགས་པ་ཤེས་བྱེད་རྣམ་པར་མི་རྟོག་པ། །བསམ་ཡས་མོས་པ་དེ་དག་སྦྱོར་འདི་ཡིན། །སེམས་ཅན་ཡུལ་མོས་སེམས་ཅན་འདུ་ཤེས་མེད། །འཇིག་ཚོགས་ཆོས་ཤེས་ལམ་གྱི་རྒྱུད་དང་བྲལ། །བསམ་གཏན་ནང་དང་སེམས་ལ་བཅིངས་པ་མེད། །ཆགས་མེད་ཡིད་ལྡན་དེ་དག་སྦྱོར་འདི་ཡིན། །རྟོག་མཁས་རབ་ཏུ་རྟོགས་པའི་ཆོས་ཅན་རྣམས། །མྱ་ངན་འདས་སྤྱོད་རིགས་ལ་བརྩོན་པ་དག །ཐར་པའི་ལམ་བརྩོན་མཉམ་པ་ཉིད་ལྡན་པ། །ཞི་བ་ཐོབ་པ་དེ་དག་སྦྱོར་འདིའོ། །དེད་དཔོན་རྗེས་སོང་སངས་རྒྱས་བྱང་ཆུབ་མཆོག །ཐམས་ཅད་མཁྱེན་པ་ཆོས་དབྱིངས་བཞིན་རྟོགས་ཤིང་། །བདེ་འཇུག་མཁས་པས་སེམས་ཅན་རྣམས་འདོན་པ། །བདེ་གཤེགས་བསམ་ཅན་དེ་དག་སྦྱོར་འདིའོ། །སངས་རྒྱས་དོན་ཚིག་རྗེས་སུ་ཤེས་བྱ་ཞིང་། །ཆགས་མེད་བློ་ཡངས་རྟོགས་ཤིང་བསམ་གཏན་བྱེད། །ཀུན་ཏུ་འགྲོ་བར་སོང་ལས་རྩོལ་སྤྱོད་པ། །རང་བྱུང་སྤྱོད་པ་དེ་དག་སྦྱོར་འདིའོ། །ནམ་མཁའི་དབྱིངས་དང་སྤྲུལ་པ་ཡིད་ལྡན་རྣམས། ། གནས་དང་རང་བཞིན་མཚན་ཉིད་ཤེས་པ་དག །མྱ་ངན་འདས་རིགས་སྤྱོད་པ་མཁའ་འདྲ་རྣམས། །ཐོབ་དཀའ་ཐོབ་པ་


DKG035_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྦྱོར་འདིའོ། །ཟླ་བ་ཟླ་ཕྱེད་ཉིན་དང་ནུབ་བགྲང་ཞིང་། །ལོ་དང་བསྐལ་པའི་རང་བཞིན་སུ་སེམས་པ། །འཇིག་རྟེན་འདུ་ཞིང་འཇིག་པར་འགྱུར་བ་དང་། །གྲངས་ཚུལ་སུས་རྟོགས་དེ་དག་སྦྱོར་འདིའོ། །ཞིང་གི་སེམས་ཅན་ཇི་སྙེད་སྐྱེ་འཆི་བ། །གཟུགས་དང་གཟུགས་མེད་འདུ་ཤེས་འདུ་ཤེས་མེད། །དེ་དག་མིང་དང་གནས་པ་རྟོགས་ཤེས་པ། །བསམ་གྱིས་མི་ཁྱབ་རྟོགས་པའི་སྦྱོར་འདིའོ། །འདས་པའི་དུས་དང་མ་འོངས་ད་ལྟར་ལ། །ངག་གིས་ལམ་གྱིས་གང་ན་རྟོགས་བྱེད་ཅིང་། །དུས་གསུམ་རང་བཞིན་ཇི་བཞིན་རྟོགས་གྱུར་པ། །མཉམ་མེད་དེ་དག་སྦྱོར་བ་འདི་ཡིན་ནོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བཅུ་སྣང་བར་བྱས་པ་ནས། སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བཅུའི་བར་དུ་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ། གཏོགས་པར་གྱུར་པ་དེ་དག་ཐམས་ཅད་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དག་ཀུན་ན་ཡང་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་། །ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་


DKG035_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས་རིག་བྱེད་སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །འདས་དུས་གང་གིས་བསྒྲུབ་དཀའི་བརྟུལ་ཞུགས་ཆེ་བརྩམས་ཤིང་། །ནམ་ཡང་ཞུམ་པའི་སེམས་སུ་གཏོང་བར་མི་བྱེད་དེ། །བརྒལ་དཀའ་རྒལ་ཏེ་བདག་གིས་སེམས་ཅན་ཀུན་གདུལ་ཞེས། །སེང་གེའི་སྒྲ་སྒྲོག་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །གང་ཞིག་འདོད་དང་སྲེད་པ་འབྱུང་ཞིང་འཇུག་པ་དང་། །མ་རིག་གཞོལ་བ་གཏི་མུག་མུན་བསྒྲིབས་འཇིག་རྟེན་རྣམས། །སེམས་ཅན་རང་བཞིན་བདག་མེད་བརྟན་པ་བཟོད་པར་འགྱུར། །བདག་ཀྱང་འཇིག་རྟེན་མགོན་འགྱུར་ཞེས་པ་དེ་ཡུལ་འདི། །འཇིག་རྟེན་སེམས་ཅན་མང་པོ་འདོད་དྲེགས་འདམ་བྱིང་བ། །མེད་པའི་ཆོས་ལ་རྟོག་པས་སྡུག་བསྔལ་མཐོང་གྱུར་ནས། །སངས་རྒྱས་སྤྱོད་ཡུལ་ཆོས་ལ་བག་ཡོད་གང་སྤྱོད་ཅིང་། །བདག་གིས་སེམས་ཅན་ཀུན་བསྒྲལ་དེ་དག་སྤྱོད་ཡུལ་འདི། །སྔོན་མཐའ་ཤེས་དཀའ་ཚད་མེད་བརྟན་པས་མཐོང་གྱུར་ཅིང་། །བདག་རྟེན་སེམས་ཅན་ཕ་རོལ་མཐའ་ཡས་འཁོར་གྱུར་པ། །དེ་དག་རྒྱལ་བས་ཐེག་པ་ཞི་བ་མཆོག་ལ་བཀོད། །བདག་གིས་དེ་འདྲའི་ཆོས་བསྟན་དེ་ཡི་སྤྱོད་ཡུལ་ལོ། །སེམས་ཅན་ཁམས་རྣམས་མགོན་མེད་ནད་ཀྱིས་གཟིར་གྱུར་ཅིང་། །ངན་སོང་གཞོལ་བ་འདོད་ཆགས་ཞེ་སྡང་


DKG035_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་གདུངས། །མེ་ལྕེ་འབར་ཕུང་འཇིགས་གཟུགས་མི་བཟད་བསྲེགས་གྱུར་པ། །མཐོང་ནས་སྒྲོལ་ཕྱིར་ཞུགས་པ་དེ་དག་སྤྱོད་ཡུལ་འདིའོ། །ལམ་གོལ་ལམ་མ་ཡིན་པའི་རྐྱེན་ལ་སྤྱོད་གྱུར་ཅིང་། །མུན་པ་ཆེན་པོར་རྟོལ་བར་དཀའ་རྙེད་འགྲོ་མཐོང་ནས། །སྣང་བ་ཆེན་པོ་བསྐྱེད་དེ་སངས་རྒྱས་ཆོས་སྟོན་ཅེས། །འདི་སྐད་ཚིག་བརྗོད་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །སྲིད་པའི་མཚོས་གཡེངས་སེམས་ཅན་རབ་ཏུ་མང་བ་དག །མཐའ་མི་མཐོང་ཞིང་སྐྱབས་མེད་དོ་ཞེས་མི་དགའ་བ། །མཐོང་ནས་བརྩོན་འགྲུས་སྟོབས་བསྐྱེད་ཆོས་ཀྱི་གྲུ་སྦྱར་ཅིང་། །ཕ་རོལ་སུ་འགྲོ་ཞེས་བརྗོད་དེ་དག་སྤྱོད་ཡུལ་འདིའོ། །སེམས་ཅན་རྩ་བ་མེད་ལ་གནས་པ་མི་མཁས་ཀུན། །གཡང་ས་ཆེན་པོར་ལྟུང་ཞིང་སེམས་ཉམས་རྨོངས་མཐོང་ནས། །སྙིང་རྗེས་ཆོས་ཀྱི་ཟམ་ལ་མཁས་པ་སུ་འགོད་ཅིང་། །དྲན་པར་གྱིས་ཤེས་སུ་སྨྲ་དེ་དག་སྤྱོད་ཡུལ་འདིའོ། །ཤིན་ཏུ་དོག་པའི་བཙོན་རར་སྡུག་བསྔལ་སེམས་ཅན་རྣམས། །ནད་དང་རྒ་བས་གཟིར་ཅིང་མཚམས་ཀྱིས་མནར་བ་དག །མཐོང་ནས་བདག་གིས་ཐབས་ཀྱི་ཆོས་རྣམས་ཀུན་བརྩམས་ཏེ། །སེམས་ཅན་ཀུན་དགྲོལ་སེམས་པ་དེ་དག་སྤྱོད་ཡུལ་འདིའོ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཐོས་གྱུར་ཐེ་ཙོམ་མེད། །ཆོས་དབྱིངས་སྤྱོད་ཡུལ་ཕྱོགས་བཅུ་ཀུན་ཏུ་རྒྱས་བཀང་སྟེ། །འདི་དག་ཐམས་ཅད་བརྟགས་ན་གསོག་ཀྱང་མི་འཇིགས་ཤིང་། །སེམས་ཅན་ཀུན་ལ་སྙོམས་བྱེད་དེ་ཡི་སྤྱོད་ཡུལ་ལོ། །དེ་ནས་འོད་ཟེར་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འདས་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་སྣང་བར་བྱས་སོ། །འཇིག་རྟེན་གྱི་


DKG035_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཚད་མེད་པ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱས་སོ། །དེ་བཞིན་དུ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་ཀུན་ཏུ་མཐའ་ཡས་པ། མུ་མེད་པ་ས་མཚམས་མེད་པ་དཔག་ཏུ་མེད་པ་བརྗོད་དུ་མེད་པ་དག་ཀྱང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཀྱང་སྣང་བར་བྱས་སོ། །གཞུང་དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་བྱེ་བ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་སྣང་བར་བྱས་པ་ནས། ནམ་མཁའི་མཐས་གཏུགས་པའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་བྱས་སོ། །དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པར་བྱས་པ་ནས། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱང་སྣང་བར་བྱས་སོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བསྟན་པ་ནས། གཞུང་དེ་བཞིན་དུ་འོག་མིན་བྱེ་བ་ཕྲག་བརྒྱའི་བར་དུ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ཁོངས་སུ་གང་ཅི་ཡང་རུང་སྟེ་གཏོགས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་རིལ་གྱིས་བསྟན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་པར་སྣང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཀུན་ན་ཡང་། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་པར་སྣང་ངོ་། །


DKG035_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་བཅུ་བཅུ་འོངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་འཇམ་དཔལ་ཞེས་བྱ་བ་ནས་བཟང་པོའི་དཔལ་གྱི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་མིང་འདི་ཞེས་བྱ་བ་དག་ནས་འོངས་པ་དག་སྟེ། འདི་ལྟར་གསེར་གྱི་མདོག་ཅེས་བྱ་བ་ནས་འདྲ་བའི་མདོག་ཅེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་དག་གི་ཞམ་རིང་ན་ཚངས་པའི་སྤྱོད་པ་སྤྱད་པ་དག་སྟེ། འདི་ལྟར་རིག་བྱེད་མི་གཡོ་བ་ཞེས་བྱ་བ་ནས། རིག་བྱེད་སྣ་ཚོགས་ཤེས་བྱ་བའི་བར་དག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་ཕྱིན་པ་དག་སྟེ། གཅིག་ཇི་ལྟ་བ་དེ་བཞིན་ཐམས་ཅད་དོ། །ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་ཤ་སྟག་དོན་འདི་ཉིད་བརྗོད་དེ། གཅིག་ན་ཇི་ལྟ་བ་དེ་བཞིན་ཐམས་ཅད་ན་ཡང་བརྗོད་དོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སོ་སོ་ནས་སྨྲ་བར་གྱུར་ཏོ། །བསྐལ་པ་གཞལ་ཡས་བསམ་གྱིས་མི་ཁྱབ་སེམས་ཀྱི་སྐད་ཅིག་ལ། །གང་གིས་མཐོང་ཡང་བསྩགས་མེད་འགྲོ་དང་དངོས་པོའི་ཚུལ་མེད་པའི། །ལམ་དུ་འཇུག་པ་དེ་ནི་ཐམས་ཅད་ཀུན་གྱིས་ཤེས་འགྱུར་ཏེ། །སྟོབས་བཅུས་ཚུལ་འདི་ཇི་ལྟར་མཁྱེན་བཞིན་འཇིགས་མེད་སངས་རྒྱས་འགྱུར། །གྲགས་པ་སྙན་པར་ཕྱོགས་རྣམས་ཀུན་ཏུ་མཚུངས་མེད་གྲགས་གྱུར་ཅིང་། །བགེགས་རྣམས་ཀུན་ལས་འདས་ཏེ་ཆོས་ཉིད་འདི་ལ་དགར་སྤྱད་དེ། །ཚད་མེད་ཐམས་ཅད་སོ་སོར་ཞི་ཞིང་དོན་རྣམས་ཀུན་རྟོགས་པས། །དེ་ཕྱིར་ཕྱོགས་རྣམས་ཀུན་བཀང་བདེ་གཤེགས་ཆོས་ཉིད་འདི་སྟོན་ཏོ། །དགོངས་པ་ཇི་བཞིན་དེ་ནི་སྤྱོད་པའི་འབྲས་བུ་འཐུན་པ་སྟེ། །འཇིག་རྟེན་དོན་འགྱུར་དེ་བཞིན་གཤེགས་


DKG035_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པ་ཡོངས་བྱས་ཤིང་། །དེ་དག་ཐམས་ཅད་སོ་སོར་འཐུན་པར་ཡེ་ཤེས་རྣམས་བསྒོམས་པས། །སེམས་ཅན་དམ་པ་སངས་རྒྱས་རྣམ་འཕྲུལ་འདི་འདྲར་ཕྱོགས་བཅུར་སྟོན། །ཐོག་མར་ཉན་འདོད་བླ་མ་བསྙེན་བཀུར་བཟོད་པ་དེས་བྱས་ཤིང་། །རང་བཞིན་མེད་པའི་ཆོས་ལ་རབ་རྟོགས་བསམ་གཏན་བསྙེན་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམ་སྒོམ་སེམས་ཚིམ་བྱེད། །ཆོས་ཉིད་དེ་འདྲ་སྤྱད་པ་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། །སྙིང་ནས་འདྲི་ཞིང་ཕྱོགས་རྣམས་རྒྱས་བྱེད་རྩེ་གཅིག་ཐོབ་བྱེད་ཅིང་། །རྒྱལ་བའི་ཡོན་ཏན་མོས་ལས་མི་ཟློག་སྤྱོད་པས་ཚིམ་བྱེད་པ། །དངོས་དང་དངོས་མེད་ཐམས་ཅད་ཤེས་བྱས་སྤངས་ཤིང་དངོས་ཟད་པ། །སངས་རྒྱས་བདག་མེད་དཔེ་མེད་མཐོང་བ་དེ་དག་ལུས་འདི་ཡིན། །བཟང་པོའི་སྤྱོད་ཡུལ་ཅན་གྱི་སེམས་ཀྱི་ཕྱོགས་རྣམས་ཀུན་བཀང་ཞིང་། །ཞིང་རྣམས་ཐམས་ཅད་ཆོས་ཀྱི་གཏེར་གྱིས་ཁྱབ་བྱས་ཚིམ་བྱེད་པ། ། ཇི་བཞིན་ཆོས་གནས་ཆོས་ཉིད་མཐའ་ལ་ཐེ་ཙོམ་མེད་པའི་རྣམས། །སྟོབས་བཅུ་ཅི་འདྲ་དེ་བཞིན་གྱུར་པའི་ལུས་ནི་འདི་དག་གོ །བཅོམ་ལྡན་འདས་ཀྱིས་ཆོས་གང་སྒྲ་བརྗོད་དེ་ལ་འཇུག་བྱེད་ཅིང་། །ཆོས་ཀྱི་འཁོར་ལོ་ཇི་བཞིན་བལྟ་དཀའ་གཞལ་ཡས་རྟག་བསྐོར་བ། །དེ་བཞིན་གཤེགས་པས་གསུངས་པའི་གསུང་ཀུན་བྱང་ཆུབ་ཡན་ལག་རྟོགས། །དེ་ལྟར་འཇུག་པས་རྟག་ཏུ་སངས་རྒྱས་སྐུ་རབ་འདི་དག་མཐོང་། །མཐོང་ཡང་མིག་གི་རྣམ་ཤེས་ཚུལ་དུ་རྡུལ་མེད་མཐོང་བ་མེད། །རྣམ་ཤེས་སྒྱུ་མ་བཞིན་པས་མིག་སྟོང་སྟོབས་བཅུ་མི་མཐོང་ངོ་། །འདུ་ཤེས་ཐམས་ཅད་རྣམ་རྟོག་ཡིན་གྱི་སངས་རྒྱས་མཐོང་བ་མིན། །ཤིན་ཏུ་ཆགས་མེད་ཡུལ་མེད་དེ་ནི་རྒྱལ་བ་མཐོང་བ་ཡིན། །སེམས་ཅན་ལས་མང་བསྩགས་པ་དེ་དག་ཤིན་ཏུ་བལྟ་དཀའ་སྟེ། །ནང་དང་ཕྱི་དང་དབྱིབས་དང་མདོག་ཏུ་ཕྱོགས་བཅུ་ཀུན་ན་མེད། །དེ་བཞིན་རང་བྱུང་སྐུ་ནི་གཞལ་ཡས་ཕྱོགས་རྣམས་ཀུན་འགེངས་པ། །ཤེས་པར་དཀའ་བ་འདྲེན་


DKG035_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་སྒྲིབ་པ་མེད་པས་བརྙེས། །ནམ་མཁའ་དག་ལ་ཞིང་རྣམས་བྱེ་བ་དངོས་པོར་གནས་པར་སྣང་། །དེ་ནས་འོང་བ་མེད་ཅིང་ཕྱོགས་བཅུ་ཀུན་ཏུ་འགྲོ་བ་མེད། །གཅིག་ཅིང་གནས་པར་འགྱུར་ཡང་དེ་དག་ཅི་ལའང་གནས་པ་མེད། །དེ་བཞིན་རང་བྱུང་རྣམས་ཀྱི་སྐུ་ནི་མཁའ་དབྱིངས་རྟག་ཏུ་འགེངས། །དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པ། ལེའུ་བཅུ་བཞི་པའོ།། །།


previousབཅུ་བཞི་པ། དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ལེའུ། next