Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next

ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG039_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མ་ཧཱ་རཏྣ་ཀཱུ་ཊ་དྷརྨ་པརྻུ་ཡ་ཤ་ཏ་སཱ་ཧ་སྲི་ཀ་གྲན་ཏེ་ཏྲི་སམྦ་ར་ནིར་དེ་ཤ་པ་རི་བརྟ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས་སྡོམ་བ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ནི་མཐོ་བ། ཟླུམ་བ། གནམ་འཕང་དང་རྒྱར་ཡངས་པ། ལོ་ཏོག་ཐམས་ཅད་ཀྱིས་འཛིན་པ། མེ་ཏོག་དང་། ཕྲེང་བ་དང་། སྤོས་རྣམ་པར་སྣ་ཚོགས་དང་ལྡན་པ། མི་འམ་ཅི་དང་། སྐྱེས་བུ་མི་འམ་ཅིའི་ཚོགས་རྣམ་པར་རྒྱུ་བ། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་རྣམ་པ་མོང་པོའི་གནས་སོ། རི་དགས་ཀྱི་ཚོགས་ཀྱང་རྣམ་པར་རྒྱུ་བ་ལ་འདི་ལྟ་སྟེ། སེང་གེ་དང་།


DKG039_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་དང་། གླང་པོ་ཆེ། བསེ་དང་། དོམ་དང་། དྲེད་དང་། གཟིག་དང་། མ་ཧེ་དང་། ཤོ་བཀྲ་དང་། བསེ་ཁ་སྒོ་དང་། བང་ལང་སྔོན་པོ་དང་། བ་ལང་དང་། ཤ་བ་དང་། ཤན་མར་དང་། སྤྲེའུ་ཡི་ཚོགས་རྣམ་པར་རྒྱུ་བའོ། དེ་ན་བྱ་རྣམ་པ་མང་པོ་བརྒྱ་སྟོང་གནས་པ་འདི་ལྟ་སྟེ། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། ངང་པ་དང་ཁྲུང་ཁྲུང་དང་། རྨ་བྱ་དང་། གྷུ་གྷུ་སྟ་དང་། ཀ་ཌ་ཀ་དང་། ཐིང་རིལ་དང་། ཡིད་འོང་ངང་པ་དང་། གོང་མ་སྲེག་དང་། ཨེ་ད་ནུ་མ་ཀཱ་ཀ་དྷེ་ནུ་དང་དན་དྷ་ཞེས་བྱ་བ་དང་། ཀ་ད་རུ་ཧ་དང་། མོ་ར་དང་། ངུར་པ་དང་། བི་ར་བ་ཏ་དང་། རྡོ་རྗེ་མཆོག་དང་། ཀ་རན་ད་བ་དང་། ངང་སྐྱ་དང་། ཀུག་ཀུ་ཧ་དང་། ནོར་སྐྱོང་དང་། ཤ་མ་དང་། ཤི་ཁ་ན་ཤིལ་དང་། བྱ་གག་དང་། ཕུག་རོན་དང་། ཀག་ཀ་བ་དང་། ཀུ་ར་ཏ་དང་། བྱ་རྒོད་དང་། བཱན་ཏཱ་ཤཱ་ཀ་དང་། ཙད་ཙ་ལ་དང་། གསེར་བུ་དང་། འོལ་བ་དང་། ཁྲ་དང་། ཁྲ་སེམས་ཤེས་དང་། འུག་པ་དང་། སྲེག་པ་དང། ཀ་པིན་ཏ་ཀ་དང་། བཎ་ཌི་ཀ་དང་། ཙ་ཏི་ཀ་དང་། ན་བ་ཙ་ཏི་ཀ་དང་། ཙ་ཤ་དང་། ཙ་ཀོར་དང་། བྱ་གག་རྒོད་དང་། རྒྱགས་བྱེད་རི་སྐེགས་དང་། ཀ་ཏ་མ་ཀ་དང་། ཀ་ཙ་རུ་ཙ་ཀ་དང་། ཀ་ར་རུ་བེ་ཀ་དང་། དེ་དག་ལ་སོགས་པ་བྱའི་ཚོགས་རྣམས་གནས་ཏེ། དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་འདོད་ཆགས་ཀྱི་གནོད་པ་མེད་དོ། ཞེ་སྡང་དང་། གཏི་མུག་གི་གནོད་པ་མེད་དོ། །གཅིག་ལ་གཅིག་མི་ཟའོ། །


DKG039_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གཅིག་ལ་གཅིག་ཕ་མར་འདུ་ཤེས་ཤིང་གནས་སོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཤིང་གི་ཚོགས་བརྒྱ་སྟོང་དུ་མ་ཡལ་ག་སྟུག་ཅིང་ལོ་མ་རྒྱས་ལ་འདབ་ན་དྲང་སྲོང་གནས་པ་དག་ཡོད་པ་ལ་འདི་ལྟ་སྟེ། ཐང་ཤིང་དང་། པླག་ཤ་དང་། ཨ་ཤྭད་ཐ་དང་། པི་པི་ལིང་གི་ཤིང་དང་། རྒྱ་སྐྱེགས་ཤིང་དང་། ཧ་རི་ཏ་དང་། ཨ་རུ་རའི་ཤིང་དང་། སྐྱུ་རུ་རའི་ཤིང་དང་། བ་རུ་རའི་ཤིང་དང་། སཱ་ལ་དང་། ཏཱ་ལ་དང་། ནག་ཏམ་ལ་དང་། དོང་ཀའི་ཤིང་དང་ཨ་མྲ་དང་། འཛམ་བུའི་ཤིང་དང་། ཁམ་ཤིང་དང་ཀ་པིད་ཐ་དང་། རྒྱ་ཤུག་གི་ཤིང་དང་། སེང་ལྡེང་དང་། མུ་ཏུ་ལུང་ག་དང་། བལ་པོ་སེའུ་ཤིང་དང་། སྟ་རྒ་ཤིང་། ཏིན་ཏུ་ཀ་དང་། ཀུང་ཛ་ཀ་དང་། དྷ་བ་ཀ་དང་། ས་ར་ལ་དང་། ཨེ་ལ་དང་། ཀྵུ་པ་དང་། ནྱ་གྲོ་དྷ་དང་། དྲི་ནི་མ་དང་། འབྲ་གོ་དང་། ཀམ་པི་ལ་དང་། པ་ལ་ཤ་དང་། ནི་ཡ་མ་དང་། ཀ་ཀེ་རི་ཡ་དང་། ནི་ཏྱ་པི་ལོ་ད་དིང་། པོག་དཀར་པོའི་ཤིང་དང་། སྲ་ཙི་པོག་གི་ཤིང་དང་། ཤིང་ཀུན་ཤིང་དང་། ཙན་དན་དང་། ཙན་དན་དམར་པོ་དང་། ཨུ་བ་ཏ་དང་། ས་ཀ་བི་ཙ་དང་། གར་རྫ་དང་། བི་གར་རྫ་དང་། གསེར་ཤིང་། པ་ན་ས་དང་། རྒུན་ཤིང་དང་། ཤིང་བལ་ཤིང་དང་། པ་རི་ཀྵ་ཏྲ་དང་། ཧི་ལ་སྟེ་ལྷ་དང་བཅས་པ་དག་གོ །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ཐང་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་དག་སྐྱེ་བ་འདི་ལྟ་ལྟེ། ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། བཱར་ཤི་ཀ་དང་། སྣ་མའི་མེ་ཏོག། དྲི་མཆོག་དང་། ཡུ་ཐི་ཀ་དང་། ད་ནུ་སྐ་རི་དང་། བལ་ལ་དང་། ཏ་ར་ནི་དང་། གབ་ཏ་ར་ནི་དང་། ཀང་ས་གུ་ན་དང་། ལུག་མིག་དང་། ཧ་རི་ནི་ཀ་དང་། མད་ཏ་ལི་ཀ་དང་། མན་ཛུ་པུ་སྤི་ཀ་ཀ་སྟེ། མེ་ཏོག་སྣ་ཆོགས་དེ་ལྟ་བུ་དག་གིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་གང་ཞིང་མཛེས་སོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་དག་སྐྱེ་བ་འདི་ལྟ་སྟེ། ཨུད་པ་ལ་དང་། པད་


DKG039_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། པང་ཀ་ནི་རི་ཏི་ཀ་དང་། ཀང་ཀ་ར་དང་། ཀང་ཀ་ར་ཆེན་པོ་སྟེ། དེ་དག་ལ་སོགས་པ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་མཛེས་པར་བྱས་སོ། ། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་ནམ་གྱི་གུང་ཐུན་ལ་སྤྲིན་ཆེན་པོ་མངོན་བར་འདུས་ཏེ། ཐོག་མར་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆར་གྱི་སྤྲིན་ལྷའི་བུ་མངོན་བར་བསྒྲགས་ནས་བ་འཇོས་ཙམ་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཟིམ་བུ་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ། དེས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོའི་ཁོར་ཁོར་ཡུག་ཚིམ་པར་བྱས་ནས་ཐོ་རངས་སྤྲིན་ལྷ་གྱེས་ཤིང་ནམ་མཁའ་ལ་སྤྲིན་མེད་པར་གྱུར་ནས་དེར་ཡང་བསིལ་ཞིང་འཇམ་ལ་སིམ་བར་བྱེད་པའི་རླུང་ལྡང་སྟེ། དེ་དག་གིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པའི་སེམས་ཅན་རྣམས་རྟས་པར་བྱེད། སིམ་བར་བྱེད། ཚིམ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མས་ཕྲེང་བ་བསྒྱུས་ཟིན་ནས་ཆུས་བཏབ་པ་དང་དེའི་ཕྲེང་བ་དེ་དག་སྔ་མ་བས་ཆེས་བཟང་བར་འགྱུར་བ་དེ་བཞིན་དུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་རྟག་ཏུ་རྒྱུན་མི་འཆད་པར་ནམ་གྱི་གུང་ཐུང་ལ་སྤྲིན་ཆེན་པོ་མངོན་བར་འདུས་ཏེ། ཐོག་མར་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆར་སྤྲིན་ལྷའི་བུ་མངོན་པར་བསྒྲགས་ནས་བ་འཇོས་ཙམ་གྱིས་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཟིམ་བུ་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ། ཐོ་རངས་སྐྱ་རེངས་ཤར་བའི་དུས་ན་སྤྲིན་ལྷ་གྱེས་ཤིང་ནམ་མཁའ་ལ་སྤྲིན་མེད་པར་གྱུར་ཏོ། ཡང་རིའི་རྒྱལ་པོ་བྱ་རྒོད་ཕུང་པོ་ལ་རྩྭ་སར་པ་དག་སྐྱེ་སྟེ། རེག་བཟོད་པ་དང་ལྡན་པ། དྲི་དང་ལྡན་པ། སྔོ་ཞིང་འཇམ་པ། གཡས་ཕྱོགས་སུ་འཁྱིལ་པ་དག་སྐྱེ་བ་འདི་ལྟ་སྟེ། དཔེར་ན་རྨ་བྱའི་མགྲིན་པའམ་སྤུའི་ཁ་དོག་བཞིན་ནོ། འདི་ལྟ་སྟེ། དཔེར་ན་བར་ཤ་ཀའི་མེ་ཏོག་གི་དྲི་བཞིན་ནོ། འདི་ལྟ་སྟེ། དཔེར་ན་ཀ་ཙ་ལིན་དའི་


DKG039_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལ་རེག་པ་བཞིན་ཏེ། རྐང་མཐིལ་བཞག་ན་ནི་སོར་བཞིས་ནེམས་ཤེས་བྱེད་པ། རྐང་མཐིལ་བཏེགས་ན་ནི་སོར་བཞིས་པར་ཞེས་བྱེད་པ། མེ་ཏོག་དང་། འདབ་མ་དང་། འབྲས་བུ་དང་ལྡན་པ་བལྟ་བས་ཆོག་མི་ཤེས་པ་དག་གོ །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་འབབ་ཆུའི་དོད་དང་། མཚོ་བྲན་དང་། མཚོ་དང་། མཚེའུ་དང་། རྫིང་རྣམ་པ་མང་པོ་བསིལ་བའི་ཆུས་རབ་ཏུ་གང་བ་དག་ཡོད་དེ། དེ་དག་ལས་པད་མ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་དང་། མེའི་ཁ་དོག་ལྟ་བུ་དང་། གསེར་གྱི་ཁ་དོག་ལྟ་བུ་ཆེ་ཁྱད་ཤིང་རཏའི་འཕང་ལོ་ཙམ་དག་སྐྱེ་སྟེ། དེ་དག་བཅད་ན་དྲི་ངད་ཕྱོགས་བཞི་ཀུན་ཏུ་དཔག་ཚད་ཙམ་དུ་ལྡང་ངོ་། རིའི་རྒྱལ་པོ་དེའི་ཙཻ་མོ་ལ་པད་མའི་གདན་ཆེན་པོ་ཨན་དྷ་རྙིལ་གཞན་གྱིས་མི་ཚུགས་པ་རྡོ་རྗེ་ལྟ་བུའི་ཆུ་བ་ཅན། བཻ་དཱུཪྻ་ཆེན་པོས་མཐའ་བསྐོར་བ། འཛམ་བུའི་ཆུ་བོའི་གསེར་དྲི་མ་མེད་པའི་འདབ་མ་རྒྱས་པ། ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་སྙིང་པོ་རྣམ་པར་དག་པ། རིན་པོ་ཆེ་རྡོའི་སྙིང་པོའི་ཟ་བ་དང་ལྡན་པ། ཚད་རྒྱ་མཚོ་ལྟར་ཡངས་ཤིང་རྒྱ་ཆེ་བ། ལྷ་མ་ཡིན་གྱི་དབང་པོས་ཡས་སྙིང་པོ་ཀུན་དུ་བཟུང་བ། ནོར་བུ་རིན་པོ་ཆེ་ས་ཡའི་དྲ་བ་སྣ་ཚོགས་ཀྱིས་གཡོགས་པ། ཀླུའི་དབང་པོ་ས་ཡས་སྤྲིན་ལས་སྤོས་ཆུའི་ཆར་ཡང་ཕབ་པ། ནམ་མཁའ་ལྡིང་གི་དབང་པོ་ས་ཡས་ཁ་ནས་དར་སྤྱངས་ཤིང་རི་མོ་བྱས་པ། མིའམ་ཅིའི་དབང་པོ་ས་ཡས་ཕན་པའི་སེམས་ཀྱིས་བལྟས་པ། ལྟོ་འཕྱེ་ཆེན་པོའི་དབང་པོ་ས་ཡས་གདོང་གིས་ཕྱག་འཚལ་ཞིང་རི་མོ་བྱས་པ། དྲི་ཟའི་དབང་པོ་ས་ཡས་བསྟོད་ཅིང་བསྔགས་ལ་མཆོད་པ། ལྷའི་དབང་པོ་ས་ཡས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱི་སྤྲིན་གྱི་ཆར་ཕབ་པ། ཚངས་པའི་དབང་པོ་ས་ཡས་མགོ་བོས་ཕྱག་འཚལ་


DKG039_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རི་མོ་བྱས་པ། གནས་གཙང་མའི་རིས་ཀྱི་ལྷའི་བུ་ས་ཡས་ཐལ་མོ་སྦྱར་ནས་ཕྱག་བྱས་པ། མིའི་དབང་པོ་འཁོར་ལོས་སྒྱུར་བ་ས་ཡས་ནོར་བུ་རིན་པོ་ཆེ་སྣ་བདུན་དང་ལྡན་བས་བསུ་བྱ། རྒྱ་མཚོའི་ལྷ་ས་ཡས་བསུ་ཞིང་ཕྱག་བྱས་པ། ནོར་བུ་རིན་པོ་ཆེ་སྐར་མ་དོགས་ས་ཡས་འོད་ཟེར་གྱིས་སྣང་བར་བྱས་པ། བསོད་ནམས་ཀྱིས་དག་པའི་ནོར་བུ་རིན་པོ་ཆེ་ས་ཡས་ཤིན་ཏུ་ངེས་པར་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བྱེད་ས་ཡས་སྙིང་པོ་དྲི་མ་མེད། ནོར་བུ་རིན་པོ་ཆེ་དཔལ་གྱི་འོད་ཟེར་ས་ཡས་དཔལ་རབ་ཏུ་ཐལ་ལེ་བ། ནོར་བུ་རིན་པོ་ཆེ་མཛོད་སྣ་ཚོགས་ས་ཡས་མཐའ་ཡས་པར་སྣང་བ། ནོར་བུ་རིན་པོ་ཆེ་འཛམ་བུའི་རྒྱལ་མཚན་ས་ཡས་ལེགས་པར་བཟུང་བས་བརྟན་བར་གྱུར་པ། ནོར་བུ་རིན་པོ་ཆེ་རྡོ་རྗེ་སེང་གེ་ས་ཡས་གཞན་གྱིས་མི་ཐུབ་པ་བཀོད་པ། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ས་ཡས་རྒྱ་ཆེར་སྤྲས་པ། ནོར་བུ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ས་ཡས་ཁ་དོག་སྣ་ཚོགས་ཀྱི་རི་མོ་བྱས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ས་ཡས་མི་ཟད་པ་བཀོད་པས་རི་མོ་བྱས་པ་བྱུང་སྟེ། པད་མོ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་ངེས་པར་བྱུང་བ། བྱང་ཆུབ་སེམས་དཔའི་བསམ་པས་མནོས་པ། ཕྱོགས་ཐམས་ཅད་དུ་མངོན་དུ་གོ་བར་བྱེད་པ། སྒྱུ་མར་གྱུར་པའི་ཆོས་ལས་ངེས་པར་བྱུང་བ་དྲི་ང་བ་མེད་པའི་ལས་ལས་སྐྱེས་པ། ཉོན་མོངས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་བཀོད་པ། རྨི་ལམ་ལྟ་བུའི་ཆོས་ཉིད་ཀྱིས་ཀུན་དུ་རྒྱུ་བ། མངོན་བར་འདུ་བྱེད་པ་མེད་པའི་ཆོས་ཉིད་ཀྱི་རྒྱས་བཏབ་པ། ཆགས་པ་མེད་པ་དང་ལྡན་པ། ཕྱོགས་ཀུན་ཏུ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་བྱེད་པ། སངས་རྒྱས་ཀྱི་ཡུལ་རབ་ཏུ་བརྗོད་པ་དང་འཐུན་བ་སྟེ། དེའི་རྣམ་པ་དང་། ཡོན་ཏན་དང་། དབྱིབས་དང་། ཁ་དོག་དང་། བཀོད་པའི་མཐའ་ནི་བསྐལ་པ་གྲངས་མེད་པར་ཡང་རྟོགས་པར་མི་ནུས་པའི་པད་མ་ཆེན་པོ་དེ་ལ་བཅོམ་ལྡན་འདས་སྐྱིལ་མོ་དཀྲུང་བཅས་ནས་བཞུགས་ཏེ། འདི་ལྟར་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་པ་ལ་


DKG039_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། ཚེ་དང་ལྡན་བ་ཀུན་ཤེས་ཀོའུ་དི་ནྱ་དང་། ཚེ་དང་ལྡན་བ་རྟ་ཐུལ་དང་། ཚེ་དང་ལྡན་བ་རླངས་པ་དང་། ཚེ་དང་ལྡན་བ་མིང་ཆེན་དང་། ཚེ་དང་ལྡན་བ་འཆར་ཀ་དང་། ཚེ་དང་ལྡན་བ་གྲགས་པ་དང་། ཚེ་ལྡན་བ་གང་པོ་དང་། ཚེ་དང་ལྡན་བ་དྲི་མ་མེད་དང་། ཚེ་དང་ལྡན་བ་བ་ལང་བདག་དང་། ཚེ་དང་ལྡན་བ་ལག་བཟངས་དང་། ཚེ་དང་ལྡན་བ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་བ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་བག་ཡ་འོད་སྲུང་དང་། ཚེ་དང་ལྡན་བ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་བ་ཀཱ་ཏྱཱའི་བུ་དང་། ཚེ་དང་ལྡན་བ་ཤཱར་དྭ་ཏིའི་བུ་དང་། ཚེ་དང་ལྡན་བ་མཽང་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་བ་མ་འགགས་པ་དང་། ཚེ་དང་རབ་འབྱོར་དང་། ཚེ་དང་ལྡན་བ་ནམ་གྲུ་དང་། ཚེ་དང་ལྡན་བ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་བ་ཉེ་བར་འཁོར་དང་། ཚེ་དང་ལྡན་བ་སྒྲ་གཅན་ཟིན་དང་། ཚེ་དང་ལྡན་བ་ཀུན་དགའ་བོ་ལ་སོགས་པ་དགེ་སློང་བརྒྱས་སྟོང་ཐམས་ཅད་ཀྱང་བདེན་པའི་ངོ་བོ་ཉིད་ཀྱི་ཚུལ་མངོན་བར་རྫོགས་པར་རྟོགས་པ། ཡང་དག་པའི་མཐའ་མངོན་སུམ་དུ་གྱུར་པ། ཆོས་ཀྱི་རང་བཞིན་ལ་ཞུགས་པ། སྲིད་པའི་རྒྱ་མཚོ་ལས་རྒལ་བ། དེ་བཞིན་ཉིད་ནམ་མཁའ་ལ་ལྟ་བུའི་སྤྱོད་ཡུལ་བ། ཀུན་དུ་སྦྱོར་བ་དང་བག་ལ་ཉལ་གྱི་འཆིང་བ་བཅད་པ། གནས་དང་རྟེན་ལ་མ་ཆགས་པ། ནམ་མཁའ་ལྟར་ཞི་བ་ལ་རྣམ་པར་རྒྱུ་བ། སངས་རྒྱས་ལ་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་ཟ་བ་བཅད་པ། སངས་རྒྱས་ཀྱི་རྒྱ་མཚོ་ལ་མོས་བའི་ལམ་དུ་ཞུགས་པ། འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ། གསོལ་བ་མ་བཏབ་པར་དགེ་བའི་བཤེས་གཉེན་བྱེད་པ། སེམས་ཅན་ཐམས་ཅད་བསྲུང་བར་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་མཛའ་བཤེས་སུ་གྱུར་བ། སངས་རྒྱས་ཀྱི་བསྟན་པའི་སྤྱོད་ཡུལ་ལས་ངེས་པར་བྱུང་བ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་ཞུགས་པ། སངས་རྒྱས་ཀྱི་བསྟན་པ་ཀུན་དུ་འཛིན་པར་སྨོན་ལམ་བཏབ་པ། དེ་བཞིན་གཤེགས་པའི་གདུང་རིགས་འབྱུང་བར་མངོན་དུ་ཕྱོགས་པ། ཐམས་ཅད་མཁྱེན་པའི་


DKG039_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མངོན་དུ་གྱུར་པ་ཤ་སྟག་གོ །ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ། བྱག་ཆུང་སེམས་དཔའ་ཡེ་ཤེས་བླ་མའི་ཡེ་ཤེས་ཅན་དང་། རིན་ཆེན་བླ་མའི་ཡེ་ཤེས་ཅན་དང་། སྐད་ཐམས་ཅད་ཤེས་པ་ཅན་དང་། ཐོགས་པ་མེད་པའི་ཡེ་ཤེས་ཅན་དང་། མེ་ཏོག་བླ་མའི་ཡེ་ཤེས་ཅན་དང་། ཉི་མའི་བླ་མའི་ཡེ་ཤེས་ཅན་དང་། ཟླ་བའི་བླ་མའི་ཡེ་ཤེས་ཅན་དང་། དྲི་མ་མེད་པའི་བླ་མའི་ཡེ་ཤེས་ཅན་དང་། རྡོ་རྗེའི་ཡེ་ཤེས་ཅན་དང་། རྡུལ་མེད་ཡེ་ཤེས་ཅན་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་ཡེ་ཤེས་ཅན་དང་། བྱང་ཆུབ་སེམས་དཔའ་སྣང་བའི་རྒྱལ་མཚན་དང་། ལྷུན་པོ་རྒྱལ་མཚན་དང་། རིན་ཆེན་རྒྱལ་མཚན་དང་། མ་ཆགས་རྒྱལ་མཚན་དང་། མེ་ཏོག་རྒྱལ་མཚན་དང་། དྲི་མེད་རྒྱལ་མཚན་དང་། ཉི་མའི་རྒྱལ་མཚན་དང་། མཛེས་པའི་རྒྱལ་མཚན་དང་། རྡུལ་མེད་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སའི་གཟི་བརྗིད་དང་། རིན་པོ་ཆེའི་གཟི་བརྗིད་དང་། གཟི་བརྗིད་ཆེན་པོ་དང་། ཡེ་ཤེས་རྡོ་རྗེའི་གཟི་བརྗིད་དང་། དྲི་མ་མེད་པའི་གཟི་བརྗིད་དང་། ཉི་མའི་གཟི་བརྗིད་ང་། ཟླ་བའི་གཟི་བརྗིད་དང་། བསོད་ནམས་རིའི་གཟི་བརྗིད་དང་། ཡེ་ཤེས་སྣང་བའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་དཔལ་གྱི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། པད་མའི་སྙིང་པོ་དང་། རིན་པོ་ཆེའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ཡོན་ཏན་རྣམ་པར་དག་པའི་སྙིང་པོ་དང་། ཆོས་ཀྱི་རྒྱ་མཚོའི་སྙིང་པོ་དང་། རྣམ་པར་སྣང་བའི་སྙིང་པོ་དང་། ལྟེ་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཉི་མའི་མིག་དང་། རྣམ་པར་དག་པའི་མིག་དང་། དྲི་མ་མེད་པའི་མིག་དང་། མ་ཆགས་པའི་མིག་དང་། ཀུན་དུ་ལྟ་བའི་མིག་དང་། ཡེ་ཤེས་ཤིན་དུ་རྣོ་བའི་མིག་དང་། རྡོ་རྗེའི་མིག་དང་། རིན་པོ་ཆེའི་མིག་དང་། ནམ་མཁའི་མིག་དང་། བྱང་


DKG039_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཀུན་ནས་མིག་དང་བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་དང་། ཆོས་ཀྱི་དབྱིངས་སྣང་བའི་ནོར་བུའི་ཅོད་པན་དང་། བྱང་ཆུབ་ཀྱི་སྙིང་པོའི་ནོར་བུའི་ཅོད་པན་དང་། ཕྱོགས་རྣམ་པར་སྣང་བའི་ཅོད་པན་དང་། སངས་རྒྱས་ཐམས་ཅད་བྱུང་བའི་སྙིང་པོའི་ཅོད་པན་དང་། འཇིག་རྟེན་ཐམས་ཅད་ལས་འཕགས་པའི་ཅོད་པན་དང་། ཀུན་རྣམ་པར་སྣང་བའི་ཅོད་པན་དང་། ཟིལ་གྱིས་མི་ནོན་པའི་ཅོད་པན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་གཡོགས་པའི་ཅོད་པན་དང་། བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་ཀུན་ནས་སྣང་བའི་ཅོད་པན་དང་། བྱང་ཆུབ་སེམས་དཔའ་ཚངས་པའི་དབང་པོའི་གཙུག་པུད་དང་ཀླུའི་དབང་པོའི་གཙུག་པུད་དང་། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་སྣང་བའི་གཙུག་པུད་དང་། བྱང་ཆུབ་ཀྱི་སྙིང་པོའི་གཙུག་པུད་དང་། སྨོན་ལམ་ཐམས་ཅད་ཀྱི་རྒྱ་མཚོའི་དབྱིངས་ཀྱི་ནོར་བུའི་རྒྱལ་པོའི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་འགྲོལ་བའི་ནོར་བུ་རིན་བུ་ཆེ་རབ་ཏུ་བསྒྲགས་པའི་གཙུག་པུད་དང་། ནམ་མཁའི་དཀྱིལ་འཁོར་ཐམས་ཅད་དབྱེར་མེད་པའི་རྣམ་པར་རིག་པའི་ནོར་བུ་རིན་པོ་ཆེས་བརྒྱན་པའི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་སྣང་བའི་རྒྱལ་མཚན་གྱི་ནོར་བུ་རིན་པོ་ཆེའི་དྲ་བས་གཡོགས་པའི་གཙུག་པུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་དབྱངས་ཀྱི་གཙུག་པུད་དང་། བྱང་ཆུབ་སེམས་དཔའ་དུས་གསུམ་ཐམས་ཅད་ཀྱི་འཁོར་ལོའི་དབྱངས་ཀྱི་གཙུག་པུད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་འོད་ཆེན་དང་། དྲི་མ་མེད་པའི་འོད་དང་། རིན་པོ་ཆེའི་འོད་དང་། རྡུལ་མེད་འོད་དང་། སྐར་མའི་འོད་དང་། ཆོས་ཀྱི་འོད་དང་། ཞི་བའི་འོད་དང་། ཉི་མའི་འོད་དང་། རྣམ་པར་སྤྲུལ་བའི་འོད་དང་། བྱང་ཆུབ་སེམས་དཔའ་ལྷའི་འོད་དང་། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཏོག་དང་། ཡེ་ཤེས་ཀྱི་ཏོག་དང་། ཆོས་ཀྱི་ཏོག་དང་། མངོན་པར་ཤེས་པའི་ཏོག་དང་། འོད་ཀྱི་ཏོག་དང་། མེ་ཏོག་གི་ཏོག་དང་། ནོར་བུའི་ཏོག་དང་། བློའི་ཏོག་དང་། ཚངས་པའི་ཏོག་དང་།


DKG039_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཀུན་ནས་སྣང་བའི་ཏོག་དང་། བྱང་ཆུབ་སེམས་དཔའ་ཚངས་པའི་དབྱངས་དང་། རྒྱ་མཚོའི་དབྱངས་དང་། ས་ངེས་པར་སྒྲོགས་པའི་དབྱངས་དང་། འཇིག་རྟེན་དབང་པོའི་དབྱངས་དང་། རིའི་དབང་པོའི་དབྱངས་དང་། རིའི་དབང་པོའི་རྒྱལ་པོ་ཀུན་དུ་རྡོབ་པའི་དབྱངས་དང་། ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་དབྱངས་དང་། ཆོས་ཀྱི་རྒྱ་མཚོ་ཐམས་ཅད་བསྒྲགས་པའི་དབྱངས་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇོམས་པའི་དབྱངས་དང་། སྙིང་རྗེ་ཆེན་པོའི་ཚུལ་གྱི་འབྲུག་ངེས་པར་བསྒྲགས་པའི་དབྱངས་དང་། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའི་སྒྲ་དབྱངས་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་། ཁྱད་པར་འཕགས་དང། ཡེ་ཤེས་འཕགས་དང་། བསོད་ནམས་རི་རབ་འཕགས་དང་། ཡོན་ཏན་མཆོག་རབ་འཕགས་དང་། གྲགས་པ་འཕགས་དང་། ཀུན་ནས་སྣང་འཕགས་དང་། བྱམས་པ་ཆེན་པོ་འཕགས་དང་། ཡེ་ཤེས་སྣང་བ་འཕགས་དང་། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གདུང་རིགས་འཕགས་དང་། བྱང་ཆུབ་སེམས་དཔའ་འོད་དཔལ་དང་། མཆོག་རབ་དཔལ་དང་། ཆོས་འཕགས་དཔལ་དང་། རྣམ་པར་སྣང་བའི་དཔལ་དང་། ཆོས་དཔལ་དང་། ཟླ་བ་དཔལ་དང་། ནམ་མཁའ་དཔལ་དང་། རིན་ཆེན་དཔལ་དང་། ཏོག་དཔལ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་དང་། བྱང་ཆུབ་སེམས་དཔའ་ས་ལའི་དབང་པོའི་རྒྱལ་པོ་དང་། ཆོས་ཀྱི་དབང་པོའི་རྒྱལ་པོ་དང་། གླང་པོ་ཆེའི་དབང་པོའི་རྒྱལ་པོ་དང་། ཚངས་པའི་དབང་པོའི་རྒྱལ་པོ་དང་། རིའི་དབང་པོའི་རྒྱལ་པོ་དང་། ཚོགས་ཀྱི་དབང་པོའི་རྒྱལ་པོ་དང་། ལྷའི་དབང་པོ་རྒྱལ་པོ་དང་། ཞི་བའི་དབང་པོ་རྒྱལ་པོ་དང་། མི་གཡོ་བའི་དབང་པོ་རྒྱལ་པོ་དང་། ཁྱུ་མཆོག་གི་དབང་པོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་གི་དབང་པོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་སྒྲ་དང་། ཆགས་པ་མེད་པའི་སྒྲ་དང་། སའི་དབྱངས་སྒྲ་དང་། རྒྱ་མཚོའི་དབྱངས་སྒྲ་དང་། སྤྲིན་གྱི་དབྱངས་སྒྲ་དང་། ཆོས་སྣང་བའི་སྒྲ་དང་། ནམ་མཁའི་དབྱངས་སྒྲ་དང་། བྱང་ཆུབ་


DKG039_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དགེ་བའི་རྩ་བ་ཐམས་ངེས་པར་བསྒྲགས་པའི་སྒྲ་དང་། སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྐུལ་བའི་སྒྲ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དབྱངས་སྒྲ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ལྷུན་པོའི་བློ་དང་། ནམ་མཁའི་བློ་དང་། དྲི་མ་མེད་པའི་བློ་དང་། ཆགས་པ་མེད་པའི་བློ་དང་། སད་པའི་བློ་དང་། དུས་གསུམ་སྣང་བའི་བློ་དང་། རིན་པོ་ཆེའི་བློ་དང་། ཡངས་པའི་བློ་དང་། ཀུན་ནས་སྣང་བའི་བློ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་ཚུལ་སྣང་བའི་བློ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་པོ་ཐམས་ཅད་ཀྱང་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས་ངེས་པར་བྱུང་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པས་སྤྱོད་ཡུལ་ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐད་དུ་འགྲོ་བས་ལུས་མཐའ་ཡས་པར་བྱིན་གྱིས་རློབས་པ། སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་ཐམས་ཅད་རྣམ་པར་རིག་པས་མཐའ་ཡས་པ་ལ་དམིགས་པའི་མིག་དཀྱིལ་འཁོར་རྣམ་པར་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོར་འགྲོ་བ་རྒྱུན་མི་གཅོད་པས་འགྲོ་བ་ཚད་མེད་པ། ཆོས་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ཤེས་པའི་སྣང་བ་ནོད་པས་སྣང་བ་མཐའ་ཡས་པ། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པས་བསྐལ་པ་མཐའ་ཡས་པར་ཡོན་ཏན་མི་ཟད་པར་སྟེན་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་པས་ནམ་མཁའི་ཁམས་ཀྱིས་ཀླས་པ། བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བའི་ཡུལ་གཟུགས་ཀུན་དུ་སྟོན་པས་གནས་པ་མེད། སེམས་ཅན་མེད་པ་དང་ལྡན་པའི་དབྱིངས་ཡོངས་སུ་ཤེས་པས་རབ་རིབ་མེད་པ། ཆོས་དབྱིངས་ཐམས་ཅད་འོད་ཟེར་གྱི་དྲ་བས་རྒྱས་པར་འགེངས་པས་ཤེས་རབ་ནམ་མཁའ་ལྟ་བུ། སེམས་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་བ། གཟུངས་ཀྱི་རིགས་ཐམས་ཅད་ཤེས་པའི་ཡུལ་དང་ལྡན་པ། ཏིང་ངེ་འཛིན་གྱིས་ཕ་རོལ་གནོན་པ་ལ་འཇིགས་པ་མེད་པ། ཆོས་དབྱིངས་གནས་པའི་མཐར་ཐུག་པའི་མིག་ཅན། ཆོས་ཐམས་ཅད་མི་དམིགས་པར་གནས་པ་ཐོབ་པ། ཤེས་རབ་རྒྱ་མཚོ་མཐའ་ཡས་རྣམ་པར་


DKG039_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ། ཡེ་ཤེས་དམ་པའི་ཕ་རོལ་དུ་སོན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོབ་པ། རྫུ་འཕྲུལ་གྱི་ཕ་རོལ་དུ་ཕྱིན་པས་འགྲོ་བ་མཆོག་ཐམས་ཅད་ཀྱི་ཕ་རོལ་དུ་སོན་པ། ཏིང་ངེ་འཛིན་མཚོག་ལ་དབང་ཐོབ་པ་ཤ་སྟག་གོ །དགེ་སློང་མ་ལྔ་བརྒྱ་དང་ཡང་ཐབས་གཅིག་པ་ལ་འདི་ལྟ་སྟེ། གཽ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོ་དང་། དགེ་སློང་མ་བདེ་མ་དང་། དགེ་སློང་མ་ཨུད་པ་ལའི་མདོག་དང་། དགེ་སློང་མ་གཽ་ཏ་མཱི་སྐེམ་མོ་དང་། སྒྲ་གཅན་ཟིན་གྱི་མ་དགེ་སློང་མ་གྲགས་འཛིན་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་དང་ཡང་ཐབས་གཅིག་གོ །དགེ་བསྙེན་ལྔ་བརྒྱ་ཙམ་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ། དགེ་བསྙེན་གཟི་བརྗིད་བཟང་པོ་དང་། སའི་གཟི་བརྗིད་དང་། ཤེས་རབ་འོད་དང་། གྲགས་པའི་གཟི་བརྗིད་དང་། གྲགས་མཆོག་གཟི་བརྗིད་དང་། བློ་གྲོས་བཟང་དང་། ཟླ་བའི་དཔལ་དང་། ཟླ་བ་དགའ་དང་། ཆེར་དགའ་དང་། སྒྲ་གཅན་དང་། ཆེར་བཟང་ལ་སོགས་པ་དགེ་བསྙེན་ལྔ་བརྒྱ་དང་ཡང་ཐབས་གཅིག་གོ །དགེ་བསྙེན་མ་ལྔ་བརྒྱ་ཙམ་ལ་འདི་ལྟ་སྟེ། དགེ་བསྙེན་མ་འོད་ཆེན་དང་། འོད་བཟང་དང་། ལུས་བཟངས་དང་། མངོན་དགའ་ལུས་དང་། བཟང་མོ་དང་བཟད་དཔལ་དང་། ཟླ་འོད་དང་། ཏོག་འོད་དང་། དཔལ་འོད་དང་། མིག་བཟངས་ལ་སོགས་པ་དགེ་བསྙེན་མ་ལྔ་བརྒྱ་དང་ཐབས་གཅིག་གོ །དེ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཅོམ་ལྡན་འདས་ཆོས་སྟོན་ཏེ། འདི་ལྟ་སྟེ། སྡོམ་པ་གསུམ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོའི་ལེའུ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་བརྗོད་པ། ཆོས་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྣང་བ། ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་འདུ་བར་སྣང་བ་། ཞིང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྤྱོད་པའི་རྒྱན། ཕས་ཀྱིས་རྒོལ་བ་ཐམས་ཅད་རྣམ་པར་འཐོབ་པ། བདུད་ཀྱི་རྩོད་པའི་ཕ་རོལ་གྱི་དམག་ཚོགས་རབ་ཏུ་འཇོམས་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་


DKG039_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ། སེམས་ཅད་ཐམས་ཅད་ཀྱི་སེམས་ཀྱི་ཐིབས་པོ་སྣང་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཞིན་དུ་འཁོར་ལོ་སྐོར་བར་སྣང་བ་རབ་ཏུ་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཆོས་ཚོལ་བ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་ཚོལ་བ་དེ་དག་གིས་ཆོས་ཇི་ལྟ་བུ་དག་གཅིག་ཡང་དག་པར་བླངས་ཏེ་གནས་བར་བགྱི། དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་རྣམས་ནི་ཇི་ལྟ་བུ་ཞིག་ལགས། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་ཅིང་ཐོབ་པར་འགྱུར་བའི་ཆོས་རྣམས་ནི་ཇི་ལྟ་བུ་ཞིག་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཁྱོད་སྐྱེ་བོ་མང་པོ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། འདི་ལྟ་བུའི་གནས་དག་འདྲི་བར་སེམས་པ་ནི་འོད་སྲུང་ཁྱོད་ལེགས་སོ་ལེགས་སོ། །འོད་སྲུང་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་གི་དང་བཤད་དོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དང་། སངས་རྒྱས་ཀྱི་སྟོབས་དང། མི་འཇིགས་པ་ཚོལ་བའི་སེམས་ཅད་དེ་ལྟ་བུ་དེ་དག་གིས་དེ་དག་གང་ལ་བརྟེན་ནས་དགེ་བའི་རྩ་བ་རྣམས་སྐྱེ་བར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །འོད་སྲུང་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ཞིང་སངས་རྒྱས་ཀྱི་ཆོས་


DKG039_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་འདུས་མ་བྱས་གཞན་བར་སེམས་ཤིང་འདུས་མ་བྱས་ལས་སངས་རྒྱས་ཀྱི་ཆོས་གཞན་བར་སེམས་ལ། སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་ཤིང་འདུ་ཤེས་ལ་སྤྱོད་པར་འགྱུར་བའམ། སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་པའོ་སྙམ་དུ་ཤེས་པ་དེ་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་ལོག་པ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་བ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་སུ་སེམས་ན་དེ་བདག་དུ་འཛིན་པ་ཉིད་ཡིན་པའི་ཕྱིར་རོ། །ཉིན་གཅིག་བཞིན་དུ་སྦྱོར་བས་དེ་ལ་བརྩོན་པར་བྱེད་ན་དེ་ནི་དེའི་བདག་ཏུ་འཛིན་པ་ཡིན་ཏེ་འབྲལ་བ་མ་ཡིན་ནོ། །གང་མ་བྲལ་བ་དེ་སེམས་པའོ། །གང་སེམས་པ་དང་། གང་གིས་སེམས་པ་དང་། གང་ལ་སེམས་པ་དེ་རྣམ་པར་ཉམས་པའོ་གང་རྣམ་པར་ཉམས་བདེ་རྣམ་པར་རྒྱུག་གོ། །གང་རྣམ་པར་རྒྱུག་པ་དེ་ཀུན་དུ་རྒྱུག་གོ །གང་ཀུན་དུ་རྒྱུག་པ་དེ་རྗེས་སུ་འགྲོའོ། གང་རྗེས་སུ་འགྲོ་བ་དེ་རྟོག་གོ །གང་རྟོག་པ་དེ་རྣམ་པར་རྟོག་གོ །གང་རྣམ་པར་རྟོག་པ་དེ་རབ་ཏུ་རྟོག་གོ །གང་རབ་ཏུ་རྟོག་པ་དེ་ཀུན་དུ་རྟོག་གོ །གང་ཀུན་དུ་རྟོག་པ་དེ་མ་ཞི་བའོ། །གང་མ་ཞི་བ་དེ་གཡོན་ཕྱོགས་པའོ། །གང་གཡོན་ཕྱོགས་བ་དེ་འཁྱམ་བའོ། །གང་འཁྱམ་པ་དེ་ཕོངས་བའོ། ཅིས་ཕོངས་ཞེ་ན། བདེ་བས་ཕོངས་སོ། །བདེ་བ་གང་ཞེ་ན། གང་ལ་ཀུན་དུ་རྟོག་པ་མེད་པ་དེ་བདེ་བའོ། །གང་ཕོངས་པ་དེ་སྐྱོན་ཅན་ནོ། །སྐྱོན་ཅན་གང་ཡིན་པ་དེ་ཉེ་བར་འགྲོ་བའོ། །གང་ཉེ་བར་འགྲོ་བ་དེ་བག་ལ་ཉལ་བའོ། །བག་ལ་ཉལ་བ་གང་ཡིན་པ་དེ་མཚམས་སྦྱོར་བའོ། །གང་མཚམས་སྦྱོར་བ་དེ་རྣམ་པར་མཚམས་སྦྱོར་བའོ། གང་རྣམ་པར་མཚམས་སྦྱོར་བ་དེ་ཡོངས་སུ་མཚམས་སྦྱོར་བའོ། །གང་ཡོངས་སུ་མཚམས་སྦྱོར་བ་དེ་རྣམ་པར་སྨྲ་བའོ། ། གང་རྣམ་པར་སྨྲ་བ་དེ་སྨྲ་བ་ལྐུགས་བའོ། །གང་སྨྲ་བ་ལྐུགས་པ་དེ་མྱ་ངན་བྱེད་པའོ། །གང་མྱ་ངན་བྱེད་བ་དེ་ཚིག་པར་བྱེད་པའོ། །གང་ཚིག་པར་བྱེད་པ་དེ་ཉམས་པ་སྟེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་ཆོས་ཤེས་གང་ལ་གནས་པའི་དྲ་བ་ཅན་ནོ། །འདི་ལ་ཆོས་གང་


DKG039_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནས་པ་མེད་མོད་ཀྱི། འོན་ཀྱང་འདུ་ཤེས་ཀྱི་རྒྱུན་གྱིས་འདུ་ཤེས་བཅིངས་ཤིང་། འདུ་ཤེས་བཅིངས་བས་འདུ་ཤེས་ཀྱི་རྒྱུན་ཏེ། དེས་ན་འདུ་ཤེས་ཀྱིས་བཅིངས་པ་ཞེས་བྱའོ། །མ་བྱུང་བའི་གནས་ནི་འདོད་ཆགས་ཀྱི་གནས། ཁྲོ་བའི་གནས། ཞེ་སྡང་གི་གནས། གཏི་མུག་གི་གནས་ཏེ། ཡང་དག་པ་མ་ཡིན་བའི་ཀུན་རྟོག་པ་ལ་རྟོག་རྣམ་པར་རྟོག །དཔྱོད་རྣམ་པར་དཔྱོད་པས་དེའི་ཕྱིར་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་མི་འཐོབ་བོ། །འོད་སྲུང་དེ་ལྟར་ན་སྲེད་པའི་གནས་ཏེ། ཅིའི་ཕྱིར་སྲེད་པའི་གནས་ཞེས་བྱ་ཞེ་ན། གང་སྲེད་པ་ཞེས་བྱ་བའི་ཆོས་དེ་ཡང་གང་ཡང་མེད་ལ་འདི་ལ་གང་གིས་སྲེད་པའི་ཆོས་གང་ཡང་མེད་ཅིང་། དེ་ལ་གང་ལ་སྲེད་པའི་ཆོས་ཀྱང་གང་ཡང་མེད་པའི་ཕྱིར་རོ། །འོན་ཀྱང་སྲེད་པ་ཞེས་མངོན་བར་ཞེན་པས་མངོན་པར་ཞེན་ཏེ་ནམ་མཁའ་ལ་སྦག་པར་བྱེད་དོ། །གང་ནམ་མཁའ་ལ་སྦག་པར་བྱེད་པ་དེས་སྦགས་པ་རྙེད་པར་འགྱུར་ཏེ། བདག་གིས་སྦགས་པ་དང་། སེམས་ཅན་གྱིས་སྦགས་པ་དང་། དགེ་བ་དང་མི་དགེ་བས་སྦགས་པའོ། །འོད་སྲུང་དེ་ལྟར་ན་མེད་པའི་ཆོས་རྣམས་ཀྱིས་རྟོག་པར་བྱེད་པ་དེ་ནི་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་ལ་དངོས་པོའི་འདུ་ཤེས་ཅན་དེ་ནི་བྱང་ཆུབ་ལ་དངོས་པོར་བྱེད་དོ། །གང་བྱང་ཆུབ་ལ་དངོས་པོར་བྱེད་པ་དེ་ནི་བདག་གི་འདུ་ཤེས་ཅན་ནོ། །བདག་གི་འདུ་ཤེས་ཅན་གང་ཡིན་པ་བ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །ཅིའི་ཕྱིར་བདག་གི་འདུ་ཤེས་ཅན་ཞེས་བྱ་ཞེ་ན། འདུ་ཤེས་མི་དམིགས་པའི་ཕྱིར་ཏེ། གང་ལ་འདུ་ཤེས་མི་དམིགས་པ་དེ་ལ་འདུ་ཤེས་ཅན་མེད་དེ་དེའི་ཕྱིར་བདག་གི་འདུ་ཤེས་ཅན་ཞེས་བྱོ། །འདི་ལྟ་སྟེ། བདག་གི་འདུ་ཤེས་ཞེས་བྱ་བ་དེ་ནི་ཡང་དག་པ་མ་ཡིན་པའི་གཞིའི་ཚིག་བླ་དགས་སོ། །འོན་ཀྱང་སེམས་ཅན་ཡོངས་སུ་རྫོགས་པ་གང་ཡིན་བ་དེ་བྱང་ཆུབ་ཡོངས་སུ་རྫོགས་པའོ། །དེ་ལ་བྱང་ཆུབ་གང་ཞེ་ན། གང་སྒྱུ་མར་གྱུར་པ་ཡོངས་སུ་རྫོགས་པའོ། །སྒྱུ་མར་གྱུར་པ་ཡང་གང་ཞེ་ན། སེམས་ཅན་ཆེན་པོར་འདུ་ཤེས་ཤིང་སྨྲ་བ་དང་། སྲོག་ཆེན་པོར་འདུ་ཤེས་ཤིང་


DKG039_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའོ། །གང་འདུ་ཤེས་དང་། འདུ་ཤེས་ལ་གནས་པར་བྱེད་པ་དེ་འདུ་ཤེས་མེད་པ་དང་། འདུས་ཤེས་མེད་པ་ལ་གནས་པར་བྱེད་པའོ། །གང་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པ་ལ་གནས་པ་དེ་རྒྱགས་པར་བྱེད་པའོ། །གང་རྒྱགས་པར་བྱེད་པ་དེ་སྡུག་བསྔལ་དང་། སྡུག་བསྔལ་ལ་ཀུན་དུ་རྒྱུག་གོ །གང་སྡུག་བསྔལ་དང་། སྡུག་བསྔལ་ལ་ཀུན་དུ་རྒྱུག་པ་དེ་སྨྲ་བ་ལ་རྒྱུག་ཅིང་གནས་པའོ་ཞེས་དེ་བཞིན་གཤེགས་པས་གསུངས་སོ། །ཅིའི་ཕྱིར་སྨྲ་བ་ལ་རྒྱུག་ཅིང་གནས་པ་ཞེས་བྱ་ཞེ་ན། ཤིན་ཏུ་ཡིད་ལ་བྱེད་པའི་ཕྱིར་རོ། །གང་ལ་ཡིད་ལ་བྱེད་པ་ཡོད་པ་དེ་ལ་ངར་འཛིན་པ་ཡོད་དོ། །གང་ལ་ངར་འཛིན་པ་ཡོད་པ་དེ་ལ་བྱེད་པ་ཡོད་དོ། །གང་ལ་བྱེད་པ་ཡོད་པ་དེ་ལ་ཤིན་དུ་ཡོད་དོ། །གང་ལ་ཤིན་དུ་ཡོད་པ་དེ་ཀུན་དུ་བརྗོད་པ་དང་། ཉེ་བར་བརྗོད་པ་དང་། གནས་པར་བྱེད་བའོ་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་བྱུང་བའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་སྟེང་གི་བར་སྣང་ལས་སྤྲིན་གྱི་ཕུང་པོ་བྱུང་བ་དེ་དག་ནི་ཤར་ཕྱོགས་ནས་མ་འོངས། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན། སྟེང་ནས་མ་ཡིན། འོག་གནས་མ་ཡིན། ཕྱོགས་ནས་མ་ཡིན། ཕྱོགས་མཚམས་ནས་ཀྱང་མ་འོངས་ཏེ། དེ་བཞིན་གཤེགས་པ་ཡང་དག་པ་གསུང་བས་དེ་ཕྱོགས་བཅུ་ནས་མ་འོངས་པར་མཁྱེན་ནས་དོན་གྱི་ཚུལ་དང་། རིགས་པའི་ཚུལ་དང་། ཡང་དག་པའི་ཚུལ་གྱིས་སྤྲིན་གྱི་ཕུང་པོ་མེད་པའོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་གསུངས་ཏེ། དེས་ན་ཕུང་པོ་མེད་པ་ནི་སྤྲིན་གྱི་ཕུང་པོ་ཞེས་བྱའོ། །ཅིའི་ཕྱིར་སྤྲིན་གྱི་ཕུང་པོ་ཞེས་བྱ་ཞེ་ན། ཡངས་པའི་གནས་ཀྱིས་སོ། །ཡངས་པའི་གནས་ཇི་ལྟ་བུས་ཞེ་ན། མཚན་མ་སྣ་ཚོགས་ཀྱི་སྦྱོར་བས་ལྡིང་བའི་མཚན་མའོ་ཞེས་རྒྱུད་འཁྲུལ་གྱི། དེ་ལ་ནི་ལྡིང་བར་རྣམ་པར་ཤེས་པར་བྱེད་པ་གང་ཡང་མེད་དོ། །སྤྲིན་གྱི་ཕུང་པོ་ནི་ལྡིང་བའི་མཚན་མ་ལས་བྱུང་བ་ལ་ལྟོས། དེ་ལ་ལྡིང་བའི་མཚན་མ་གང་ཡིན་བ་དེ་ནི་མཚན་མ་མེད་པའོ། གང་


DKG039_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་བར་ཤིན་ཏུ་འདུ་ཤེས་པ་དེ་ནི་སྤྲིན་གྱི་ཕུང་པོ་མ་ཡིན་ནོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་མི་གཞན་ཞིག་ལ་འདི་སྐད་ཅེས་སྨྲས་ཏེ་། གྲིབ་མ་དེར་དེད་ལ་འཁོད་པར་བྱའོ། དེ་ནས་མཁས་པའི་རང་བཞིན་ཅན་གྱི་མི་དེས་འདི་སྐད་ཅེས་སྨྲ་ཏེ། ལོ་བོ་ནི་སྤྲོ་བ་མེད་དེ་འདི་ན་འདུག་གོ །དེས་འདི་སྐད་ཅེས་སྨྲས་ཏེ། ཁོ་བོ་ནི་ཁྱོད་ལ་མི་ཟེར་གྱི་གྲིབ་མ་འདི་ལ་ཟེར་རོ། །དེས་ནི་སྐད་ཅེས་སྨྲས་ཏེ། ཀྱེ་མ་ཁྱོད་ཀྱིས་གང་གྲིབ་མ་དེས་སྨྲས་བ་དེ་ནི་གྲིབ་མ་མེད་པ་སྨྲས་སོ་ཞེས་ཟེར་ན། འོད་སྲུང་མི་དེས་ཐ་སྙད་ཀྱི་གནས་ཇི་སྙེད་པ་དེ་གང་གིས་རྗེས་སུ་རྟོགས་པ་ལ་ལྟོས། འོད་སྲུང་མི་དེས་ཐ་སྙད་ཀྱི་གནས་ཇི་སྙེད་པ་དེ་གང་གིས་རྗེས་སུ་རྟོགས་པ་ལ་ལྟོས། འོད་སྲུང་དེ་བཞིན་དུ་དེ་བཞིན་གཤེགས་པས་ཚོས་རྣམས་ཀྱི་ཚུལ་མཁྱེན་ནས་འཁོར་ལ་ཡང་དག་པར་སེང་གེའི་སྒྲ་སྒྲོག་གོ། །འོད་སྲུང་དེ་བཞིན་གཤེགས་པ་ནི་བཞེད་ན་འཐུན་པའི་ཆོས་རྣམས་ལ་མི་མཐུན་པའི་འདུ་ཤེས་ཅན་དུ་གནས་ཏེ། སེམས་ཅན་རྣམས་ཀྱི་བདག་གི་འདུ་ཤེས་གང་པ་དེ་ནི་དེ་བཞིན་གཤེགས་པའི་དོན་དམ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་མཁྱེན་ལ་དེ་བཞིན་པས་མཁྱེན་པའི་ཕྱིར་ཏེ། སེམས་ཅན་གྱི་འདུ་ཤེས་གང་ཡིན་བ་དེ་ནི་འདུ་ཤེས་མེད་པའོ། །དེ་ལ་བྱིས་བའི་རང་བཞིན་ཅན་ལ་ལ་ཞིག་གྲིབ་མ་དེའི་ལྡེམ་པོ་དག་དམ་པ་མ་ཤེས་པ་དེ་ནི་དེ་བཞིན་གཤེགས་པ་ལ་རྒོལ་ཏེ། དེས་ན་ངས་འདི་འདི་སྐད་དུ་འཇིག་རྟེན་ནི་ང་ལ་རྒོལ་ཏེ། དེས་ན་ངས་འདི་སྐད་དུ་འཇིག་རྟེན་ནི་ང་ལ་རྒོལ་གྱི། ང་ནི་འཇིག་རྟེན་དང་མོ་བརྩོད་དོ། ། ཞེས་གསུངས་སོ། །དེ་ལ་འཇིག་རྟེན་གང་ཞེ་ན། འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །ཅིའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་ལ་བྱ་ཞེ་ན། དེ་བཞིན་གཤེགས་པས་ཇི་ལྟར་མཁྱེན་པ་འཇིག་རྟེན་ཡང་དེ་བཞིན་ཏེ། དེའི་ཕྱིར་སེམས་ཅན་ལ་འཇིག་རྟེན་ཞེས་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་ཤེས་པ་དེ་ནི་འཇིག་རྟེན་པ་རབ་ཏུ་འཇིག་པའོ། །ཉམས་པར་འགྱུར་བ་རྣམ་པར་ཉམས་པར་འགྱུར་བའོ། །འདི་ལྟ་སྟེ། རྣམ་པར་འཇིག་རྟེན་པ་དེ་ནི་དེ་དག་གི་ཐ་སྙད་འདི་གོ་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་འཇིག་རྟེན་འདི་ན་གནས་པ་དེ་དག་རྣམ་པར་འཇིག་པ་ཆེན་པོར་འགྱུར་བའི་ཕྱིར་ཏེ།


DKG039_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་འཇིག་རྟེན་འདི་ན་གནས་པ་དེ་དག་ནི་བརྐམ་པའོ། །གང་དག་བརྐམ་པ་དེ་དག་ཁྲོ་བའོ། གང་དག་ཁྲོ་བ་དེ་དག་རྨོངས་པའོ། །གང་དག་རྨོངས་པ་དེ་དག་མ་དག་པའོ། །གང་དག་མ་དག་པ་དེ་དག་འགལ་བའོ། །སུ་དང་འགལ་ཞེ་ན། དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་འགལ་ལོ། །གང་དག་འགལ་བ་དེ་དག་རྗེས་སུ་འཛིན་པའོ། །གང་དག་རྗེས་སུ་འཛིན་པ་དེ་དག་སོ་སོར་འཛིན་པའོ། །གང་དག་སོ་སོར་འཛིན་པ་དེ་དག་སྲིད་པ་ཚོལ་བའོ། །གང་དག་སྲིད་པ་ཚོལ་བ་དེ་དག་ཚོལ་བའོ། །གང་དག་ཚོལ་བ་དེ་དག་ཡོངས་སུ་ཚོལ་བའོ། །གང་དག་ཡོངས་སུ་ཚོལ་བ་དེ་དག་འདོད་པ་ཆུང་བ་མ་ཡིན་ནོ། །གང་དག་འདོད་པ་ཆུང་བ་མ་ཡིན་པ་དེ་དག་བྱ་བ་མང་བའོ། །གང་དག་བྱ་བ་མང་བ་དེ་དག་འདོད་པ་ཆེ་བའོ། །གང་དག་འདོད་པ་ཆེ་བ་དེ་དག་འདོད་པའི་ཁམས་བག་ལ་ཉལ་བར་བྱེད། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་བག་ལ་ཉལ་བར་བྱེད་དོ། །གང་དག་བག་ལ་ཞེ་ན་པར་བྱེད་པ་དེ་དག་བག་ལ་ཉལ་བར་བྱེད་དོ། གང་དག་བག་ལ་ཉལ་བར་བྱེད་པ་དེ་དག་རྒྱུན་དང་། རྒྱུན་ཕྱོགས་སུ་འགྲོ་བའོ། །གང་དག་རྒྱུན་དང་རྒྱུན་ཕྱོགས་སུ་འགྲོ་བ་དེ་དག་འཆི་བར་འགྲོ་བའོ། །གང་དག་འཆི་བར་འགྲོ་བ་དེ་དག་མྱ་ངན་ལས་འདས་པར་མི་འགྲོ་བའོ། །གང་དག་མྱ་ངན་ལས་འདས་པར་མི་འགྲོ་བ་དེ་དག་འགྲོ་བ་མ་ཡིན་བར་འགྲོ་བའོ། །གང་དག་འགྲོ་བ་མ་ཡིན་བར་འགྲོ་བ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བར་འགྲོ་བའོ། །འོད་སྲུང་དེ་ལྟར་ན་བཀྲ་མི་ཤིས་པའི་སྦྱོར་བས་སྦྱོར་གྱིས། ཁྲོ་བ་དང་འཁྲུག་པས་མི་སྦྱོར་བ་མ་ཡིན། རྣམ་པར་འཇིག་པས་མ་ཡིན་ནོ། །གང་དག་རྣམ་པར་འཇིག་པས་མ་ཡིན་བ་དེ་དག་གི་འདུ་ཤེས་ལ་རྣམ་པར་རྟོག་པར་མི་བྱེད་དོ། །གང་དག་བདག་གི་འདུ་ཤེས་ལ་རྣམ་པར་རྟོག་པར་མི་བྱེད་པ་དེ་དག་གང་ཞེ་འམ་ངའི་ཞེས་གོང་བུར་བྱེད་དོ། །ཟག་པར་བྱེད་དོ། །ཅིའི་ཕྱིར་ང་འམ་ངའི་ཞེས་བྱ་ཞེ་ན། ཡང་དག་པ་མ་ཡིན་བ་ལ་འཛིན་པས་འདུ་ཤེས་


DKG039_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སྣ་ཚོགས་ཀྱིས་གནས་ནས་ལས་མངོན་བར་འདུ་བྱེད་དེ། གང་དག་འདུ་ཤེས་རྣམ་པ་སྣ་ཚོགས་དག་གིས་གནས་ནས་ལས་མངོན་བར་འདུ་བྱེད་བ་དེ་དག་བདག་ལ་ངའོ་སྙམ་དུ་འཛིན་བའི་ཕྱིར་རོ། །ཅིའི་ཕྱིར་ངའི་ཞེས་བྱ་ཞེ་ན། བརྣབ་སེམས་དང་ངའི་དང་འདོད་བ་རྣམས་ཀྱིས་འདུ་འཛི་ལ་མངོན་བར་གཏོད་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་འཇིག་པར་བྱེད་པ་དང་། གཞན་ལ་གནོད་སེམས་ཀྱི་སེམས་སུ་བྱེད་པ་དང་། ཁྲོ་བས་ཟིལ་གྱིས་ནོན་པ་དང་། དེ་ཡང་བདག་ལ་རྣམ་པར་ང་རྒྱལ་བྱེད་པ་དང་། འབྲུ་རྗེན་པ་བདག་གིར་བྱེད་པ་དང་། ལེན་པ་དང་། སྡུད་པ་དང་། ཉེ་བར་བྱེད་པ་སྟེ། དེའི་ཕྱིར་ངའི་ཞེས་བྱའོ་། །གང་དག་ང་ཡིར་བྱེད་པ་དེ་དག་འཁྱམ་བའོ། །གང་དག་འཁྱམ་བ་དེ་དག་རྨོངས་པའོ། །གང་དག་རྨོངས་པ་དེ་དག་སྡང་བའོ། །གང་དག་སྡང་བ་དེ་དག་གཤེ་བའོ། །གང་དག་གཤེ་བ་དེ་དག་ཟ་བའོ། །གང་དག་ཟ་བ་དེ་དག་ཚིག་པའོ། །གང་དག་ཚིག་པ་དེ་དག་ཡོངས་སུ་ཚིག་པ་སྟེ། འདོད་པའི་འདོད་ཆགས་ཀྱིས་བུད་མེད་ཀྱི་འདུ་ཤེས་དང་། སྐྱེས་པའི་འདུ་ཤེས་དང་། སྲོག་གི་འདུ་ཤེས་ཀྱིས་བདག་གིར་བྱེད་དེ། དེའི་ཕྱིར་ངའི་ཞེས་བྱའོ། །ཡང་དོན་དུ་ན་དེ་ནི་བདག་ལ་མི་སྙན་པ་བརྗོད་པ་ཞེས་བྱ་སྟེ། བདག་གི་ཕྱིར་བྱིས་པའོ། །བྱིས་པའི་ཚུལ་བག་ལ་ཉལ་བར་བྱེད་དོ། །དེས་ན་ངའི་ཞེས་བྱའོ། །འོད་སྲུང་དེ་ལྟར་གང་ཆོས་འདི་དག་མ་ཐོས་པར་བྱང་ཆུབ་ཏུ་ཁས་འཆེ་བ་འམ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁས་འཆེ་བ་དེ་སྤྱོད་པ་ཁས་འཆེ་བའོ། །འོད་སྲུང་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་བ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །འོད་སྲུང་བྱང་ཆུབ་སེམས་དཔའ་གང་གི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཚང་བར་འགྱུར་བ་དང་། ཚོགས་པར་འགྱུར་བ་དང་། དག་པར་འགྱུར་བ་དང་། རྣམ་པར་དག་པར་འགྱུར་བ་དང་། ཡོངས་སུ་དག་པར་འགྱུར་བ་དང་། རྣམ་བར་གནོན་བར་འགྱུར་བའི་སྐབས་ཡོད་དོ། །དེ་དག་ཆོས་ཀྱང་སྟོན་ཏེ། ཆོས་དེ་དག་གནམ་མཁའ་ལྟར་བྱས་ཀྱི་ཆོས་དེ་དག་ཕུང་པོར་མ་བྱས་སོ། །དེ་དག་རིགས་པ་རྣམས་ལ་ཆོས་


DKG039_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟོན་ཏེ། མི་རིགས་པ་རྣམས་ལ་མ་ཡིན་ནོ། །ཡོན་ཏན་དང་ལྡན་བ་རྣམས་ལ་སྟེ། ཉེས་པར་གནས་པ་རྣམས་ལ་མ་ཡིན་ནོ། །ཚུལ་དང་ལྡན་བ་རྣམས་ལ་སྟེ། །ཚུལ་ངན་བ་རྣམས་ལ་མ་ཡིན་ནོ། །ཁྱེད་ཀྱིས་ཆོས་དེ་དག་གཟུང་བར་བྱ་སྟེ། །ཇི་ལྟར་ཆོས་ལ་མངོན་བར་ཞེན་བར་མི་འགྱུར་བ་དེ་ལྟར་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་མཆོག་གསུང་བའི་ཕྱིར་ཏེ། སེམས་ཅན་གཟུང་བར་འོས་པ་རྣམས་ཀྱི་དོན་གྱི་ཕྱིར་དྲིས་པ་དེ་ལ་ངས་ཆོས་ཀྱི་མཆོག་གིས་ལན་གདབ་པར་བྱའོ། །དེ་ལ་ཆོས་ཀྱི་མཆོག་གང་ཞེ་ན། གང་ལ་ཆོས་ཀྱི་འདུ་ཤེས་མེད་བའོ། །འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་ཏུ་ཚུལ་ཁྲིམས་དང་ལྡན་བར་འགྱུར་རོ། །གང་གི་སེམས་ལ་རྗེས་སུ་འགྱོད་པ་ཡོད་པ་ནི་མཚམས་མེད་པ་བྱེད་པར་མི་འགྱུར། དགེ་སློང་མ་སུན་བར་བྱེད་པར་མི་འགྱུར། ཁྱིམ་གྱི་ནང་དུ་འདྲེ་བར་མི་འགྱུར། སྲོག་གཅོད་པར་མི་འགྱུར། མ་བྱིན་པར་ལེན་པར་མི་འགྱུར། འདོད་པ་ལ་ལོག་པར་གཡེམ་པར་མི་འགྱུར། བརྫུན་སྨྲ་བར་མི་འགྱུར། ཕྲ་མ་སྨྲ་བར་མི་འགྱུར། ངག་རྩུབ་པོ་སྨྲ་བར་མི་འགྱུར། ཚིག་ཀྱལ་པ་སྨྲ་བར་མི་འགྱུར། བརྣབ་སེམས་ཅན་དུ་མི་འགྱུར། གནོད་སེམས་ཅན་དུ་མི་འགྱུར། ལོག་པར་ལྟ་བར་མི་འགྱུར། བདག་ལ་གནོད་པ་བྱ་བར་མི་སེམས། གཞན་ལ་གནོད་པ་བྱ་བར་མི་སེམས། འདུ་བ་འདོད་བར་མི་འགྱུར། ལོངས་སྤྱོད་ལ་འདོད་པར་མི་འགྱུར། རྒྱལ་བར་བྱ་བའི་རྩེ་མོ་རྣམས་གཞན་དག་ལ་བརྗོད་པར་མི་བྱེད། བདག་ཀྱང་མི་བྱེད། མ་ནིང་དང་སྟེན་པར་མི་བྱེད། སྨད་འཚོང་མ་སྤྱོད་ཡུལ་བར་མི་འགྱུར། ཡུགས་མོ་སྤྱོད་ཡུལ་བར་མི་འགྱུར། ན་ཆུད་ཆེན་མོ་སྤྱོད་ཡུལ་བར་མི་འགྱུར། བྱ་བ་དང་འདྲི་བར་མི་འགྱུར། ཉ་བ་དང་འདྲེ་བར་མི་འགྱུར། རི་དགས་ཀྱི་རྔོན་བ་དང་འདྲེ་བར་མི་འགྱུར། གསོད་པ་དང་འདྲེ་བར་མི་འགྱུར། གདོལ་བ་དང་འདྲེ་བར་མི་འགྱུར། གཞན་གྱི་ཆུང་མ་དང་སྟེན་བར་མི་འགྱུར། མི་ར་རོ་བའི་ལག་ནས་འཛིན་པ་འམ་རྩོད་བར་མི་བྱེད་དེ། དེ་དག་ཁྱོད་དང་གདོལ་པ་ལྟར་ཡོངས་སུ་སྤོང་བས་ཡོངས་སུ་སྤོད་དོ། །གང་དག་ཡོངས་སུ་སྤངས་


DKG039_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལ་འཁྲུལ་བའི་སེམས་བསྐྱེད་པ་གཅིག་ཙམ་གྱི་སེམས་ཀྱང་མི་སྐྱེད་དོ། །དེ་ལྟར་ན་བྱམས་པའི་རྣམ་པ་ལ་ཞུགས་པའི་སེམས་ཀྱིས་གནས་ཉི་ཤུ་ཡོངས་སུ་སྤོང་ངོ། །ཉི་ཤུ་གང་ཞེ་ན། བུད་མེད་ཡོངས་སུ་སྤོང་ཞིང། སུ་དང་ཡང་སྤྲོས་པར་མི་བྱེད་ལ་སུ་དང་ཡང་འཐམ་བར་མི་བྱེད་ཅིང་སྨྲ་བ་ལ་ཕྱིར་སྨྲ་བར་མི་བྱེད་པ་དང་། ཕ་མ་ལ་མི་གུས་པར་མི་འགྱུར་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་གུས་པར་མི་འགྱུར་བ་དང་། ཉི་ཤི་མ་ཚང་བར་བུད་མེད་ཀྱི་འཁོར་ལ་ཆོས་མི་འཆད་ཅིང་གལ་ཏེ་སྐྱེས་པའི་གནས་ན་གནས་པར་གྱུར་ན་དེའི་ཚེ་ཆོས་སྟོན་པ་དང་། དགེ་སློང་མའི་ཕུན་སུམ་ཚོགས་པར་ཐམས་ཅད་ཀྱི་ཐམས་ཅད་ཏུ་འགྲོ་བར་མི་བྱ་བ་དང་། དགེ་སློང་མས་དྲིས་པའི་ལན་གདབ་པར་མི་བྱ་བ་དང་། བུད་མེད་ཀྱི་ཡི་གེར་བྲི་བར་མི་བྱ་བ་དང་། གསོལ་བ་མ་བཏབ་པར་སྦྱིན་བར་མི་བྱ་བ་དང་། གཉེན་མདབ་ཀྱིས་འགྲོན་དུ་བོས་པ་རྣམ་པ་ཐམས་ཅད་ཏུ་བདག་གིར་མི་བྱ་བ་དང་། རྣམ་པ་ཐམས་ཅད་ཏུ་འདོད་ཆགས་དང་བཅས་པས་རྗེས་སུ་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་མདུན་དུ་ཡུད་ཙམ་ཡང་གནས་པར་མི་བྱ་བ་དང་། དེ་གཅིག་པུ་དབེན་བར་མི་བྱ་སྟེ། རང་གི་ཡུལ་བསྟན་པ་རྣམ་པ་ཐམས་ཅད་ཏུ་བརྗོད་པར་མི་བྱ་བ་དང་། དགེ་སློང་མས་བསྐུགས་པ་ལ་རྣམ་པ་ཐམས་ཅད་ཏུ་སླར་བསྐུགས་པར་མི་བྱ་། དགེ་སློང་མས་བྱིན་པའི་ཆོས་གོས་རྣམ་པ་ཐམས་ཅད་ཏུ་བགོ་བར་མི་བྱ་སྟེ། གཞན་དུ་ན་འཁོར་བཞི་པོ་རྣམས་ཀྱི་ནང་ན་འདུག་ཅིང་ཆོས་འཆད་པའི་ཚེ་ཆོས་ལ་དགབ་པར་བྱིན་པ་ནི་མ་གཏོགས་ཏེ་། དེ་ལ་ཡང་དེས་ས་དང་མཚུངས་པའི་སེམས་ཀྱིས་ཡིད་ལ་བྱེད་པར་བསྒྱུར་ནས་སྤྱད་པར་བྱ་བ་དང་། ཡང་དེའི་ངོར་བལྟ་བར་མི་བྱ་བ་དང་། རྣམ་པ་ཐམས་ཅད་ཏུ་དགེ་སློང་མས་བྱས་པའི་ཆོས་གོས་ཉན་པའི་གནས་སུ་ཡང་བགོ་བར་མི་བྱ་བ་དང་། ནམ་ཡང་དགེ་སློང་མས་འགྲོན་དུ་བོས་པ་ལ་རྣམ་པ་ཐམས་ཅད་ཏུ་ཁས་བླང་བར་མི་བྱ་ན། བདེ་བ་འམ་ནད་མེད་པའི་རང་བཞིན་ཅན་ལྟ་ཅི་སྨོས་པ་དང་། ཡུག་ས་མོས་འགྲོན་དུ་བོས་ན་དགེ་འདུན་མེད་པར་རྣམ་པ་ཐམས་ཅད་དུ་ཁས་བླང་བར་མི་བྱ་བ་དང་། དགེ་སློང་མའི་དབྱར་ཁང་དུ་རྣམ་པ་ཐམས་ཅད་དུ་


DKG039_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་མི་བྱ་བ་དང་། རྣམ་པ་ཐམས་ཅད་ཏུ་དགེ་སློང་མ་དབང་དུ་མི་བྱ། གལ་ཏེ་དགེ་སློང་མས་བོས་ན་ཡང་ལག་པ་བསྣོལ་ལ་མགོ་སྨད་དེ་ས་ཕྱོགས་དེ་ནས་འགྲོ་བར་བྱ་བ་དང་། ཆོས་སྟོན་ཅིང་འདུག་པའི་གན་དུ་དགེ་སློང་མ་རྐང་པ་ལ་ཕྱག་འཚལ་དུ་འོང་ན་སྙིམ་པས་གདོད་བཀབ་སྟེ་འདུག་པར་བྱ་ཞིང་དེས་རྐང་པ་བསྐྱོད་པར་མི་བྱ་སྟེ། སྐྱེས་བུ་དམ་པས་ལུས་དཔའ་བར་མི་བྱའི་རྩེ་གཅིག་ཏུ་ཡིད་ལ་བྱ་བས་སེམས་དཔའ་བར་བྱ་བ་དང་། དངོས་པོ་ཐམས་ཅད་ལ་ཀུན་དུ་འདོད་ཆགས་ཀྱི་སེམས་རྣམ་པ་ཐམས་ཅད་ཏུ་བསྐྱེད་པར་མི་བྱ་བ་དང་། ཁོང་ཁྲོ་བའི་སེམས་རྣམ་པ་ཐམས་ཅད་ཏུ་བསྐྱེད་པར་མི་བྱ་བ་སྟེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་དམ་བཅས་པ་བརྟེན་པར་བྱ་བ་དང་། ཆོས་འདི་དག་ཐོས་ནས་ནན་ཏན་གྱིས་བསྒྲུབ་པར་མངོན་བར་བརྩོན་པར་བྱ་བ་དང་། འོད་སྲུང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་ཞིག་ཆོས་དེ་དག་ཐོས་མ་ཐག་ཏུ་ནན་ཏན་གྱིས་མི་སྒྲུབ་ན་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ནན་ཏན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཀྱི་ནན་ཏན་མེད་པས་ནི་མ་ཡིན་པའི་ཕྱིར་རོ། །འོད་སྲུང་གལ་ཏེ་ནན་ཏན་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཏུ་ཟིན་ན་ནི་རི་བོང་དང་བྱི་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་གང་དག་ལ་ནན་ཏན་མེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་དུ་ཟིན་ན་ནི་འོད་སྲུང་སྒྲ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་ཏེ། སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བརྗོད་པས་སེམས་ཅན་དཔག་ཏུ་མེད་པ་དག་སངས་རྒྱས་སུ་འགྱུར་བའི་རིགས་ས་ོ། །འོད་སྲུང་འདི་ལྟར་ཐ་ན་ཉིན་ཞག་གཅིག་སྤྱོད་པ་འདི་ཡང་དག་པར་སྒྲུབ་པའི་སེམས་ཅད་དག་ཀྱང་དཀོན་ན་གང་བསྐལ་པ་འམ། བསྐལ་པ་བརྒྱ་སྟོང་དུ་ལྟ་ཅི་སྨོས།


DKG039_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་རྙེད་པར་དཀའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ནད་ནས་སེམས་ཅན་གཅིག་ཅིག་བསྐལ་པ་འམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་ན་སངས་རྒྱས་སུ་འགྱུར་རོ། །སངས་སུ་འགྱུར་རོ། །ཞེས་བྱང་ཆུབ་ཀྱི་ཕྱིར་སྨྲས་ལ། སེམས་ཅན་དེ་དག་གིས་ཀྱང་བསྐོར་ཅིང་སངས་རྒྱས་སུ་འགྱུར་རོ། །སངས་རྒྱས་འགྱུར་རོ་ཞེས་སྨྲས་ན་། །རྣམ་གྲངས་འདིས་དབུགས་དབྱུང་བ་དང་རྔུབ་པ་རྒྱུན་ཆད་པར་འགྱུར་གྱི། སེམས་ཅན་རྣམས་ཀྱི་དག་གི་ལས་ནི་རྒྱུན་ཆད་པར་མི་འགྱུར་རོ། །འོད་སྲུང་དེ་ལྟ་བུའི་དག་གི་ལས་ཙམ་གྱིས་ནི་བྱང་ཆུབ་སེམས་དཔས་སེམས་དང་པོ་བསྐྱེད་པར་ཡང་ཡོངས་སུ་སྨིན་པར་བྱ་བ་སླ་བ་མ་ཡིན་ན། བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་བྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་ཡིན་ནོ། །འོད་སྲུང་དུས་དེ་དང་ཚེ་དེ་འབྱུང་བར་འགྱུར་ཏེ་ང་ཡོངས་སུ་མྱ་ངན་ལས་འདས་ཤིང་ཁྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདས་ལ། ལྷ་རྣམས་ཀྱང་སྤྲོ་བ་ཆུང་བའི་ཚེ་ངའི་བསྔགས་པ་ཐོས་ནས་སེམས་ཅན་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། དེ་ལ་དགེ་སློང་གང་དག་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་དེ་དག་ཕལ་ཆེར་ཆོས་ཉི་ཤུ་ལ་གནས་པར་འགྱུར་ཏེ། ཉི་ཤུ་གང་ཞེ་ན། དགེ་སློང་མ་དང་སྟེན་པར་འགྱུར། ཁ་ཟས་ཡོངས་སུ་མ་དག་པ་ཟ་བར་འགྱུར། ཁམ་གྱིས་ཟ་བའི་ཟས་ལ་བརྐམ་པར་འགྱུར། དགེ་སློང་མས་ཡོངས་སུ་བསྒྲུབས་པའི་ཟས་ཟ་བར་འགྱུར་རོ། །འོད་སྲུང་དཔེར་ན་ད་ལྟར་མང་དུ་ཐོས་པའི་དགེ་སློང་དགོན་བ་ན་གནས་སམ། གྲོང་གནས་ཀྱང་རུང་། ཆོས་ཡང་དག་པར་སྡུད་ཅིང་གནས་པ་དེ་བཞིན་དུ་འོད་སྲུང་དེའི་ཚེ་དགེ་སློང་དག་དགོན་པ་ན་གནས་སམ། གྲོང་ན་གནས་ཀྱང་རུང་སྟེ། དགེ་སློང་མ་རྣམས་དང་ལྷན་ཅིག་ཆོས་ཡོངས་སུ་སྡུད་ཅིང་གནས་པར་འགྱུར་རོ། །དེ་དག་འདོད་ཆགས་ཀྱི་སེམས་ཤིན་དུ་མང་དུ་སྐྱེའི་ཆོས་ཀྱི་སེམས་ཅན་ནི་མ་ཡིན་ནོ། །


DKG039_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་དེ་དག་ཀྱང་འདོད་ཆགས་ཀྱི་སེམས་ཤིན་ཏུ་མང་དུ་སྐྱེ་བའི་ཆོས་ཀྱི་སེམས་ནི་ཤིན་དུ་ཉུང་ངོ་། །འོད་སྲུང་ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་མིང་འདི་ཐོས་ནས་ངན་སོང་གི་གཡང་ས་ཆེན་པོར་འགྲོ་བའི་ལམ་རབ་ཏུ་འཛིན་པར་འགྱུར་པ་ལ་ལྟོས། འོད་སྲུང་དེ་ལྟར་ན་དེའི་ཚེ་ཆོས་ཀྱི་མཚན་ཉིད་ཀྱིས་འདུ་འཛིར་འགྱུར་ཏེ། དེ་དག་གཅིག་གིས་གཅིག་མཐོང་ནས་འདོད་ཆགས་ཀྱིས་ཡོངས་སུ་ཚིག་པར་འགྱུར་རོ། །མཆུ་བསྒྱུར་པས་དགོས་པ་གོ་བར་བྱེད་པར་འགྱུར་རོ། །དེ་དག་འདུས་ནས་ཉེ་བར་གནས་པ་དང་། གནས་རྣམས་ཡོངས་སུ་འཛིན་པར་འགྱུར། དེ་དག་ཐོས་མར་སློབ་དཔོན་ལ་ཕྱག་འཚལ་བོར་འགྱུར་རོ་དེའི་འོག་ཏུ་སྨྱན་བྱེད་པ་གཏོང་བར་འགྱུར་རོ། །དེའི་འོག་ཏུ་མིད་ནས་སྨོས་པར་འགྱུར་རོ། །དེའི་འོག་ཏུ་ཁྱིམ་དུ་འཇོག་པར་འགྱུར་རོ། །ཡང་ན་ལམ་པོ་ཆེ་སྟོན་པར་འགྱུར་། གནས་ཁང་སྟོན་པར་འགྱུར། དེ་དག་འཇུག་པ་དང་འབྱུང་བ་ན་ཡང་ཁྱོད་ཅི་འདྲ་ཞེས་འདྲི་བར་འགྱུར། དེ་དག་ཕན་ཚུན་སྣག་གི་གཉེན་མཚམས་དང་སྲིང་མོ་ཞེས་རྗོད་པར་འགྱུར་རོ། །དེ་དག་རྒྱུན་མི་འཆད་པར་ལྟ་བས་གནས་སུ་འདུ་བར་འགྱུར་རོ། །གནས་སུ་འདུས་ནས་འདོད་ཆགས་འདྲེས་པར་འགྱུར་རོ། །འདོད་ཆགས་འདྲེས་ནས་སྤྲོད་པར་འགྱུར་རོ། །སྤྲད་ནས་དེ་ཉིད་ཀྱི་མིང་སྨོས་པར་འགྱུར་ཏེ། དེ་དག་ནི་ཚངས་པར་སྤྱོད་པ་མ་ཡིན་པའི་ཆོས་སྤྱོད་དོ། །གང་ཆོས་མ་ཡིན་བསྟེན་པ་ནི་བྱང་ཆུབ་མེད་པར་འགྱུར། མཐོ་རིས་མེད་པར་གྱུར་ཅིང་མྱ་ངན་ལས་འདས་པ་དང་རིང་ངོ་། །དེ་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་བཏང་། དེ་དག་གིས་ཆོས་བོར་། དེ་དག་གིས་དགེ་འདུན་དོན་དུམ་གཉེར་ཏོ། །དེ་དག་ཕྱོགས་གཅིག་ཏུ་འཁོད་ནས་འདོད་པའི་རྣམ་པར་རྟོག་པ་ལ་རྣམ་པར་རྟོག་པར་འགྱུར་རོ། །གནོད་སེམས་ཀྱི་རྣམ་བར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ལས་ཚངས་པའི་གནས་པ་བཞི་པོ་གང་ཡིན་པ་དེ་དག་ཀྱང་དེ་དག་ལ་མེད་པར་འགྱུར་ཏེ། དཔེར་ན་ད་ལྟར་ཚངས་པའི་གནས་བསྒོམ་བ་དེ་ལྟར་དེའི་དུས་ན་འདོད་པ་ལ་རྣམ་པར་རྟོག་


DKG039_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། གནོད་སེམས་ཀྱིས་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བས་རྣམ་པར་རྟོག་པར་འགྱུར་རོ། །འོད་སྲུང་དེ་ལྟར་དེའི་དུས་ན་སྐྱེས་བུ་དམ་པ་མ་ཡིན་བས་གནས་པར་འགྱུར། རྐུ་བས་གནས་པ་དང་། སྒྱུས་གནས་པར་འགྱུར་རོ། །འོད་སྲུང་དེའི་དུས་ན་ཇི་ཙམ་དུ་མཚམས་ལས་འདའ་བར་འགྱུར་བ་ལ་ལྟོས། ཡང་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྨོད་པར་འགྱུར་ཏེ། སྔོན་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་གནས་ཤིང་སྦྱིན་བ་བྱིན་ནས་ཡིད་ཆེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་དེ་དག་ཕྱིས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར་རོ། །འོད་སྲུང་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར་བའི་རྟགས་ཙམ་དང་། མཚན་ཙམ་འདི་ལ་ལྟོས། དེ་ལ་མཁས་པ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆོས་འཛིན་པ་རྣམས་ཀྱིས་ཇི་ལྟར་མདོ་སྡེའི་ཚིག་ལས་འབྱུང་བའི་དགེ་སློང་བསྟན་པ་འདི་ལྟ་བུ་དག་ཤེས་པར་བྱ། ཡོངས་སུ་སྤང་བར་བྱ་སྟེ། དེ་དག་ལ་ནི་ཆོས་ལ་དགའ་བ་མེད་དོ། །འོད་སྲུང་གཞན་ཡང་དེའི་དུས་ན་དེ་དག་བདག་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པར་འགྱུར། བག་མེད་པར་འགྱུར་རོ། །བག་མེད་པར་གྱུར་པས་རང་སངས་རྒྱས་དང་དགྲ་བཅོམ་པ་དག་པས་ཀྱང་བདག་ཆེས་མཆོག་ཅེས་བརྗོད་པར་འགྱུར་ཏེ། དེ་དག་གསོར་མི་རུང་བ། བྱ་བ་མ་ཡིན་བར་ལྟུང་བ་སྟེ། ལོག་པར་ལྟུང་བར་འགྲོ་བར་འགྱུར་རོ། །འོད་སྲུང་གཞན་ཡང་དེའི་དུས་ན་ལས་མ་ཡིན་བ་ལ་གནས་ཤིང་ལས་མི་བྱེད་པ་དག་འབྱུང་ངོ་། །དེའི་དུས་ན་བྱང་ཆུབ་བརྗོད་པས་ཆེར་སེམས་ཅན་དུ་འཛིན་ཅིང་ཀུན་དུ་ཞེན་ཏོ། །འོད་སྲུང་དེ་ལྟར་ན་དེའི་ཚེ། མཚན་མའི་གནས་སུ་འགྱུར་རོ། །འོད་སྲུང་གཞན་ཡང་དེའི་དུས་ན་ཁ་ཅིག་ལ་ཕ་རོལ་དུ་ཕྱིན་པ་ལྟར་བཅོས་བ་ཤིན་དུ་རྫོགས་པར་འགྱུར། ཤིན་ཏུ་འཇུག་པར་འགྱུར་ཏེ། འདི་ཡང་དེའི་དུས་ན་མཚན་མའི་གནས་སུ་འགྱུར་བའོ། །འོད་སྲུང་གཞན་ཡང་དེའི་དུས་ན་ཡང་ངག་པ་ཇི་ལྟ་བ་བཞིན་དུ་བཤད་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ལ་ཤིན་དུ་སྡང་བར་འགྱུར། ཤིན་ཏུ་འདོར་བར་འགྱུར་ཏེ། མདོ་སྡེ་འདི་


DKG039_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་འདི་དག་གིས་ལོག་པར་ལྟ་བའི་འདུ་ཤེས་སུ་འགྱུར་རོ། །མི་བླུན་པོ་དེ་དག་གིས་འཆལ་པའི་ཚུལ་ཁྲིམས་བརྗོད་པ་འདི་དག་དེ་ལྟར་རྟོག་པར་མི་འགྱུར་རོ། །འོད་སྲུང་ཡང་དེའི་དུས་ན་ཆོན་རྐུན་གྱི་སྐྱོན་མཐའ་དག་ཆགས་པར་འགྱུར་ཏེ། དེ་ལྟ་བས་ན་དེ་དག་ལས་བདག་གིར་བྱ་བ་ཉིད་མ་མཐོང་བའི་ཕྱིར་སངས་རྒྱས་ཀྱི་བྱང་ཆུབ་མ་དཀྲུགས་སོ་ཞེས་གནོད་མི་བསྐུར་བས་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་འགྱུར་རོ། །འོད་སྲུང་གཞན་ཡང་དེའི་དུས་ན་དགེ་འདུན་གྱི་རྗེས་སུ་འགྲོ་བར་མི་འགྱུར་ཏེ། འདི་ཡང་དེའི་དུས་ན་མཚར་མའི་གནས་སུ་འགྱུར་བའོ། །འོད་སྲུང་གཞན་ཡང་དེའི་དུས་ན་ཕལ་ཆེར་བྱས་པ་མི་གཟོ་བར་འགྱུར། བསླུས་པར་འགྱུར་རོ། །ཇི་སྲིད་ཅིག་ཏུ་བསླུས་པར་འགྱུར་ཞེ་ན། གང་དེ་བཞིན་གཤེགས་པས་དེ་དག་གི་བསྙད་པ་བརྗོད་པར་འགྱུར་བ་དེ་སྲིད་ཏུ་སླུས་པར་འགྱུར་རོ། །ཕྱིར་ཞིང་ཚིག་གིས་ཡོངས་སུ་བསླུ་བས་ཟས་མངོན་པར་བསྒྲུབ་པར་འགྱུར་རོ། །འོད་སྲུང་གཞན་ཡང་དེའི་དུས་ན་ཕལ་ཆེར་བྱས་པ་མི་གཟོ་བར་འགྱུར། སོ་སོར་ཐར་པ་ལ་བསྔགས་པར་མི་འགྱུར། ངག་གི་ལས་མ་སྲུངས་པར་འགྱུར་རོ། །དེ་དག་དག་གི་ལས་མ་སྲུང་པས་སྤྱོད་ལམ་མ་སྲུངས་ལ་དེ་དག་རུང་བ་མ་ཡིན་བའི་གནས་ལ་གནས་ཤིང་རུང་བ་མ་ཡིན་པ་ལ་གནས་པ་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། དེ་ལྟར་ཆོས་འདི་ལ་མཐར་གྱིས་ཆེར་འབད་པར་མི་འགྱུར་རོ། །དེ་ལྟར་མཐར་གྱིས་བུད་མེད་དང་ལྷན་ཅིག་གནས་པ་ཤིན་དུ་མང་བར་འགྱུར་ཏེ། དེ་དག་སྐྱེས་པ་རྣམས་སྤངས་ནས་གཙུག་ལག་ཁང་དུ་འདོད་ཞིང་གཙུག་ལག་ཁང་དུ་ཞུགས་ནས་ལྷན་ཅིག་འཁོང་ཅིང་སངས་རྒྱས་ཀྱི་བཀའ་བརྗོད་དེ་མྱ་ངན་ལས་འདས་པ་ལྟར་བཅོས་པའི་གཏམ་རབ་ཏུ་འཆར་བར་འགྱུར་རོ། །འོད་སྲུང་ཆོས་ནི་ལྔ་བརྒྱ་ཀུན་ནས་ཉོན་མོངས་པ་ཡང་ལྔ་བརྒྱར་ཟད་ན་དེའི་ཚེ་མངོན་པར་མི་བརྩོན་བའི་སྐྱེས་བུ་གང་ཟག་གི་ཆོས་མ་ཡིན་པའོ་སྒོ་ནི་མང་བར་ངས་དགོངས་ཏེ། དེའི་དུས་ན་དེ་དག་མི་ཉུང་བར་རྗེས་སུ་འཇུག་པར་འགྱུར། ཁྱིམ་པ་དང་ཚུལ་ཁྲིམས་འདྲ་བར་འགྱུར་ཏེ། འོད་སྲུང་དེའི་དུས་ན་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །


DKG039_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དོན་ཚོལ་ཞིང་བྱང་ཆུབ་ཡོངས་སུ་ཚོལ་བར་འདོད་པས་དགེ་སློང་མ་དང་འདྲེ་བར་མི་བྱ། ད་ལྟར་གནས་པར་མི་བྱའོ། འདྲེ་བ་ཐམས་ཅད་རྣམས་པ་ཐམས་ཅད་དུ་སྤངས་ལ་མི་འདྲེ་བར་བྱའོ། །འཇིག་རྟེན་གྱི་ཟང་ཟིང་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤངས་ལ་བསོད་སྙོམས་སྤྱད་པར་བྱའོ། །གོས་ལ་སྲེད་པ་ཐམས་ཅད་སྤངས་ལ་ཕྱག་དར་ཁྲོད་བར་བྱའོ། །ཁང་པ་བརྩེགས་པ་དང་། གདིང་བ་ཐམས་ཅད་རྣམ་པ་ཐམས་ཏུ་སྤངས་ལ་ཆུ་འགྲམ་དང་། མྱ་ངམ་ལ་བརྟེན་པར་བྱ། རྡོ་ལེབ་དང་ཤིང་དྲུང་དུ་བརྟེན་པར་བྱའོ། །ན་བའི་གསོས་སྨན་དང་། ཡོ་བྱད་ཐམས་ཅད་སྤངས་ལ་བསྐུས་ཏེ་བོར་བ་ལ་བརྟེན་པར་བྱའོ། སེམས་ཅན་ཐམས་ཅད་སྔོན་སྣག་གི་གཉེན་མཚམས་སུ་གྱུར་པར་རིག་ནས་བྱམས་པ་ལ་གནས་པར་བྱ། གཤེ་བ་དང་། བརྡེག་པ་དང་། ཡོངས་སུ་གདུང་བ་རྣམ་པ་ཐམས་ཅད་ཏུ་སྤངས་ལ་བཟོད་པར་བྱའོ། །མཛའ་བཤེས་ཀྱིས་ཁྱིམ་དང་། བསླང་བ་སྟེར་བའི་ཁྱིམ་ཐམས་ཅད་སྤངས་ལ་ལས་བདག་གིར་བྱ་བ་ལ་བསྟེན་པར་བྱའོ། །་ཁྱིམ་པ་དང་འདྲེ་བར་མི་བྱའོ། །དེས་ཇི་སྐད་དུ་ཏུ་བསྟན་པའི་སོ་སོར་ཐར་པ་དང་འཐུན་བར་བྱའོ། འོད་སྲུང་གང་དག་སོ་སོར་ཐར་པ་དང་མི་མཐུན་པར་བྱ་བར་སེམས་པ་དེ་དག་ནི་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་མཐུན་བར་བྱ་བར་སེམས་པའོ། །གང་དག་སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་དང་མི་མཐུན་པར་བྱ་བར་སེམས་པ་དེ་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང་མི་མཐུན་པར་བྱ་བར་སེམས་པ་སྟེ། དེའི་རྣམ་པར་སྨིན་པས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཚོར་བ་དག་གིས་དེའི་ཚོར་བ་དེའི་བརྒྱ་འི་ཆར་ཡང་མི་ཕོད། སྟོང་དང་། བརྒྱ་སྟོང་དང་། བྱེ་བ་བརྒྱ་སྟོང་དང་། གྲངས་དང། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་ཕོད་དོ། །སྡུག་བསྔལ་དང་། ཡིད་མི་བདེ་བ་འདི་ལྟ་བུ་འདི་དག་ཡོངས་སུ་སྤོང་བར་འདོད་པས་དགེ་སློང་དེ་དག་གི་སྤྱོད་པ་འདི་ལྟ་བུ་དེ་དག་དཔག་ཚད་སྟོང་པས་


DKG039_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིང་དུ་ཡོངས་སུ་སྤང་བར་བྱ་སྟེ། བཟླས་པའི་སྒྲ་ཡང་ཡོངས་སུ་སྤང་པ་ར་བྱ་ན་བལྟ་བ་དང་མཉན་པ་ལྟ་ཅི་སྨོས་ཏེ་དེ་དག་ཡོངས་སུ་སྤང་བར་བྱའོ། །ཆོས་གཅིག་ཀུན་དུ་བསྟེན་པར་བྱ་སྟེ། ཆོས་གཅིག་པོ་གང་ཞེ་ན། ཆོས་ཐམས་ཅད་དངོས་པོ་མེད་པོར་གྱུར་པ་སྟེ། གང་གི་ཚེ་བདག་ཀྱང་དེ་དང་འདྲ་བའི་ཚེ་ཆོས་ཐམས་ཅད་ལ་དངོས་པོ་མེད་པའི་བཟོད་པ་དང་ལྡན་བར་འགྱུར་ཏེ། དེ་མི་དེ་ལྟ་བུ་དེ་དག་དང་བསྟེན་པར་མི་བྱེད། བསྙེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། དེས་ཆོས་གཉིས་ཀུན་དུ་བསྙེན་པར་བྱ་སྟེ། གཉིས་གང་ཞེ་ན་ཆོས་ཐམས་ཅད་ལ་དངོས་པོ་མེད་པའི་ཆོས་ཉིད་ཡོངས་སུ་བཙལ་བར་བྱ་བ་དང་། ཡོངས་སུ་བཙལ་བའི་སེམས་བསྐྱེད་པར་མི་བྱའོ། །ཇི་ལྟར་བུར་ཡོངས་སུ་བཙལ་བ་བྱ་ཞེ་ན། ཇི་ལྟར་ཡོངས་སུ་བཙལ་བ་དེ་གཉིས་མི་དམིགས་པར་འགྱུར་བ་ལྟ་བུར་རོ། །དེ་ལ་མི་དམིགས་པས་མི་དམིགས་པའི་སེམས་ཀྱང་བསྐྱེད་པར་མི་བྱ་སྟེ། དེ་ནི་ལོག་པར་བལྟ་བ་ཡིན་པས་ཁམས་གསུམ་པ་ཐམས་ཅད་དང་བྲལ་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྫེས་སུ་འགྲོ་བར་བྱའོ། མཚན་མ་ཐམས་ཅད་མེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འགྲོ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འདི་ཡིན་ཏེ། གང་འདི་དེའི་དུས་ན་བསྟན་པ་ཡིན་ནོ། །གང་དག་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་ཡོངས་སུ་སྤོང་བས་ཡོངས་སུ་སྤོང་བ་དེ་དག་གིས་དེ་བཞིན་གཤེགས་པ་བྱམས་པ་མཉེས་པར་བྱས་ནས་མི་མཉེས་པར་མི་བྱེད། ཐུགས་བྱུང་བར་མི་བྱེད་པས་ཀྱེ་མ་འོ་བདག་ཅག་བདུད་ཀྱི་ཞགས་པ་དག་ལས་གྲོལ་ལོ། །ཀྱེ་མ་བདག་ཅག་ངན་འགྲོར་འགྲོ་བའི་རྒྱུ་རྣམས་ལས་གྲོལ་ཏེ། ཀྱེ་མ་འདི་འོ་ཞེས་ཚིག་ཏུ་སྨྲའོ། །འོད་སྲུང་གང་དག་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ། དེ་ལ་བདག་ཀྱང་རྗེས་སུ་མཐོང་བར་འགྱུར་ཞིང་གཟུངས་ཀྱི་བློ་ཡང་སྐྱེ་བར་འགྱུར་བ་དེ་དག་ཐམས་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། དེ་དག་ཐམས་ཅད་ངའི་ཆོས་སྲུང་བདག་གོ །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་ཕྱུག་པོ་ནོར་ཆེ་བ་


DKG039_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆེ་བ་ཞིག་གི་བུ་གང་ཡིན་བ་དེ་དག་གིས་ཁྱིམ་དེ་ནས་ཐ་ན་ཕའི་རྫས་ལས་ཆུ་རྫ་ཙམ་མཐོང་ན་ཡང་མཐོང་མ་ཐག་ཏུ་པའི་རྫས་དེ་ལ་འདི་ནི་བདག་གི་འོ་སྙམ་འདུ་ཤེས་སྐྱེད་དེ། དུས་གཞན་ཞིག་ན་ཕ་ཡང་ཤི་ལ་ལོངས་སྤྱོད་ཀྱང་ཟད་པའི་ཚེ་ཆུ་རྫ་དེ་དག་གི་དྲུང་དུ་འཇོགས་གམ། གནས་གང་ཡང་རུང་བར་འཇོག་པ་དེ་བཞིན་དུ་འོད་སྲུང་དེའི་དུས་ན་དགེ་སློང་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་འདི་ལྟ་བུའི་འདུ་ཤེས་ཡིད་ལ་བྱེད་པ་བསྐྱེད་པར་འགྱུར་ཏེ། མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མཛེས་པ་ཡིད་དུ་འོང་བས་གསུངས་པའོ་སྙམ་མོ། །དེ་ལ་དགེ་སློང་ཁ་ཅིག་ནི་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར་རོ། །དེ་ལ་ཆོས་འཛིན་པའི་དགེ་སློང་དེ་དག་ནི་འདི་སྙམ་དུ་སེམས་པར་འགྱུར་ཏེ། མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པའོ་སྙམ་དུ་སེམས་ལ། ཁ་ཅིག་གིས་བརྙས་ཤིང་ཤིན་དུ་བརྙས་པར་གྱུར་བ་དེ་དག་ནི་ཉུང་ལ་ཉམ་ཆུང་བར་གྱུར་བ་དག་སྟེ། དེ་དག་གིས་སྦ་བའི་ཕྱིར་ཉིན་མཚན་དུ་འཇོག་པར་འགྱུར་རོ། །འོད་སྲུང་འདི་ལྟར་དེ་བཞིན་གཤེགས་པ་བྱམས་པ་དང་། ངའི་ཆོས་ཀྱི་གྲོང་ཁྱེར་སྲུང་བར་གྱུར་བ་ཐ་མ་པ་དེ་དག་ནི་ཉུང་སྟེ། དེ་དག་ངས་ང་ལྟར་གཟིགས་སོ། །དེའི་ཕྱིར་དེ་དག་གི་གཉེན་པོ་ནི་འདི་དག་སྟེ། དེ་དག་ནི་སྦྱིན་པ་ཆེན་པོ་ཡོངས་སུ་གཏོང་པར་འགྱུར་རོ། །ཀྱེ་གང་གི་ཚེ་རིགས་ཀྱི་བུ་དེ་དག་གིས་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་ཇི་ལྟར་བཅས་པའི་བྱ་བ་བཞིན་དུ་ནན་ཏན་གྱིས་སྒྲུབ་པ་དེ་དག་ནི་དེ་བཞིན་གཤེགས་པ་བྱམས་པ་ལས་སྙིང་པོ་མཆོག་ཐོབ་པར་འགྱུར་ཏེ། དེ་ལ་ཚངས་པར་སྤྱད་པ་སྤྱོད་ཅིང་ཡང་དག་པར་བལྟ་བའི་སེམས་ཅན་རྣམས་ནི་ཡང་ཆོས་ཀྱི་གྲོང་ཁྱེར་འདི་འཛིན་པར་འགྱུར་རོ། །འོད་སྲུང་གང་དག་གིས་ང་མཉེས་པར་མ་བྱས་པའི་སེམས་ཅན་དེ་ནི་གཅིག་ཀྱང་ངས་ཀུན་ནས་མ་མཐོང་སྟེ། དེ་དག་ནི་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་མདོ་སྡེ་


DKG039_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་དེ་དག་ཐོས་ན་སྤོང་བར་མི་འགྱུར་གྱི། ལེན་པར་འགྱུར། འཛིན་པར་འགྱུར། ཀློག་པར་འགྱུར་བ་དེ་ནི་གནས་མེད་དོ། །གང་དག་གིས་ད་ལྟར་ང་མཐོང་བ་དང་། བསྙེན་བཀུར་བྱས་པ་དེ་དག་ནི་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་མདོ་སྡེ་འདི་ལྟ་བུ་འདི་དག་ནོར་བར་འགྱུར། ལེན་པར་འགྱུར། འཛིན་པར་འགྱུར། ཀློག་པར་འགྱུར་བ་དེ་ནི་གནས་མེད་དོ། །གང་དག་གིས་ད་ལྟར་ང་མཐོང་བ་དང་། བསྙེན་བཀུར་བྱས་པ་དེ་དག་ནི་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་མདོ་སྡེ་འདི་ལྟ་བུ་འདི་དག་ནོད་པར་འགྱུར། ལེན་པར་འགྱུར་། འཛིན་པར་འགྱུར་ཏེ། དེ་དག་ལ་ངས་ལེགས་སོ་ཞེས་བྱ་བ་སྦྱིན་ཅི་དགོས་ཏེ། དེ་དག་བདག་ཉིད་ཀྱིས་ཐམས་མཁྱེན་པའི་ཡེ་ཤེས་དང་ལྡན་བའི་ཕྱིར་རོ། །ང་རྗེས་སུ་དྲན་ནས་དགའ་བར་འགྱུར་ཏེ། ཀྱེ་མ་ཀྱེ་མ་ཤཱཀྱ་ཐུབ་པ་དེས་ཕན་གདགས་པ་དི་དམ་བས་བདག་ཅག་ལ་ཕན་བཏགས་སོ་ཞེས་ཆིག་དེ་སྨྲ་བར་འགྱུར་རོ། །འོད་སྲུང་དེ་ལྟ་བས་ན་ཆོས་འདི་ལ་སློབས་ཤིག། འདི་ལ་བསླབས་ན་ཅི་དང་ཅི་འདོད་པ་དེ་དག་དེ་རྙེད་དཀའ་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཅི་ཞིག་བཙལ་བར་བགྱི། བཅོམ་ལྡན་འདས་བདག་ནི་རེ་བ་མ་མཆིས་ཏེ། བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པ་ལགས་སོ། །བཅོམ་ལྡན་འདས་བདག་གང་གི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་བར་གྱུར་པ་ན་ཤིན་དུ་དགའ་བར་འགྱུར་པ་ལགས་སོ། །བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་བྱང་ཆུབ་ལ་ངོ་མཚར་དུ་འཛིན་པ་ལགས་སོ། བཅོམ་ལྡན་འདས་བདག་གིས་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་རྙེད་དཀའ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་བ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ང་ཁྱོད་ལ་ནི་མི་ཟེར་གྱི་ཁྱོད་ལ་བརྟེན་ནས་དེ་དག་ལ་སྨྲས་ན་བླ་ན་མེད་པ་ཡང་དག་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་མངོན་བར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བ་ཐེ་ཚོམ་མེད་པ་ལ་ཁྱོད་ཐེ་ཚོམ་ཟའོ་འོད་སྲུང་གཞན་ཡང་སེམས་ཅན་གང་དག་ཆོས་ལ་སྐོན་པ་དང་ལྡན་བ་དང་། ཆོས་ཡོངས་སུ་ཚོལ་བ་དང་ལྡན་བ་དེ་དག་ཐམས་ཅད་ནི་མཐར་གྱིས་བླ་ན་མེད་པ་ཡང་དག་ཡང་དག་པར་རྫོགས་བའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་ཚོལ་བ་ཐམས་ཅད་ཡང་དག་པར་གཞོམ་བའི་ཕྱིར་ཆོས་སྟོན་པར་འགྱུར་རོ།། །།སྡོམ་བ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་


DKG039_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མདོ། བམ་པོ་གཉིས་པ། །འོད་སྲུང་བྱང་ཆུབ་སེམས་དཔས་ཆོས་བཞི་དང་ལྡན་བར་བྱ་སྟེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་བར་བྱའོ། །བརྩོན་འགྲས་བརྩོན་འགྲས་ཞེས་བྱ་བ་གང་ཞེ་ན་གང་གཟུགས་མི་ཚོལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་ཚོལ་གྱི་ཟག་པ་མེད་པའི་ཆོས་རྣམས་ཚོལ་བའོ། །དེ་ལ་ཟག་པ་མེད་པའི་ཆོས་གང་ཞེ་ན། གང་ན་སའི་ཁམས་མེད་པ་དང་། སའི་ཁམས་ཀུན་དུ་བརྗོད་པ་མེད་པ་དང་། ཆུའི་ཁམས་མེད་པ་དང་། མེའི་ཁམས་མེད་པ་དང། རླུང་གི་ཁམས་མེད་པ་དང་། རླུང་གི་ཁམས་ཀུན་དུ་བརྗོད་པ་མེད་པ་དང། གང་ན་གང་བརྗོད་པ་དེ་ཐམས་ཅད་ནི་བཏགས་པ་སྟེ། བཏགས་པའི་ཆོས་དེ་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔས་བཏགས་པ་མེད་པའི་སྙིང་པོ་བླང་བར་བྱའོ། །གསོལ་བ། བཅོམ་ལྡན་འདས་གལ་ཏེ་བཏགས་པའི་ཆོས་ཡང་དག་པ་མ་ལགས་ན་གང་ལ་ལ་འདི་སྐད་དུ་གལ་ཏེ་བཏགས་པའི་ཆོས་ཡང་དག་པ་མ་ཡིན་ན། གང་སངས་རྒྱས་ཞེས་བྱ་བའི་སྒྲ་བརྗོད་པའི་བཏགས་པ་འདི་ཡང་ཡང་དག་པ་མ་ཡིན་པར་མི་འགྱུར་རམ་ཞེས་མཆི་བར་གྱུར་ན་བཅོམ་ལྡན་འདས་བདག་གིས་དེ་ལ་ཇི་སྐད་བགྱི། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐུར་བ་འདེབས་པར་མི་འཚལ་ལོ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་གྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་མ་འོངས་བའི་དུས་ན་དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་དག་འབྱུང་སྟེ། དེ་དག་ནི་དོན་མི་ཤེས་པ། ཁྱད་དུ་གསོད་པ། གནོད་སེམས་ལ་དཔའ་བ། སྨྲ་བ་ལ་དཔའ་བ་དག་འབྱུང་སྟེ། དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ལེན་པར་མི་བྱེད། ཀུན་ཆུབ་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་ལྟར་གཟུགས་སྐྱེ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྐྱེ་བར་རྟོག་


DKG039_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འདི་ལྟར་མདོ་སྡེ་འདི་ལྟ་བུ་འདི་དག་ནི་བཏགས་པའི་ཆོས་སོ། །དེའི་དུས་ན་འབྱུང་བ་དེ་དག་ནི་ཇི་ལྟར་གཟུགས་སྐྱེ་བ་དང་། ཇི་ལྟར་ཚོར་བ་དང་། ཇི་ལྟར་འདུ་ཤེས་དང་། འཇི་ལྟར་འདུ་བྱེད་རྣམས་དང་། ཇི་ལྟར་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟར་དགེ་སློང་དེ་དག་དེའི་ཚེ་གནས་པར་འགྱུར་རོ། །དེའི་དུས་ན་ཁྱིམ་པ་དང་དགེ་སློང་ཁ་ཅིག་འབྱུང་བར་འགྱུར་བ་དེ་དག་ལ་དོན་དམ་པས་ཅི་ཞིག་བྱ། འོད་སྲུང་འདི་ལྟ་སྟེ། དཔེར་ན་མིད་མུས་ལོང་ལ་གསེར་གྱི་ཕྲེང་བ་བཏགས་ན་དེས་མི་ཤེས་སོ། །འདོད་སྲུང་དེ་བཞིན་དུ་དེའི་དུས་ན་དེའི་དགེ་སློང་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ན་ཚིག་ཏུ་བརྗོད་པས་ཀྱང་འཛིན་པར་མི་འགྱུར་ན་དོན་དམ་པ་ཡིད་ལ་བྱེད་པས་འཇུག་པར་འགྱུར་བ་ལྟ་ཅི་སྨོས་འོད་སྲུང་འདི་ལྟ་སྟེ། དཔེར་ན་ཁྱེའུ་འམ་བུ་མོ་ལ་ལ་ཞིག་ལ་མི་ལ་ལ་ཞིག་གིས་བསྡིགས་ན། དེ་ཡུན་ཇི་སྲིད་དུ་མི་དེའི་མིང་བརྗོད་པ་ཐོས་པ་དེ་སྲིད་དུ་སྐྲག་ལ་དངང་ཞིང་དངང་པར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྐུལ་ན་བདག་གི་བསྔགས་པ་མ་ཡིན་པ་ཤེས་ཤིང་བདག་ཆོས་གོས་ཀྱིས་དཀྲིས་པར་རིག་ནས་སྐྲག་ལ་དངང་ཞིང་དངང་པར་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་སྤྲེའུ་བྱི་ལའི་དྲུང་དུ་བཏགས་ན་དེ་ལ་མི་ཕྱོགས་ཏེ་ལྟ་བར་མི་ནུས་སོ། །འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ན་རྒྱབ་ཀྱིས་ཕྱོགས་ཤིང་མདུན་གྱིས་མི་ཕྱོགས་པར་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཝ་ནི་ཁྱི་ལས་འབྲོས་ཏེ་དུར་ཁྲོད་ཏུ་གཞོལ། ཁུང་དུ་གཞོལ། ཕུག་ཏུ་ཞོལ་ལོ། འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་མདོ་སྡེ་འདི་


DKG039_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་འདི་དག་ཐོས་ན་ཝའི་རྣམ་པར་རྒྱུག་པས་རྒྱུག་པར་འགྱུར་རོ། །དེ་ལ་ཝའི་རྣམ་པར་རྒྱུག་པ་ནི་འདི་ཡིན་ཏེ། གང་དག་ཚུལ་ཁྲིམས་འཆལ་བར་འགྱུར་བ་ཏེ། དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ན་སྤོང་བར་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཝ་ནི་དུར་ཁྲོད་དུ་གཞོལ་བར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་ཀྱང་མདོ་སྡེ་འདི་དག་ཐོས་ན་ཁྱིམ་ལ་གཞོལ་བར་འགྱུར། འདོད་པ་ལ་གཞོལ་བར་འགྱུར། བུད་མེད་ལ་གཞོལ་བར་འགྱུར། འཐབ་མོ་དང་མཚང་འདྲུ་བ་ལ་གཞོལ་བར་འགྱུར། འདུས་པ་ལ་གཞོལ་བར་འགྱུར། རྩི་སྨན་གྱི་ཐ་སྙད་ལ་གཞོལ་བར་འགྱུར། རྒྱལ་པོའི་བཀྲབས་པར་འགྱུར་ཞིང་དེར་གནས་པ་དེ་དག་ཆེས་ཚུལ་ཁྲིམས་འཆལ་བར་འགྱུར་ཏེ། དེ་ནེ་དེ་དག་གི་དུར་ཁྲོད་དུ་འགྲོ་བ་ཞེས་བཤད་དོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཝ་ནི་ཕུག་ཏུ་གཞོལ་ལོ། །འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་ཀྱང་འཆི་བའི་དུས་བྱས་ན་ངན་འགྲོར་གཞོལ་བར་འགྱུར་ཏེ། དེ་ནི་དེ་དག་གིས་ཁོང་དུ་གཞོལ་བར་བཤད་དོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཝ་ནི་ཕུག་ཏུ་གཞོལ་ལོ། །འོད་སྲུང་དེ་བཞིན་དུ་དེའི་དུས་ན་དགེ་སློང་དེ་དག་ཀྱང་སྤུ་གྲི་གཏམས་པ་དང་། རལ་གྲིའི་འདབ་མ་ཅན་གྱི་ཚལ་གྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང་། གསལ་ཤིང་གི་ཚལ་གྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་རྒྱུག་ཅིང་རྣམ་པར་རྒྱུག་པར་འགྱུར་ཏེ། འདི་ནི་དེ་དག་གི་ཝའི་འགྲོ་བ་ཞེས་བཤད་དོ། །འོད་སྲུང་ཝའི་ཆོས་ལྡན་བའི་དགེ་སློང་ནི་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བ་འམ་རྟོགས་པར་བྱེད་ནི་མི་ནུས་ཀྱི། གང་སྨད་ཅིང་སྤངས་ནས་དེའི་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བར་ནི་བྱེད་ནུས་སོ། །འོད་སྲུང་དགེ་སློང་གང་འདི་སྐད་ཅེས་བཏགས་པའི་ཆོས་ཡང་དག་པ་མ་ཡིན་ན་གང་དེ་བཞིན་གཤེགས་པ་ཞེས་བརྗོད་པར་འགྱུར་པ་འདི་ཡང་གཏོགས་པ་སྟེ། ཡང་དག་པ་མ་ཡིན་བའོ་ཞེས་ཟེར་བ་དེ་ལ་དགེ་སློང་མཁས་པ་རྣམས་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ། ཚེ་དང་ལྡན་བ་སྟོད་པ་ཉིད་དམ། འོན་ཏེ་བཏགས་པ་འམ། གནས་གང་གིས་གནས་འདི་བརྗོད་ཅེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་བཏགས་པའོ་ཞེས་ཟེར་ན་དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། འོ་ན་ནི་ཁྱོད་ཀྱང་སངས་རྒྱས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མིང་བཏགས་པ་ཡང་ཡོད་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་སྟོང་པ་ཉིད་དོ་ཞེ་ན། དེ་ལ་འདི་སྐད་


DKG039_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོན་ན་ནི་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་བརྗོད་དུ་མེད་པའི་ཕྱིར་ཏེ་དེས་སྟོང་པ་བཏགས་སོ། །སྟོང་པ་གང་ཡང་བདག་གམ་བདག་གི་འམ། སེམས་ཅན་གྱི་སྟོང་པ་མ་ཡིན་པ་དེ་སྟོང་བའོ། །ཞེས་བརྗོད་པར་བྱའོ། །ཡང་དགེ་སློང་དེ་ལ་དགེ་སློང་ཁྱོད་ཅི་ཆོས་ཐམས་ཅད་སྟོང་པར་འདོད་དམ་ཞེས་དྲི་བར་བྱའོ། །དེ་གལ་ཏེ་འདི་སྐད་དུ་ཁོ་བོ་ནི་སྟོང་པ་ཉིད་མི་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་ཏུ་ཚེ་དང་ལྡན་པ་ཁྱོད་ནི་དགེ་སློང་ཤཱཀྱའི་སྲས་ལས་ཉམས་ནས་ཡུན་རིང་ངོ་། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་སྟོང་པ་ཉིད་གསུང་བ་སྟེ། བདག་ཏུ་གསུང་བ་མ་ཡིན། སེམས་ཅན་དུ་གསུང་བ་མ་ཡིན། སྲོག་ཏུ་གསུང་བ་མ་ཡིན། གང་ཟག་ཏུ་གསུང་བ་མ་ཡིན་བའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ཁོ་བོ་སྟོང་པ་ཉིད་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་ཚེ་དང་ལྡན་བ་ཆོས་ཐམས་ཅད་ཀྱང་སྟོང་ན་སྟོང་ན་དེ་གཤེགས་པར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་ཅི་སྨོས། ཚེ་དང་ལྡན་བ་ཅི་མིག་དེ་བཞིན་གཤེགས་པ་ཡིན་ནམ་། ཅི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ་བཞིན་གཤེགས་པ་ཡིན་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་འོ་ན་ནི་ཚེ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་རྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེ་ལྟར་ན་མིག་ནི་བཏགས་པ་སྟེ། དེ་དེ་བཞིན་གཤེགས་པ་མ་ཡིན། ཡིད་ཀྱི་བར་དུ་བཏགས་པ་སྟེ། དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །ཚེ་དང་ལྡན་བ་དེ་ལྟར་ན་ཁྱོད་འདི་སྐད་དུ་དེ་བཞིན་གཤེགས་པ་བཏགས་པ་མ་ཡིན་ནོ་ཞེས་ཟེར་ན་གནས་དེར་བདག་ཅག་གིས་ཅི་ཞིག་མ་ཐོབ་པར་གྱུར་ཅེས་བརྗོད་པར་བྱའོ། དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་མ་ཡིན། དེ་བཞིན་གཤེགས་པ་མིག་ལས་གཞན་པ་ཡང་མ་


DKG039_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན། དེ་བཞིན་གཤེགས་པ་ཡིད་ལས་གཞན་པ་ཡང་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེ་བཞིན་གཤེགས་པས་སྐྱེ་མཆེད་བཅུ་གཉིས་གསུངས་པ་འདི་ལྟ་སྟེ། མིག་གིས་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ། ཚེ་དང་ལྡན་པ་དེ་དག་ནི་སེམས་ཅན་ནམ་སེམས་ཅན་དུ་བཏགས་པར་ཟས་ན་ཚེ་དང་ལྡན་པ་ཅི་མིག་དེ་བཞིན་གཤེགས་པ་ཡིན་ནམ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་ཡིན་ནམ་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་ཡིན་ཏེ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་འོ་ན་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་སུ་འགྱུར་ཏེ། ས་ཐམས་ཅད་དང་། རི་ཐམས་ཅད་དང་། ཤིང་ཐམས་ཅད་དང་། སྲིད་པར་གཏོགས་པ་རྣམས་སངས་རྒྱས་སུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་མིག་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཡིད་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེ་བཞིན་གཤེགས་པས་ཆོས་དང་ཆོས་མ་ཡིན་བ་བསྟན་པ་ནི་འདི་དག་གོ་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་གཟུགས་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཆོས་ཀྱི་བར་དུ་དེ་བཞིན་གཤེགས་པ་མ་ཡིན་ནོ། །ཞེས་ཟེར་ན་ཚེ་དང་ལྡན་བ་ཅི་ཆོས་མ་ཡིན་བ་དེ་བཞིན་གཤེགས་པ་ཡིན་མ་ཞེས་བརྗོད་པར་བྱའོ། དེ་གལ་ཏེ་འདི་སྐད་དུ་ཆོས་མ་ཡིན་པ་དེ་བཞིན་གཤེགས་པའོ་ཞེས་ཟེར་ན་དེ་ལ་འདི་སྐད་དི་འོ་ན་སེམས་ཅན་གང་དག་ཕར་མི་འཛིན་པ་དང་། མར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་གྱི་གཙོ་བོ་མི་སྐྱོད་པ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་སྨྲ་བ་དང་། ངག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་ཀྱི་སེམས་དང་ལྡན་པ་དང་། ལོག་པར་ལྟ་བ་དག་དང་། སྲིད་པར་བསྡུས་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་


DKG039_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བརྗོད་པར་བྱའོ། །དེ་གལ་ཏེ་འདི་སྐད་དུ་ཆོས་མ་ཡིན་པ་དེ་བཞིན་གཤེགས་པ་མ་ཡིན་ནོ། ཞེས་ཟེར་ན་དེ་ལ་འདི་སྐད་དུ་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཆོས་ཀྱང་མ་ཡིན་ཆོས་མ་ཡིན་བ་ཡང་མ་ཡིན་ནོ། །གང་ཆོས་ཀྱང་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་བ་དེ་ལ་བཏགས་པ་མེད་དོ། །ཚེ་དང་ལྡན་བ་དེ་ལྟར་ན་འདི་སྐད་དུ་དེ་བཞིན་གཤེགས་པ་བཏགས་པ་མ་ཡིན་ནོ་ཞེས་ཟེར་རམ་ཞེས་བརྗོད་པར་བྱའོ། །འོད་སྲུང་དེ་ལྟར་ན་མི་བླུན་པོ་དེ་དག་ནི་དུས་དུས་སུ་ཆོས་དང་འཐུན་པས་ཚར་གཅད་པར་བྱའོ། །འོད་སྲུང་གང་ཆོས་དང་འཐུན་པ་ངེས་པར་བྱུང་བ་འདི་ལ་ཆོས་དང་འཐུན་པས་ཕྱིར་སྨྲ་ནུས་པ་དེ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་འཇིག་རྟེན་ནས་ངས་མ་མཐོང་སྟེ། གཞན་དུ་ན་ཁྲོ་བ་དང་། ཞེ་སྡང་དང་། གཏི་མུག་དང་མི་བཟོད་པ་དང་། རྐྱེན་མེད་པ་སྨྲས་ནས་ཆོས་སྟོང་པ་ལ་སྨོད་ཅིང་འགྲོ་བར་འགྱུར་བ་ནི་མ་གཏོགས་སོ། །འོད་སྲུང་དེ་ལྟར་ཁྱོད་ཀྱིས་མདོ་སྡེ་འདི་ལྟ་བུ་འདི་དག་བཟུང་བར་བྱའོ། འོད་སྲུང་དགེ་སློང་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པར་མི་འགྱུར་བའི་དུས་དེ་ཡོད་དེ། དེ་དག་ལ་མིང་གསུམ་འདོགས་པར་འགྱུར་རོ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཆད་པར་སྨ་ཞིང་དངོས་པོ་མེད་པ་དང་། ཕུང་པོ་མེད་པ་དང་། རིམ་གྲོ་མེད་པའོ། འོད་སྲུང་དེ་ལྟར་ན་དེའི་ཚེ་མདོ་སྡེ་འདི་ལྟ་བུ་འདི་དག་སྤོང་བར་འགྱུར་རོ། །འོད་སྲུང་དེའི་དུས་ན་འདི་ལྟར་དེ་བཞིན་གཤེགས་པ་ལ་སྟི་སྟང་མི་བྱེད་པ་དང་། ཆོས་ལ་སྟི་སྟང་མི་བྱེད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དང་ཆོས་ལ་སྟི་སྟང་མེད་པར་བྱས་ནས་དགེ་འདུན་གྱི་མིང་གི་ཚོགས་ལྷག་མར་འགྱུར་བ་ལ་ལྟོས། དེ་དག་ནི་བཏགས་པ་ལ་བརྟེན་པར་འགྱུར། མིང་ལ་རྟེན་པར་འགྱུར་ཏེ། དེ་དག་སངས་རྒྱས་དང་ཆོས་ཀྱི་མིང་བརྗོད་ཅིང་གཞན་དག་ལ་སྟོན་ཀྱང་སངས་རྒྱས་ཇི་ལྟར་བལྟ་བར་བྱ་བ་ནི་ཤེས་པར་མི་འགྱུར་རོ། །དེ་དག་སངས་རྒྱས་དང་ཆོས་ཞེས་ཚིག་ཏུ་བརྗོད་ཀྱང་དེ་བཞིན་གཤེགས་པས་ཆོས་བཤད་པ་གང་ཡིན་པ་དེ་ནི་ཤེས་པར་


DKG039_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །དེ་དག་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་ཡ་བརྒྱད་བརྗོད་པར་འགྱུར་ཞིང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་མིང་ཙམ་ཤེས་པར་འགྱུར་ཏེ། ཡོན་ཏན་གང་དག་གིས་དེའི་མིང་དང་། དེའི་དོན་ནི་རིག་པར་མི་འགྱུར། དེའི་དོན་ནི་ཤེས་པར་མི་འགྱུར་རོ། །དེ་དག་གོས་དང་ཟས་ཀྱི་ཆེད་དང་། མལ་སྟན་དང། ན་བའི་གསོ་སྨན་དང། ཡོ་བྱད་ཀྱི་ཕྱིར་ཆོས་སྤོང་བར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔས་མདོ་སྡེ་འདི་ལྟ་བུ་འདི་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམ་པར་བྱ། བདག་འཇུག་པར་བྱས་ལ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཕྱི་མའི་དུས་ན་ཆོས་ཀྱི་གྲོང་ཁྱེར་སྐྱོང་བར་འགྱུར་བའི་ཕྱིར་རོ། །ཆོས་བསྟན་པ་འདི་ལྟ་བུས་བསྐལ་པ་དགུ་བཅུ་རྩ་གཅིག་སྟོངས་པར་འགྱུར་ཏོ། །འོད་སྲུང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་བསྐལ་པ་སྟོང་ལ་དེ་བཞིན་གཤེགས་པ་གཅིག་འཇིག་རྟེན་དུ་བྱུང་ངོ། །འོད་སྲུང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་དེ་བཞིན་གཤེགས་པ་ཞི་བ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་མཛད་པ་དང་། འཇིག་རྟེན་གྱི་དོན་གྱི་ཕྱིར་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་བཞུགས་པར་གྱུར་ཏོ། །འོད་སྲུང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དྲི་མ་མེད་པ་ཞེས་བྱ་བ་བསྐལ་པ་བྱེ་བ་ཕྲག་ཉི་ཤུར་བཞུགས་ཏེ། བསྐལ་པ་བྱེ་བ་ཕྲག་ཉི་ཤུར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་སོ། །འོད་སྲུང་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཇི་ཙམ་དུ་དཀའ་བ་མཛད་པ་ལ་ལྟོས། འོད་སྲུང་བསྐལ་པའི་སྙིགས་མ་འདི་ལྟ་བུ་ཟད་པའི་དུས་ན་ངས་སྨད་པར་མི་བྱའོ། །འོད་སྲུང་ཐ་ན་སེམས་ཅན་གཅིག་གིས་ངའི་ཆོས་ཤེས་པ་དང་ཐམས་ཅད་ལག་ན་དབྱིག་པ་ཐོགས་ཤིང་ལག་ན་མཚོན་ཐོགས་ཏེ་ངའི་གན་དུ་རྒྱུག་ཅིང་འོང་བར་མི་སེམས་པ་དེ་ཡང་ངོ་མཚར་ཤིན་ཏུ་ཆེའོ། དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་སྐྱེས་བུ་དམ་པའི་ཆོས་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། འདུས་བྱས་


DKG039_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པར་དཀའ་བའི་ཕྱིར་རོ། །བདག་དུ་བལྟབ་འམ། སེམས་ཅད་དུ་བལྟ་པའམ། སྲོག་ཏུ་བལྟ་བ་འམ། གང་ཟག་ཏུ་བལྟབ་འམ། འབྱུང་བར་བལྟ་བ་འམ། ཕུང་པོ་ལ་མངོན་པར་རྟེན་པ་འམ། ཚུལ་ཁྲིམས་སུ་བལྟ་བ་འམ། སངས་རྒྱས་སུ་བལྟ་བ་འམ། ཆོས་སུ་བལྟ་བ་འམ། དགེ་འདུན་དུ་བལྟ་བ་འམ། མྱ་ངན་ལས་འདས་པར་བལྟ་བ་འམ། གང་ལ་ལ་མྱ་ངན་ལས་འདས་པར་བལྟ་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་ལོག་པར་ལྟ་བར་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པ་ལ་མི་དགོངས་ཤིང་མྱ་ངན་ལས་འདས་པ་མི་དམིགས་པའི་ཕྱིར་རོ། །འོད་སྲུང་གང་དག་མྱ་ངན་ལས་འདས་པ་ལ་སེམས་ཤིང་དམིགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་ལོག་པར་ལྟ་བར་མཁྱེན་ཏོ། །གང་དག་ལོག་པར་ལྟ་བ་དེ་དག་ནི་མི་ཤེས་པ་ཞེས་བྱའོ། །གང་དག་མི་ཤེས་པ་དེ་དག་ནི་སྨྲས་པའོ། །གང་དག་སྨས་པ་དེ་དག་ནི་བྱིས་པའོ། །བྱིས་པ་གང་ཡིན་པ་དེ་དག་ལ་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་ཅི་ཞིག་བྱ་སྟེ། དེ་དག་ནི་ཐ་ན་མཐོ་རིས་སུ་སྐྱེ་བ་དང་ཡང་རིང་ངོ། །འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་ལོ་ཉི་ཤུ་འམ། ལོ་བཞི་བཅུ་འམ། ལོ་ལྔ་བཅུ་འམ། །དྲུག་བཅུ་འམ། བདུན་བཅུ་འམ། བརྒྱད་བཅུ་འམ། དགུ་བཅུ་འམ། ལོ་བརྒྱ་ཐོབ་སྟེ། རྒ་བས་ཟིལ་གྱིས་ནོན་པ་། ཆོས་གོས་ཀྱིས་བརྒྱན་པ། མགོ་བྲེགས་པ་། ལུས་བསླུས་པ། རྒས་པ། གནས་བརྟེན་དུ་ཆུད་པ། གཏི་མུག་པ། འཁོགས་པ། གཟི་བརྗིད་ཉམས་པ། ལོག་པར་ཞུགས་པ་དག་འབྱུང་སྟེ། དེ་དག་འཆི་བའི་དུས་ཀྱི་ཚེ་སྡིག་པ་འདོད་པས་ཟིལ་གྱིས་ནོན་ནས་བསམ་བཞིན་དུ་ལྷོད་པའི་ཆོས་རྣམས་ཀྱིས་གནས་ཏེ། དེ་དག་གནས་གསུམ་གྱིས་རྟོགས་པ་བརྗོད་པར་འགྱུར་རོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཡང་ན་སྤྱོད་ལམ་ཀུན་དུ་སྟོན་པས་སམ། ཡང་ན་སྤྱོད་པ་འཛིན་པས་སམ། ཡང་ན་འཛུབ་མོ་བསྒྲེང་བ་སྟེ། གནས་གསུམ་པོ་འདི་དག་གིས་རྟོགས་པ་བརྗོད་པར་འགྱུར་རོ། །དེ་དག་ལྷག་པའི་ང་


DKG039_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དུ་ལྟུང་བས་འཆི་བའི་དུས་ཀྱི་ཚེ་འགྱོད་པའི་སེམས་ཀྱིས་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེ་དག་ལུས་ཞི་གནས་ཤི་བའི་འོག་ཏུ་ངན་སོང་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །འོད་སྲུང་དེ་ལྟ་བས་ན་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ཅི་ནས་ཀྱང་དགེ་བཤེས་གཉེན་དང་། དོན་འདོད་པ་དང་། སྙིང་བརྩེ་བ་ཅན་དུ་བྱ་ཞིང་འདི་ལྟ་སྟེ། དཔེར་ན་ཀུན་དུ་རྒྱུ་བ་རྩ་བ་ཅན་དང་། འཆིང་བ་པ་བཞིན་དུ་ཕྱིས་འགྱོད་པར་མི བྱའོ། །འོད་སྲུང་བདག་ཏུ་ལྟ་བ་ལ་རབ་ཏུ་འབྱུང་བར་ང་སྐབས་མི་འབྱེད་དེ། སེམས་ཅད་དུ་ལྟ་བ་ལམ་ཡིན། སྲོག་ཏུ་བལྟ་བ་ལམ་ཡིན་ཞིང་། གང་ཟག་ཏུ་ལྟ་བ་རབ་ཏུ་འབྱུང་བའི་སྐབས་མི་འབྱེད་དོ། །གང་དག་ལ་སྐབས་མ་ཕྱེ་བ་དེ་དག་བསྟན་པ་འདི་ལ་རབ་ཏུ་བྱུང་ཞིང་རྐུན་མ་དེ་དག་དད་པས་བྱིན་པ་ཡོངས་སུ་སྤྱོད་དེ། ཡང་དག་པའི་དགེ་སློང་ཚུལ་ཁྲིམས་དང་ལྡན་བ་ནི་མ་ཡིན་ནོ། །འོད་སྲུང་མིས་ཞག་དྲུག་གི་བར་དུ་ཟན་མ་ཟོས་པ་ནི་སླའི་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་འདི་ལྟ་སྟེ། བདག་ཏུ་ལྟ་བའམ། སེམས་ཅད་དང་སྲོག་ཏུ་ལྟ་བའམ། གང་ཟག་ཏུ་ལྟ་བའམ། མྱ་ངན་ལས་འདས་པའི་བར་དུ་ལྟ་བས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་དེ་ནི་མ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔས་བདག་ཏུ་ལྟ་བར་མི་འགྱུར་བ་དང་། སེམས་ཅད་དུ་ལྟ་བར་མི་འགྱུར་བ་དང་། སྲོང་ཏུ་ལྟ་བར་མི་འགྱུར་བ་དང་། གང་ཟག་ཏུ་ལྟ་བར་མི་འགྱུར་བ་དང་། འབྱུང་པར་ལྟ་པར་མི་འགྱུར་བ་དང་། མྱ་ངན་ལས་འདས་པར་ལྟ་བར་མི་འགྱུར་པར་བྱ་ཞིང་ལྟ་བ་ཐམས་ཅད་སྤང་པའི་ཕྱིར་ཆོས་བསྟན་པར་བརྩོན་འགྲས་བརྩམ་པར་བྱའོ། །འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ལ་ངས་མདོ་སྡེ་འདི་ལྟ་བུ་འདི་དག་རྗེས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ང་ཅི་འདྲ་བ་དེ་འདྲ་བར་འགྱུར་བར་འདོད་པའི་ཕྱིར་རོ། །གང་དག་དེ་འདྲ་བར་འགྱུར་བར་འདོད་པ་དེ་དག་ནི་ང་འདྲ་བ་རྣམས་ཀྱིས་བརྡར་བྱས་པའོ། །གང་དག་ངེད་ཀྱིས་བརྡར་བྱ་བ་དེ་དག་གི་མ་ངེད་ལ་བསྐུལ་བར་བྱའོ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་


DKG039_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་འདི་དག་བཀའ་སྩལ་ལོ། །གང་དག་སྤྲོས་པ་མི་མངའ་བ། འཇིག་རྟེན་མགོན་རྣམས་མ་གཏོགས་པར། སེམས་ཅན་གནོད་པས་ཉིན་གྱུར་པ། དེ་དག་རྣམས་ཀྱི་སྐྱབས་མེད་དོ། །དམན་ཞིང་གོལ་བའི་ལམ་ཞུགས་པ། སེམས་ཅན་གནོད་པར་གྱུར་རྣམས་ལ་གང་གིས་ངན་འགྲོར་འགྲོ་བ་ཡི་འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ། འདྲེན་པ་མེད་ཅིང་མགོན་མེད་པའི། དགོན་པ་ལ་ནི་རབ་ཏུ་གནས། གང་ན་བདེ་བ་མེད་པ་ཡིས། ལམ་དེ་ལ་ནི་རབ་ཏུ་ཞུགས། དཔེར་ན་མདའ་གཞུ་མ་ཐོག་པའི། ཚོང་པ་ལམ་དུ་ཞུགས་གྱུར་པ། དེ་ནི་ཆོམ་པོས་བཅོམ་ནས་སུ། དེ་ལས་ནོར་རྣམས་ཀུན་ཕྲོགས་ཏེ། སྡུག་བསྔལ་ལས་བྱུང་གང་གི་ནོར། རྣམ་པར་ཆུད་གཟན་བྱས་འོངས་ཏེ། དངོས་པོ་གང་དང་གང་བཟུང་བ། དེ་ལས་ཕྱིར་ཡང་གནོད་པ་འབྱུང་། དེ་བཞིན་འདི་ན་ཁ་ཅིག་ཀྱང་། ཆོས་ཀྱི་བྱ་བ་འོངས་པ་ཡང་། སྔོན་གྱི་དགེ་བ་དམ་པ་མཆོག། ནོར་དེ་སྤྱད་ནས་འོངས་པ་ཡིན། དེ་དག་འདི་ན་མགོ་བྲེགས་སྟོན། བྱིས་པའི་ལྟ་བའི་དབང་དུ་སོང། བདག་དང་སྲོག་དང་དེ་བཞིན་དུ། གང་ཟག་འདུ་ཤེས་འཛིན་པར་འགྱུར། དགེ་སློང་གང་དག་སྟོང་ཉིད་སྨྲ། གང་ཟག་ལ་ནི་མི་སྟེན་པ། དེ་ལ་སྡང་བའི་སེམས་བསྐྱེད་ནས། མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། གནོད་པའི་སེམས་ནི་བྱེད་པར་འགྱུར། གཅིག་ལ་གཅིག་ནི་གནོད་པར་བྱེད། ཡོད་པ་མ་ཡིན་སྐུར་པ་འདེབས། དེ་ལ་དེས་ནི་ཁྲེལ་བར་འགྱུར། ལུས་ཀྱིས་གནོད་ཅིང་དག་གིས་གནོད། ཡིད་ནི་ཤིན་དུ་གཡོ་དང་ལྡན། གང་དག་ཕྱིན་ཅི་ལོག་ལྟ་བ། དེ་དག་འགྲོ་བ་ཤིན་ཏུ་སྡིག། སྡིག་པའི་ལས་རྣམས་བྱས་ནས་སུ། མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། སྡུག་བསྔལ་རྣམས་ཀྱིས་གནོད་གྱུར་ལ། དཔུང་གཉེན་མེད་ཅིང་སྐྱབས་ཀྱང་མེད། མ་འོངས་དུས་ན་དགེ་སློང་དག། གནོད་སེམས་དཔའ་བ་འབྱུང་འགྱུར་ཏེ། གང་དག་བྱང་ཆུབ་རྗེས་ཞུགས་པའི། དགེ་སློང་རྣམས་ལ་གནོད་བྱེད་འགྱུར། ཤིན་ཏུ་མི་བཟད་འགྱུར་པ་དག། །མདོ་སྡེ་


DKG039_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་འདི་དག་སྤོང་། ཤཱཀྱ་སེང་གེའི་བསྟན་པ་ལ། ཕྱིར་ཞིང་དད་པར་མི་འགྱུར་རོ། །གཅིག་ལ་གཅིག་ནི་གནོད་པའི་སེམས། ཤིན་ཏུ་ཆེན་པོ་བྱེད་པར་འགྱུར། གཅིག་ལ་གཅིག་ནི་མི་སྙེན་པ། ཕྱོགས་ཕྱོགས་དག་ཏུ་སྐྲོགས་པར་འགྱུར། ཡོད་པ་མ་ཡིན་སྐུར་འདེབས་ཤིང་། དེ་ལ་དེ་དག་ཁྲེལ་བར་འགྱུར། སྡིག་པའི་བཤེས་གཉེན་དཔུང་སྐྱེ་ཞིང་། དེ་ན་ངེས་པ་མཐུ་ཆུང་བར་འགྱུར། དམ་ཆོས་མཐུ་ཆུང་བྱས་ནས་སུ། སྡིག་པ་ཅན་དག་དཔུང་སྐྱེས་ནས། ང་སྲས་ཐུགས་ལས་སྐྱེས་པ་ཡི། དགེ་སློང་དེ་དག་འདོད་བར་འགྱུར། ཕྱོགས་གང་དུ་ནི་འདོང་སྙམ་ཞིང་། བར་དུ་དགེ་བར་འགྱུར་བ་དང་། སྡིག་པ་རྣམས་ལས་གྲོལ་འགྱུར་ཞེས། དེ་ལ་རྙིང་རྗེ་སྐྱེ་བར་འགྱུར། དེ་ཕྱིར་དེ་དག་མདོ་སྡེ་འདི། དེ་ཡི་ཚེ་ན་ཡིད་ལ་འཛིན། མཐའ་འཁོབ་ཏུ་ནི་དགའ་གྱིས་ཤེས། འཇིག་རྟེན་མགོན་གྱིས་བཀའ་སྩལ་གྱིས། ཚུར་ཤོག་སངས་རྒྱས་བསྔགས་པ་ཡི། མཐའ་འཁོབ་དེར་ནི་འདོད་པར་བྱ། རྣམ་པར་འཇིག་པའི་དུས་བབ་པ། ད་ལྟར་དེས་པ་ཤིན་ཏུ་དཀོན། དེ་ན་ཁ་ཅིག་འདི་སྐད་འཛེར། གང་དུ་དྲང་སྲོང་ཆེན་པོ་དེས། བླ་མེད་བྱང་ཆུབ་བརྙེས་གྱུར་པ། དེར་ནི་མྱུར་འདོད་ཚུལ་ཤོག་ཤིག། དེ་ན་ཁ་ཅིག་འདི་སྐད་འཛེར། ངེས་པ་འདི་ནི་ལེགས་པར་སྨྲས། ཡུལ་རྒྱུ་འབྲས་བུ་ཡོད་དོ་ཞེས། འཇིག་རྟེན་མགོན་གྱིས་བཀའ་སྩལ་ཏོ། བྱང་ཆུབ་ས་ནི་ཡིད་འོང་བ། དེར་འདོང་བ་ནི་ཆེས་སླ་ཡི། གནོད་པའི་སེམས་ཀྱིས་འདིར་གཙེས་ནས། འཆི་འགྱུར་དེ་ལྟ་མ་ཡིན་ཞེས། ང་ཡི་ཕྱིར་ནི་ཡུལ་རྒྱུ་ཞིང་། དགེ་སློང་དེ་དག་འདོང་བར་འགྱུར། སངས་རྒྱས་བཞུགས་བཞུགས་རབ་བཟུང་བ། གནས་ནི་དེར་ཡང་འདོང་བར་འགྱུར། འཆག་ས་དང་ནི་བཞུགས་ས་དང་། རྡོ་ལེབ་ཤིང་དྲུང་སྟོངས་གྱུར་པ། དེར་ནི་དེ་དག་འདུས་ནས་སུ། ཡང་དང་ཡང་དུ་ངུ་བར་འགྱུར། འདི་ནི་དྲང་སྲོང་ཆེ་དེ་ཡི། འཆགས་ཡོངས་སུ་སྤྱད་པ་སྟེ། དེ་ཡི་ཚེ་ན་དེར་བྱུང་བ། སངས་རྒྱས་དེ་ནི་མ་མཐོང་ངོ། །འདིར་ནི་དྲང་སྲོང་ཆེན་པོ་ངེས། འདུས་བྱས་


DKG039_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་རྟག་ཅེས་། །ཆོས་ཀྱི་དམ་པ་བསྟན་པ་མཛད། དེ་ཡང་བདག་ཅག་དེང་མ་མཐོང། མི་དང་མི་མ་ཡིན་རྣམས་དང་། ལྷ་དང་ཀླུ་རྣམས་ལྷག་གྱུར་ནས། ལེགས་པར་གསུངས་པས་ཚིམ་མཛད་པ། དེ་ཡང་བདག་ཅག་སྟོངས་པར་མཐོང་། བྱང་ཆུབ་སྙིང་པོ་དམ་པ་མཆོག། སངས་རྒྱས་ས་དང་ཉེར་དོང་སྟེ། དེ་དག་དེར་ནི་ཚོགས་གྱུར་ནས། ཚུལ་བཞིན་དུ་ནི་སེམས་པར་འགྱུར། འདིར་ནི་འཇིག་རྟེན་མགོན་པོ་དེས། བྱང་ཆུབ་བླ་ན་མེད་པ་བརྙེས། འདིར་ནི་སྡིག་ཅན་དཔུང་བཅས་པ། ཝ་བཞིན་ཤིན་དུ་སྐྲག་པར་མཛད། གང་ན་སངས་རྒྱས་གདན་ཡོད་པ། འདི་ནི་ས་ཡི་སྙིང་པོ་སྟེ། འདས་དང་གང་དག་འབྱུང་འགྱུར་བ། ཀུན་གྱི་གདན་ཡང་འདི་ཡིན་ནོ། །འདི་ཉིད་དུ་ནི་དཔའ་ཆེན་ལ། ལྷ་མང་བྱེ་བས་སྟ་སྟིང་བྱས། ཞག་བདུན་སྐྱིལ་མོ་དཀྲུང་གཅིག་གིས། ཤིང་འདི་ལ་ནི་གཟིགས་པ་མཛད། དེར་ཡང་སྟ་སྟིང་བྱས་ནས་སུ། གང་དུ་འཁོར་ལོ་རབ་བསྐོར་ཅིང་། ཚངས་པའི་འཇིག་རྟེན་གོ་གྱུར་པ། ཆོས་བསྟན་པར་ནི་འདོད་པར་འགྱུར། དགེ་སློང་དེ་དག་དེར་དོང་ནས། ཡང་དང་ཡང་དུ་ངུ་བར་འགྱུར། དཔའ་བོ་འདིར་ནི་གཤེགས་ནས་སུ། དེ་ཚེ་ལྔ་སྡེ་བཏུལ་པ་མཛད། ལྔ་སྡེས་སངས་རྒྱས་མཐོང་ནས་སུ། ཡིད་མི་བདེ་བ་སྐྱེས་གྱུར་ཏེ། གང་ཡང་ལྡང་བར་མི་བྱེད་ཞེས། འོག་ཁྲིམས་དེ་ནི་བཅས་པར་འགྱུར། སྟོན་པ་ཐུགས་རྗེ་ལྡན་པ་དེས། སྲོག་ཆགས་རྣམས་ལ་ཐུགས་རྗེ་མཛད། འཆི་མེད་འབྲས་བུ་ཐོབ་འགྱུར་པ། དགེ་སློང་ལྔ་སྡེ་རྣམས་ལ་གདམས་། ཆོས་ཀྱི་འཁོར་ལོར་ཕྱག་འཚལ་ཅིང་། ཡང་དང་ཡང་དུ་དུས་བྱས་ནས། གད་དུ་མྱ་ངན་འདས་གྱུར་ཏེ། ཐ་མར་སངས་རྒྱས་མཐོང་བར་འདོད། སྲོག་ཆོགས་ཀུན་ལ་ཕན་པའི་ཕྱིར། འདིར་ནི་འཇིག་རྟེན་མགོན་པོ་དེས། སྐུ་ཡི་ཚིགས་ནི་དབྱེ་བ་མཛད། འདིར་ནི་སངས་རྒྱས་མྱ་ངན་འདས། ཤཱཀྱ་སེང་གེ་ཐུབ་པ་ཆེ། ཀྱེ་མ་སངས་རྒྱས་ཞེས་ཀྱང་འཛེར། ཁྱོད་ཀྱི་སྤྲ་ནི་ཐོས་གྱུར་གྱི། ཁྱོད་ནི་དེ་རིང་མ་མཐོང་ངོ། འདིར་ནི་དྲང་སྲོང་ཆེན་པོ་དེས། དགེ་སློང་


DKG039_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བཟང་ཐ་མ་པ། འདི་ནི་ཐ་མ་པར་གྱུར་ཞེས། ཡེ་ཤེས་ཀྱིས་ནི་སྔ་ནས་མཁྱེན། ཁ་ཅིག་རྣམ་པར་རྒྱུ་ཞིང་འཆི། ཁ་ཅིག་ལེགས་པར་གནས་ཤིང་འཆི། ཁ་ཅིག་རྒྱུ་བ་བྱས་ནས་འཆི། དེ་དག་ཀུན་ཀྱང་བདེ་འགྲོར་འགྲོ། དེ་ནས་ཕྱི་མའི་དུས་ཀྱི་ཚེ། གང་དག་ཚུལ་ཁྲིམས་རབ་གནས་པ། དེ་དག་གི་ནི་བསྟན་པ་འདི། ཤིན་དུ་རྒྱལ་ཆེན་འགག་པར་འགྱུར། དགེ་སློང་གང་དག་ཁྲིམས་འཆལ་པ། དེ་དག་ཐམས་ཅད་མཆོད་པར་འགྱུར། དད་པས་བྱིན་པས་དེ་སྦྱང་ནས། མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། ཕྱི་མའི་དུས་ནའང་ཤེས་རབ་ཅན། མྱུར་དུ་བདེ་འགྲོར་འགྲོ་འགྱུར་བ། ཅི་འདྲ་དེ་ཚེ་འབྱུང་འགྱུར་པ། དགེ་སློང་རྣམས་ཀྱི་བྱེ་བྲག་ལྟོས། དེ་ན་འཇིག་རྟེན་སྣང་བྱེད་པ། འཇིག་རྟེན་ལ་ནི་སྙིང་བརྩེ་བ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། བྱམས་པའི་སེམས་ཀྱིས་ཕན་བྱེད་རྣམས། དགའ་ཞིང་མགུ་བའི་སེམས་ཀྱིས་ནི། དེ་དག་ཞལ་ཏ་བྱེད་པར་འགྱུར། བདག་ཅག་སངས་རྒྱས་འགྱུར་བར་བ། བདག་ཅག་བྱམས་པ་མཉེས་པར་བྱ། སྲོག་ཆགས་ཀུན་གྱི་མདུན་དུ་ནི། བདག་ཅག་སྟོན་ལ་སྟི་སྟང་བྱ། ཇི་ལྟར་བདག་ཅག་བསམས་པ་བཞིན། ཐམས་ཅད་མཁྱེན་པ་ལུང་སྟོན་འགྱུར། མཐུ་བོ་ཆེ་ནི་དེ་དག་གི། དོན་ཕྱིར་ངས་ནི་བཤད་པར་བྱ། དེ་དག་གིས་ནི་མངོན་མཐོང་བཞིན། སངས་རྒྱས་དེས་ནི་དེ་དག་གཟིགས། ངས་ནི་འདི་དག་དབུགས་དབྱུང་ངོ་། །ང་ཡང་འདི་འདྲར་འགྱུར་བྱ་ཞེས། བྱང་ཆུབ་ཡན་ལག་ཡོངས་ཚོལ་ཞིང་། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དེ་ན་བུད་མེད་གང་དག་ཀྱང་། བྱང་ཆུབ་མཆོག་ལ་ཞུགས་གྱུར་པ། དེ་དག་ཀུན་ཀྱང་དབུགས་དབྱུང་ངོ་། །དེ་བཞིན་གཤེགས་པ་དཔག་ཏུ་མེད། བུད་མེད་མཚན་རྣམས་སྤངས་གྱུར་ནས། མྱུར་དུ་སྐྱེས་པར་རེད་པར་འགྱུར། སངས་རྒྱས་བྱམས་པ་དེ་མཐོང་ནས། དེ་དག་སྟི་སྟང་བྱེད་པར་འགྱུར། འདུན་པ་དྲག་པོ་བསྐྱེད་བྱས་ལ། ཤེས་གཉེན་རྣམས་ནི་བསླབ་བྱས་ན། ཡོངས་སུ་ཚོལ་བ་དེ་དག་ཀུན། དཀའ་བ་མེད་པར་རྙེད་པར་འགྱུར། འདུན་པ་དྲག་ཅིག་ཁྲིམས་


DKG039_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དང་། མང་དུ་ཐོས་པར་གྱུར་ནས་སུ། དེ་ཚེ་སངས་རྒྱས་སྟོན་པ་པོ། བྱམས་པས་དེ་དག་ལུང་སྟོན་འགྱུར། དེ་བས་དོན་འདི་ཐོས་གྱུར་ནས། དད་པ་བཟང་པོ་སྐྱེད་པར་འགྱུར། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། སེམས་ནི་བརྟན་པོར་བྱེད་པར་འགྱུར། འདི་ན་མི་གང་ཡོངས་ཚོལ་བ། གནས་དེ་ཅི་ཕྱིར་རྙེད་མི་འགྱུར། གང་ལ་ཤེས་རབ་བརྩོན་འགྲུས་ཡོད། དེ་ལ་བྱང་ཆུབ་དཀོན་པ་མེད། གཡོ་དང་ལྡན་བར་ཡོད་མི་བྱ། བྱམས་པའི་སེམས་ནི་བསྒོམས་པར་བྱ། བས་མཐའ་དགོན་པར་གནས་པར་བྱ། འདི་ནི་བྱང་ཆུབ་སྤྱོད་པ་ཡིན། གང་དག་འདི་ལ་གསོག་ཆོས་ཀྱིས། གནས་འདིར་རབ་ཏུ་བརྗོད་བྱེད་པ། དེ་དག་ཆོམ་རྐུན་དྲག་པོ་ཆེ། སེམས་ཅན་ཀུན་གྱིས་ཕྱག་བྱས་སོ། །གང་ཟག་བཟའ་དང་བཏུང་བ་དང་། རྙེད་དང་བཀུར་སྟིའི་དོན་གྱི་ཕྱིར། ཆོས་རྣམས་འཐུན་བར་བཟུང་བྱས་ནས། ཕན་ཚུན་དུ་ནི་འཆད་པར་འགྱུར། དེ་དག་སྲོག་ནི་མཆོག་མིན་ཏེ། དེ་དག་སྲོག་ནི་དོན་མེད་དོ། །དེ་ནི་འཆི་ཞིང་ཕོངས་པར་འགྱུར། དེས་ནི་ངན་སོང་མྱུར་དུ་འགྱུར། ཆོས་ཀྱི་སྒོ་ནས་ཁ་ཅིག་ནི། དགེ་སློང་མིན་ལ་དགེ་སློང་མིང་། སོ་སོར་ཐར་པ་ལེགས་གསུངས་དང་། མདོ་སྡེ་སྔགས་མིན་བརྗོད་པར་འགྱུར། གང་དུ་རང་ཁྲིམས་ཕུན་སུམ་ཚོགས། འདི་འདྲ་བ་དག་ངས་བཤད་པ། དགེ་སློང་གཟུགས་ཀྱིས་སྤོང་འགྱུར་ཏེ། དེ་དག་ལ་ནི་བཟང་འགྲོ་མེད། གང་ཞིག་ལྷར་བཅས་འཇིག་རྟེན་ལ། དེ་སྙེད་བསྐུར་པ་བཏབ་པ་བས། གང་གིས་ཀུན་མཁྱེན་སྟོན་པ་ལ། སྐུར་བཏབ་དེ་ནི་དེ་བས་མང་། ལུས་ཀྱིས་ཀུན་དུ་བསྡམ་བར་བྱ། དག་གིས་ཡང་དག་བསྡམ་བར་བྱ། ཡིད་ཀྱིས་སྡང་བར་མི་བསམ་སྟེ། དེ་ཚེ་མྱ་ངན་འདས་པར་གྱིས། འོད་སྲུང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པའི་དགེ་སློང་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ལ། ལྷག་བའི་བསམ་བ་ཕུན་སུན་ཚོགས་པའི་སེམས་ཅན་རྣམས་ཀྱང་འཆི་བའི་དུས་བྱས་ཏེ་ཟད་པར་གྱུར་པ་འབྱུང་


DKG039_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་དེ་ཡོང་དེ། དམ་པའི་ཆོས་ཕྱི་མ་ལོ་ལྔ་བརྒྱ་ཐ་མར་གྱུར་པ་ན་དགེ་སློང་བརྐམ་པ། ཆགས་པས་ཟིལ་གྱིས་ནོན་པ། ཆགས་པ་ཡང་བས་ཟིལ་གྱིས་ནོན་པ། ཕྲ་མ་ཅན། གཏུམ་བ། བརླང་བ། རྩུབ་པ། ཁྲོ་གཉེར་མང་བྲ། ཆོས་གསུམ་ལ་གནས་བདག་འབྱུང་སྟེ། གསུམ་གང་ཞེ་ན། དམན་པའི་ཐ་སྙད་ལ་གནས་པ་དང་། ཉོ་ཚོང་གི་སྤྱོད་ལ་ལ་གནས་པ་དང་། བུད་མེད་དང་འདྲེ་ཞིང་གནས་པ་སྟེ། ཆོས་གསུམ་པོ་དེ་དག་ལ་གནས་པར་འགྱུར་རོ། །ཆོས་བཞི་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། བཟང་འགྲོར་འགྲོ་བ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། འབྲས་བུ་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། སངས་རྒྱས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བ་ལས་ཡོངས་སུ་ཉམས་པར་འགྱུར་བའོ། །ཆོས་བཞི་པོ་དེ་ངག་དང་ལྡན་བ་དེ་རྣམས་ལ་སྐྱོ་བར་བྱེད་པའི་ཆོས་བཞི་ཤིན་དུ་ཤས་ཆེ་བར་འགྱུར་ཏེ། བཞི་གང་ཞེ་ན། དེ་དག་ལ་ཕྲག་དོག་ཤིན་ཏུ་ཤས་ཆེ་བར་འགྱུར་བ་དང་། དེ་དག་ལ་ཁྲོ་བ་ཤིན་དུ་ཤས་ཆེ་བར་འགྱུར་བ་དང་། དེ་དག་ལ་ཁྱིམ་ལ་ལྷག་པར་ཆགས་པ་ཤིན་དུ་ཤས་ཆེ་བར་འགྱུར་བ་དང་། བདག་ཀྱང་ཡོངས་སུ་སྤངས་ཏེ་བརྐམ་བས་ཟས་སོགས་པའི་གནས་ཀྱི་བུམ་པར་འཇོག་པར་འགྱུར་ཏེ། དེ་དག་ཆོས་གོས་ལ་ཞེ་ན་ནས་ཆགས་པས་ཟིལ་གྱིས་ནོན་ཟ་མ་ཏོག་ལྟ་བུའི་ཆོས་མང་དུ་ཀུན་དུ་སྤྱོད་པར་གྱུར་ཟ་མ་ཏོག་ལྟ་བུའི་ཆོས་ཡང་དག་པར་བླངས་ནས་གནས་པར་འགྱུར། གསོག་དང་ཡ་མ་རླར་འགྱུར་ཏེ། དེ་དག་ལ་དགེ་སྦྱོང་གི་ཆོས་གནས་པར་མི་འགྱུར་རོ། །ཆོས་འདི་ལྟ་བུ་འདི་དག་ཐོས་ནས་གནས་བཞི་ལྷག་པར་ཡོངས་སུ་ཚོལ་བར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྤོང་བ་ལྷག་པར་ཡོངས་སུ་ཚོལ་བར་འགྱུར་བ་དང་། མ་གནང་བ་སྨྲ་བར་འགྱུར་བ་དང་། བུད་མེད་འབའ་ཤིག་འཁོད་པ་ལ་ཆོས་འཆད་པར་འགྱུར་བ་དང་། དེ་དག་དེ་ལྟ་བུ་བྱེད་ཅིང་སོ་སོར་ཐར་པ་སྤོང་བ་ལྷག་པར་ཡོངས་སུ་ཚོལ་བར་འགྱུར་བ་སྟེ། དེ་དག་མདོ་སྡེ་འདི་དག་ཐོས་ནས་དེ་བས་ཆེར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་པར་


DKG039_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་ཁྱི་ཁྲོ་བའི་སྣར་མཁྲིས་པས་བསྐུས་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། ཁྱི་དེ་དེ་བས་ཀྱང་ཆེར་ཤིན་ཏུ་ཁྲོ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་མ་ཡིན་བ་ཁྱི་དང་འདྲ་བ་འདྲེ་དང་འདྲ་བ་དེ་དག་འབྱུང་བར་འགྱུར་ཏེ། དགེ་སློང་མདོ་སྡེ་པ་བསམ་པའི་གཞི་ལ་གནས་པ། ཆོས་འདི་ལྟ་བུ་འཛིན་པ། ཆོས་འདི་ལྟ་བུ་སྟོན་པ་དག་གིས་དེ་དག་ཡང་དག་པར་འདོད་པ་ཆུང་བ་ལ་བཀོད་ཅིང་འདོད་པ་ཆུང་བའི་བསྔགས་པར་སྨྲར་བཅུག་ན་དེ་དག་གིས་ཐོས་ནས་མི་དགའ་བར་འགྱུར། སྒྱིད་ལུག་པར་ཡང་འགྱུར། ཞུམ་པར་འགྱུར། ཡོངས་སུ་གདུང་བར་འགྱུར། ཁྲོ་བས་ཟིལ་གྱིས་ནོན་པར་འགྱུར་ཏེ། བདག་ཅག་དུས་མ་ཡིན་པ་དང་། ཕྱོགས་མ་ཡིན་པར་བཀོད་དོ། །བདག་ཅག་དུས་མ་ཡིན་བར་བཀོད་པར་གྱུར་པ་ལས་སོ་སོར་རྗེས་སུ་སྐྱོང་བ་བྱས་ཏེ་ཅི་བྱེད་པ་བྱེད་པར་གྱུར་ཞེས་སྨྲ་བར་འགྱུར། མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་འགྱུར། རལ་གྲིའི་སོ་དང་། མདུང་ཐུང་ལྟ་བུའི་ཁྲོ་བ་རིག་པར་འགྱུར། དེ་དག་འདོད་པ་ཆུང་བའི་བསྔགས་པ་མི་སྨྲ་བས་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཚིག་ཏུ་སྨྲ་བར་འགྱུར་ཏེ། དེ་དག་འདོད་པ་ཆུང་པ་མ་ཡིན་ཞིང་འདོད་པ་ཆེ་བ་ཡོངས་སུ་འཛིན་ཏོ། །འོད་སྲུང་ངས་ནི་རྣམ་གྲངས་དུ་མས་འདོད་པ་ཆུང་བའི་བསྔགས་པ་གསུངས་ཏེ། འཚོ་བ་ཡོངས་སུ་དག་པས་ཆོག་ཤེས་པ་དང་། གསོ་སླ་བ་དང་། དགང་སླ་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དགོན་པ་ལ་གནས་པ་དང་། བརྩོན་འགྲུས་བརྩམས་པའི་བསྔགས་པ་གསུངས་སོ། །ཁྱེད་ཟ་མ་ཏོག་ལྟ་བུའི་ཆོས་ཀུན་དུ་སྤྱོད་པ་མང་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ནི་སྙིང་སྟོབས་སྐྱེད་པ་ཡིན་བའི་ཕྱིར་ཏེ་ཁྱོད་གཡོ་མ་བྱེད་ཅིག །ཆོས་འདི་དག་ནི་སྙིང་སྟོབས་སྐྱེད་པ་ཡིན་གྱིས་ཁྱེད་ཁྲོ་བ་ལག་དུ་བར་མ་བྱེད་ཅིག །ཁྱེད་དངོས་པོ་ལེན་པར་མ་བྱེད་ཅིག །ཁྱེད་དངོས་པོ་མེད་པར་


DKG039_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག །ཁྱེད་མཚན་མའི་འདུ་ཤེས་མ་བྱེད་ཅིག། ཁྱེད་གནས་མེད་པ་དང་འདྲིས་པ་མེད་པར་གྱིས་ཤོག། ཁྱོད་བ་ལང་དང་བུང་བུ་སྡུད་པར་མ་བྱེད་ཅིག །ཁྱེད་ལེ་ལོའི་གནས་རྣམས་དང་ལྡན་བར་མ་བྱེད་ཅིག །ཁྱེད་མི་དགེ་བའི་ཆོས་སྤང་བ་དང་། དགེ་བའི་ཆོས་བསྒྲུབ་པའི་ཕྱིར་བརྩོན་འགྲུས་རྩོམས་ཤིག། འོད་སྲུང་ངས་ནི་རྣམ་གྲངས་དུ་མས་དབེན་བ་བསྔགས་ཏེ། དགོན་པ་ལ་གནས་པ་དང་། འདུ་འཛི་མེད་པར་བསྔགས་སོ། །དེ་ལ་ཡོ་བྱད་མ་བསྙུངས་པ་ལ་གནས་པ། འདོད་པ་ཆེ་བ། སྡིག་པ་འདོད་པ། ཡོ་བྱད་མ་བསྙུངས་པའི་ཚུལ་ལ་གནས་པ་དག་གིས་ཡོ་བྱད་བསྙུངས་པ་ལ་གནས་པ་འདི་ལྟ་བུ་འདི་དག་སྤོང་བར་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་དབྱར་ཟླ་འབྲིང་པོ་ལ་མི་ཞིག་མར་འཐུངས་ལ་དེ་ཡང་ཤེས་རབ་འཆལ་པའི་རང་བཞིན་ཅན་ཡིན་བས་སྐོམ་ནས་ཆུ་ཚོལ་ཏེ། དེས་མི་ཞིག་ལ་ཆུ་བསྔངས་པ་དང་། དེས་འདི་སྐད་དུ་ཀྱེ་མི་ཁྱོད་མར་འཐུངས་ཀྱིས་ཆུ་འདོད་པར་མ་བྱེད་ཅིག །ཤི་བར་གྱུར་ཏ་རེ་ཞེས་སྨྲས་པ་དང་། དེ་ཁྲོ་བས་ཟིལ་གྱིས་ནོན་ནས་མི་དེ་ལ་མི་སྙན་པ་བརྗོད་ཅིང་གཤེ་ལ་དེའི་ཚིག་མ་མཉན་ཏེ། དེས་ཆུ་འཐུངས་ནས་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུང་གང་ཟག་དམིགས་པ་ཅན་གྱི་རང་བཞིན་ཅན་བརྐམ་པ་ཡོན་ཏན་མ་ཡིན་པ་ལ་གནས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། དེ་དག་ལ་ཆོས་འདི་ལྟ་བུ་འཛིན་པའི་དགེ་སློང་དག་གིས་འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་བའོ་ཞེས་བསྐུལ་ན་དེ་དག་ཁྲོ་བས་ཟིལ་གྱིས་ནོན་ནས་མི་སྙན་པ་བརྗོད་པར་འགྱུར། གཤེ་བར་འགྱུར་ཏེ། མདོ་སྡེ་འདི་ལྟ་བུ་འདི་དག་དང་། དེ་བཞིན་གཤེགས་པའི་གདམས་པ་དང་། རྗེས་སུ་བསྟན་པ་སྤོང་བར་འགྱུར་རོ། །འོད་སྲུང་དེ་ལྟ་བས་ན་དེ་ལྟར་ཕལ་ཆེར་དེ་བཞིན་གཤེགས་པ་དང་རྩོད་དོ། །འོད་སྲུང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ལ་བསླབ་པའི་གཞི་འཆའ་ཞིང་སྟན་གཅིག་པར་ཟ་བར་བསྔགས་པ་ན་དགེ་སློང་བཟང་སྐྱོང་ཁྲོ་བས་ཟིལ་གྱིས་ནོན་ནས་ཟླ་བ་གསུམ་ན་ངའི་གན་དུ་འོངས་པ་ལ་ལྟོས། འོད་སྲུང་ཚངས་པར་སྤྱོད་བའི་སྙིང་པོ་མཆོག་འདི་ཉིད་ལ་གནས་སྐབས་འདི་ལྟ་བུ་འདི་བྱུང་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་


DKG039_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ནས་ལྟ་ཅི་སྨོས། དགེ་སློང་ཟང་ཟིང་ལ་ཆགས་པ། ལྷུང་བཟེད་ལ་ཆགས་པ། ཆོས་གོས་ལ་ཆགས་པ། ན་བའི་གསོས་སྨན་དང་ཡོད་བྱད་ལ་ཆགས་པ། རྨུགས་པ་དང་གཉིད་ཀྱི་དབང་དུ་སོང་བ། གནོད་སེམས་ལ་དཔའ་བའི་དགེ་སློང་རྣམས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ན་དེ་བཞིན་གཤེགས་པ་ལ་ཡང་སྟི་སྟང་མེད་པར་གྱུར་ན། དགེ་སློང་གང་དག་བྱ་བ་ལ་གནས་པ་རྣམས་ལ་ལྟ་ཅི་སྨོས། འོད་སྲུང་གང་ཆོས་རིན་པོ་ཆེ་འདི་ལྟ་བུ་འདི་ནུབ་པར་འགྱུར་བ་ནི་མ་ལེགས་སོ། །ཤིན་ཏུ་མ་ལེགས་པའོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དོན་འདོད་པ་དང་པས་ཕྱི་མའི་དུས། སྙིགས་མའི་དུས། ཤིན་དུ་འཆབ་པའི་དུས། རིགས་ཀྱི་བུ་མུ་གེ་བྱུང་བའི་དུས་ན་ངའི་བསྟན་བ་ལ་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་དག་ཐོས་ནས་རིགས་པ་དང་ལྡན་བ་རྣམས་ལ་བརྗོད་པར་བྱའི་རིགས་པ་དང་མི་ལྡན་པ་རྣམས་ལ་ནི་མ་ཡིན་ནོ། དད་པ་རྣམས་ལ་བརྗོད་པར་བྱའི་མ་དད་པ་རྣམས་ལ་ནི་མ་ཡིན་ནོ། །འོད་སྲུང་ང་ཡང་ང་ལྟར་རིགས་པ་དང་ལྡན་བ་རྣམས་ལ་སྨྲའི་རིགས་པ་དང་མི་ལྡན་བ་རྣམས་ལ་ནི་མ་ཡིན་ནོ། །དད་པ་རྣམས་ལ་སྨྲའི་མ་དད་པ་རྣམས་ལ་ནི་མ་ཡིན་ནོ། །འོད་སྲུང་རྟ་དམུ་རྒོད་ནི་རྟ་ཅང་ཤེས་ཀྱི་གོ་ཆ་མི་ལེན་ཏོ། །ལེན་ན་ཡང་དེ་ལ་ཡིད་མི་དགའ་བར་འགྱུར་ན་དུང་དང་། འཁར་རྔ་དང་། རྔ་བོ་ཆེ་དང་། རྫ་རྔའི་སྒྲ་བཟོད་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །འོད་སྲུང་དེ་བཞིན་དགེ་སློང་ཚུལ་ཁྲིམས་འཆལ་པ་ཡང་སྐྱེས་བུ་དམ་པའི་ཆོས་ལ་ནམ་ཡང་བཟོད་པར་མི་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་རྟ་དམུ་རྒོད་དེ་ནི་འདྲོག་པར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་འཆལ་བ་ཡང་ཐ་ན་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་ཚིག་གཅིག་སྨྲས་ན། དེ་ལ་བདག་གི་འདུ་ཤེས་ཅན་འཇིགས་པར་འགྱུར། སྐྲག་པར་འགྱུར། རྩོད་པར་འགྱུར་ན་ཉེ་བར་བསྟན་པ་ན་ལྟ་ཅི་སྨོས། གོ་ཆ་བགོས་ནས་བདུད་ཀྱི་སྡེ་བྱེ་བ་ཕྲག་བརྒྱ་ཕམ་པར་བྱ། ཇི་ལྟར་ཤིན་དུ་རྩོད་པར་མི་འགྱུར་བ་དེ་ལྟར་ཕ་རོལ་ཕམ་པར་བྱའོ། །དེ་དག་གི་གོ་ཆ་དེ་ནི་མི་ཤིགས་པའི་རྩ་བ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་རྩ་བ་དང་།


DKG039_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆགས་པའི་རྩ་བ་དང་། ཞེ་སྡང་མེད་པའི་རྩ་བ་དང་། གཏི་མུག་མེད་པའི་རྩ་བ་དང་། ཕྲག་དོག་མེད་པའི་རྩ་བ་དང་། འདོད་པ་སྤོང་བའི་རྩ་བ་དང་། གཅིག་པུར་གནས་པའི་རྩ་བ་དང་། མི་ཉལ་བའི་རྩ་བའོ། །ཐམས་ཅད་ཀྱི་ཐམས་ཅད་ཏུ་གནོད་སེམས་ཀྱི་སེམས་བསྐྱེད་པར་མི་བྱ། ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་ཆགས་ཀྱི་སེམས་བསྐྱེད་པར་མི་བྱ། གང་དུ་ཡང་རེག་པར་མི་བྱའོ། །གོ་ཆ་དེ་ནི་རེ་བ་མེད་པའི་རྩ་བ་ཞེས་བྱ་སྟེ། གོ་ཆ་དེ་ལྟ་བུ་བགོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ། གང་ལ་ཡང་མངོན་བར་ཞེན་པ་མེད་པར་བྱའོ། །བདག་ཏུ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། སེམས་ཅན་འདུ་ཤེས་མི་བསྐྱེད། སྲོག་ཏུ་འདུ་ཤེས་མི་བསྐྱེད། གང་ཟག་ཏུ་འདུ་ཤེས་མ་བསྐྱེད། བུད་མེད་དུ་འདུ་ཤེས་མི་བསྐྱེད། སྐྱེས་པར་འདུ་ཤེས་མི་བསྐྱེད། སའི་ཁམས་སུ་འདུ་ཤེས་མ་བསྐྱེད། ཆུའི་ཁམས་སུ་འདུ་ཤེས་མི་བསྐྱེད། མེའི་ཁམས་སུ་འདུ་ཤེས་མི་བསྐྱེད། རླུང་གི་ཁམས་སུ་འདུ་ཤེས་མི་བསྐྱེད། འདོད་པའི་ཁམས་སུ་འདུ་ཤེས་མི་བསྐྱེད། གཟུགས་ཀྱི་ཁམས་སུ་འདུ་ཤེས་མི་བསྐྱེད། གཟུགས་མེད་པའི་ཁམས་སུ་འདུ་ཤེས་མི་བསྐྱེད། ཚུལ་ཁྲིམས་སུ་འདུ་ཤེས་མི་བསྐྱེད། འཆལ་བའི་ཚུལ་ཁྲིམས་སུ་འདུ་ཤེས་མི་བསྐྱེད་ཅིང་སྟོང་པ་ཉིད་དུ་འདུ་ཤེས་བསྐྱེད་པར་མི་བྱ། ཐམས་ཅད་ལ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ཐ་ན་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ་ན་བདག་ཏུ་འདུ་ཤེས་བསྐྱེད་པ་ལྟ་ཅི་སྨོས། ཅིའི་ཕྱིར་འདུ་ཤེས་བསྐྱེད་པར་མི་བྱ་ཞེ་ན། འདི་ལ་འདུ་ཤེས་དེ་གང་ཡང་མི་དམིགས་པའི་ཕྱིར་རོ། །འོད་སྲུང་གལ་ཏེ་འདོད་ཆགས་ཡང་དག་པ་ཟིན་ན་དེའི་འཕོ་བ་དང་། འགོག་པ་ཀུན་དུ་ཤེས་པར་མི་འགྱུར་རོ། །འོད་སྲུང་འདི་ལྟར་འདོད་ཆགས་ནི་ཡུལ་ལ་གནས་པ་དང་། ཕྱོགས་ན་གནས་པར་མི་དམིགས་ཏེ། བརྫུན་དུ་སྨྲ་བ་ནི་མ་གཏོགས་སོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་གསུང་ངོ་། །འདོད་ཆགས་གང་ཡིན་པ་དེ་ནི་བདག་མ་ཡིན་ཏེ། དེ་ལྟ་བའི་ཆོས་དེ་དག་ནི་དགེ་སྦྱོང་གི་ཆོས་རྣམས་སོ། དེ་ལ་གང་ན་མི་དམིགས་པ་དེ་


DKG039_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་དགེ་སྦྱོང་གི་ཆོས་ཡིན་ནོ། །གང་དག་གིས་འདུ་ཤེས་དེ་བཟུང་ན་དེ་དག་གིས་རི་རབ་དང་མཉམ་བའི་གང་ཟག་ཏུ་འདུ་ཤེས་བཟུང་བར་འགྱུར་ཏེ། དེ་དག་ནི་བསྟན་པ་འཕགས་པ་འདི་ལས་ཉམས་པ་སྟེ། དེ་དག་གིས་དགེ་སྦྱོང་གི་ཆོས་དེ་དག་ཅི་ཡང་མ་བསྐྱེད་ཅིང་དེ་དག་དགེ་སྦྱོང་གི་ཆོས་ལ་གནས་པ་མ་ཡིན་ཏེ་རགས་པ་ལྷུར་ལེན་པའོ། །དེས་ན་སྐྱེས་བུ་གཏི་མུག་པ་གཏི་མུག་གིས་རྒས་པ་དེ་དག་ལ་སུས་ཀྱང་ཅི་ཡང་བརྗོད་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གིས་ཅི་ཡང་བཟུང་སྟེ། དེས་ན་སེམས་ཅན་དམྱལ་བ་ཆེན་པོ་མི་བཟད་པར་བསྐལ་པར་གནས་པར་འགྱུར་བའི་སྐབས་ཡོངས་སུ་གཟུང་བའི་ཕྱིར་རོ། །འོད་སྲུང་དགེ་སློང་ཀོ་ཀ་ལི་ཀ་དང་། དགེ་སློང་ལྷས་བྱིན་དང་། དགེ་སློང་ཁན་ཌ་དྲབ་བྱ་དང་། དགེ་སློང་ཀ་ཏ་མོར་ཀཏི་ཤྱ་དང་། དགེ་སློང་རྒྱ་མཚོས་བྱིན་ལ་ལྟོས། འོད་སྲུང་དགོ་སློང་རྟ་ཐུལ་དང་། ནབ་སོ་ལ་ལྟོས། འོད་སྲུང་དགེ་སློང་སྐར་བཟངས་ངའི་གཡོག་བྱེད་དེ་ངའི་མདུན་ན་སྨྲ་ཞིང་འཆག་པ་དང་འདུག་པ་ལ་ཡང་ལྟ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་གི་བར་སྣང་ལ་འཆག་བ་ལ་ཡང་ལྟ། ཆོས་དང་འཐུན་བས་མུ་སྟེག་ཅན་སྟོང་ཚར་གཅོད་པར་ཡང་ལྟ་ལ། དེ་ང་ལ་དད་བར་མི་བྱེད་ཅིང་ཚིག་རེ་རེ་ལ་ཡང་འཐུན་པར་མི་བྱེད་པ་ལ་ལྟོས། གང་ཚིག་རེ་རེ་ལ་ཡང་འཐུན་བར་མི་བྱེད་པ་དེ་ནི་ངན་པར་འགྲོ་བར་འགྱུར་རོ། །ཀྱེ་ཡང་སངས་རྒྱས་ཡང་དག་པའོ་ཞེས་ཚིག་ཏུ་སྨྲ་བར་འགྱུར་བ་དེ་ལ་ནི་ཙན་དན་གྱི་ཕུར་མ་རི་རབ་ཙམ་གྱིས་གཏོར་བར་བྱ་མངོན་བར་གཏོ་བར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྱི་ཚད་ཙམ་གྱི་གདུགས་བྱས་ཏི་སྟེང་གི་བར་སྣང་ལ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་འདི་ལྟར་སངས་རྒྱས་ཀྱི་སྒྲ་ཡང་དག་པ་ལ་ཡང་ཡིད་ཆེས་བར་དཀའ་ན་གང་དད་པར་གྱུར་ནས་དད་པས་རབ་ཏུ་འབྱུང་བ་དང་། འདོད་པའི་ཡོན་ཏན་སྤངས་ནས་ཅི་ལ་ཡང་མི་གནས་བར་བསམ་གཏན་བྱེད་པར་འགྱུར་བ་ལྟ་ཅི་སྨོས། འོད་སྲུང་སེམས་ཅན་གང་དག་འདི་ལ་བཟོད་ཅིང་ཇི་ལྟར་བཅས་པའི་བསླབ་པ་ལ་སློབ་པ་དང་། ཆོས་བདུད་རྩི་དེ་ཡང་རྟོགས་པ་དེ་དག་ནི་མཆོག་ཏུ་ང་མཚར་ཆེའོ། །འོད་སྲུང་འདི་ལྟ་སྟེ།


DKG039_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་འདུས་པ་ཆེན་པོར་གྱུར་བའི་ནང་ན་ལྤགས་པའི་རྔ་སྒྲ་བྱུང་རྒྱལ་དུ་འབྱུང་བ། ལེགས་པར་བྱས་པ། བརྗོད་པ་བཞིན་དུ་བྱེད་པ། སྦྱིན་པ་སྦྱིན་པ། རྣམ་པར་བཀྲབ་དག་ཅིག་ཡོད་ལ་མི་ཞིག་གིས་དེ་མགོ་ལ་མི་ལྷུང་བས་བྱས་ཏེ་ཆེར་སྒྲུང་པའོ་ཞེས་སྨྲ་ཞིང་གོས་དག་གིས་དཀྲིས་ཏེ་ཁྱེར་བ་ལས། འོད་སྲུང་བལྟས་ན་སྦྱིན་བ་ཅི་ཡང་སྦྱིན་པར་མ་གྱུར་ནས་ཀྱི་ཡང་ཡོད་པ་མ་ཡིན་པར་མཐོང་སྟེ། འདོར་བར་བྱེད་པ་དེ་བཞིན་དུ་འོད་སྲུང་དེ་བཞིན་གཤེགས་པའི་དཔལ་གྱིས་སྦྱིན་བ་ཅི་ཡང་སྦྱིན་བར་མ་མཐོང་ལ། ཀྱེ་ཡང་ཡོད་པ་མ་ཡིན་བར་མཐོང་ནས་འདོར་བར་འགྱུར་རོ། །འོད་སྲུང་བདག་ཏུ་འདུ་ཤེས་པ་ལས་འདོད་ཆགས་འབྱུང་ངོ་། །གཞན་དུ་འདུ་ཤེས་པ་ལས་འདོད་ཆགས་འབྱུང་ངོ་། །འོད་སྲུང་སུ་བདག་གི་འདུ་ཤེས་ཡོངས་སུ་ཤེས་པ་དེ་ནི་འོད་སྲུང་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མི་འཁྲུག་གོ། དེ་ཅིའི་ཕྱིར་ཞེ་ན། མི་མཐུན་བ་ལས་གཤེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་དེ་བས་ཀྱང་ཤས་ཆེར་ཡིད་འབྱུང་བའི་སེམས་འཐོབ་བོ། །གང་དག་གིས་ཤིན་དུ་བཟུང་བ་དེ་དག་ནི་ལོག་པར་ལྟའོ། །གང་དག་ལོག་པར་ལྟ་བ་དེ་དག་ནི་ཡང་དག་པ་འདི་ལྟ་བུས་བསྐུལ་ན་འཁྲུག་གོ། དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་བདག་ཏུ་འདུ་ཤེས་པ་ནི་འཁྲུག་པར་འགྱུར་བའི་ཕྱིར་རོ། འོད་སྲུང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ཞིག་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་འཁྲུག་གམ། གནོད་སེམས་སྐྱེད་དམ། སྤོང་བར་བྱེད་ན་དེ་དག་ནི་དགེ་སྦྱོང་ཞེས་བྱ་ཡང་དགེ་སྦྱོང་གི་ཐ་སྙད་བོར་བ་སྟེ། དེ་དག་ནི་ངའི་ཉན་ཐོས་མ་ཡིན་ལ་ང་ཡང་དེ་དག་གི་སྟོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་བརྫུན་དུ་སྨྲ་བ་དག་ནི་ངའི་ཉན་ཐོས་མ་ཡིན་ལ་ང་ཡང་བརྫུན་དུ་སྨྲ་བ་དག་གི་སྟོན་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་བ་ནི་ཡང་དག་པར་གསུང་བ། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྟོང་བའོ་ཞེས་དེ་སྐད་གསུང་བའི་ཕྱིར་རོ། །འོད་སྲུང་དེ་བཞིན་གཤེགས་པ་ནི་བདག་གི་སྟོབས་འཇིག་པར་མཛད་པ་སྟེ། དེ་དང་རྩོད་དོ། །གང་དེ་བཞིན་གཤེགས་པ་དང་རྩོད་པ་དེ་ནི་བདུད་


DKG039_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ། །དེ་བཞིན་གཤེགས་པས་ནི་བདུད་ཀྱི་རིས་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་མ་གནང་ངོ་། །འོས་སྲུང་འདི་ལྟ་སྟེ། དཔེར་ན་གང་ཞིག་འདི་སྐད་དུ་བྱ་ལ་ཀུ་ཊི་ཀ་ལས་བལ་གླང་གླང་པོ་ཆེ་སྐྱེས་སོ་ཞེས་ཟེར་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེའི་ཚིག་ཡིད་ཆེས་པར་བྱ་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ་འོད་སྲུང་འདི་ཇི་སྙམ་དུ་སེམས། དེ་འཐུན་བ་ཡིན་ནམ་འོན་ཏེ་མི་མཐུན་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་མཐུན་པ་ལགས་སོ། །བཀའ་སྩལ་པ། དེ་བས་ཀྱང་སྐྱེས་བུ་དམ་པ་མ་ཡིན་བ་གང་དག་བདག་ཏུ་འདུ་ཤེས་དང་། སེམས་ཅན་དུ་འདུ་ཤེས་དང་། སྲོག་ཏུ་འདུ་ཤེས་དང་། གང་ཟག་ཏུ་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ལ་གནས་ཏེ། ང་ལ་སྟོན་པ་ཞེས་བརྗོད་པ་དེ་དག་ནི་ཆེས་མི་མཐུན་ནོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་འོངས་ན་འདི་སྐད་དུ་བྱ་འདབ་བཟངས་ལས་བྱ་རོག་སྐྱེས་སོ་ཞེས་ཟེར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས་། མི་དེའི་ཚིག་དེ་ཡིད་ཆེས་པར་བྱི་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འོད་སྲུང་འདི་ཇི་སྙམ་དུ་སེམས། དེ་འཐུན་པ་ཡིན་ནམ། འོན་ཏེ་མི་མཐུན་པ་ཡིན་གསོལ་པ། བཅོམ་ལྡན་འདས་མི་མཐུན་པ་ལགས་སོ། །བཀའ་སྩལ་པ། དེ་བས་ཀྱང་སྐྱེས་བུ་དམ་པ་མ་ཡིན་བ་གང་དག་བདག་ཏུ་འདུ་ཤེས་ལ་གནས་པ་ནས་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱི་བར་ལ་གནས་ནས་ང་ལ་སྟོན་པའོ་ཞེས་བརྗོད་བ་དེ་དག་ནི་ཆོས་མི་མཐུན་ནོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་འདི་སྐད་དུ་སྲིན་བུ་མེ་ཁྱེར་གྱིས་རི་རབ་བླངས་ཏེ་འགྲོའོ་ཟེར་ན་འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེའི་ཚིག་ཡིད་ཆེས་པར་བྱ་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེའི་ཚིག་དེ་འཐུན་པ་ཡིན་ནམ་འོན་ཏེ་མི་མཐུན་པ་ཡིན་། །གསོལ་པ། བཅོམ་ལྡན་འདས་མི་མཐུན་པ་ལགས་སོ། །བཀའ་སྩལ་པ། དེ་བས་ཀྱང་སྐྱེས་བུ་དམ་པ་


DKG039_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་བ་གང་དག་བདག་ཏུ་འདུ་ཤེས་ལ་གནས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་འདུ་ཤེས་ལ་གནས་ནས་ང་ལ་སྟོན་པའོ། །ཞེས་བརྗོད་པ་དེ་དག་ནི་ཆེས་མི་མཐུན་ནོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིམ་གྲོ་པའི་མི་ལ་ལ་ཞིག་ཡོད་ལ། སྔོན་མ་མཐོང་བའི་མི་ལ་ལ་ཞིག་གིས་དེ་ལས་བསླབས་ནས་དེ་དབང་ཕྱུག་གི་གནས་ཞིག་ཏུ་སོང་སྟེ། རྒྱལ་པོའི་ཞབས་འབྲིང་བ་དེ་དག་གི་ནང་དུ་སོང་ནས། མ་གླེངས་པར་འདི་སྐད་ཅེས་ཟེར་ཏེ། རྒྱལ་པོ་འདི་སྐད་གསུང་ངོ་། །རྒྱལ་པོས་འདི་ལྟ་བུ་དག་བཀའ་སྩལ་གྱིས་དེ་བཞིན་དུ་གྱིས་ཤིག །ཁོ་བོ་ནི་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོ་དེ་དག་མ་མཐོང་བའི་མི་ཡིན་ཏེ། དབང་ཕྱུག་གི་གནས་ཀྱིས་འོངས་སོ་ཞེས་དེ་སྐད་ཟེར། དེ་དེ་ལྟ་བུ་དང་ཟེར་ཞིང་དེ་ལྟར་བྱའོ། །ཁོ་བོ་ནི་སྲོག་གི་ཆེད་དུ་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོ་དག་གི་གན་དུ་དུ་འགྲོའོ་ཞེས་ཟེར་བ་དེ་བཞིན་དུ་འོད་སྲུང་ེ་བཞིན་གཤེགས་པ་ཡང་སྟོབས་རྫོགས་པ། རང་གི་བྱ་བ་རྫོགས་པ་དང་ལྡན་པ་སྟེ། དཔེར་ན་རྒྱལ་པོས་སའི་དཀྱིལ་འཁོར་ཆེན་པོ་མཐའ་ཐུག་པ་མེད་པར་བདེ་བར་ཆམ་དུ་འབེབས་ཤིང་དེ་ལ་ཟས་སྦྱར་བ་དག་ཀྱང་འབྱུང་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དགེ་འདུན་མཐའ་ཐུག་པ་མེད་པ་དང་། སངས་རྒྱས་ཀྱི་ཞིང་མང་པོ་ཆམ་དུ་འབེབས་ཏེ། དེ་ལ་ཞལ་ཟས་སྦྱར་བ་དག་ཀྱང་འབྱུང་ངོ་། །དེ་ལ་སྔོན་མ་མཐོང་བའི་མི་བདག་ཏུ་སྨྲ་བ་དང་སེམས་ཅན་དུ་སྨྲ་བ་ནས་མྱ་ངན་ལས་འདས་པའི་བར་དུ་སྨྲ་བ་དག་འོད་ཞིང་དེ་དག་མ་བཅོལ་བར་འོང་ནས་འདི་སྐད་ཅེས་ཟེར་ཏེ། དེ་བཞིན་གཤེགས་པས་འདི་སྐད་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པས་འདི་ལྟ་བུ་བཀའ་སྩལ་ཏེ། འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་གང་དག་གདམས་ངག་དང་། རྗེས་སུ་བསྟན་བའི་དང་འཐུན་བར་བྱེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བཀའ་ལ་མངོན་པར་དད་དེ་འགལ་བར་མི་བྱེད་ཅིང་དེ་དག་གིས་ཐོས་ནས་བདག་དང་ཡང་སྔོ། བུ་དང་ཆུང་མ་དང་ཡང་སྔོ་ཞིང་སྦྱིན་བར་བྱེད། ཤིན་ཏུ་མཆོག་དང་། ཤིན་དུ་གྱ་ནོམ་པར་སྦྱིན་བར་བྱེད། ཤིན་དུ་སྟི་སྟང་བྱས་ཏེ་སྦྱིན་པར་བྱེད། དད་པས་སྦྱིན་བར་བྱེད་ཅིང་ཇི་


DKG039_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་ཁོད་དུ་མ་ཆུང་པ་དེ་སྲི་གདུ་དང་པས་སྦྱིན་བར་བྱེད་དེ། དེ་ལྟར་ན་ཡོན་ཏན་དེ་ལྟ་བུ་དང་། སྤྱོད་པ་དེ་ལྟ་བུ་དང་ལྡན་བ་དེ་དག་ནི་སྔོན་མ་མཐོང་བའི་མི་དང་འདྲའོ། །དེ་དག་གིས་ཡོངས་སུ་སྤྱད་ནས་འདུ་འཛིས་ཉིན་མཚན་འདས་པར་བྱེད་དོ། །རྒྱལ་པོའི་གཏམ་བརྗོད་པ་དང་། ཆོམ་རྐུན་གྱི་གཏམ་བརྗོད་པ་དང་། བཟའ་བའི་གཏམ་དང་། བཏུང་བའི་གཏམ་དང་། སྨད་འཚོང་མའི་གཏམ་དང་། བུད་མེད་ཀྱི་གཏམ་དང་། སྨན་པའི་གཏམ་བརྗོད་པར་འགྱུར། ཟླ་བ་སྤྱད་ཀིས་ཟིན་པ་དང་། ཉི་མ་སྤྱང་ཀིས་ཟིན་པ་དང་། རྒྱལ་པོ་འོང་ངོ་། །རྒྱལ་པོ་འགྲོའོ། རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་འདུག་གོ་ཞེས་བྱ་བ་དང་། ཁྱིམ་གྱི་གཏམ་བརྗོད་པར་འགྱུར། སྡུག་པར་འགྲོ་བར་བྱ། གང་ན་ཟས་སྟེར་བ་དེར་འགྲོ་བར་བྱ་ཞེས་དེ་ལྟ་བུའི་གཏམ་བརྗོད་པར་འགྱུར་རོ། །ཞག་གཅིག་གནས་པས་ཉི་མ་འདས་པར་བྱས་ནས་གཙུག་ལག་ཁང་དུ་འགྲོ་བར་འགྱུར། ཞག་གཉིས་གནས་པ་དང་། ཞག་གསུམ་གནས་པ་དང་། ཞག་བཞི་གནས་པ་དང་། ཞག་ལྔ་གནས་པ་དང་། ཞག་དྲུག་གནས་པ་དེ་དག་གནས་པ་ལྟ་བུའི་གཏམ་བརྗོད་པར་འགྱུར་ཞིང་དེ་ལྟ་བུའི་གཏམ་བརྗོད་པར་འགྱུར། སྨན་ཆང་སྣ་ཚོགས་ཀྱི་གཏམ་གྱི་རྒྱུད་ཀྱིས་ཤེས་བཞིན་མེད་པར་གྱུར་བའི་ལུས་དང་། ཁ་ནས་ཁ་ཆུ་ཟག་ཅིང་མྱོས་ནས་ཉལ་བར་འགྱུར་རོ། །དེ་དག་གིས་དེར་ཅི་བྱས་པ་དེ་རྨི་ལམ་དུ་རྨི་བར་འགྱུར། བདག་འགྲོ་བ་རྨི་བར་འགྱུ། བདག་ཡོན་ཏན་མ་ཐོབ་པ་སྒྲུབ་པར་རྨི་བར་འགྱུར་རོ། །དེ་དག་སང་ནས་ཕན་ཚུན་གཏམ་ཟེར་ཏེ། འདི་ལྟར་ཁྱོད་ནི་མཚན་མོ་སོང་ངོ་། །འདི་ལྟར་ཁྱོད་ནི་འདུག་གོ། འདི་ལྟར་ཁྱོད་ཀྱིས་དེ་ལ་ཐོབ་བོ། །གང་དག་གིས་མ་ཐོབ་བ་དེ་དག་ཀྱང་མྱུར་དུ་སྐྱེན་བར་མྱུར་དུ་སོང་དང་ལེགས་སོ་ཞེས་ཕན་ཚུན་སྨྲ་བར་འགྱུར་ཏེ། ཤིས་བའི་རྨི་ལམ་དེ་དག་རྨིས་ནས་དེ་དག་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པར་འགྱུར། གཅིག་ལ་གཅིག་ངོམ་ཟུང་གནག་བ་ངང་། སྡུག་བསྔལ་བ་དང་། ཉེ་བར་གནས་པ་མ་ཡིན་བའི་རྒྱུད་དང་། མཉམ་བར་མ་གཞག་པའི་སེམས་ཀྱིས་རྒོད་ཅིང་དབང་པོ་ཕལ་བར་འགྱུར་ལ། མ་བསྒྲིམས་ཤིང་


DKG039_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཡེང་བའི་སྦྱོང་པས་དེ་དག་ཁྱིམ་དུ་དོང་ནས་སོ་སོར་ཐར་པ་བོར་ཏེ་བུད་མེད་ཉེ་ཚེ་འཁོད་པ་ལ་ཆོས་སྟོན་པར་འགྱུར། དེ་དག་བདག་ཅག་གང་ལས་ཤིན་ཏུ་རྙེད་པར་འགྱུར་སྙམ་ནས་ཆོས་སྒྲུབ་ཅིང་དེ་ངག་དེ་ལས་རྙེད་པར་འགྱུར་ཏེ། དེ་དག་ཆགས་ཤིང་ཞེན་ལ་མདུད་པ་བོར་ཏེ། བརྒྱལ་ཞིང་ལྷག་པར་ཆགས་ལ། ལྷག་པར་ཆགས་པར་གྱུར་ནས་དེ་དག་མི་འགྱོད་པས་ངུ་ཞིང་འདོད་བར་འགྱུར་རོ། །གནས་གཉིས་རབ་ཏུ་སྟོན་ཏེ། གཉིས་གང་ཞེ་ན། ཤིན་དུ་བཟང་ཞིང་ཤིན་དུ་རབ་ཏུ་ཞི་བ་ལ་བསྔགས་པར་མཐོང་བ་དང་། ཁ་ཅིག་ཤིན་དུ་བཟང་པོ་མ་ཡིན་པ་ལ་མི་སྙན་པ་བརྗོད་པར་འགྱུར་བ་སྟེ། སྦྱིན་བ་བོ་རྣམས་ལ་ལྟ་ཅི་སྨོས། དེ་དག་ཡང་ང་ལྟར་འདུས་ནས་གཅིག་ལ་གཅིག་ལྟ་ཞིང་ཅི་ཞིག་བྱིན། སུ་བྱིན་ཇི་སྙེད་ཅིག །ཇི་སྙེད་ཅིག་སྦྱང་ཅེས་སྨྲ་བར་འགྱུར་རོ། །འོད་སྲུང་འཆི་བའི་དུས་མ་བྱས་ཀྱི་བར་དུ་རྣལ་འབྱོར་ལ་མི་བརྩོན་བ་དག་གི་རྣམ་གྲངས་ནི་འདི་དག་གོ། །རྣལ་འབྱོར་དང་མི་ལྡན་བ་དེ་དག་ལ་གཞན་ཡང་ཤེས་པར་བྱ་སྟེ། འདི་ལྟ་སྟེ། ཆོས་ཐམས་ཅད་སྤོང་བའོ། །འོད་སྲུང་དགེ་སློང་དེ་ལྟ་བུ་དེ་དག་ལ་སྙིང་རྗེ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རྣམ་པར་སྨིན་བ་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་བ་འདི་དག་བཀའ་སྩལ་ཏོ། །འཚོ་བ་དག་གིས་དོན་གྱི་ཕྱིར། བྱིས་པ་རྒྱལ་བའི་བཀྲབས་པར་འགྱུར། ཁྱིམ་དང་ཁྱིམ་དུ་རྒྱུ་བྱེད་ཅིང་། རྒྱལ་པོ་འདི་སྐད་གསུང་ཞེས་སྨྲ། དེ་དག་དོང་ནས་ཕྲ་མ་ཟེར། ཁྲོས་ནས་ཆད་པས་བཅད་དེར། བྱིས་པའི་མཐུ་ནི་དེ་ལྟ་བུས། རྟག་ཏུ་འཚོ་བ་བྱེད་པར་འགྱུར། གང་གིས་བསྐལ་བ་བརྒྱ་མང་དུ། ལག་པ་རྐང་པ་ཡོངས་བཏང་ཞིང། བྱ་བར་དཀའ་བ་མང་མཛད་པ། སངས་རྒྱས་ལ་ལྟ་སྨོས་ཅི་དགོས། ང་ནི་ཆོས་ཀྱི་རྒྱལ་པོའི་མི། ཆད་པ་དྲག་པོ་གཅོད་ལ་དབང། ཇི་ལྟར་བྱ་ཞིང་ཅི་བྱས་ཞེས། སུ་ཡང་འདྲི་བར་ཡོང་མི་བྱེད། དགེ་སློང་རྣམས་ལ་གནས་བྱིན་ཞིང་། ཟས་དང་སྐོམ་གྱི་དམ་པ་དང་། ཆོས་དགོས་མཆོག་ཏུ་གང་གྱུར་བ། ཐམས་ཅད་གུས་དང་བཅས་བས་བྱིན། འདི་ལྟར་བདག་ཀྱང་མི་


DKG039_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཅིང་། བུ་ལའང་སྦྱིན་བར་མི་བྱེད་ལ། སྡུག་བསྔལ་ཤ་ཐང་བཙལ་བྱས་ནས། གང་དག་ཚུལ་ཁྲིམས་ལྡན་ལ་ཕྱིན། དེ་ལ་གང་དག་མི་རིགས་པ། སྤྱད་ནས་མྱུར་དུ་འགྲོ་བྱེད་དེ། ཕྱོགས་གཅིག་ཏུ་ནི་འདུས་ནས་སུ། བདེ་བར་གྱུར་ཏམ་ཞེས་ཀྱང་འཛེར། རྒྱལ་པོའི་གཏམ་དང་ཆོམ་རྐུན་གཏམ། གེལ་བའི་གནས་ཀྱི་གཏམ་དག་དང་། བཟའ་བ་དང་ནི་བཏུང་བའི་གཏམ། དེ་དག་འདུས་ནས་སྨྲ་བར་བྱེད། ཉི་ཟླ་སྤྱང་ཀིས་ཟིན་པ་དང་། རྒྱལ་པོ་འོང་དང་འགྲོ་བ་དང་། དེར་ནི་རྒྱལ་བར་འགྱུར་བ་དང་། དེར་ནི་ཕམ་པར་འགྱུར་བ་དག། མི་རིག་པ་རྣམས་བརྗོད་བ་འདི། ཡང་དང་ཡང་དུ་བརྗོད་པར་འགྱུར། མལ་ཆ་བཟང་པོས་མལ་བཅས་ཏེ། མཚན་མོ་ཐོག་ཐག་ཉལ་བྱས་ནས། དེ་དག་ན་ནི་དན་པ་སྟེ། སྦྱིན་པ་དེ་ནི་མཆོག་མ་ཡིན། ཡང་དང་ཡང་དུ་མི་རྙེད་ཀྱིས། གང་ན་བཟང་པའི་ཁྱིམ་དེར་འདེང་། ཇི་སྲིད་དུ་ནི་དོན་བརྟགས་ཏེ། ཉལ་བ་བྱས་ནས་དེ་ཡི་ཚེ། མི་རིགས་རྨོངས་པ་བློ་ངན་པ། དཔེར་ན་བོང་བུ་ཁལ་ཁྱེར་བཞིན། དེ་ནི་དེ་དག་ཅི་བསམ་བཞིན། དེ་ཚེ་རྨི་ལམ་མ་རྨིས་གྱུར་པ། སད་ནས་ཀུན་དུ་བརྗོད་བྱེད་དེ། དེ་དག་ཕན་ཚུན་སྨྲ་བར་བྱེད། ཁྱོད་ལ་ཀྱལ་ཀ་མི་བྱེད་དེ། ཁྱོད་ལ་རྨི་ལམ་བཟང་རྨིས་ཀྱིས། ཡིད་མི་བདེ་བ་མ་སྐྱེད་པར། མྱུར་དུ་སོང་ལ་དེ་སྒྲུབས་ཤིག །ཤིན་དུ་སྡོམ་པ་ཅི་འདྲ་བར། དེ་དག་གྲོད་དང་ཡུལ་འཁོར་འགྲོ། ཐམས་ཅད་ངོ་འཛུམ་གནགས་གྱུར་ཅིང་། སྤྲེའུ་དང་འདྲ་བར་རྣམ་པར་འཁྱམ། དེ་དག་ཁྱིམ་དུ་ཞུགས་ནས་སུ། སོ་སོར་ཐར་པ་ལེགས་བཤད་པ། སངས་རྒྱས་ཀྱིས་ནི་མདོ་བོར་ནས། བུད་མེད་རྣམས་ལ་ཆོས་འཆད་དོ་། དེ་དག་ཁྱིམ་ནས་འགྲོ་བྱེད་ཅིང་། གང་གིས་རབ་ཏུ་ངན་བྱིན་པ། དེར་ནི་སྦྱིན་བ་པོ་དང་དེའི། གཉེན་བཤེས་གྱུར་པ་རྣམས་ལ་སྨོད། དེ་དག་ཡང་འདུས་གྱུར་ནས་སུ། གཅིག་ལ་གཅིག་ནི་འདྲེ་བྱེད་དེ། ཅི་རྙེད་ཁྱོད་ཀྱིས་ཅི་ཞིག་ཟོས། ཅི་ཞེས་དྲིས་ནས་དེ་དག་སྨྲ། དེ་ལྟར་སྔ་མ་བཞིན་སྦྱར་ཏེ། ལོ་གཅིག་བཞིན་དུ་ལོ་བརྒྱར་ཡང་། དེ་དག་འདྲ་བའི་རྟོག་པ་ཡིས། དེ་དག་འཚོ་བ་བྱེད་པར་འགྱུར། དེར་ནི་རྩོད་པ་


DKG039_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་སུ། འདི་ནི་སྨན་དུ་འགྱུར་བ་སྟེ། ནད་ཉུང་འགྱུར་བ་ཡིན་ནོ་ཞེས། མེ་ཏོག་གི་ནི་སྤྲང་རྩི་སྡུད། དེར་ནི་བསྒོམ་བ་བོར་ནས་སུ། ཁྱིམ་པ་རྣམས་དང་འདུ་བྱེད་པ། དེ་དག་ལ་ནི་སངས་རྒྱས་དང་། སངས་རྒྱས་བརྒྱས་ཀྱང་ཅི་ཞིག་མཛད། བདག་ལ་ཕངས་པར་འཛིན་པ་དང་། བདག་ཏུ་འདུ་ཤེས་རྟག་སྤངས་ལ། གང་དག་ངན་འགྲོར་མི་འགྲོ་བའི། རྣལ་འབྱོར་དེ་དག་སྐྱེད་འགྱུར་བ། དེ་དག་ལ་ནི་དེ་རབ་དཀའ། འདི་ལྟར་བྱིས་པ་བློ་ངན་པ། ཁྱིམ་པ་དང་ནི་འདུ་བ་རྣམས། དམ་པའི་ཆོས་ནི་སྤོང་བར་བྱེད། གང་དག་ཤཱཀྱ་སེང་གེ་ཡི། ཉན་ཐོས་ཡང་དག་སྤྱོད་ཡུལ་བ། སྲོག་གི་དོན་ཀྱི་ཆེད་དུ་ཡང་། སུ་ཡ་ང་བསླབ་པ་འདའ་མི་ནུས། ཁུར་ཀྱི་འདུ་ཤེས་སྐྱེད་བྱེད་པ། མཁས་པ་ཟས་ལ་བརྐམ་བ་མེད། དེ་ལ་མི་སྡུག་སྒོམ་བར་བྱེད། དེ་ལ་འདུག་ཅིང་རྣམ་པར་སྦྱོང་། འདོད་པའི་ཟག་པ་སྤང་བའི་ཕྱིར། འདུ་ཤེས་ཐམས་ཅད་རྣམ་པར་འཇིག། དེ་དག་བསྟན་པ་འདི་ལ་ནི། རབ་ཏུ་འབྱུང་བར་སྐབས་འབྱེད་དོ། །ཡང་དང་ཡང་དུ་ཡོངས་བཙལ་ན། གང་ལ་སྙིང་པོ་མི་དམིགས་པ། སྟོང་པ་ཉིད་ནི་གར་བརྗོད་པ། ཆོས་ལ་མཁས་པ་མི་སྨོད་དོ། །གང་དག་སྟོང་ཉིད་ཚུལ་མཁས་པ། དེ་དག་དཔའ་ཞིང་ཤེས་རབ་ཆེ། བདུད་དབུང་བཅས་པར་སྐྲག་པར་བྱེད། དེ་དང་དེ་དག་སྦྱིན་བ་སྦྱོང་། དེ་དག་ལ་ནི་དགའ་བ་མེད། སྟོང་པ་ཉིད་དང་འགའ་མི་བྱེད། དཔའ་བོ་དེ་དག་སངས་རྒྱས་སྲས། རྐང་གཉིས་ནང་ན་སྦྱིན་པའི་གནས། བློ་གྲོས་ངན་པ་མང་བྱུང་ཚེ། དམ་པའི་ཆོས་ཉུང་གནས་པར་འགྱུར། བག་ཡོད་པས་ནི་ཚོལ་བ་ཡིས། དགེ་སློང་ངེས་པ་ཉུང་བར་འགྱུར། འཆི་བར་མྱུར་དུ་འབྱུང་འགྱུར་ལ། བདག་གི་ཡང་དག་ཉིད་ཀྱི་གཏམ། ཉིན་དང་མཚན་དུ་བརྗོད་འགྱུར་ཞེས། མཁས་པས་སྐྱོ་བ་བསྐྱེད་པར་བྱ། རྐང་གཉིས་དམ་པ་མ་གཏོགས་པར། འཇིག་རྟེན་ན་ནི་སྐྱབས་གཞན་མེད། བསླབ་པ་རྣམས་བདག་བསླབས་ལ། འཆི་བའི་འདུ་བྱེད་འགྱུར་བར་བྱ། དགོངས་ཏེ་བཤད་པ་འདི་ལྟ་བུ། གང་དག་མི་ཤེས་དེ་དག་ནི། བླ་ན་མེད་པའི་


DKG039_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་། ཆོས་ལའང་སྟི་སྟང་མི་བྱེད་དོ། ཀྱེ་མ་དམ་ཆོས་ཟད་འགྱུར་ཏེ། འདི་དག་ཡུན་རིང་མི་ཐོགས་ཤིང་། རྒྱུན་ཐུང་རིང་པོར་མི་ཐོགས་ཀྱིས། བརྩོན་འགྲོས་བརྟན་པོ་བརྩམ་པར་བྱ། དེ་སྐད་མེད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་བ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་ཡང་དག་པར་སྐྱོབ་འདི་ལྟ་བུ་མི་སྐྱེད་པ་དེ་དག་ནི་ངོ་མཚར་ཏོ། །དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་བ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཆོས་བཞི་དང་ལྡན་བའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེ་སྟེ། བཞི་གང་ཞེ་ན། བག་མེད་པ་མང་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ་དང་། སེམས་ཅན་དམྱལ་བ་ཆེན་པོ་ལ་ཡིད་མི་ཆེས་པ་དང་། འདི་ལྟར་བདག་འཆི་བར་འགྱུར་བར་ཡིད་མི་ཆེས་པ་སྟེ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་བའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེའོ། །འོད་སྲུང་གཞན་ཡང་ཆོས་བཞི་དང་ལྡན་བའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེ་སྟེ། བཞི་གང་ཞེ་ན། འབྱུང་བ་ཆེན་པོ་གཞོན་ཏེ་བར་ཆད་མེད་པར་འདུག་པར་གྱུར་པ་དང་། མཐུ་སྟོབས་དང་ལྡན་བར་གྱུར་བ་དང་། འདོད་པའི་ཡོན་ཏན་རྣམས་ལ་རབ་ཏུ་ཆགས་པར་གྱུར་པ་དང་། གཟི་བརྗིད་ལ་སེམས་པས་རྣལ་འབྱོར་མ་མྱོང་ཞིང་གདུང་བའི་སྟོབས་ཅན་དུ་གྱུར་པ་སྟེ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་པའི་སེམས་ཅན་རྣམས་སྐྱོ་བ་མི་སྐྱེའོ། །འོད་སྲུང་ཆོས་བཞི་དང་ལྡན་པའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་སྟེ། བཞི་གང་ཞེ་ན། དེས་སྔོན་སྡིག་པའི་ལས་བྱས་པར་གྱུར་པ་དང་། དེ་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་། །དེའི་མི་དགེ་བའི་རྣམ་པར་སྨིན་པ་སྟོན་པ་དང་། །མཁན་པོ་དང་སློན་དཔོན་ནི་སྐྱེ་བོ་མང་པོས་བསྔགས་པ་ཡིན་ན། དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྤོང་ཞིང་དེ་དག་གི་རྗེས་སུ་བསླབས་ནས་སྤོང་ལ་ཐོས་པ་ཉུང་བར་གྱུར་པ་ཡིན་ཏེ། སྐྱོན་གཞན་གྱིས་ཕ་རོལ་ལ་ཕྲག་དོག་ཏུ་གྱུར་པས་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བ་སྟེ། འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་བའི་དགེ་སློང་ནི་སངས་རྒྱས་ཀྱི་བྱང་


DKG039_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྤོང་ངོ་། །སྡོམ་བ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་གསུམ་པ་སྟེ་ཐ་མ། འོད་སྲུང་དགེ་སྦྱོང་དུ་བྱེད་པ་དང་། བྲམ་ཟེར་བྱེད་པའི་ཆོས་གཅིག་སྟེ། གཅིག་གང་ཞེ་ན། ཆོས་ཐམས་ཅད་ལ་སེམས་མི་གནས་པ་སྟེ། འདི་ནི་དགེ་སྦྱོང་དུ་བྱེད་པ་དང་། བྲམ་ཟེར་བྱེད་པའི་ཆོས་གཅིག་གོ །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རི་ཀ་ནས་རྦབ་ཏུ་ལྷུང་ནས་སྟོང་པའི་གནས་དང་། ཤིང་སྟོང་པའི་གནས་དང་། ནམ་མཁའ་སྟོང་བའི་འདུ་ཤེས་ཀྱིས་ས་སྟོང་པར་ཤེས་ཏེ། དེ་དབུགས་ཕྱིན་དུ་རྒྱུ་བར་མི་འགྱུར་རོ། །འོད་སྲུང་དེ་བཞིན་དུ་ཆོས་ཐམས་ཅད་ལ་འཛིན་ཏེ། མིག་གིས་རྟགས་སུ་འཛིན་ཅིང་མིག་གིས་མཚན་མར་འཛིན་པ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན་བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་རྟགས་སུ་འཛིན་ཅིང་མཚན་མར་འཛིན་པ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། །གཟུགས་ལ་མཚན་མར་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མཚན་མར་འཛིན་པ་ནི་དགེ་སྦྱོང་དུ་བྱེད་པའོ་ཆོས་མ་ཡིན་བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་བྱང་ཆུབ་འདོགས་ཤིང་ཚུལ་ཁྲིམས་ཀྱིས་བྱང་ཆུབ་རློམ་སེམས་སུ་བྱེད་པ་དང་། ཐོས་པ་ཡོངས་སུ་ཚོལ་བས་བྱང་ཆུབ་རློམ་སེམས་སུ་བྱེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་བྱང་ཆུབ་འདོགས་པ་དང་། འོང་བ་དང་འགྲོ་བས་བྱང་ཆུབ་རློམ་སེམས་སུ་བྱེད་པའི་ཆོས་འདི་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་ནོ། །གང་རློམ་སེམས་སུ་བྱེད་པའི་ཆོས་དེ་ནི་གནོད་པར་འགྱུར་རོ། །ཅིས་གནོད་པར་འགྱུར་ཞེ་ན། འདོད་ཆགས་ཀྱི་གནོད་པར་འགྱུར་རོ། །ཞེ་སྡང་གིས་གནོད་པར་འགྱུར་རོ། །གཏི་མུག་གིས་གནོད་པར་འགྱུར་རོ། །དེ་ལ་གང་མིག་གིས་མཚན་མར་འཛིན་པ་དེ་ནི་མཚན་མར་འཛིན་པས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་གཟུགས་རྣམས་ཀྱིས་མིག་ལ་གནོད་པར་


DKG039_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་དེ་བཞིན་ཏེ། ཡིད་ཀྱིས་མཚན་མར་འཛིན་ན་དེ་མཚན་མར་འཛིན་པས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་ཆོས་རྣམས་ཀྱིས་ཡིད་ལ་གནོད་པར་འགྱུར་རོ། །གང་ལ་གནོད་པར་འགྱུར་བ་དེ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་དང་མིའི་ནང་དུ་ཕོངས་པར་འགྱུར་རོ། །གང་ཕོངས་པ་དེ་ནི་རློམ་སེམས་ཀྱིས་ཕོངས་པར་འགྱུར་རོ། །དེ་ལ་རློམ་སེམས་གང་ཞེ་ན། ངའོ་སྙམ་བ་ནི་རློམ་སེམས་སོ། ངའི་འོ་སྙམ་པ་ནི་རློམ་སེམས་སོ་། །བུད་མེད་དོ་སྙམ་པ་ནི་རློམ་སེམས་སོ། །སྐྱེས་པའོ་སྙམ་པ་ནི་རློམ་སེམས་སོ། །སའོ་སྙམ་པ་ནི་རློམ་སེམས་སོ། །ཆུའོ་སྙམ་པ་ནི་རློམ་སེམས་སོ། །མེའོ་སྙམ་པ་ནི་རློམ་སེམས་སོ། །རླུང་ངོ་སྙམ་པ་ནི་རློམ་སེམས་སོ། །རྐེང་རུས་སུ་འདུ་ཤེས་པ་ནི་རློམ་སེམས་སོ། །རྣམ་པར་ཟོས་བར་འདུ་ཤེས་པ་ནི་རློམ་སེམས་སོ། །རྣམ་བར་སྔོས་པར་འདུ་ཤེས་པ་ནི་རློམ་སེམས་སོ། །རྣམ་པར་དམར་བར་འདུ་ཤེས་པ་ནི་རློམ་སེམས་སོ། །རྣམ་པར་འབུ་ཞུགས་པར་འདུ་ཤེས་པ་ནི་རློམ་སེམས་སོ། །རྣམ་བར་གྲོལ་བར་འདུ་ཤེས་པ་ནི་རློམ་སེམས་སོ། །རྣམ་པར་གྲོལ་བ་གང་ཅི་ཡང་རུང་བ་ཞིག་ཡོད་དོ་སྙམ་དུ་སེམས་སུ་བྱེད་ཅིང་དེས་རྣམ་པར་གྲོལ་བར་འགྱུར་རོ་སྙམ་བ་ནི་རློམ་སེམས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་རྣམ་པ་དུ་མ་སྔོན་དུ་བྱའོ་སྙམ་བ་ནི་རློམ་སེམས་སོ། །བདག་རྗེས་སུ་དྲན་པར་བྱའོ་སྙམ་པ་ནི་རློམ་སེམས་སོ། །ཤིན་དུ་འདས་སོ། །ཤིན་དུ་ད་ལྟར་བྱུང་ངོ་། ང་བདག་གང་ཡིན་བ་དེ་འདས་པའོ། །ད་བདག་གང་ཡིན་བ་དེ་ད་ལྟར་བྱུང་བའོ་སྙམ་བ་ནི་རློམ་སེམས་སོ། །གང་དང་གང་དུ་འདུ་ཤེས་པ་ནི་རློམ་སེམས་ཏེ། མྱ་ངན་ལས་འདས་པའི་བར་དུ་འདུ་ཤེས་པ་ནི་རློམ་སེམས་སོ། མྱ་ངན་འདས་པ་ཐོབ་པར་བྱའོ་སྙམ་པ་ནི་རློམ་སེམས་སོ། །འོད་སྲུང་མདོར་ན་དམིགས་པ་ནི་རློམ་སེམས་སོ། །གང་དང་གང་དུ་འདུ་ཤེས་འཇུག་ན་ཐ་ན་སྟོང་པ་ཉིད་ངོ་སྙམ་པ་དེ་ཐམས་ཅད་ཀྱང་རློམ་སེམས་ཏེ། དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན་པ་དང་། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་པ་


DKG039_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་རློམ་སེམས་ཐམས་ཅད་དོ། །འདི་ལྟར་འདི་དག་ནི་དགེ་སྦྱོང་གི་སྤྱོད་པ་མ་ཡིན། བྲམ་ཟེའི་སྤྱོད་པ་མ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེའི་ཆོས་རྣམས་ནི་དེ་བཞིན་གཤེགས་པས་གསུངས་པ་སྟེ། འོད་སྲུང་འདི་ལྟ་སྟེ། དཔེར་ན་ནམ་མཁའ་འམ་ས་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། བར་སྣང་ནི་འདི་སྙམ་དུ་ང་བར་སྣང་ངོ་སྙམ་དུ་མི་སེམས་པའི་ཕྱིར་རོ། །འོད་སྲུང་དེ་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་ཡང་འདི་སྙམ་དུ་ང་ནི་དགེ་སྦྱོང་ངོ་། །ང་ནི་བྲམ་ཟེའོ་སྙམ་དུ་མི་སེམས་སོ། །འོད་སྲུང་དེ་ལྟ་བས་ན་གང་ཆོས་འདི་དག་ལ་རློམ་སེམས་སུ་མི་བྱེད་པ་དེ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་སོ། །བྲམ་ཟེར་བྱེད་པའོ་ཆོས་སོ། །ཅིའི་ཕྱིར་དགེ་སྦྱོང་དུ་བྱེད་པའི་ཆོས་དང་། བྲམ་ཟེར་བྱེད་པའི་ཆོས་ཞེས་བྱ་ཞེ་ན། དགེ་སྦྱོང་ནི་དེ་ལྟར་བྱེད་པ་ཡང་མེད། མི་དགེ་བ་ཡང་མེད་དེ། དེའི་ཕྱིར་དགེ་སྦྱོང་དུ་བྱེད་པ་དང་། བྲམ་ཟེར་བྱེད་པའི་ཆོས་ཞེས་བྱའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་མཚན་མོ་མུན་པ་མུན་ནག་གི་མུན་པར་ཞུགས་ནས་ལག་པ་གཡོབ་ཅིང་ཁ་གདངས་ཏེ་ཚིག་འདི་སྐད་ཅེས་འཇིག་རྟེན་ལ་གཙོ་དྲིའོ། །འཇིག་རྟེན་ལ་གཙོ་དྲིའོ། །ཞེས་སྨྲ་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེས་གང་ཞིག་ལ་གཙོ་དྲིས་པར་གྱུར། གསོལ་བ། བཅོམ་ལྡན་འདས་བདག་ཉིད་ལ་གཙོ་དྲིས་ལགས་སོ། །དེ་ཅིའི་སླད་ཏུ་ཞེ་ན་། དེ་ན་གཙོ་དྲི་བ་གང་ཡང་མ་མཆིས་པའི་སླད་དུའོ། །བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་དགེ་སློང་ཡང་དགོན་པ་ན་འདུག་གམ། ཤིང་དྲུང་ན་འདུག་གམ། ཁང་སྟོང་ན་འདུག་གམ། བླ་གན་མེད་པ་ན་འདུག་ཀྱང་རུང་སྟེ། མིག་མི་རྟག་གོ་ཞེས་ཡིད་ལ་བྱེད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་གོ་ཞེས་ཡིད་ལ་བྱེད། གཟུགས་མི་རྟག་གོ་ཞེས་ཡིད་ལ་བྱེད། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་མི་རྟག་གོ་ཞེས་ཡིད་ལ་བྱེད། མྱ་ངན་ལས་འདས་པ་ཐོབ་པར་བྱའོ། །ཞེས་ཡིད་ལ་བྱེད་ཅིང་བདག་རྣམ་པར་ཞི་བར་བྱའོ་སྙམ་བ་འདི་ལྟ་བུ་འདི་ནི་དགེ་སྦྱོང་གི་སྤྱོད་པ་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། གང་མིག་དམིགས་ནས་མིག་དགག་པའི་ཕྱིར་མངོན་པར་བརྩོན་ཞིང་མངོན་བར་འདུ་བྱེད་བ་དེ་ནི་སྡིག་པ་འཛིན་པར་


DKG039_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའོ། །གང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དམིགས་ནས་ཡིད་དགག་པའི་ཕྱིར་མངོན་བར་བརྩོན་ཞིང་མངོན་བར་འདུ་བྱེད་བ་དེ་ནི་གནས་གསུམ་དམིགས་ཏེ། བསྒྲུབ་པ་ཡིད་ལ་བྱེད་པ་དེ་དག་གིས་གནས་གསུམ་ལ་རྟོག་གོ །གང་ལ་མཐོང་བས་རྟོག་པ་ཡོད་པ་དེ་ལ་སེམས་རྩེ་གཅིག་པ་ག་ལ་ཡོད། འོད་སྲུང་སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་ཟབ་སྟེ། རྟོགས་བར་དཀའ་བའོ། ཚོགས་ནི་ཉམས་སུ་ལེན་པར་དཀའ་བའོ། །འོད་སྲུང་སེམས་རྩེ་གཅིག་པ་ཞེས་བྱ་བ་ཇི་ཙམ་གྱིས་ན་སེམས་རྩེ་གཅིག་པ་ཞེས་བྱ་ཞེ་ན། ཡོངས་སུ་བཙལ་ན་ཆོས་གཅིག་ཀྱང་མི་དམིགས་པ་སྟེ། མིག་ལ་སྙིང་པོ་མི་དམིགས་སོ། །རྣ་བ་དང་། ལྕེ་དང་། ལུས་དང་། ཡིད་ལ་སྙིང་པོ་མི་དམིགས་སོ། །ཆོས་ཐམས་ཅད་ལ་སྙིང་པོ་མེད་པར་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་སྐྱེ་བ་མེད་བ་གང་ཡིན་བ་འདི་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྙིང་པོ་མེད་པ། དམིགས་པ་མེད་པ་སྟེ། དེ་དག་ནི་འདས་པ་ཡང་རུང་། མ་འོངས་པ་ཡང་རུང་། ད་ལྟར་བྱུང་བ་ཡང་རུང་། སེམས་ལ་དམིགས་སོ། མི་དམིགས་པ་དང་མངོན་བར་འདུ་མི་བྱེད་པས་དེའི་ཕྱིར་མངོན་བར་འདུ་མི་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་མངོན་བར་འདུ་མི་བྱེད་པ་ཞེས་བྱ་ཞེ་ན། རྙིང་པ་དང་། གསར་པ་མངོན་པར་འདུ་མི་བྱེད་དེ། དེའི་ཕྱིར་མངོན་བར་འདུ་མི་བྱེད་པ་ཞེས་བྱའོ།། དེ་ལ་འདས་པའི་སེམས་ཀྱང་རྣམ་བར་མི་འགྲོ་ལ། མ་འོངས་པའི་སེམས་ཀྱང་རྣམ་པར་མི་འགྲོ་ལ། ད་ལྟར་བྱུང་བའི་སེམས་ཀྱང་རྣམ་པར་མི་འགྲོལ་ལོ། །གང་སེམས་མི་དམིགས་པ་དེའི་ཕྱིར་སེམས་རྩེ་གཅིག་པ་ཞེས་བྱ་སྟེ། འདི་ནི་སེམས་ཀྱི་བགྲང་བར་བྱས་པའོ། །འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལུས་ཁས་འཆེ་ཞིང་དངོས་པོ་དེ་དང་དེ་རྣམ་པར་འཇིག་པར་འདོགས་པ་དག་འབྱུང་སྟེ། དེ་དག་ཕུང་པོ་ལྔར་འདུ་ཤེས་པར་འགྱུར་ཏེ། དེ་བཞིན་གཤེགས་པས་ཕུང་པོ་ལྔ་ནི་རྨི་ལམ་ལྟ་བུར་གསུངས་ན། དེ་དག་དེའི་ཚེ་འདི་ལྟར་རྨི་ལམ་ཞེས་བྱ་བའི་ཐ་སྙད་ཡོད་བས་རྨི་ལམ་འདི་ནི་ཡོད་དོ། །རྨི་


DKG039_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདི་ནི་ཡོད་དོ་ཞེས་རྨི་ལམ་ཡང་དག་པ་ཉིད་དུ་སྟོན་པར་འགྱུར་རོ། །གལ་ཏེ་རྨི་ལམ་མེད་དུ་ཟིན་ན། །བདག་ཅག་དེ་ལ་རྨི་ལམ་གྱི་འདུ་ཤེས་མི་འབྱུང་ངོ་། །དེ་ལྟ་བས་ན་རྣམ་པར་རིག་པ་དེ་ཡོད་དེ། །དེ་བས་ན་བདག་ཅག་རྨི་ལམ་དེ་ལ་འདུ་ཤེས་བྱུང་ངོ་། །དེ་བཞིན་དུ་གང་དག་ཉེ་བར་བཟུང་སྟེ་རྨི་ལམ་ལྟ་བུའོ། །ཞེས་གསུངས་པའི་ཕུང་པོ་ལྔ་པ་ོ་དེ་དག་ཀྱང་ཡོད་དོ། །ཀྱེ་ཕུང་པོ་དེ་དག་མེད་དུ་ཟིན་ན་ཕུང་པོ་ལྔ་ཉེ་བར་བཟུང་སྟེ་རྨི་ལམ་ལྟ་བའོ་ཞེས་མཛད་པར་མི་འགྱུར་རོ། །ཞེས་ཟེར་རོ། །ཀྱེ་མི་བླུན་པོ་དེ་དག་ནི་རྨི་ལམ་ལ་ཡང་དག་པའི་འདུ་ཤེས་བསྐྱེད་པར་འགྱུར་ཏེ། དེ་དག་འདི་ལྟ་བུའི་མདོ་སྡེ་འདི་དག་ཐོས་ནས་སྤོང་བར་འགྱུར་རོ། །དེ་ལ་དགེ་སློང་མ་གང་དག་འབྱུང་བ་དེ་དག་ནི་བསླང་བའི་ཕྱིར་ཁྱིམ་མང་པོ་དག་ཏུ་དགྲ་བཅོམ་མ་ཡིན་ཞེས་སྒྲོགས་ཤིང་དགེ་སློང་མའི་གཞི་ནི་ཤེས་རབ་སོར་གཉིས་པ་ཡིན་ན་ཐོབ་པར་རྗོད་ཅིང་ལེན་པར་འགྱུར་རོ། །དེ་ལ་དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་ནི་ཚིགས་སུ་བཅད་པ་ཙམ་འམ། ཚིགས་སུ་བཅད་པའི་ཆ་ཙམ་པའི་ཐོས་ནས་ཐོབ་པར་སྒྲོགས་པར་འགྱུར་རོ། །འོད་སྲུང་དེ་ལྟར་ན་དེའི་ཚེ་དགེ་སློང་གང་ལོ་ཉི་ཤུ་འམ། སུམ་བཅུར་དགོན་བའི་གནས་ན་མངོན་པར་འགྱུར་བ་བརྩོན་བར་འགྱུར་བ་དེ་སངས་རྒྱས་ཀྱི་གསུང་རབ་ཀྱི་ཆེད་དུ་དགེ་བསྙེན་ཞག་གཅིག་ལོན་བ་དང་འགྲོགས་པར་འགྱུར་ཏེ། འོད་སྲུང་སྟོང་པ་སྒྲོགས་པར་འགྱུར་རོ། །དེ་ལ་ཕན་ཆུན་སྟོང་པ་སྟོང་པ་ཞེས་ཚིག་ཏུ་བརྗོད་པས་ཡོངས་སུ་རྟོགས་སོ། །ཡོངས་སུ་རྟོགས་སོ་ཞེས་ཚིག་ཏུ་སྨྲ་བར་འགྱུར་རོ་དེ་ལ་དགེ་སློང་གང་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་འདི་ལྟ་བུ་དག་ཕན་ཚུན་བརྗོད་པར་འགྱུར་རོ། །དེ་དག་གིས་དེ་དག་ཐོས་ནས་སྐྲག་པར་འགྱུར་ཏེ། ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་། ཚིག་འདི་སྐད་ཅེས་ཁྱིམ་པ་རྣམས་དང་འགྲོགས་པར་མི་བྱ་སྟེ། མི་འགྲོགས་ཀྱིས་ཕ་ཟད་ཅིག འདི་ནི་སྟོན་པའི་བཀའ་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་པ་དང་། ཇི་ལྟར་རབ་ཏུ་ཤེས་པ་དེས་ཕན་ཚུན་འདུ་བར་འགྱུར་ཞིང་དེ་དག་ལ་གང་གིས་ཤིན་ཏུ་ཟབ་མོ་བརྗོད་པ་དེ་སྤོང་བར་འགྱུར་ཏེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་གིས་དེ་བརྙས་བར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ཚངས་


DKG039_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པའི་སྙིང་པོ་མཆོག་བསྟན་པ་ན་ཤེས་པར་འགྱུར་བ་ཡང་ཉུང་ན། དེའི་ཚེ་ཉུང་དུ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཤིང་ཤིན་དུ་ཉུང་ལ་མཆོག་ཏུ་ཤིན་དུ་ཉུང་བ་རྣམས་ལུང་འབོགས་པ་ལྟ་སྨོས་ཀྱང་ཅི་དགོས་འོད་སྲུང་དེ་ལྟར་ན་དེའི་ཚེ་གང་ཡང་དག་བ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མི་འགལ་བར་ཤེས་པའི་དགེ་སློང་ནི་དགེ་སློང་སྟོང་གི་དགེ་འདུན་གྱི་ནང་ན་ཡང་གཅིག་ཀྱང་དེ་ན་དཀོན་པར་འགྱུར་རོ། །དེ་ན་གཞན་གང་དག་འབྱུང་བ་དེ་དག་ནི་སྐྱེ་བོ་དེ་ཁས་མི་སློབ་སྟེ། གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མི་འགལ་བར་སྦྱོར་པ་དང་ལྡན་བར་འགྱུར་བའི་དགེ་སློང་ནི་དགེ་སློང་ཉིས་གི་དགེ་འདུན་གྱི་ནང་ན་ཡང་གཅིག་ཀྱང་དེ་ན་དཀོན་པར་འགྱུར་རོ། །འོད་སྲུང་དེ་ལྟར་ན་དེའི་ཚེ་ཁྱིམ་པ་དང། རབ་ཏུ་བྱུང་བ་དག་བསྟན་པ་འདི་ལ་བརྙས་པར་འགྱུར་རོ། །འོད་སྲུང་དེའི་ཚེ་དེའི་དུས་ན་དགེ་སློང་གང་མི་དགེ་བའི་ཆོས་སྤང་བ་དང་། དགེ་བའི་ཆོས་བསྐྱེད་པའི་ཕྱིར་བརྩོན་འགྲས་བརྩམས་པ་དང་། ནམ་གྱི་ཆ་སྟོང་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་བ་འབྱུང་བར་འགྱུར་ཏེ། དེ་ནི་དེའི་ཚེ་སྲོག་ལ་འབབ་པར་འགྱུར། སྨད་པར་འགྱུར། ཡོངས་སུ་སྤོང་བར་འགྱུར་རོ། འོད་སྲུང་དེ་ལྟར་དེའི་ཚེ་ཆོས་འདི་ལྟ་བུ་རྣམ་པར་འཇིག་པར་འགྱུར། དགེ་སློང་རྣམ་པར་འཇིག་པར་འགྱུར་རོ། །དེ་ན་མཁས་པ་ཟབ་མོ་ལ་མོས་པ་གོས་པ་མེད་པ་ལ་མོས་བ་དག་གིས་དེའི་ཚེ་གུས་པ་དང་བཅས་པར་བྱ། ཞེས་དང་བཅས་པར་བྱ་ཞིང་གཅིག་ཏུ་འདུས་ནས་དགོན་པ་ལ་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་ཡིས་ཆོས་གང་ལེགས་བཤད་པ། དམ་བའི་དོན་དང་ལྡན་བ་སྟེ། ཕུང་པོ་སྙིང་པོ་མེད་བསྟན་པ། དེ་དག་རྨི་ལམ་འདྲ་བར་ལྟོས། དེ་ཚེ་དགེ་སློང་དེ་དག་ནི། རྩོད་པར་བྱེད་དེ་གཡོ་ཞིང་འགུལ། ཕན་ཚུན་བྱེ་བྲག་ཡོད་མེད་དེ། དེ་དག་འདུ་ཤེས་རྙེད་པར་འགྱུར། དགེ་སློང་གང་གིས་ཅི་བརྗོད་པ། དེ་དག་རྣམས་ཀྱང་དེ་ཙམ་བརྗོད། ཆོས་ཀྱི་ཚུལ་ནི་དེ་ཙམ་སྟེ། བྱེ་བྲག་ཡོད་པར་མི་འགྱུར་རོ། །ཁྱིམ་པས་དགེ་སློང་སྨྲ་བ་ནི། སངས་རྒྱས་རྣམས་ཀྱི་བྱང་ཆུབ་འདི། །


DKG039_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཤེས་ན་ངོ་མཚར་ཏེ། ཁྱོད་ཀྱིས་འབྲས་བུ་དང་པོ་ཐོབ། ཁྱིམ་པ་དགེ་སློང་སྟེན་དེ་དག །ཆོས་མཐོང་ཡིན་བསྙམ་དུ་སེམས། དེ་ཡི་མདུན་དུ་སྦྱིན་བ་རྣམས། དེ་དག་ཡང་ཡང་སྦྱིན་བར་འགྱུར། དགེ་སློང་ཇི་ལྟར་བཤད་པ་དག དེ་ནི་དེ་བཞིན་གཞན་དུ་མིན། བདེན་བ་མཐོང་དེས་བདག་ཅག་ལ། བཤད་པ་རྣམས་ནི་འཐུན་སྙམ་བྱེད། སྦྱིན་པ་ཡོད་དེ་དགེ་སློང་རྣམས། དམ་པའི་ཆོས་ལ་མི་གནས་ཏེ། དེ་ཡི་ཚེ་ན་བྱུང་བ་རྣམས། སངས་རྒྱས་བྱང་ཆུབ་འཇིག་པར་བྱེད། དེ་ལ་མ་སྟེན་ད་ལ་བསྟེན། ང་ནི་ཁྱོད་ཀྱི་སྔོན་པ་ཡིན། ང་ནི་ཇི་ལྟར་གྱུར་པ་བཞིན། ཁྱོད་ཀྱིས་མྱུར་དུ་ཐོབ་པར་འགྱུར། འདི་ནི་གནས་ཀྱི་དམ་པ་སྟེ། ཞི་བ་ཡིན་ཞེས་ཕན་ཚུན་སྨྲ། ཐམས་ཅད་གཅིག་ཏུ་འདུས་གྱུར་ནས། ང་ཡི་བསྟན་པ་འཇིག་བྱེད་འགྱུར། དཔེར་ན་གྲོང་འཇོམ་བྱེད་པ་ཡི། ཆོམ་རྐུན་ཤིན་དུ་མི་བཟང་རྣམས། གྲོང་ཁྱེར་རྣམས་དང་ཡུལ་འཁོར་དང་། གྲོང་མདབ་དག་ནི་རྣམ་པར་འཇིག །དེ་བཞིན་དགེ་སློང་རྣམས་འབྱུང་བ། བློ་ངན་དམན་ཞིང་ཤིན་ཏུ་རྨོངས། ཤེས་རབ་ཆུང་ཞིང་སྡོམ་བ་འཆལ། སྲོག་དང་གང་ཟག་ཤིན་དུ་རྟེན། ང་ཡིས་གཡོ་བ་གང་བཤད་པ། དེར་བརྟེན་འདི་ལ་ཉམས་པ་སྟེ། དེ་དང་དེ་དག་དགྲ་བཅོམ་སྨྲ། དེ་ཀུན་ལྷག་པའི་ང་རྒྱལ་ཅམ། དགེ་སློང་དགེ་འདུན་མདུན་དག་ཏུ། དེ་དག་འདུས་པར་གྱུར་ཀྱང་ནི། དེ་ནི་མིང་དུ་སྣང་བར་ཟད། གཅིག་ཀྱང་དེ་ནི་ཤིན་དུ་དཀོན། དེ་ཚེ་ཆོས་ཀྱིས་རྒྱལ་པོ་ཡི། བྱང་ཆུབ་རབ་ཏུ་སྤོང་བར་འགྱུར། ལྷ་རྣམས་སྡུག་བསྔལ་ཡི་མུག་ཅིང་། ཡང་དང་ཡང་དུ་ངུ་བར་འགྱུར། ཆོས་མཆོག་ཤཱཀྱ་སེང་གེ་ཡི། བསྟན་པ་འདི་ནི་རབ་འཇིག་ཅེས། དེ་ན་ལྷ་གང་དད་པ་རྣམས། ས་ལ་རབ་ཏུ་འགྱེལ་བར་འགྱུར། ཀྱེ་མ་སངས་རྒྱས་ཞེས་སྨྲ་ཞིང་། ཀྱེ་མ་ལེགས་པར་བཤད་པའི་ཆོས། ཀྱེ་མ་དགེ་འདུན་སྦྱིན་བའི་གནས། སངས་རྒྱས་ཐུགས་རྗེས་སྲས་ཞེས་སྨྲ། ཆོས་ཀྱི་རྒྱལ་པོས་བསྟན་པ་ཡི། ཆོས་ནི་ཕྱིན་ཅང་མི་ཐོས་སོ། །ཀུན་དུ་རྨོངས་ཤིང་མུན་པར་གྱུར། ཐུབ་པ་འདི་ནི་མྱ་ངན་འདའ། །


DKG039_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ས་བླའི་ལྷ་རྣམས་དེ་མ་ཐག སྒྲ་ཆེན་འདི་སྐད་སྒྲོགས་པར་འགྱུར། སྒྲོན་མ་འདི་ནི་མེད་འགྱུར་ཞེས། ལྷ་རྣམས་གོ་བར་བྱེད་པར་འགྱུར། དེ་ལས་འཇིག་རྟེན་ལྷག་མེད་པའི། སངས་རྒྱས་ཁྱེད་ཀྱིས་ཐོས་ཟིན་གྱིས། ཕྱིན་ཅང་ལྷ་དང་ཀླུ་རྣམས་ཀྱང་། ཡིད་ལ་གཅགས་པར་གྱུར་ཏ་རེ། སངས་རྒྱས་ཇི་ལྟར་ང་འགྱུར་ཞེས། བསྐལ་པ་གྲངས་མེད་གསུམ་དུ་དེས། བདག་གི་དང་ནི་གཞན་དག་གི སྡུག་བསྔལ་ཐམས་ཅད་བཟོད་པར་བྱས། གང་གིས་སྲོག་ཆགས་ཐམས་ཅད་ལ། ཤིན་ཏུ་ལེགས་པར་ཆོས་བསྟན་པ། འཇིག་རྟེན་མགོན་པོ་དེ་ཡི་ཆོས། འདི་ནི་ཤིན་ཏུ་ནུབ་པར་འགྱུར། འཁྲུག་པ་བྱེད་པ་བྱུང་གྱུར་ཏེ། ཤིན་ཏུ་མི་བཟད་སྡིག་བྱེད་པ། བདུད་ཀྱི་ཕོ་ཉ་དྲག་པོའི་བདུད། འཇིག་འདོད་བཀའ་བློ་རབ་མི་བདེ། གཡོ་བྱད་གཡོན་ཅན་བློ་གྲོས་ངན། རྒྱུ་དང་ལྡན་ཞིང་བྱིས་པ་དམན། ཁྲོས་ཤིང་ཁྲོས་ནས་བླ་མ་དང་། རྒྱལ་བའི་བསྟན་པ་འཇིག་པར་བྱེད། ས་བླ་པ་ལས་སྒྲ་ཐོས་ནས། བླ་མའི་ལྷ་རྣམས་མི་དགར་འགྱུར། རྒྱལ་པོ་ཆེན་པོ་བཞི་པོ་ཡང་། དེ་ཚེ་ཡིད་མི་བདེ་བར་འགྱུར། ལྕང་ལོ་ཅན་གྱི་ཕོ་བྲང་དུ། གནོད་སྦྱིན་ཚོགས་རྣམས་འདུས་གྱུར་ནས། ཐམས་ཅད་གདོང་ལ་མཆི་འཛག་ཅིང་། འཇིགས་སུ་རུང་བའི་སྒྲ་ཡང་འབྱིན། ལྷ་རྣམས་ཐམས་ཅད་འདུས་གྱུར་ནས། ཉམ་ཐག་པར་ནི་ཆོ་དེ་འདོན། ཕན་ཚུན་སློབ་པར་མི་བྱེད་ཅིང་། ཡིད་ནི་ཤིན་དུ་དམན་པར་འགྱུར། གྲོང་ཁྱེར་གང་དག་བརྒྱན་ཅིང་། རིན་ཆེན་རང་བཞིན་གནས་པ་རྣམས། ཐམས་ཅད་མི་སྡུག་མདོག་གྱུར་ཅིང་། ཕྱག་དར་ཕུང་པོ་འདྲ་བར་འགྱུར། གྲོང་ཁྱེར་དམ་པ་དེ་དག་ཏུ། སྐད་ཅིག་དེ་ལ་དགའ་མི་འགྱུར། གྲོང་ཁྱེར་དམ་པ་དེ་དག་ཏུ་། སྔོན་ཅད་བཞིན་དུ་དགའ་མི་འགྱུར། གང་དུ་ང་ནི་བཙས་གྱུར་པ། དེར་ནི་ལྷ་རྣམས་འདོང་བྱེད་ཅིང་། མཐོང་ནས་རབ་ཏུ་འགྱེལ་འགྱུར་ཏེ། དེ་ལྟར་ཤིན་ཏུ་མི་བཟད་འགྱུར། ས་ལ་འབབ་པར་བྱེད་འགྱུར་ཞིང་། དེར་འདོང་དེར་ནི་འདུག་པར་བྱ། ཡང་དག་ཉིད་ཀྱི་ཆོས་རྣམས་ནི། མྱུར་ཏུ་འཇིག་འགྱུར་ཡོད་


DKG039_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འཛེར། །འཛམ་བུའི་གླིང་དུ་བབས་གྱུར་ནས། རྣམ་པར་འཇིག་པ་མཐོང་བར་འགྱུར། སངས་རྒྱས་སྲས་རྣམས་བྲེལ་ཕོངས་ཏེ། ཤིན་ཏུ་རྣམ་པར་འཇིག་པར་འགྱུར། གྲོང་ཁྱེར་མཆོག་རྣམས་ཞག་བདུན་དུ། ཁ་དོག་གཟི་བྱིན་མེད་པར་འགྱུར། ཞག་བདུན་པར་དུ་ལྷ་རྣམས་ཀྱང་། ཡང་དང་ཡང་དུ་ངུ་བར་འགྱུར། ཀྱེ་མ་སངས་རྒྱས་དཔའ་ཆེན་པོ། མངོན་སུམ་མཐོང་བར་གང་གྱུར་བ། མགོན་པོ་དེ་ཡང་སྣང་མ་གྱུར། བདག་མགོན་དེ་ཡང་མྱ་ངན་འདས། མཉན་ཡོད་གནས་པར་གྱུར་པ་ན། གང་དག་ལྷ་གནས་བསྙེན་བཀུར་བ། དེ་དག་ས་དེར་གནས་སུ། ཡང་དང་ཡང་དུ་ངུ་བར་འགྱུར། འདི་ནི་སངས་རྒྱས་གང་ན་ཡིན་ཏེ། འཕགས་པའི་བདེན་བ་བཞི་པོ་དག། མི་མཆོག་གིས་ནི་དེར་བཤད་པ། བདག་ཅག་དེ་ཚེ་མངོན་སུམ་མོ། །འཇིག་རྟེན་དག་ཀྱང་ཡང་ལྡོངས་ཤིང་། ཕན་ཚུན་གུས་པར་བྱེད་མི་འགྱུར། སྡིག་པའི་ལས་རྣམས་བྱས་ནས་སུ། དེས་ནི་ངན་འགྲོར་འགྲོར་འགྱུར། ལྷ་ཡི་གཞལ་མེད་ཁང་མང་རྣམས། དེ་ཡི་ཚེ་ན་སྟོངས་པར་འགྱུར། འཛམ་བུའི་གླིང་གི་སེམས་ཅན་རྣམས། མགོན་མེད་སྐྱབས་ཀྱང་མེད་པར་འགྱུར། འཆག་སར་གྱུར་བའི་གནས་འདི་དག་། རྣམ་པར་ཞིགས་ཤིང་སྟོངས་པར་འགྱུར། ཆོས་རྒྱལ་མྱ་ངན་འདས་གྱུར་པས། འཇིག་རྟེན་འདི་དག་དགའ་བ་མེད། སུམ་བཅུ་རྩ་གསུམ་གནས་ཀྱི་བདག། ལྷ་དབང་བརྒྱ་བྱིན་དེ་ཡི་ཚེ། སྡུག་བསྔལ་གྱུར་ཅིང་ཡི་མུག་གནས། སྒྲ་ཆེན་རབ་ཏུ་འབྱིན་པར་འགྱུར། སུམ་བཅུ་རྩ་གསུམ་ལྷ་ཀུན་ཀྱང་། ལག་པ་བསྒྲེང་ཞིང་རབ་ཏུ་ངུ་། བསྐྱེད་མོས་ཚལ་དུ་ཐོས་གྱུར་ན། དེ་མ་ཐག་དུ་རྒྱུག་པར་འགྱུར། ཆོས་རྣམས་སྟོན་པ་གང་ཡིན་པ། འཇིག་རྟེན་མགོན་དང་བྲལ་ལོ་ཞེས། ལྷ་རྣམས་རྟག་པར་རྒྱུན་དུ་ཡང་། ང་ནི་བརྗོད་པར་བྱེད་པར་འགྱུར། ལྷ་རྣམས་བདུད་རྩི་མི་ཟ་ཞིང་། གླུའི་སྒྲ་ཡང་ལེན་མི་འགྱུར། སུམ་བཅུ་རྩ་གསུམ་ལྷ་རྣམས་ནི། ཟླ་བ་དྲུག་ཏུ་ཡིད་མི་བདེ། བསྟན་པ་བདག་པོ་མེད་གྱུར་ཅེས། ལྷ་མ་ཡིན་གྱིས་དེར་ཐོས་ནས། །


DKG039_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། འཐབ་མོ་བྱེད་དུ་འདོང་ཞེས་འཛེར། འཛམ་བུའི་གླིང་གི་རྒྱལ་པོ་རྣམས། སངས་རྒྱས་མཆོད་རྟེན་བྱེད་པར་འགྱུར། དེ་ཡི་ཚེ་ན་ལྷ་མིན་དང་། ལྷ་རྣམས་འཐབ་མོ་བྱེད་པར་འགྱུར། དེ་ཚེ་དགེ་སློང་ཕལ་ཆེར་ཡང་། ངན་འགྲོ་དག་ཏུ་འགྲོ་བར་འགྱུར། དགེ་སློང་མ་ནི་ཕལ་ཆེར་ཡང་། ངན་འགྲོ་དག་ཏུ་འགྲོ་བར་འགྱུར། དེ་ཚེ་ཁྱིམ་པ་ཁྲིམས་འཆལ་བ། དགེ་བསྙེན་པ་འམ་ཁྱིམ་གནས་པ། དེ་དག་གིས་ཀྱང་སྒྲ་བརྗོད་ནས། དེས་ན་ངན་འགྲོར་འགྲོ་བར་འགྱུར། དེ་ཚེ་བུད་མེད་སྡིག་པ་ཅན། དེ་དག་འགྲོ་བའང་སྡིག་ཅན་ཏེ། དེ་ཚེ་འཇིག་རྟེན་ཐམས་ཅད་ཀྱང་། གཡོ་ཞིང་ཤིན་དུ་འགལ་བར་འགྱུར། ལ་ལ་དག་ནི་གྲོང་མདབ་རྒྱུག །ལ་ལ་དག་ནི་རི་ལ་རྒྱུག། རྣམ་པར་རྒྱུར་པའི་སེམས་ཅན་རྣམས། སྲོག་ནི་རིང་པོར་མི་ཐོབ་འགྱུར། ཆོམ་རྐུན་དག་ཀྱང་མང་དུ་འབྱུང། དགོན་པ་ཡང་ནི་འབྱུང་འགྱུར་ཞིང་། འབྲུ་རྣམས་བཏབ་ཀྱང་མི་གནས་ཏེ། བྱི་བ་དག་གིས་གནོད་པར་འགྱུར། མུ་གེ་བྱུང་བ་ན། མི་གང་འཆི་བའི་དུས་བྱེད་པ། ཤི་ནས་ཡི་དགས་ནང་འགྲོ་སྟེ། དེ་ནི་སྡུག་བསྔལ་མྱོང་བར་འགྱུར། དེ་ཚེ་ཕྱོགས་བཞིའི་དགེ་འདུན་དང་། མཆོད་རྟེན་ལ་ནི་གང་ཕུལ་ལ། དེ་ཚེ་དགེ་སློང་དེ་དག་གིས། ཕན་ཚུན་བགེད་པ་བྱེད་པར་འགྱུར། ང་འདས་གྱུར་པའི་ཕྱི་ན་ནི། སྡུག་བསྔལ་འདི་འདྲ་འདི་འབྱུང་གིས། མྱུར་དུ་རབ་ཏུ་བརྩོན་གྱིས་ཤིག དེ་ནི་མངོན་སུམ་གྱུར་ཏ་རེ། བྱིས་པ་ཐམས་ཅད་མི་ཤེས་ཤིང་། བྱིས་པ་ཐམས་ཅད་མཁས་མ་ཡིན། བྱིས་པ་དེ་དག་ལས་བྱས་ནས། ངན་འགྲོར་མྱུར་ཏུ་འགྲོ་བར་འགྱུར། གང་ལས་ཤེས་རབ་འབྱུང་འགྱུར་བ། ལུང་གནོད་པ་དང་ཁ་ཏོན་དགའ། ཤེས་རབ་བསླབས་པའི་སེམས་ཅན་རྣམས། མྱུར་དུ་བདེ་འགྲོར་འགྲོ་བར་འགྱུར། ཤེས་རབ་རྣམ་བར་བརྟགས་ན་མཛེས། ང་ནི་ཅི་འདྲ་དེ་ལྟར་སློབས། ཐམས་ཅད་འདུ་བ་སྤངས་ནས་སུ། མྱུར་དུ་མྱ་ངན་འདས་པར་འགྱུར། དམ་པའི་ཆོས་ནི་ཅུང་ཞིག་གནས། བརྩོན་འགྲུས་བརྟན་བ་རྩམ་པར་གྱིས། །


DKG039_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་ཞིག་ནི་སྨྲ་བར་ནུས། ཚུལ་བཞིན་བསམ་བ་མྱུར་དུ་གྱིས། བསྐལ་པ་འདི་ནི་འདས་འོག་ཏུ། བསྐལ་པ་དྲུག་བཅུ་ཐམ་པར་ནི། སངས་རྒྱས་སྒྲ་གྲག་མི་འགྱུར་ན། དགའ་བ་འདི་ནི་ག་ལ་འབྱུང་། བཀྲེས་པས་ཤིན་དུ་ཉེ་ན་གྱུར་པས། ཕན་ཚུན་དག་ནས་འདུས་གྱུར་ནས། མ་ཡི་ཤ་དང་བུ་ཡི་ཤ། དེ་དག་ཟ་བར་བྱེད་པར་འགྱུར། དེ་ན་ཕོ་སྐྱེས་པ་ཡང་། བག་ཕེབས་ཁྱིམ་དུ་འགྲོ་མི་བྱེད། རང་གི་ཁྱིམ་ན་འདུག་ཀྱང་ནི། ཤིན་ཏུ་འཇིགས་པས་སྐག་པར་འགྱུར། འཁོར་བར་ཤིན་དུ་གནོད་གྱུར་པ། དེ་དག་མཐོང་ཞིང་ཐོས་གྱུར་ནས། འདོད་ལ་སུ་ཞིག་སྲེད་པ་སྐྱེ། འདོད་པའི་རྩ་བ་བུད་མེད་ཡིན། སྐྱེ་བའི་རྩ་བ་མི་ཤེས་པ། སྡུག་བསྔལ་རྩ་བ་ཕུང་པོ་སྟེ། དེ་བས་སྡུག་བསྔལ་ཡོངས་སུ་སྤོངས། སེམས་ཅན་གང་དག་རྨོངས་གྱུར་པ། དེ་དག་བུད་མེད་སྟེན་པར་བྱེད། སེམས་ཅན་གང་དག་མ་རྨོངས་པ། མྱུར་དུ་མྱ་ངན་འདས་རེག་འགྱུར། ལུང་འབོགས་བྱེད་ནི་རྣམ་སྨིན་དང་། ཕྲད་པར་འགྱུར་བ་ཡོད་མ་ཡིན། གང་གིས་ངན་འགྲོར་འགྲོ་འགྱུར་བ། ཟག་བཅས་འབྲས་བུར་བཅས་པ་འདི གང་དག་ཟག་པ་མེད་པའི་ཆོས། གསོབ་དང་གསོག་དང་སྟོང་པ་དང་། སྙིང་པོ་མེད་དང་དབེན་པ་སྟེ། དེ་དག་མྱུར་དུ་རྟོག་པར་གྱིས། འོད་སྲུང་ཆོས་དང་པོ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཟག་པ་མེད་ཆོས་ཐམས་ཅད་ལ་སེམས་མི་གནས་པར་བསྟན་པར་བྱའོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་སྦྱང་བར་བྱ་བ་བརྟེན་པ་ཡིན་ཏེ། དེ་ལ་བརྟན་བ་ནི་གང་ཡོངས་སུ་སྦྱང་བར་བྱ་བ་ནི་གང་ཞེ་ན། སེམས་བརྟན་པ་ཡིན། བརྩོན་འགྲུས་བརྟན་པ་ཡིན་ནོ། །དེ་ལ་སེམས་བརྟན་བ་གང་ཞེ་ན། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔས་འདི་སྙམ་དུ་གང་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ནས་ཕྱིས་བྱང་ཆུབ་ཏུ་སེམས་གཅིག་བསྐྱེད་ལ་དེ་ནས་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སངས་རྒྱས་གཅིག་འབྱུང་ཞིང་སེམས་བསྐྱེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མི་ལུས་གཅིག་ཐོབ་ལ། མིར་སྐྱེ་བ་ཐོབ་པ་


DKG039_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཆོས་ཀྱི་ཚིག་གཅིག་ཐོས་ཤིང་དེས་ཤེས་རབ་གསལ་བར་གྱུར་ཀྱང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་པར་གྱུར་པ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་སེམས་བརྟན་བ་འདི་ལྟ་བུ་བསྐྱེད་པར་བྱ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཅི་འདྲ་བ་དེ་མནོད་པར་བྱ། བདག་གིས་བྱ་དཀའ་བ་འདི་ལྟ་བུས་སངས་རྒྱས་ཀྱི་ཡེ་ཤེས་དེ་ཡང་དག་པར་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་བརྟན་པ་འདི་ལྟ་བུ་ཡིན་ནོ། །ཀྱེ་འོད་སྲུང་འདི་ལ་མི་འཛངས་པ་ཁ་ཅིག་ནི་དཔེས་བཤད་པའི་དོན་རྟོགས་པར་འགྱུར་བས་ཁྱོད་ལ་དཔེ་བརྗོད་པར་བྱའོ། །འོད་སྲུང་གལ་ཏེ་བྱ་དཀའ་བའི་གནས་འདི་ལྟ་བུས་བྱང་ཆུབ་འཐོབ་སྟེ། གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དབུགས་དབྱུང་བར་མི་བྱ། དབུགས་རྔུབ་པར་མི་བྱ་བར་སློབ་ཅིང་དབུགས་དབྱུང་བར་མི་བྱེད། དབུགས་རྔུབ་པར་མོ་བྱེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པར་བྱེད་ཅིང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ན་ཡང་དེ་ལ་བྱང་ཆུབ་སེམས་དཔས་མཐུ་བསྐྱེད་པར་བྱ། སྤོར་བར་བྱའི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཏང་བར་མི་བྱའོ། །སྙམ་དུ་སེམས་བརྟན་པ་འདི་ལྟ་བུ་བསྐྱེད་པར་བྱ་སྟེ། ཀྱེ་འོད་སྲུང་བྱང་ཆུབ་སེམས་དཔའ་ནི་སེམས་བརྟན་པ་འདི་ལྟ་བུ་དང་ལྡན་བ་ཡིན་ནོ། །འོད་སྲུང་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འདི་ལྟ་བུའི་སེམས་བསྐྱེད་ན་ཅི་ཞིག་འཛིན་ཅེ་ན། གནས་ཀྱང་མི་འཇིག་གནས་མ་ཡིན་པ་ཡང་མི་འཛིན་ཏོ། །ཇི་ལྟར་གནས་ཀྱང་མི་འཛིན་གནས་མ་ཡིན་པ་ཡང་མི་འཛིན་ཅེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་གནས་ཀྱང་མེད་ལ། ད་མྱུར་དུ་ཡང་འཐོབ་བའོ། །འོད་སྲུང་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་བ་བས། གང་གིས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་བྱང་ཆུབ་ལ་ཡང་དག་


DKG039_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཞོལ་བ་འདི་བུ་འདི་དག་གི་ཚུལ་གྱིས་གནས་ལེན་ཅིང་ནན་ཏན་གྱིས་སྒྲུབ་ན། དེས་ནི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་མང་དུ་སྐྱེད་པར་འགྱུར་རོ། །འོད་སྲུང་བྱང་ཆུབ་སེམས་དཔའ་ནི་སེམས་བརྟན་པ་ཡིན་ཏེ། སེམས་བརྟན་བ་ནི་སེམས་ཀྱང་མི་དམིགས་ཏེ། དེས་ན་དེ་ཞུམ་པར་མི་འགྱུར་རོ། །དེ་ལ་ཡོངས་སུ་སྦྱང་བར་བྱ་བ་གང་ཞེ་ན། ཡོངས་སུ་སྦྱང་བར་བྱ་བི་མང་སྟེ། ཡོངས་སུ་སྦྱང་བར་བྱ་བ་མང་བ་གང་ཞེ་ན། ཡོངས་སུ་སྦྱང་བར་བྱ་བ་མང་བ་ནི་གང་སེམས་བསྐྱེད་པ་གཅིག་ཀྱང་རྟོགས་པར་མི་ནུས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་གདམས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདི་ལ་འདི་ནི་ཡོངས་སུ་སྦྱང་བར་བྱ་བའི་དམ་པ་ཡིན་ཏེ། འདི་ལྟ་སྟེ་སེམས་བརྟན་པ་ཉིད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འབྱུང་ངམ་མི་འབྱུང་འགྱུར་ཞིག་གུ བདག་ནི་ཅི་འདྲར་འགྱུར་ཞིག་ཅེས། སེམས་མེད་སེམས་ཀྱི་འདུ་ཤེས་པ། སྐྲག་པ་ཆེན་པོ་འབྱུང་བར་འགྱུར། དེ་དག་རྟག་ཏུ་རྣམ་པར་རྟོག། ཇི་ལྟར་བྱང་ཆུབ་འཐོབ་སྙམ་ཞིང་། ལས་མཐའ་མིན་ལ་གནས་གྱུར་ནས། རྣལ་འབྱོར་གདམས་ངག་བྱེད་པར་འགྱུར། འདི་དག་ལེ་ལོའི་མཚན་ཉིད་དེ། འདི་དག་བྱང་ཆུབ་མཚན་ཉིད་མིན། འདིར་ནི་ཐེ་ཚོམ་ཐམས་ཅད་འབྱུང་། སངས་རྒྱས་སམ་ནི་ཉན་ཐོས་ཀྱང་། སངས་རྒྱས་ཆོས་རྣམས་རབ་བཟང་བ། སྤྱོད་པར་མི་བྱེད་མི་ཚོལ་ན། སྒྲ་ཙམ་གྱིས་ནི་བདེ་བ་འདི། ཐོབ་པར་ནུས་པ་མ་ཡིན་ནོ། །རྒྱལ་ཆེན་སྒྲུབ་པར་བྱེད་པ་ཡི། འདུན་དད་དང་བ་འདིར་ཡོད་ཀྱང། སེམས་ཙམ་གྱིས་ནི་དལ་བ་འདི། ཐོབ་པར་ནུས་པ་མ་ཡིན་ནོ། །འདིར་ནི་བྱ་བ་ཐམས་ཅད་ཀྱང་། ཆོས་གཅིག་གིས་ནི་བྱེད་དོ་ཞེས། བྱེ་བྲག་འདི་ནི་རྟོགས་གྱུར་ནས་། བྱང་ཆུབ་བྱེད་རྒྱུ་སྤྱད་པར་བྱ། འོད་སྲུང་དེ་ལ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྣམ་གྲངས་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་མཉེས་པར་ཡང་མི་བྱེད་ལ་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བདག་ཉིད་ཀྱིས་བདག་ལ་ལུང་སྟོན་པར་བྱེད་དོ། །འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་


DKG039_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པའི་ཡོངས་སུ་སྦྱང་བ་བྱ་བ་གང་དག་བྱང་ཆུབ་ལ་ཕན་བར་འགྱུར་བ་གང་ཞེ་ན། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཡོངས་སུ་སྦྱང་བ་བྱ་བ་གང་དག་བྱང་ཆུབ་ལ་ཕན་བར་འགྱུར་བ་ནི་གསུམ་སྟེ། གསུམ་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ལ་ཤིན་དུ་འདུན་བར་བྱ་བ་དང་། སྔོན་གྱི་བྱེད་པར་མི་ལྷུང་བར་བྱ་བ་དང་དེས་བསླབ་པའི་གཞི་ལྔ་དང་ལྡན་བར་བྱ་སྟེ། ཡན་ལག་གསུམ་པོ་དེ་དག་དང་ལྡན་ན་ཆོས་དྲུག་སྒྲུབ་པར་བྱེད་དོ། །དྲུང་གང་ཞེ་ན། འཕགས་པའི་གནས་འཐོབ་པ་དང་། མི་བླུན་ཞིང་ལུག་ལྟར་ལྐུག་པ་མ་ཡིན་པ་དང་། འོན་པ་མ་ཡིན་ཞིང་དགེ་བ་མ་ཡིན་པ་དང་། དེའི་ལུས་རྣམ་པར་གསལ་བར་མངོན་བར་འགྲུབ་པ་དང་། དད་པ་མྱུར་དུ་འཐོབ་ཅིང་ཆོས་ཟབ་མོ་དག་གིས་སྐྲག་པར་མི་འགྱུར་བ་དང་། བསྒྲིམ་མི་དགོས་པར་ཐོས་པས་འཕགས་ཤིང་མྱུར་དུ་ཕྱིར་མི་ལྡོག་བ་འཐོབ་པར་འགྱུར་བའོ། །ཆོས་དྲུག་པོ་འདི་དག་གི་བར་དུ་གཅོད་པར་འགྱུར་བའི་ཆོས་ལྔ་སྟེ། དེ་ལ་མཁས་པར་བྱའོ། །ལྔ་གང་ཞེ་ན། ཕྲ་མ་མི་བྱ་བར་དམ་བཅས་ཏེ་མི་གནས་པ་དང་། རྣམ་པ་ཐམས་ཅད་དུ་བསླུས་བར་མི་བྱ་བ་དང་། བྱང་ཆུབ་སེམས་དཔས་བསམ་པ་ཕུན་སུམ་ཚོགས་པར་བྱ་བ་དང་། སེར་སྣ་ནི་དེའི་བར་དུ་གཅོད་པར་འགྱུར་བ་དང་། འདོད་པ་ལ་མངོན་བར་ཆགས་པ་ནི་དེའི་བར་དུ་གཅོད་པར་འགྱུར་བ་སྟེ། ཚེས་ལྔ་བོ་དེ་དག་ནི་དེའི་བར་དུ་གཅོད་པར་འགྱུར་བའོ། །གཞན་ཉམས་སུ་བླང་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། རྒྱུན་མི་འཆད་པར་རབ་ཏུ་འབྱུང་བའི་སེམས་བསྐྱེད་པར་བྱ་བ་དང་། ཚུལ་ཁྲིམས་དང་ལྡན་བའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ལ་གུས་པ་དང་བཅས་ཤིང་རྗེས་དང་བཅས་པར་བྱ་བ་དང་། གང་དག་བཅོས་ཤིང་ཆོས་སྟོན་པ་དེ་དག་ཡོངས་སུ་སྤང་བར་བྱའོ།།དེ་ཅིའི་ཕྱིར་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་མི་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་རྩའི་ཁུར་བསྐུར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གསོག་པ་དེ་བྱང་ཆུབ་ཀྱི་ལམ་མ་ཡིན་བའི་ཕྱིར་ཏེ། དེ་ནི་མི་ཤེས་པས་སྤངས་ནས་ཆོས་དེ་དག་ཡང་དག་པར་བླངས་ཏེ་མི་སློབ་བོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔས་


DKG039_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གསུམ་ཡང་དག་པར་བླངས་ནས་བསླབ་པར་བྱ་སྟེ། གསུམ་གང་ཞེ་ན། དེས་རྒྱུན་མི་འཆད་པར་སངས་རྒྱས་ལ་གཞོལ་བར་བྱ་བ་དང་། ལུང་མནོད་ཏེ་ཁ་ཏོན་བྱ་བ་ལ་མངོན་བར་བརྩོན་བར་བྱ་བ་དང་། དེས་སེམས་ཅན་རྣམས་ལ་བྱམས་པའི་སེམས་བསྐྱེད་པར་བྱ་ཞིང་བསྒོམ་པར་བྱ་བ་སྟེ། ཆོས་གསུམ་པོ་དེ་དག་ཡང་དག་པར་བླངས་ནས་བསླབ་པར་བྱའོ། །གཞན་ཡང་ཆོས་གསུམ་ཀུན་དུ་བསྟེན་པར་བྱ་སྟེ། གསུམ་གང་ཞེ་ན། དེས་ཁུ་ཚུར་དང་ཐལ་ལྕག་གིས་བརྡེགས་པ་སྤང་བར་བྱ་བ་དང་། དེས་གཞན་ལ་དམན་བར་གྱུར་བས་སྨྲ་བར་མི་བྱ་བ་དང་། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་བར་བྱ་བ་སྟེ། ཆོས་གསུམ་པོ་དེ་དག་ནི་ཀུན་དུ་བསྟེན་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་དམན་པ་རྣམས་མི་བསྟེན། གང་དག་ལྟ་བ་མི་དྲང་བ།མཐོང་ནས་རིང་དུ་སྤང་བྱ་སྟེ། སྦྲུལ་གདུག་གཏུམ་བ་ཇི་བཞིན་ནོ། གང་དག་དེ་དག་ཕྱག་འཚལ་བ། དེ་དག་རྗེས་སུ་བསླབ་མི་བྱ། ཁྱི་ཟ་མཐོང་བ་ཇི་ལྟ་བར་། དེ་དག་རིང་དུ་སྤང་བར་བྱ། གང་དག་དམིགས་པ་ཅན་གྱུར་པ། སེམས་ཅན་དེ་དག་ངན་འགྲོར་འགྲོ། གང་དག་དེ་དག་རྗེས་སློབ་པ། དེ་དག་འགྲོ་བའང་དེ་འདྲའོ། །རྒྱལ་བའི་བསྟན་པ་ཐོས་གྱུར་ནས། སྟོང་བའི་ཆོས་ལ་དོགས་མེད་ཅིང་། དགེ་སློང་གང་དག་སྟོན་དཀའ་བ། དེ་དག་ལ་ནི་གུས་པར་བྱེད། དེ་དག་ལས་ནི་ཐོས་བ་འཕེལ། དེ་དག་ཤེས་རབ་རྣོ་བར་འགྱུར། བྱང་ཆུབ་ལ་ནི་ཉེ་གྱུར་ཏེ། སེམས་ཅན་ཀུན་གྱིས་ཕྱག་བྱས་སོ། །མྱུར་དུ་གསོ་སྦྱོང་བྱེད་བར་འགྱུར། ལུང་གནོད་བ་ལ་མྱུར་དུ་། དེ་ཡི་ཤེས་རབ་ཤིན་ཏུ་འཕེལ། ཆུ་ལས་ཨུད་པ་ལ་ཇི་བཞིན་ནོ། །མྱུར་དུ་གསོ་སྦྱོང་བྱེད་པར་འགྱུར། ཆོས་ཀྱང་མྱུར་དུ་ཉན་པར་བྱེད། དེ་ཡི་ཤེས་རབ་རབ་ཏུ་འཕེལ། དེས་ནི་ཟག་ཆད་པར་བྱེད། ཤེས་རབ་ཆེ་ཞིང་བརྩོན་འགྲུས་ཆེ། གཟི་བརྗིད་ཆེ་ཞིང་འཇིགས་པ་མེད། གང་དག་ལ་ནི་བྱེད་འདོད་དང་། བདག་གི་དོན་ཀྱང་རབ་ཏུ་བྱེད། འདི་ལ་ཁྱིམ་པ་ཁུར་ཚུར་དང་།


DKG039_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ལྕག་རྡེག་པ་སྤོང་བར་བྱེད། བྱང་ཆུབ་ཡན་ལག་ཡོངས་སུ་ཚོལ། དེ་ནི་ཆོས་ལས་ཉམས་མི་འགྱུར། དེ་ནི་ནད་ཀྱང་ཉུང་བར་འགྱུར། གཟུགས་ཀྱི་མཆོག་དང་ལྡན་བར་འགྱུར། སེམས་ཅན་རྣམས་ནི་དགའ་བར་འགྱུར། ནོར་ལ་དགའ་བ་མེད་པར་འགྱུར། ཁྱིམ་གྱི་ས་ལ་གནས་བྱེད་ཅིང་། བྱམས་འི་སེམས་ནི་སྒོམ་བར་བྱེད། ངན་འགྲོ་ཐམས་ཅད་ཡོངས་སྤངས་ནས། སུམ་བཅུ་རྩ་གསུམ་གནས་སུ་འགྲོ། ལྷ་ཞེས་བྱ་བའི་མིང་ཐོབ་ཅིང་། འདོད་པ་ཅན་གྱིས་འདོད་མོས་ནས། ལྟ་ཡི་ནང་ནས་ཤི་འཕོས་ཀྱང། དེ་ནི་ངན་འགྲོར་འགྲོ་མི་འགྱུར། གང་དག་རིགས་བཙུན་གྲགས་པ་ཡི། མི་ཡི་འཇིག་རྟེན་འདིར་སྐྱེའོ། །དེ་ནི་གཟུགས་དང་ལྡན་པར་འགྱུར། དེ་ལ་རྣམ་པར་གཙེ་མི་ནུས། མི་འདི་ཆོས་སྤྱོད་ཡིན་ཞེས་ཏེ། ལྷ་དང་ཀླུ་རྣམས་སྲུང་བར་བྱེད། གནས་ཀྱི་དམ་པ་མཐོང་འགྱུར་ཞིང། སྲོག་ཆགས་ཀུན་དགའ་བར་འགྱུར། དེ་ནི་བདེ་བར་ཉལ་བྱེད་ཅིང། བདེ་བར་ཕྱིར་ཡང་སད་པར་འགྱུར། ལྷ་རྣམས་ཀྱིས་ནི་གསུངས་པ་བཞིན། དེ་ལ་འཇིགས་པ་མི་འབྱུང་ངོ། །རྒྱ་ཆེན་ཆོས་དང་ལྡན་རྣམས་ཀྱིས། མཚན་ཉིད་འདི་འདྲ་འདི་དག་སྟེ། ཁྱིམ་གྱི་གནས་ན་གནས་རྣམས་ཀྱི། གཞན་ཡང་རྒྱ་ཆེད་རབ་ཏུ་མང། ཁྱིམ་པ་བྱང་ཆུབ་ཞུགས་པ་གང་། སྐྱེ་བོ་མང་ལ་དགེ་བ་དག །སྐུལ་བར་བྱེད་ཅིང་དྲན་པར་བྱེད། སྐྲག་རྣམས་མི་འཇིགས་སྦྱིན་བྱེད་པ། ཐམས་ཅད་གཟིགས་པ་མ་གཏོགས་པར། ལྷ་གཞན་རྣམས་ཀྱིས་ཤེས་མ་ཡིན། དེ་དག་ལམ་ནི་དྲང་པོར་འགྱུར། ཀུན་ཀྱང་ཤེས་རབ་ལྡན་བར་འགྱུར། དེ་ནི་དགེ་བའི་རྩ་བ་དེས། ངན་འགྲོ་ཐམས་ཅད་ཡོངས་སྤངས་ནས། རིག་པ་གསུམ་པོ་ཀུན་དང་ལྡན། བསླབ་པ་གསུམ་ལ་བསླབས་པ་ཡིན། བསོད་ནམས་ཅི་འདྲ་བྱས་པ་དང། ཕྱག་ཀྱང་ཅི་འདྲ་བྱས་པ་བཞིན། དེ་ནི་སེམས་ཅན་ཐམས་ཅད་ཀྱིས། གཅིག་པུ་ཕྱག་བྱས་གྱུར་པ་ཡིན་། གད་ཞིག་སྟོན་ལ་ཕྱག་བྱས་པ། བསོད་ནམས་ཅི་འདྲ་བྱས་པ་བཞིན། ཕྱག་


DKG039_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་འདྲ་བྱས་པ་བཞིན། སེམས་ཅན་རྣམས་ཀྱི་མཆོག་ཏུ་འགྱུར། ཁྱིམ་གྱི་ས་ལ་གནས་ནས་སུ། གང་ཞིག་བྱང་ཆུབ་སེམས་བསྐྱེད་པ། དེ་ཡི་གྲགས་ཆོས་འདི་རྣམས་ཏེ། གཞན་རྣམས་དག་ཀྱང་ཡང་ཉོན་ཅིག །འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་དང་ལྡན་བར་བྱ་སྟེ། གསུམ་གང་ཞེ་ན། དགེ་མཚན་དད་ལྟས་སྤང་བར་བྱ་བ་དང་། ཁྱིམ་པ་དེས་བསྲེལ་བ་མང་པོ་སྤང་བའི་ཕྱིར་གཙང་སྦྲར་བྱ་བ་དང། དེས་མང་དུ་ཐོས་པ་ལ་མངོན་བརྩོན་བར་བྱ་བ་སྟེ། ཆོས་གསུམ་པོ་དེ་དག་དང་ལྡན་བར་བྱའོ།གཞན་ཡང་དེས་ཆོས་གསུམ་ཡང་དག་པར་བླངས་ནས་གནས་པར་བྱ་སྟེ། གསུམ་གང་ཞེ་ན། ཆོས་འཆད་པ་ལ་རྒྱུར་གཅད་པར་མི་བྱ་བ་དང་། ཆོས་བརྗོད་པ་ལ་གསོལ་བ་གདབ་བར་བྱ་བ་དང་། དེས་འབྲུ་མར་གྱི་མར་མེ་རྒྱུན་མི་གཅད་པར་བྱ་སྟེ།དེས་ཆོས་གསུམ་པོ་དེ་དག་རྒྱུན་མི་གཅོད་པར་བྱའོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་གང་དག་བུད་མེད་ཀྱི་དངོས་པོར་འགྱུར་བའི་ཆོས་གསུམ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱ་སྟེ། གསུམ་གང་ཞེ་ན། མ་ཆོས་ཉན་པ་ལས་བཟློག་བར་མི་བྱ་བ་དང་། དགེ་སློང་ལ་ལྟ་བ་ལས་བཟློག་པར་མི་བྱ་བ་དང་། ཆུང་མ་དགེ་སློང་ལ་ལྟ་བ་ལས་བཟློག་པར་མི་བྱ། ཐ་ན་རང་གི་ཆུད་མ་ལ་ཡང་ཆོས་ཉན་པའི་བར་ཆད་མི་བྱ། ཡན་ལག་མ་ཡིན་བར་བཞུགས་པར་མི་བྱ་བ་སྟེ། གང་སྐྱེས་པའི་དངོས་པོ་སྤངས་ནས་བུད་མེད་ཏུ་འགྱུར་བའི་ཆོས་གསུམ་པོ་འདི་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱའོ། །དེ་ལ་འདི་སྐད་ཅེས་སྟེ། རབ་ཏུ་དད་པས་ཡང་དང་ཡང་། འབྲུ་མར་མར་མེ་བུད་པར་བྱ། དེ་ལས་དེ་ནི་རྡུལ་མེད་སྤྱན། སངས་རྒྱས་སྤྱན་ནི་ཐོབ་པར་འགྱུར་། མིག་དེ་ཡིས་ནི་མགོན་པོ་དེ། ཤེས་བྱ་ཐམས་ཅད་ཤེས་པར་འགྱུར། ཤེས་བྱ་གང་ཞིག་ཤེས་མིན་པ། ཤེས་བྱ་ཤེས་ནས་ཤེས་པར་འགྱུར་འདས་པའི་ཤེས་བྱའི་ཆོས་རྣམས་དང་། ད་ལྟར་བྱུང་བའང་དེ་བཞིན་ཏེ། མ་འོངས་པ་ལ་བརྟག་མི་བྱ། མཚན་ཉིད་གསུམ་དུ་གྱུར་ཏ་རེ། མཚན་ཉིད་གཉིས་པོ་དེ་དག་ཡོད། གསུམ་པ་རྣམ་


DKG039_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤང་བྱས་ནས། དེ་དག་ཐམས་ཅད་དོན་གཅིག་འགྱུར། མཚན་ཉིད་ཀྱིས་མཚན་ཉིད་མེད། དཔང་པོ་སངས་རྒྱས་ཀྱིས་བཤད་པ། ཆོས་དེ་དཔང་པོ་མ་ཡིན་ནོ། །གང་གིས་དེ་དག་རྣམ་བརྟགས་པ་། དེ་ནི་བྱང་ཆུབ་མཆོག་མི་འགྱུར། སངས་རྒྱས་སྤྱན་ནི་རྣམ་སྦངས་ན། ཐམས་ཅད་མངོན་སུམ་ཤེས་པར་འགྱུར། གང་ཞིག་ཡང་དག་རབ་བཤད་པའི། ལམ་འདི་ཉིད་ལ་བྱང་ཆུབ་ཡོད། ཆོས་རྣམས་དེ་དག་བསྟན་པ་མེད། དེ་དག་རྣམ་པར་བཤིག་པའང་མེད། ཆོས་རྣམས་ཐམས་ཅད་མ་བཤད་དེ། དེས་རབ་ཏུ་བཤད་ཅེས་བྱ། དེ་ཡི་ཕྱིར་ན་སྟོན་པ་ནི། ཁྱིམ་པ་རྣམས་ལ་ཆོས་སྟོན་ཏེ། འབྲུ་མར་རྣམས་ཀྱི་མར་མེ་བུས་། དེ་ཚེ་མིག་གིས་ཤེས་པར་འགྱུར། ཤཱཀྱ་སེང་གེའི་བསྟན་པ་ནི། འཆང་བའི་ཚེ་ན་རྒྱུན་མི་གཅད། མྱུར་དུ་ངན་འགྲོར་སོང་ད་རེ། དམུས་ལོང་དུ་མྱུར་དུ་འགྱུར། རྒྱལ་བའི་བསྟན་པ་ཤོར་ཅིག་ཅེས། ཡང་དང་ཡང་དུ་གསོལ་པ་གདབ། དེ་ནི་དགེ་བའི་རྩ་བ་དེས། འཁོར་ལོ་དམ་པ་བསྐོར་བར་འགྱུར། བར་ཆད་བྱེད་པར་མི་བྱ་སྟེ། ཆོས་ཀྱི་བར་ཆད་བྱས་པས་ན། བུད་མེད་མི་བཟད་ཆེན་མོ་དང་། ལོང་སྐུར་རབ་སྡིག་གྱུར་ཏ་རེ། དེ་ནི་གཟུགས་རྣམས་མི་མཐོང་ཞིང། དེ་ནི་ཅུང་ཟད་མི་ཐོས་ཏེ། སྐྱེ་བ་པོ་ཞིག་མུན་ཁུང་དུ། བཅུག་ནས་འདུག་པ་ཇི་བཞིན་ནོ། །ཆུང་མའི་ཕྱིར་ནི་ཕྲག་དོག་ཅན། བར་ཆད་དག་ནི་བྱས་པས་ན། མྱུར་དུ་འཆི་བའི་དུས་བྱས་ནས། ཤིན་ཏུ་སྡིག་ཅན་བུད་མེད་འགྱུར། སྐྲ་ནི་སེར་ཞིང་ཁམ་པ་དང་། གནག་ཅིང་བལྟ་ན་མི་སྡུག་དང་། ཤིན་དུ་མི་བཟད་རྐང་གྱོལ་དང་། འོན་པར་འགྱུར་ཞིང་ལྕེ་མེད་འགྱུར། ཕྲག་དོག་ཅན་གྱི་སྐྱེས་པ་ནི། འདོད་པའི་ཆེད་ཏུ་འདི་འདྲའི་གནས། ཤིན་དུ་མི་བཟད་འདི་དག་ནི། ཡང་དང་ཡང་དུ་མྱུར་དུ་འགྱུར། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་མི་བྱ་སྟེ། གསུམ་གང་ཞེ་ན། གཞན་གྱི་སྦྱིན་པ་ལ་མཁོས་སམ། ཐབས་མེད་པར་མར་གྱི་སྙིང་ཁུ་ཡང་སྦྱིན་བར་མི་བྱ་ཞིང་གཞན་ཅི་ཡང་རུང་སྟེ། སྦྱིན་བར་དཀའ་བའི་ཡོངས་སུ་གཏང་བ་སྦྱིན་བར་མི་བྱ་བ་དང་། དེས་རབ་ཏུ་འབྱུང་བའི་བར་ཆད་མི་བྱ་ཞིང་རབ་ཏུ་མ་བྱུང་བ་ཡང་རབ་ཏུ་མ་འབྱུང་བ་ཡང་དག་པར་འཛིན་དུ་གཞུག་པ་དང་། དེ་བཞིན་གཤེགས་པའི་རིང་


DKG039_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེལ་གྱི་མཆོད་རྟེན་གྱི་ཞལ་ཏ་བྱ་ཞིང་ལག་དཔོན་དུ་བསྐོ་བའི་གནས་སུ་བསྐོས་ན་ཡང་དེ་ལ་བརྟེན་ཏེ་ཡོ་བྱད་ཏུ་སྤྱད་པར་མི་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་པོ་དེ་དག་མི་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཕ་རོལ་སྦྱིན་པར་ཡང་དང་ཡང། རིགས་པ་མིན་ལ་སྦྱར་མི་བྱ། སྦྱིན་བ་སྐྱོན་ཆགས་ཐམས་ཅད་ནི། སྐྱེ་བོ་དཀོན་ལ་སྦྱིན་མི་བྱ། དད་པས་དེར་ནི་སོང་ནས་སུ། ཐལ་མོ་སྦྱར་ཏེ་འདུག་པར་བྱ། སྦྱིན་དད་སྦྱིན་པར་ཡང་དང་ཡང་། ཡིད་ནི་རབ་ཏུ་དགའ་བར་བྱ། དེ་ཉིད་དགེ་འདུན་གནས་པ་དེར། སྤྲོ་བ་ཤིན་ཏུ་ཆུང་གྱུར་ན། གང་ལས་སྐྱེ་བོ་སྤྲོ་ཆུང་བ། གསོལ་བ་བཏབ་སྟེ་ལེན་དུ་གཞུག། བཏུད་འོས་གསལ་བའི་བཏུང་པ་དང། དེ་ན་གང་དག་དེ་འདྲ་བ། དེ་མ་མི་མཐུན་ཡིད་ཀྱིས་སུ། སེམས་ནི་གནོད་པར་མི་བསམ་མོ། བུའམ་འོན་ཏེ་གཉེན་གྱི་རྣམས། རབ་ཏུ་འབྱུང་བར་བྱེད་པ་ན། དེ་ལ་བྱང་ཆུབ་སེམས་དཔའ་ཡིས། བར་དུ་གཅོད་པར་མི་བྱའོ། །སེམས་ཅན་ཐམས་ཅན་བདེར་གྱུར་ཅིག། ཐམས་ཅད་མྱ་ངན་འདས་རེག་ཤོག བདག་གི་ལྷག་བསམ་འདི་འདྲ་ལ། ཆོས་ཀྱི་དམ་པ་བཤད་དུ་གསོལ། ཉེས་དམིགས་འདི་དག་ཤེས་ནས་སུ། བདག་ནི་དྲི་མ་མེད་པར་བྱ། ཉོན་མོངས་དྲི་ཅན་བྱས་པས་ན། ཡུན་རིང་མྱ་ངན་བྱེད་ད་རེ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་ལ་བརྩོན་བར་མི་བྱ་སྟེ། གསུམ་གང་ཞེ་ན། སྐྱེས་པ་བཙོད་བར་མི་བྱ་བ་དང། བུད་མེད་བཙོད་བར་མི་བྱ་བ་དང། གཞན་དག་ལ་སྨིན་མ་ཡིན་བ་སྦྱིན་བར་མི་བྱ་ཞིང་གང་དག་དེ་ལྟ་བུ་བྱེད་པ་དེ་དག་ལ་ཡང་བསྟེན་པར་མི་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེས་པ་བཙོད་པ་སྤང་བར་བྱ། བུད་མེད་བཙོད་བའང་རྣམ་པར་སྤང་། སྨན་མིན་སྦྱིན་བར་མི་བྱ་སྟེ། སྦྱིན་བར་བྱེད་པ་དེ་དག་སྤང་། ལྷ་རྣམས་དེ་ལ་འཕྱ་བར་བྱེད། སེམས་ཅན་སྡུག་བསྔལ་མྱོང་བར་འགྱུར། ཕྱོགས་དང་ཕྱོགས་མཚམས་འགྲོ་བྱེད་ཅིང། མྱ་ངན་ཟུག་རྔུས་གནོད་པར་འགྱུར། མྱ་ངན་རྣམ་པ་མང་པོ་ཡིས། དེ་ནི་ཡུན་རིང་གནོད་པར་འགྱུར། མྱ་ངན་གྱུར་ནས་འཆི་དུས་བྱེད། དེ་ལྟ་བས་ན་དེ་མི་བྱ། དེ་ཕྱིར་ཉེས་པ་འདི་དག་དང་། གཞན་རྣམས་དག་ཀྱང་ངས་ཤེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། ཕྱོགས་ཙམ་ཞིག་ནི་བརྗོད་པ་ཡིན། འོད་སྲུང་གཞན་ཡང་བྱང་ཆུབ་ཆུབ་


DKG039_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཁྱིམ་པས་ཆོས་གསུམ་མི་བྱ་སྟེ། གསུམ་གང་ཞེ་ན། བུད་མེད་སྨད་འཚོང་མའི་གན་དུ་འགྲོ་བར་མི་བྱ་བ་དང་། སྨྲ་སེམས་ཐ་དད་པའི་སྤྱོད་པའི་སྐྱེས་པའམ། བུད་མེད་བསྟེན་པར་མི་བྱ་བ་དང་། བ་ལང་གསོད་པའི་གནས་སུ་གནས་པར་མི་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་པོ་དེ་དག་མི་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འདོད་པ་སྤྱོད་པ་སྨད་པའི་འོས། སྨད་འཚོང་གན་དུ་འགྲོ་མི་བྱ། འདོད་པ་ངན་པ་བསྟེན་བྱེད་པ། མྱུར་དུ་རིམ་གྲོ་མི་བྱེད་འགྱུར། གཟུགས་བཟང་གན་དུ་འགྲོ་བྱེད་པ། དེ་དག་ལ་ནི་སྨོད་པར་འགྱུར། མྱུར་དུ་ནད་ཀྱིས་ཐེབས་པར་འགྱུར། དེས་ན་དེ་ཡང་འཆི་དུས་བྱེད། སྨྲ་སེམས་ཐ་དད་སྤྱད་པ་ཡི། སྐེས་པའམ་བུད་མེད་དེས་མི་བསྟེན། གཞན་གྱིས་བུད་མེད་འཕྲོག་བྱེད་ན། དེ་ལས་དུས་ཀྱིས་རབ་ཏུ་སྦྱོར། བ་ལང་གསོད་པར་བྱེད་པ་ན། རྣམ་པ་ཀུན་དུ་དེར་མི་འགྲོ། བྱང་ཆུབ་སེམས་དཔའ་རྣམ་དག་ལ། སྐྱོབ་པ་ངས་ནི་འདི་མ་སྔགས། ཉེས་པ་འདི་དག་མཁྱེན་པས་ན། སངས་རྒྱས་ཀྱིས་ནི་དེ་ཕྱིར་བརྗོད་། རིགས་པ་མིན་ལ་སྦྱོར་བ་རྣམས། དེ་དག་ཆེད་དུ་བརྗོད་པ་མཛད། སངས་རྒྱས་ང་ཡི་ཉན་ཐོས་རྣམས། ཤེས་སོ་ཞེས་ནི་ཁ་ཅིག་སྨྲ། དེ་དག་སངས་རྒྱས་སྤྱན་སྔ་ནས། སྤྱོད་ཡུལ་གང་ན་ཡོད་པར་འདོད། སེམས་ཅན་གང་དག་འཕགས་གནས་ཤིང། མྱུར་དུ་མྱ་ངན་འདས་འདོད་པ། དེ་དག་དོན་དུ་བཤད་པ་སྟེ། བཀའ་བློ་མི་བདེ་ཕྱིར་མ་བཤད་། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་དང་ལྡན་བར་བྱ་སྟེ། གསུམ་གང་ཞེ་ན། ཁྱིམ་ན་གནས་པ་དེས་སྲོག་ནི་ཕོ་ཉའི་གོངས་གནས་དང་འདྲ་བར་བདག་ལ་རྣམ་པར་བརྟག་པར་བྱ་བ་དང་། བྱིན་ཞིང་ཡོངས་སུ་བཏང་བའི་ནོར་བསགས་པར་བསྒྲུབ་པར་བྱ་ཞིང། གང་མ་བྱིན་བ་དང་ཡོངས་སུ་བ་བཏང་བ་དེ་ལ་དཔག་ཚད་བརྒྱ་ན་ཡོད་པ་ལ་ཡང་འདུ་ཤེས་བསྐྱེད་པར་བྱ་བ་དང། དེས་བུ་དང་ཆུང་མའི་ཆེད་ཏུ་གཞག་པའི་བློ་བསྐྱེད་པར་མི་བྱ་སྟེ། འོད་སྲུང་བྱང་ཆུང་སེམས་དཔའ་ཁྱིམ་པས་ཆོས་གསུམ་པོ་དེ་དག་དང་ལྡན་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་ནི་མྱུར་དུ་འཆིའོ་ཞེས། འཆི་བའི་འདུ་ཤེས་བསྒོམ་པར་བྱ། དེ་བས་ལོངས་སྤྱོད་བསགས་པ་ལ། ལོངས་སྤྱོད་


DKG039_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་སྙིང་པོ་བླང། བུ་དང་ཆུང་མའི་དོན་གྱི་ཕྱིར་། དེས་ནི་ནོར་རྣམས་བསགས་མི་བྱ། ལུས་དང་ལོངས་སྤྱོད་སྲོག་རྣམས་ལས། སྙིང་པོ་མྱུར་དུ་ལེན་པར་བྱེད། བྱང་ཆུབ་དོན་དུ་འདུན་དྲག་བསྐྱེད། རྒོད་ཅིང་གཡེང་བར་མི་བྱེད་དོ། །ནོར་དང་ཆོས་ནི་སྤངས་ནས་སུ། ལུས་ཀུན་ལ་ནི་གནོད་པར་འགྱུར། འདི་ནི་བྱིས་པའི་རྩེད་མོ་སྟེ། སྣང་བ་མཐོང་ཞིང་མི་སྣང་མཐོང། རོ་མྱང་བ་ནི་དགོས་པ་མེད། ཆོས་ཀྱི་ཤུགས་ནི་སྐྱོབ་པ་ཡིན། རྒྱུན་མི་འཆད་བ་བཤད་པར་བྱ། ཆོས་འདི་རྟག་ཏུ་གནས་པ་ཡིན། མཚུངས་པར་ལྡན་རྣམས་ཕན་ཚུན་དུ། འཕྱ་བར་བྱེད་པ་སྡུག་བསྔལ་ཡིན། འདི་འདྲ་བ་འི་ཆོས་འདི་དག། འོད་སྲུང་ངས་ནི་རབ་ཏུ་བརྗོད། གང་དག་མཁས་པར་འགྱུར་བ་དག །མི་དེ་ཀུན་ནི་ངས་ཤེས་ཏེ། དེ་དག་ཤེས་པར་རིག་གྱུར་ཅིང་། བདག་ལ་ཡིད་བྱུང་གྱུར་ནས་ནི། དེ་ཡི་ཚེ་ན་ཡང་དང་ཡང། ད་ནི་མངོན་དུ་གྱུར་བར་བྱ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་སྟེ། གསུམ་གང་ཞེ་ན། ཕ་མ་མ་དད་པ། དད་པ་ལ་འཇོག་པར་བྱེད། པ་མ་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་ལ་འཇོག་པར་བྱེད། ཕ་མ་སེར་སྣ་ཅན་གཏོད་བ་ལ་འཇོག་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བསྔགས་པ་བརྗོད་ཅིང་གཞན་དག་ལ་ཆོས་སྟོན་པར་བྱེད་པ་འདི་ནི་གང་གིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་བའི་ཆོས་དང་པོའོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་བཀུར་སྟེ་བྱ་བར་འོས་པ་ཡང་ཤེས། བཀུར་སྟི་བྱ་བའི་འོས་མ་ཡིན་པ་ཡང་ཤེས་ཏེ། བཀུར་སྟི་བྱ་བའི་འོས་དང། བཀུར་སྟི་བྱ་བའི་འོས་མ་ཡིན་བ་ཤེས་ནས་ཀྱང་གང་དག་བཀུར་སྟིར་བྱ་བ་དེ་དག་ལ་ནི་བཀུར་སྟིར་བྱེད། གང་དག་བཀུར་སྟི་བྱ་བའི་འོས་མ་ཡིན་བ་དེ་དག་ལ་ནི་བཀུར་སྟི་མི་བྱེད་ཀྱི་། དེ་དག་ལ་བྱམས་པ་བསྒོམ་བར་བྱེད་དེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་བ་ཆོས་གཉིས་པོ་འདི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་བོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེའི་ལོངས་སྤྱོད་གང་དག་སྡུག་བསྔལ་ཞིང་སྡུག་བསྔལ་བསྒྲུབས་པ་དེ་དག་


DKG039_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་མི་གཟོན་ཅིང་ཆུད་མི་ཟ་བར་བྱེད་དེ། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་བ་རྣམས་དང་ཐུན་མོང་དུ་སྤྱོད་པ་མ་གཏོགས་པར་སུ་ལ་ཡང་སྦྱིན་བར་མི་བྱེད་དེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་སྲི་བ་མེད་པར་སྤྱོད་དོ། །འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་པོ་འདི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། བྱང་ཆུབ་དམ་པ་ཚོལ་བ་ན། གང་གིས་དམ་པ་རྟོགས་གྱུར་པའི་། ཤེས་རབ་རྩ་བ་གསུམ་གྱིས་སྐྱེ། ཕ་དང་མ་ནི་གང་ཡི་བ། བློ་གྲོས་ངན་ཅིང་མ་དད་པ། དད་ལ་འཐུན་བ་སྐྱེད་བྱེད་ཅིང་། ཆོས་ཀྱི་མཆོག་ལ་སྦྱོར་བར་བྱེད། འཇུངས་པ་གཏོང་དང་ཚུལ་ཁྲིམས་ལ། ཤེས་རབ་འཆལ་བ་ཤེས་རབ་རབ་སྦྱོར། བྱང་ཆུབ་དམ་པ་གང་ཡིན་བ། དེ་ལ་དེ་དག་ཡང་དག་འཛུད། ཕྱོགས་བཞི་དག་ཏུ་སོང་ནས་སུ། ལེགས་པར་བཤད་པ་ཡོངས་བཙལ་ཏེ། གང་གིས་ཤེས་རབ་འཕེལ་འགྱུར་བ། ཆོས་ཀྱི་སྦྱིན་བ་སྦྱིན་བར་བྱ། ཁྲིམས་འཆལ་ཁྲིམས་ལ་གཞག་བྱས་ཤིང། མ་དད་དད་པ་འཛིན་བཅུག་སྟེ། ཤེས་འཆལ་ཤེས་རབ་འཛིན་བཅུག་ནས། དེ་ནི་ལྡོག་བར་མི་འགྱུར་རོ། །ཤེས་རབ་ཅན་དེས་དགེ་སློང་མཐོང་། ཚུལ་ཁྲིམས་ལྡན་དང་མང་ཐོས་ལ། བཀུར་སྟི་བྱེད་ཅིང་སྟེན་པར་བྱེད། །སོང་ནས་ཡང་ནས་ཡང་དུ་འདྲི། གང་གིས་དོན་དུ་སྟེན་པ་ཡིས། དགེ་སློང་དེ་ལ་ཡང་ཡང་འདྲི། ཁྱིམ་པ་རྣམས་ཀྱི་ཆོས་དེ་དག་། དེས་ནི་མྱུར་དུ་དེ་མི་ལྡོག་། མཁས་པ་དེ་ནི་དེ་དག་གི། །ཐོབ་བའི་གནས་ཀྱི་ཁྱད་པར་ཤེས། མཁས་པ་རྣམས་ཀྱི་ཁྱད་ཤེས་ནས། དེ་ལ་བདག་གི་ཤ་ཡང་སྦྱིན། ང་ཡིས་གང་དག་བརྗོད་བྱས་པ། དེ་དག་དད་པའི་མཚན་ཉིད་དེ། མ་དད་པས་ནི་དེ་དག་གིས། བྱང་ཆུབ་སེམས་བདུད་མི་ནུས་སོ། ཁྱད་པར་ཤེས་ཤིང་ཡིད་གཞུངས་པ། ཁྱད་པར་མྱུར་དུ་ཐོབ་པར་འགྱུར། ཆོས་རྣམས་ཀུན་གྱི་ཁྱད་པར་ནི། དེ་ལ་དཀོན་པར་མི་འགྱུར་རོ། བདག་དང་ཕ་རོལ་གཞན་རྣམས་ཀྱི། ཁྱད་པར་དེ་ལྟར་ཤེས་གྱུར་ནས། སེམས་དགའ་མངོན་དུ་སྒྲུབ་པར་བྱེད། དེས་ན་དེ་ཡི་ཤེས་རབ་འཕེལ། དེ་ཡི་ལོངས་སྤྱོད་གང་ཡིན་བ་། གང་དག་དེས་ནི་ཀུན་བསྒྲུབས་པ། །


DKG039_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཚུལ་ཁྲིམས་ལྡན་རྣམས་དང་། གཅིག་ཏུ་སྤྱད་པར་སྔ་ནས་བྱས། དེ་ནི་གཞན་དུ་མི་སྨྲ་སྟེ། དེ་ནི་ལོག་པར་སྨྲ་མ་ཡིན། གཏོང་དང་ལྡན་ཞིང་མཐུ་བརྟན་པ། དེ་དེ་དེ་བཞིན་གཤེགས་པར་འགྱུར། ཚུལ་ཁྲིམས་བཟང་ཞིང་འགྲོགས་ན་བདེ། དཔའ་བོ་བྱམས་པ་ཐོབ་གྱུར་པ། སྦྱིན་བ་བྱིན་ནས་སྔ་ལོགས་སམ། ཡང་ན་ཕྱི་ནས་དགའ་བར་འགྱུར། སྦྱིན་བདག་དམ་པ་དཔའ་བོ་སྟེ། སྦྱིན་བདག་ལས་ནི་ཚོལ་བ་མེད། ཐམས་ཅད་སྦྱིན་བདག་བརྟན་བ་པོ། དེ་ལ་མ་བྱིན་ཡོད་མེད་དེ། གསེར་རམ་ཡང་ན་དབྱིག་ཀྱང་རུང། སྔོན་གྱི་ཚེ་རབས་རྣམས་ན་བྱིན། ཆོས་མཆོག་རྣམས་དང་ཟབ་མོ་མཆོག། གོ་འཕང་ཡོངས་སུ་ཚོལ་བར་བྱེད། གང་ཞིག་ལྷར་བཅས་འཇིག་རྟེན་ལ། སྟི་སྟང་བྱེད་པ་རིགས་མ་ཡིན། གང་ཟག་གཅིག་པོ་གང་ཡིན་ལ། ཆོས་ཀྱི་དོན་ཕྱིར་བཀུར་སྟི་བྱ། ཆོས་ལས་སྐྱེས་པ་དཔའ་བོས་ནི། ཆོས་ཀྱི་ཆོས་ཀྱང་ཡོངས་སུ་ཚོལ། ཆོས་གཅེས་ཆོས་དང་ཡིད་གཞུངས་པ། འཇིག་རྟེན་ན་ནི་འདྲེན་པར་འགྱུར། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། གསུམ་གང་ཞེ་ན། འོད་སྲུང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་དམྱལ་བ་རྣམས་ཀྱིས་འཇིགས་ཤིང་དྲུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་ཏེ། བྱང་ཆུབ་ལ་ཁུར་དུ་འདུ་ཤེས་པར་འགྱུར་ཞིང་དེ་གལ་ཏེ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ་རྣམས་མི་འཆད་པར་ཡིད་ལ་མི་བྱེད། ལེན་པར་མི་བྱེད་ལ་དེ་ཡིད་ཀྱིས་ཞེ་འགྲས་པར་བྱེད། དེ་སེམས་ཀྱི་ཞེ་འགྲས་པར་བྱེད་ཅིང་སྡུག་བསྔལ་གྱི་འདུ་ཤེས་འགྱུར་ན། འོད་སྲུང་ཆོས་དང་པོ་དེ་དང་ལྡན་བའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལས་ལྡོག་ཅིང་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །འོད་སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གང་སྦྱིན་བ་སྦྱིན་ཞིང་ཡོངས་སུ་དགའ་བ་མ་ཡིན་པའི་སྦྱིན་བ་བྱིན་ཏེ། བྱིན་ཞིང་བྱིན་ནས་ཀྱང་འགྱོད་པར་འགྱུར་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་གཏོང་ན། འོད་སྲུང་ཆོས་གཉིས་པ་དེ་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བྱང་ཆུབ་ལས་


DKG039_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ཅིང་མྱུར་དུ་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །འོད་སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དུ་ཐོས་པ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་མི་རྩོམ་གྱི་དེ་དགེ་བའི་རྩ་དན་དོན་ཙམ་དེས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ན། འོད་སྲུང་ཆོས་གསུམ་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་མྱུར་དུ་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་ཆེད་ཏུ་འདུན་བསྐྱེད་ལ། འཐུན་པར་རྗེས་སུ་མི་སྒྲུབ་ན། སངས་རྒྱས་ཐེག་ལས་ལྡོག་འགྱུར་ཏེ། ཉན་ཐོས་ཐེག་པར་འགྲོ་བར་འགྱུར། མ་དད་པ་དང་ལེ་ལོ་ཅན། སེར་སྣ་ཅན་དང་ཤེས་རབ་འཆལ། དེ་དག་ལ་ནི་བྱང་ཆུབ་མེད། དེ་དག་བར་དུ་གཅོད་པ་ཡིན། བྱས་པ་གཟོ་ཞིང་ཁྲིམ་དང་ལྡན། སྦྱིན་ལ་ཡིད་ནི་དགའ་བ་དང་། བྱིན་ནས་སེམས་ནི་ཚིམ་གྱུར་པ། དེ་དག་བྱང་ཆུབ་དཀོན་མ་ཡིན། སྡིག་པ་དག་ནི་སེམས་ཀྱིས་བྱེད། སེམས་ཀྱིས་སྦྱིན་བ་སྦྱིན་པར་བྱེད། སེམས་ཅན་སེམས་མཆོག་ལྡན་དེ་དག །འཇིག་རྟེན་མཆོད་རྟེན་འདྲ་བར་འགྱུར། གང་དག་ཆོས་འདི་རྣམ་སྤངས་ནས། བྱང་ཆུབ་ཏུ་ནི་སེམས་བཏུད་པ། དེ་དག་འཇིག་རྟེན་རྣམས་ན་ནི། སྦྱིན་གནས་བླ་མེད་སངས་རྒྱས་འགྱུར། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། གསུམ་གང་ཞེ་ན། འོད་སྲུང་འདི་ལ་ཁ་གཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་ལ་སེར་སྣ་བྱེད་དེ། འོད་སྲུང་ཆོས་དང་པོ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །འོད་སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་མཚན་དང་ལྟས་ལ་ཆགས་ཏེ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ས་ལ་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །འོད་


DKG039_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མི་ཚོལ་ཞིང་ལེ་ལོ་ཅན་དུ་འགྱུར་ཏེ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་ལ་སེར་སྣ་བྱེད་གྱུར་ཅིང་། གཞན་དག་ལ་ནི་མི་སྟོན་པ། རྐྱེན་གྱིས་བྱང་ཆུབ་འཐོབ་འགྱུར་ཏེ། འདི་ནི་བྱང་ཆུབ་ལྡོག་པར་འགྱུར། དེ་ལྟར་འདི་གཉིས་གནོད་འགྱུར་ཏེ། གནོད་པ་ལས་ནི་སྡུག་བསྔལ་འོངས། འགྲོ་འམ་ཉེ་བར་བསྟེན་ནམ་ཞེས། དེ་ནི་བྱང་ཆུབ་ཐེ་ཚོམ་ཟ། ཐེག་པ་ཆེ་ལ་བསམ་བྱས་ནས། མྱུར་དུ་ལྟས་ནི་ལྟ་བར་བྱེད། གང་འདིར་སྟོན་པ་མི་སྟེན་པ། དེ་དག་དང་བའི་མཚན་ཉིད་མིན། གང་དག་འདུན་བ་དྲག་ལྡན་ཞིང་། བྱང་ཆུབ་བརྟན་པ་དོན་གཉེར་བ། དེ་དག་གཞན་ལ་ཕྱག་མི་འཚལ། འཇིག་རྟེན་མཆོད་རྟེན་མ་གཏོགས་སོ། གང་དག་དད་པ་འདི་འདྲ་བ། ལྷ་གཞན་རྙེད་པར་མི་འགྱུར་ཏེ། དེས་དེ་མཆོག་ནི་ཕུན་སུམ་ཚོགས་། ལྷ་ཡི་ལྷ་ཞེས་བྱ་བ་ཡིན། བྱང་ཆུབ་ཏུ་ནི་འདུན་བསྐྱེད་ནས། གད་ཞིག་གཞན་ལ་ཕྱག་མི་འཚལ། དེ་ནི་དེ་དང་དེ་དག་ཏུ། སྟོབས་དང་གཟུགས་དང་ལྡན་བར་འགྱུར། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་ལུས་གནག་པར་འགྱུར་ཞིང་ལུས་ནག་པོར་འགྱུར་ཏེ། གསུམ་གང་ཞེ་ན། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་བུས་པ་དེ་ནས་མར་མེ་རྐུ་བ་དང་། ཕ་རོལ་དང་འགྱེད་པ་ན་ཁྲོ་བ་ཉེ་བར་སྟོན་པ་དང་། མ་དྲིས་པར་སྨྲ་ཞིང་མི་ནག་པོའི་མཚང་བྲུས་པ་ཡིན་ཏེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་པོ་དེ་དག་དང་ལྡན་ན་ལུས་ནག་པོར་འགྱུར་རོ། །དེ་ཁ་འདི་སྐད་ཅེས་བྱ་སྟེ། མཆོད་རྟེན་མར་མེ་བུས་བ་ལ། དེ་ཡི་འོད་ནི་འཕྲོག་བྱེད་ན། དེ་ཡིས་ལུས་ནི་གནག་འགྱུར་ཏེ དཔེར་ན་ལེ་བ་ནག་པོ་བཞིན། མི་མཐོང་ནས་ནི་འཚང་འདྲུ་སྟེ། ང་ནི་དཀར་གྱི་ཁྱོད་གནག་ཅེས། དེས་ནི་གཞན་ལ་བརྙས་བྱས་ན། ནག་པོར་འགྱུར་ཏེ་མུན་པ་བཞིན། དག་ནི་ཤིན་དུ་བསྡམ་པར་གྱིས། ཆུད་ཟར་འགྱུར་བའི་ལས་མེད་དེ། །ལས་དེ་ཇི་


DKG039_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་པ་བཞིན། དེ་ལྟར་དེ་ལ་སྤྱོད་པར་འགྱུར་། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་བདག་ཉིད་བསློབ་པའི་གཞི་ལྔ་དང་ལྡན་བ་ཡིན་ལ། ཉེ་དུ་ལམ་རིང་པོ་ནས་ལྷགས་པ་དེ་དག་ལ་ཆང་ལྡུད་པ་དང་། སེམས་ཅན་གཞན་དག་ཀྱང་ཆང་ལ་འགྲོན་འབོད་ན་འོད་སྲུང་ཆོས་དང་པོ་འདི་དག་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་བདག་ཉིད་ཚངས་པར་སྤྱོད་པ་ཡིན་ལ་གཞན་དག་འཁྲིག་པའི་ཆོས་ལ་སྦྱོར་ན། དེ་ལས་བྱས་ཤིང་བསགས་པ་དེས་མགར་པའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཁྱིམ་ན་བྱ་བ་ཅི་ཡང་རུང་བ་ཞིག་བརྩམས་པ་ཡོད་ལ་དེ་མི་ཆོས་ཀྱིས་འབྲེལ་པ་ཞིག་འདུག་པའི་གན་དུ་སོང་སྟེ། བོས་ནས་ཚུར་ཤོག །རེ་ཤིག་ཁ་ཏོན་བྱེད་པ་ཐོང་ལ་ལས་རིངས་པར་གྱིས་ཞེས་བསྒོ་ན་དེ་ལས་བྱས་ཤིང་བསགས་པ་དེས་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཉེ་དུ་ལྷགས་པ་མཐོང་ནས་སུ། ཆང་ལ་འགྲོན་དུ་འབོད་བྱེད་ཅིང་། མྱོས་པའི་བཏུང་བ་བྱིན་བས་ན། མགར་བ་མུ་ཅོར་སྨྲ་བར་འགྱུར། དེ་ནི་ཁབ་དང་མཚོན་ཆ་དང་། གཟོ་ཡི་གནས་ནི་མི་བྱེད་ཀྱི། ས་ལ་འདུག་པ་བྱས་ནས་སུ། ལག་པས་སྦུད་པ་བླངས་ནས་འབུད། བུད་མེད་དང་ནི་འདུ་སྤངས་ལ། གཞན་དག་ལ་ནི་འདོད་བསྔགས་ན། ལས་ཀྱི་རྣམ་པར་སྨིན་པ་དེས། མགར་བ་མུ་ཅོར་སྨྲ་བར་འགྱུར། དེ་ནི་ཁབ་དང་མཚོན་ཆ་དང་། སྦུད་པའི་བུད་ཀྱང་མི་ཤེས་པ། ལག་པས་ཐོ་བ་བཟུང་ནས་སུ། དེ་ནི་ལྕགས་ཀྱི་གར་བུ་རྡུང། ཆོས་ཀྱི་རྣམ་པར་སྤངས་བྱས་པས། དེ་ནས་མི་དེ་ཤི་འཕོས་ནས། མི་དེ་རབ་ཏུ་མྱུར་བར་ནི། མགར་བའི་ཁྱིམ་དེར་སྐྱེ་བར་འགྱུར། དེ་ནི་སྦུད་པ་མི་མཐོང་ཞིང་། །


DKG039_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐོ་བ་མི་མཐོང་སྟེ། སྣོད་རྣམས་ཐམས་ཅད་འཇོམས་པར་བྱེད། རྣམ་པར་སྨིན་དེ་འདི་འདྲའོ། །འོད་སྲུང་དག་ནི་བསྲུང་བར་བྱ། ཡིད་ཀྱང་ཤིན་དུ་བསྡམ་པར་བྱ། མི་དགེ་བ་ཡི་ཆོས་རྣམས་ཀུན། གཞན་ལ་བརྗོད་པར་མི་བྱའོ། །སྐྱེ་བའི་འཁོར་བ་སྡུག་བསྔལ་ཏེ། སྲེད་པས་སྐྱེ་བ་འཕེར་བར་འགྱུར། དེ་བས་བརྟན་པ་ཆོས་སྤྱོད་ཅིག །ཆོས་མ་ཡིན་བ་རྣམ་པར་སྤོངས། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་བ་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་ཞིང་། གཟུགས་བཟང་བ་དང་། མཛེས་པ་དང། བལྟ་ན་སྡུག་པ་དང། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་དང་། ལེ་ལོ་མེད་པ་དང་། གསལ་བ་དང་། ཤིན་དུ་རྣམ་པར་ངེས་པར་འགྱུར་ཏེ། གསུམ་གང་ཞེ་ན། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པས་སྔོན་མ་མཐོང་བའི་དགེ་སྦྱོང་དང། བྲམ་ཟེ་དག་མཐོང་ན་འདི་དག་ནི་སྦྱིན་གནས་སོ། །འདི་དག་ནི་མཆོད་པར་འོས་པའོ། འདི་དག་ནི་ཕྱག་བྱ་བར་འོས་པའོ། འདི་དག་ནི་བསོད་ནམས་ཀྱི་ཞིང་ངོ་ཞེས་དགའ་བ་བསྐྱེད་དེ། དེ་དག་དགའ་བར་གྱུར་བའི་སེམས་ཀྱིས་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་འགྲོན་དུ་གཉེར་ཏེ། འོད་སྲུང་ཆོས་དང་པོ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིད་དམ་སྙིང་པོ་ཅན་ལ་གནས་པ་ཡིན་ཏེ། དེ་ཡི་དམ་སྙིང་པོ་ཅན་ལ་གནས་པས་ཇི་སྐད་སྨྲས་པ་བཞིན་བྱེད་ཅིང་། བརྫུན་དུ་སྨྲ་བ་མ་ཡིན་ཏེ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་སྦྱོང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་དེ་དག་ལ་བསྙེན་བཀུར་བྱས་ནས་སྙིང་པོ་ལེན་ཏེ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་པ་མཉམ་བར་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་


DKG039_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེས་ནི་ཤེས་རབ་རང་བཞིན་ཅན། ཁྲིམས་ལྡན་མང་དུ་ཐོས་མཐོང་ནས། ཡིད་བདེ་བ་ནི་བསྐྱེད་བྱས་སྟེ། སོང་ནས་དེ་དག་འགྲོན་དུག་ཉེར། དེ་དག་འགྲོན་དུ་གཉེར་བྱས་ནས། དེ་ནི་ཡང་དག་ཇི་བཞིན་བྱེད། དེ་ནི་གཏོང་རྒྱུན་མི་གཅོད་ཅིང་། དེ་ལ་འགྲས་པར་འགྱུར་བ་མེད། གང་གི་དོན་དུ་བསྙེན་བཀུར་བ། ཉིང་པོ་དེ་ནི་ལེན་པར་བྱེད། སྣ་ཚོགས་ཤེས་པའི་ཁྱད་པར་གྱིས། རིན་ཆེན་ཤིན་ཏུ་དཀོན་ལ་ཡང་། གང་དག་དད་པ་འདིར་འདྲ་ཞིང། བྱང་ཆུབ་ལ་ཡང་མངོན་ཞུགས་པ། དེ་དག་ཡེ་ཤེས་སྤྱོད་ཡུལ་བ། བྱང་ཆུབ་རྙེད་པར་དཀའ་བ་མེད། འཚོ་བ་མཆོག་གིས་འཚོ་བྱས་ནས། ལོངས་སྤྱོད་མཆོག་རྣམས་སྡུད་པར་བྱེད། ཆོས་ཀྱི་དམ་པ་ཡོངས་སུ་ཚོལ། མྱ་ངན་འདས་པ་མཆོག་ལ་རེག། རིགས་མཆོག་རྣམས་སུ་སྐྱེ་བར་འགྱུར། གཟུགས་ཀྱི་དམ་པ་མངོན་བར་འགྲུབ། ཆོས་གོས་དམ་པ་འཆང་བར་བྱེད། དེ་ནི་མྱ་ངན་འདས་མཆོག་འཐོབ། མཁས་པའི་མི་ནི་འདི་འདྲའི་ཆོས་། དེ་དག་ཤེས་པར་གྱུར་ནས་ནི། ཀུན་དུ་སྤྱོད་དེ་ཐུབ་པ་ཡིས། ཉེ་བར་བསྟན་ལ་གུས་པར་བྱེད། མི་དེ་སངས་རྒྱས་ཐེག་པ་ཡིས། ཐེག་པ་མཆོག་གིས་འགྲོ་བར་བྱེད། མ་ངན་འདས་པ་བསིལ་བའི་དངོས། འདི་ནི་དེ་ཡི་འབྲས་བུ་མཆོག །ཅི་འདྲ་པ་ཡི་ལས་བྱས་པ། རྣམ་པར་སྨིན་པ་དེ་འདྲར་འགྱུར། བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང། དེ་ནི་ཆུད་ཟར་འགྱུར་བ་མེད། འོད་སྲུང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན། ཁྱིམ་གྱི་ས་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཇི་ལྟར་ནམ་དུ་ཡང་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཡོངས་སུ་སྤྱོད་པར་མི་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བ་སྐྱེད་དེ། གསུམ་གང་ཞེ་ན། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་བསླབ་པའི་གཞི་ལྔ་དང་ལྡན་བ་ཡིན་ཏེ། དེ་གཞན་ལ་ཡང་འདོད་པ་བསྔགས་པར་མི་བྱེད་ཅིང་། བུད་མེད་དང་རྒྱུ་བ་མ་ཡིན་གྱི་རང་གི་དོན་ལ་མངོན་བར་བརྩོན་པ་ཡིན་ཏེ། བདག་ནི་བུད་མེད་དང་བསྟེན་པས་ཆོག་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་དང་ཕྲད་པར་མ་གྱུར་ཅིག་ཅེས་སེམས་ཀྱང་སྐྱེད་དེ།


DKG039_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཡོངས་སུ་མི་སྤྱོད་དོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་འདི་ལྟ་བུའི་མདོ་སྡེ་འདི་དག་ཐོས་ནས་དད་པ་སྐྱེད་ཅིང་དད་ནས་ཀྱང་ཡོངས་སུ་ཚོལ་ལོ། །འོད་སྲུང་གཞན་ཡང་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་དཀའ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། འོན་ཀྱང་ལུང་འབོགས་པར་བྱེད། རྩོམ་པར་བྱེད་དོ། །འོད་སྲུང་གཞན་ཡང་གང་ཞིག་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་འགྱོད་པའི་གནས་མཐའ་དག་སེལ་བར་འགྱུར་ཏེ། དེ་དགེ་བའི་རྩ་བ་དེས་ཆགས་པ་མེད་པའི་སྤོབས་པ་དང་། གྲོལ་བའི་སྤོབས་པ་དང་ལྡན་བར་འགྱུར། ཤི་འཕོས་ཀྱང་རུང་། ཤི་འཕོས་པར་མ་གྱུར་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་རྣམས་མྱུར་དུ་མཐོང་བར་འགྱུར། ཤི་འཕོས་ནས་ཀྱང་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རིང་ངོ་སྙམ་དུ་ཤེས་པར་མི་བྱ་སྟེ། འོད་སྲུང་ཆོས་གཉིས་པ་འདི་དང་ལྡན་བའི་བྱང་ཆུབ་སེམས་དཔའ་ཁྱིམ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལས་མི་སྤྱོད་དོ། །འོད་སྲུང་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་གཟུགས་ལ་དགའ་བ་མ་ཡིན། སྒྲ་ལ་དགའ་བ་མ་ཡིན། དྲི་ལ་དགའ་བ་མ་ཡིན། རོ་ལ་དགའ་བ་མ་ཡིན། རེག་ལ་དགའ་བ་མ་ཡིན། ལོངས་སྤྱོད་ལ་དགའ་བ་མ་ཡིན། དབང་ཕྱུག་ལ་དགའ་བ་མ་ཡིན། གཡོག་འཁོར་ལ་དགའ་བ་མ་ཡིན་ཏེ། དེས་འདུས་མ་བྱས་ཀྱི་སེམས་དང། འདུས་མ་བྱས་ཀྱི་རྣམ་པར་སྨིན་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི། འདུས་མ་བྱས་ཀྱི་རྣམ་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་


DKG039_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་མངོན་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་ཡོངས་སུ་མི་སྤྱོད་དེ། འོད་སྲུང་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མི་སྤྱོད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཁྱིམ་པ་བསླབ་པའི་གཞི་ལྔ་པོ། བསྲུང་བ་དག་ནི་ལེགས་བསྲུངས་ཏེ། བུད་མེད་དང་ནི་འདུ་བ་སྤངས། དེ་ལ་སྨོད་ཅིང་བཤུད་བར་བྱེད། འདི་འདྲ་བ་ཡི་ཆོས་འདི་དག །ཡོངས་སུ་ཚོལ་བས་ངོམས་པ་མེད། འགྱོད་པའི་གནས་ནི་གང་ཡིན་པ། དེ་དག་དེས་ནི་མྱུར་དུ་སེལ། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱང་། བྱང་ཆུབ་དོན་དུ་སྔོ་བར་བྱེད། དེ་ནི་དགེ་བའི་རྩ་བ་དེས། འདོད་བའི་ཡོན་ཏན་མྱུར་དུ་སྤོངས་། རྟག་ཏུ་མང་དུ་ཐོས་པར་འགྱུར། སྙིང་རྗེ་ཡང་དག་བསྐྱེད་ནས་སུ། སྲོག་ཆགས་རྣམས་ལ་ཆོས་སྟོན་ཅིང་། བྱང་ཆུབ་ལམ་ནི་ཡོངས་སུ་ཚོལ། དེ་བས་འདི་འདྲ་རྣམས་ཐོས་ནས། འདུན་པ་བཟང་པོ་བསྐྱེད་བྱ་ཞིང་། འདོད་པས་བསྟེན་པར་མི་བྱ་སྟེ། འཁོར་ལོ་མྱུར་དུ་བསྐོར་བར་བྱ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་བ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྡོམ་བ་གསུམ་བསྟན་པ་ཞེས་བྱ་བར་ཟུང་ཤིག །བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་བརྗོད་པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང། ཐམས་ཅད་དང་ལྡན་བའི་འཁོར་དེ་དང་། ལྷ་དང་། དྲི་ཟ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་བསྡོམ་པ་གསུམ་བསྟན་པ་ཞེས་བྱ་བ་ལེའུ་དང་པོ་རྫོགས་སོ།། །།རྒྱ་གར་ཀྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།


no previousཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། སྡོམ་པ་གསུམ་བསྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next