Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
   
   
   
གཉིས་པ། བྱང་ཆུབ་སེམས་དཔའི་ངག་གི་གསང་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ། བྱང་ཆུབ་སེམས་དཔའི་ངག་གི་གསང་བའི་ལེའུ། next

གཉིས་པ། བྱང་ཆུབ་སེམས་དཔའི་ངག་གི་གསང་བའི་ལེའུ།


DKG039_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་གཉིས་པ། གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའི་དག་གི་གསང་བ་དང་། དག་གིས་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་སེམས་ཅན་རྣམས་ཀྱི་སྐྱེ་བའི་གནས་ཇི་སྙེད་བར་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱང་དེ་སྙེད་དོ། །བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཇི་སྙེད་པར་སྒྲ་ལ་འཇུག་པའང་དེ་སྙེད་དོ། །སེམས་ཅན་དེ་དག་གི་སྒྲ་བརྗོད་པ་དང་། ཚིག་གི་ལམ་བརྗོད་པ་དང་། དེས་པའི་ཚིག་དང་། བརྡ་ངང་། སྨྲ་བ་དང་། ཡང་དག་པར་སྨྲ་བ་དང་། མཚན་མ་དང་། སྤྱོད་པ་དང་། བདེ་བ་དང་། སྡུག་བསྔལ་བརྗོད་པའི་ཇི་སྙེད་པའི་སྒྲ་ལ་འཇུག་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་སྟེ། ཐ་ན་སྲིན་བུ་དང་། སྦྲང་བུ་དང་། ཤ་སྦྲང་དང་། ཕྱེ་མ་ལེབ་ཀྱི་སྒྲ་དག་ལ་ཡང་ཡེ་ཤེས་མཐོང་བ་འཇུག་གོ །སྒྲའི་རྣམ་པར་རིག་པ་བསྒྲག་པ་ཇི་ལྟ་བུས་


DKG039_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དེ་དག་གི་ལུས་ཤིན་དུ་སྦྱངས་བ་དང་། སེམས་ཤིན་དུ་སྦྱངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་སྒྲ་རྣམ་པར་རིག་པ་བསྒྲག་པ་བྱང་ཆུབ་སེམས་དཔའ་དེའི་ཁའི་སྒོ་ནས་འབྱུང་ངོ། །དེ་ལ་འདི་ནི་ཆོས་ཉིད་ཡིན་ཏེ་དེ་ལ་འདི་སྐད་ཅེས་བྱའོ། །ཇི་ལྟར་སེམས་ཅན་མཐའ་མ་གང་ཡང་མེད། དེ་ལྟར་སྐྱེས་པའི་རབས་སྟེ་དཔག་ཏུ་མེད། བསྐལ་པ་བརྒྱ་སྙེད་བཤད་ཀྱང་མཐའ་མ་མེད། བསམ་ཡས་དེ་དག་ཇི་ལྟར་བཤད་པར་བྱ། སྐྱོན་རྣམས་མེད་པ་བདག་ཉིད་ཆེ་བ་བའི་ཚིག། སེམས་དང་བསམ་བརྒྱ་ཆེན་རབ་སྟོན་པ། ནམ་མཁའ་ལྟ་བུའི་གང་མེད་བྲི་མེད་པ། འོན་ཀྱང་དཔེ་དོན་ལྡན་བ་བཤད་པར་བྱ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ཚིག་ནི་ཚངས་པའི་སྒྲ་སྐད་དུ་འབྱིན་པ་དང་། བརྒྱ་བྱིན་གྱི་སྒྲ་སྐད་དུ་འབྱིན་པ་དང་། འཇིག་རྟེན་སྐྱོང་བའི་སྒྲ་སྐད་དུ་འབྱིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་སྒྲ་སྐད་དུ་འབྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་དུ་འབྱིན་པ་དང། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚིམ་པར་བྱེད་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་མ་སྨད་ཚིག། གང་བ་མེད་ཅིང་བྲི་མེད་ནམ་མཁའ་བཞིན། སེམས་དང་བསམ་བརྒྱ་ཆེན་བསྟན་པ་དག། དེ་དག་བརྗོད་པ་རྣམས་ལ་ནན་ཏན་ཉོན། བྱམས་ལ་སྦྱོར་དང་སྙིང་རྗེར་འཇུག་པ་དང་། དགའ་བ་དང་ནི་བཏང་སྙོམས་བར་བཤད་དེ། ཚངས་པ་ལས་ཀྱང་འདས་པའི་སྒྲ་ཕྱུང་བས། ལེགས་བཤད་དེས་ནི་ཚངས་པ་ཚིམ་པར་བྱེད་། གང་དག་བརྒྱ་བྱིན་རོལ་མོ་ཡིད་འོང་སྒྲ། དེ་དག་དེ་ཡི་སྒྲ་བརྗོད་ཟིལ་གྱིས་ནོན། རོལ་མོ་སྒྲ་དབྱངས་བྱུང་བ་དེ་ལས་ནི། ཆོས་རྣམས་རབ་ཏུ་དབྱེ་བ་དཔག་མེད་འབྱུང་། མི་འམ་ཅི་ཡི་སྒྲ་དག་གང་ཡོད་པ། དེ་བས་དེ་ཡི་སྒྲ་མཆོག་ཕུན་སུམ་ཚོགས། དེ་ནི་འདོད་ཆགས་འབར་བར་མི་བྱེད་དེ། དེ་ཡི་ཚིག་གིས་མི་ཅི་དགའ་བར་འགྱུར། འདོད་པའི་ཁམས་ན་ཡིད་འོང་སྒྲ་ཡོད་པ། རོལ་མོའི་སྒྲ་དང་ལྷ་ཡི་སྒྲ་མང་པོ། ཆོས་ཀྱི་དོན་འབྱོར་དགེ་བར་ལྡན་པ་ཡི། དེ་ཡི་ཚིག་གིས་ཀུན་དུ་ཚིམ་པར་བྱེད། མི་ཡི་འདྲེན་པ་ཡི་ནི་


DKG039_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཐོས་ནས། འདོད་ཆགས་ཞི་ཞིང་ཞེ་སྡང་རབ་ཏུ་ཞི་། གཏི་མུག་གཡོ་དང་ང་རྒྱལ་དྲེགས་པ་ཞི། དོན་རྣམས་གཏན་ལ་ཕེབས་ཤིང་ཐེ་ཙོམ་མེད། གཟུགས་ཀྱི་ཁམས་ན་ལྷ་རྣམས་གང་གནས་པ། དེ་དག་ཡིད་ནི་དེ་ཡིས་ཚིམ་པར་བྱེད། མི་ཡི་གཙོ་བའི་ཚིག་རྣམས་ཐོས་ནས་ནི། འཇིག་རྟེན་སངས་རྒྱས་གྱུར་ཅེས་བྱང་ཆུབ་ཚོ་ལ། ཀླུང་བར་དྲི་ཟ་ལྟོ་འཕྱེ་ཆེ་རྣམས་ཀྱི། རོལ་མོ་སྣ་ཚོགས་སྒྲ་ཡོད་དེ་དག་པས། ཡོན་ཏན་རྒྱ་མཚོ་ལྡན་བའི་སྒྲ་བསྒྲགས་པ། ཐམས་ཅད་རབ་ཏུ་དགའ་བ་རྒྱ་ཆེན་བྱེད། འཛམ་གླིང་འདི་ན་ཐ་དད་ཕྱོགས་རྣམས་སུ་། ཀུན་ན་སྒྲ་སྐད་མཐའ་ཡས་གྱུར་མོད་ཀྱི། དེ་ཡི་སྐད་ཀྱི་རྣམ་པ་བསྒྲགས་གྱུར་ན། དེ་ཐོས་མི་རྣམས་ཐར་པ་རྗེས་སུ་འཐོབ། ས་ལྷའི་ལྷ་དང་དེ་བཞིན་བར་སྣང་ལྷ། དེ་དག་སྒྲ་སྐད་འཇུག་པ་ཅི་འདྲ་བ། དེ་ལྟར་དེ་ལ་དེ་ཡི་སྒྲ་ཡང་འཇུག་། རྣམ་པར་དེས་དབེན་གཏམ་ཡང་དེ་འདུའོ། །དད་པ་ཁྲུང་ཁྲུང་ཀ་ལ་བིང་ཀ་དང་། རྨ་བྱ་ནེ་ཙོ་ཁུ་ཕྱུག་ཤད་ཤད་ཏེའུ། རི་སྐེགས་དང་ནི་དུར་བ་ཀུན་ལ་ཀུན། ཇི་ལྟའི་སྐད་ཀྱིས་དེ་ནི་ཚིམ་པར་བྱེད། སྟག་དང་སེང་གེ་དེ་བཞིན་དོམ་དང་སྤྲེའུ། གཟིག་དང་བྱི་ལ་རི་དགས་གླ་ཆེན་བསེ། རྟ་དང་ཁྱི་དང་ཕག་དང་འུག་པ་ཀུན། ཇི་ལྟའི་སྐད་ཀྱིས་དེས་ནི་ཚིམ་བར་བྱེད། གང་དག་རྐང་བཞི་པ་དང་རྐང་གཉིས་པ། རྐང་མངས་དང་ནི་དེ་བཞིན་རྐང་མེད་རྣམས། བསྐུལ་དང་ཆད་པས་བཅད་དང་ཕན་གདགས་ཕྱིར། ཀུན་ལ་དེ་ཡི་སྒྲ་སྐད་ཤེས་པ་འཇུག། སེམས་ཅན་གང་དག་སྟོང་གསུམ་འཇིག་རྟེན་ན། རབ་བམ་འབྲིང་དམ་འོན་ཏ་ཐ་མའམ། དམྱལ་བ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང་། ལྟ་མི་རྣམས་དང་དེ་ནི་སྐད་ཀྱང་འཐུན། ཇི་ལྟར་རིགས་པར་བྱེད་པ་སྟན་ཀྱང་ནི། མི་སེམས་འདུ་ཤེས་མེད་ཅིང་རྟོག་པ་མེད། མཚན་མ་མེད་ཅིང་འཛིན་མེད་འཆིང་བ་མེད། མཉམ་པར་བཞག་བས་སེམས་ནི་འཁྲུལ་བ་མེད། དག་པའི་སེམས་ཅན་གལ་ཏེ་འདོད་ན་ཡང་། དེ་ལ་འབད་དང་སེམས་འཛིན་མེད་པར་ནི། བྱེ་བའི་ཞིར་དང་དེ་ཡི་གོང་དུ་ཡང་། གང་གཱའི་བྱེ་སྙེད་དབྱངས་ཀྱིས་གོ་བར་བྱེད། སྟོང་གསུམ་འཇིག་རྟེན་བདུད་གང་ཅི་ཡོད་པ། དེ་དག་དེ་ཡི་འཇིགས་ཆེན་སྒྲ་ཐོས་ནས།།ཆུང་


DKG039_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅས་ཏེ་འཇིགས་སྐྲག་ལ་གོར་དུ། ཐལ་མོ་སྦྱར་ཏེ་གུས་པར་འདུད་པར་བྱེད། སེམས་ཅན་གང་དག་རབ་ཏུ་སྨྲ་འདོད་དང་། ང་རྒྱལ་ཟིལ་ནོན་སུ་ལའང་མི་འདུད་པ། དེ་དག་དེ་ཡི་གསལ་བའི་ཚིག་ཐོས་ནས། ཐལ་མོ་སྦྱར་ཏེ་གུས་བར་འདུད་པར་བྱེད། འོན་བ་གླེན་པ་དག་དང་ལྕེ་མེད་དང་། དགེ་བ་རྣམས་དང་གང་དག་སྐད་འཛེར་བ། དེ་དག་དེ་ཡི་ལེགས་སྨྲས་སྙན་ཐོས་ནས། སྒྲ་སྐད་ཡིད་དུ་འོང་བ་འབྱིན་པར་བྱེད། ཉོན་མོངས་གདུངས་ཤིང་ཉོན་མོངས་གཟིར་བ་དང་། ཉེས་པའི་འགྱོད་པ་བརྒྱ་ཡིས་བཀྲིས་པ་རྣམས། དེ་དག་དེ་ཡི་དགེ་ཚིག་དག་ཐོས་ནས། འགྱོད་པ་བཏུལ་བར་གྱུར་ཅིང་བསིལ་བར་གྱུར། སངས་རྒྱས་དང་ནི་ཆོས་དང་དགེ་འདུན་སྒྲ། མི་རྟག་སྒྲ་ཐོས་ནས་ནི་སེམས་ཅན་རྣམས། སྦྱིན་དང་ཐོས་དང་ཚུལ་ཁྲིམས་བཟོད་པ་དང་། བརྩོན་འགྲུས་བསམ་གཏན་བློ་གྲོས་རྩོམ་པར་བྱེད། སངས་རྒྱས་དབྱངས་དང་བར་མེད་གང་གནས་པ། མཐའ་ཡས་དབྱངས་ལྡན་མཐའ་ཡས་ཡེ་ཤེས་ཅན། དེ་དག་རྣམས་ཀྱི་ཡོན་ཏན་ཐམས་ཅད་ནི་། བསྐལ་པ་བྱེ་མང་བརྗོད་ཀྱང་ཟད་མི་ནུས། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་དག་ནི་ཆགས་པའམ། སྡང་བ་འམ། རྨོངས་པ་འམ། ཉོན་མོངས་པའམ། ཐོགས་པ་དང་། ཉེ་བར་ཐོགས་པའམ། དམན་པ་འམ། རབ་ཏུ་དམན་པའམ།བརླང བའམ། ཞེར་འདེབས་པའམ། མི་རྫོགས་པའམ། རྩུབ་བའམ། རྗེས་སུ་ཆགས་པའམ། ཁོང་ཁྲོ་བའམ། བྱུང་རྒྱལ་ལམ། བག་ལ་ཉལ་བའམ། འགལ་བར་འགྱུར་བའི་ཚིག་གམ། ཉོན་མོངས་པ་སྣ་ཚོགས་བག་ལ་ཉལ་བའམ། མི་བརྟན་པའམ། གཅམ་པའམ། ཁེངས་པའམ། འགྱིད་པའམ། མྱུར་བའམ། དུས་མ་ཡིན་པར་སྨྲ་བའམ། འདོད་པ་དང་ལྡན་བའམ། སྡུག་པ་ལ་མངོན་པར་དགའ་བར་འགྱུར་བའམ། མངོན་པར་ཆེ་བའམ། ཤིན་དུ་ཆགས་པའམ། །རབ་ཏུ་ལྷོད་བའམ། རབ་ཏུ་དངངས་པའམ། རབ་ཏུ་དགའ་བ་འམ། དབང་པོ་ཉམས་པའམ། གདངས་ཉམས་པའམ། སེམས་ཉམས་པའམ། ཡོ་བའམ། དམན་པའམ། མི་གསལ་བ་འམ། སྐད་སུ་པ་སུ་བ་པོ་འམ། ངོས་བྱས་ཏེ་སྨྲ་འམ། འགལ་བར་སྨྲ་བའམ། གླགས་པ་འམ།


DKG039_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་མི་ཡིན་པའམ། གཤེ་བར་བྱེད་པའམ། གཞན་ལ་གནོད་པར་འགྱུར་བའམ། བདག་དང་ཕ་རོལ་གདུང་བར་བྱེད་པའམ། ཚིག་བླང་བར་འོས་པ་མ་ཡིན་པའམ། ཚིག་གཟུང་བར་འོས་པ་མ་ཡིན་པའམ། ཚིག་དང་བ་མ་ཡིན་བའམ། རིགས་པའི་ཚིག་མ་ཡིན་པའམ། འབྱོར་བའི་ཚིག་མ་ཡིན་པའམ། མི་དགེ་བའི་ཚིག་གམ། ཡང་དག་པ་མ་ཡིན་པའི་ཚིག་གམ། གཞོགས་འདྲིད་ཟེར་བའམ། ཆོས་དང་མི་ལྡན་པའམ། འགལ་བའམ། གནོད་པ་འམ། དུས་ལས་ཡོལ་བའམ། ཚོད་ལས་འདའ་བའམ། ལུང་བསྟན་པ་ལ་ཐོགས་པའམ། ཚུལ་འཚོས་པ་དང་། ཁ་གསག་དང་ལྡན་བའམ། རྙེད་བས་རྙེད་པ་འདོད་པའི་ཚག་གམ། འབྱུང་བ་མ་ཡིན་བ་སྟོན་པའམ། མིག་འཁྲུལ་བར་གྱུར་བའམ། རྨོངས་པར་འགྱུར་བ་འམ། སིམ་ཉིའི་ཚིག་གམ། སྡུད་པར་བྱེད་པའི་ཚིག་གམ། མི་སྡུག་ཅིང་གནད་དུ་འབེབས་པའི་ཚིག་ཁྱད་ཏུ་གསོད་པའི་ཚིག་གམ། རང་གི་ཕྱོགས་སྟོད་པར་བྱེད་པའི་ཚིག་གམ། གཞན་གྱི་ཕྱོགས་ཚར་གཅད་པའི་ཚིག་གམ། བདག་སྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ། གཞན་གྱི་སྟོད་པ་ལ་བར་དུ་གཅོད་པ་སྨྲ་བ་འམ། ཐིང་སླད་དང་། གཞོགས་འདྲིད་ཀྱི་ཚིག་གམ། གཞན་ལ་རབ་ཏུ་རློམ་པའི་ཚིག་གམ། བྱ་བ་མ་ཡིན་པའི་ཚིག་གམ། བྱ་བ་དང་འགལ་བའི་ཚིག་གམ། གསང་བ་རྟོག་པའི་ཚིག་གམ། དག་བསྲུངས་པ་མ་ཡིན་པའི་ཚིག་གམ། མཁས་པས་སྨད་པའི་ཚིག་གམ། འཕགས་པ་ལ་སྐུར་འདེབས་པའི་ཚིག་གམ། ཀླང་འདེབས་པའི་ཚིག་གམ། ངོར་མངོན་དུ་སྟོན་པའི་ཚིག་གམ། གཞན་གྱི་ཉེས་པ་དུས་མ་ཡིན་བར་གླེང་བའི་ཚིག་གམ། ཟུག་རྔུས་གནང་དུ་འདེབས་པའི་ཚིག་གམ། གཞན་གྱི་ཉེས་པ་ཀུན་བརྗོད་པའི་ཚིག་གམ། ཁ་འོག་ཏུ་ལུས་འཁྲུས་བར་མི་བྱེད་པའི་ཚིག་གམ། མངོན་པའི་ང་རྒྱལ་གྱི་བརྡ་སྤྲོས་པའི་ཚིག་གམ། ལས་དང་འགལ་བའི་ཚིག་རྗེས་སུ་འཐུན་བ་མ་ཡིན་བའི་ཚིག་མི་འབྱོན་ཏོ། །ཞི་བའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའི་དག་ནི་སྒྲའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་དང་། བསོད་ནམས་རྣམ་བར་སྨིན་པའི་འབྲས་བུ་གྲུབ་བས་བདེན་པའི་རྗེས་སུ་འབྲང་བ་དང་ལྡན་པ་ཡིན་ཏེ།


DKG039_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་སྨྲ་བ་དེ་དེ་ལྟ་བུ་ཉིད་ཡིན་ནོ། །གལ་ཏེ་དེ་ཤིང་དྲུང་ན་འདུག་གམ། འཆག་གམ། འདུག་གམ། ཉལ་ཡང་རུང་། ལ་ལ་ཞིག་འོངས་ནས་ཀྱེ་སྐྱེས་བུ་ཤིང་ལྗོན་བ་འདི་དག་ལ་འདབ་མ་ཇི་སྙེད་ཅིག་ཡོད་ཅེས་ཟེར་ན་དེ་ཤིང་ལྗོན་བ་དེ་ལ་ཡང་མི་ལྟ། འདབ་མ་ལ་ཡང་མི་བགྲང་བར་ཤིང་ལྗོན་པ་དེ་ལ་འདབ་མ་ཇི་སྙེད་ཡོད་པ་བཞིན་དུ་མི་ཉུང་མི་མང་བར་འདི་སྙེད་ཅིག་གོ་ཞེས་བྱང་ཆུབ་སེམས་དཔའ་དེའི་དག་འབྱུང་ངོ་། །ཡང་གང་གཱའི་བྱེ་མའི་འབྲུ་དེ་བརྒྱ་ཕྲག་ཇི་སྙེད་ཅིག་ཡོད། སྟོང་ཕྲག་ཇི་སྙེད་ཅིག་ཡོད། འབུམ་ཕྲག་ཇི་སྙེད་ཅིག་ཡོད། བྱེ་བ་ཕྲག་ཇི་སྙེད་ཅིག་ཡོད། ཐེར་འབུམ་ཕྲག་ཇི་སྙེད་ཅིག་ཡོད། ཁྲག་ཁྲིག་ཕྲག་ཇི་སྙེད་ཅིག་ཡོད། དཀྲིགས་ཕྲག་ཇི་སྙེད་ཅིག་ཡོད། གཏམས་ཕྲག་ཇི་སྙེད་ཅིག་ཡོད། ཁྱེད་ཕྱིན་ཇི་སྙེད་ཅིག་ཡོད། མི་འཁྲུགས་པ་ཇི་སྙེད་ཅིག་ཡོད། དཔག་ཏུ་མེད་པ་ཇི་སྙེད་ཅིག་ཡོད། གྲངས་མེད་པ་ཇི་སྙེད་ཅིག་ཡོད། གཏན་པ་ཇི་སྙེད་ཅིག་ཡོད། ཕྱིན་བྱེད་ཕྲག་ཇི་སྙེད་ཅིག་ཡོད་སྟོབས་ཕྲག་ཇི་སྙེད་ཅིག་ཡོད། གླང་པོ་ཚེའི་སྟོབས་ཕྲག་ཇི་སྙེད་ཅིག་ཡོད། བགྲང་བ་ཕྲག་ཇི་སྙེད་ཅིག་ཡོད་ཅེས་འདྲི་ན་དེ་བྱེ་མ་དག་ལ་ཡང་མི་ལྟ་མི་བགྲང་བར་བྱེ་མའི་འབྲུ་དེ་དག་ཇི་སྙེད་ཡོད་པ་བཞིན་དུ་འདི་སྙེད་ཅིག་གོ་ཞེ་བྱང་ཆུབ་སེམས་དཔའ་དེའི་དག་འབྱུང་སྟེ། བྱེ་མ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་འདི་སྙེད་ཅིག་ཡོད་དོ་ཞེས་མཁྱེན་པ་ཡིན་ནོ་ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པ་ཉིད་མངོན་སུམ་དུ་གྱུར་པ་མ་གཏོགས་པར་ལྟ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྟ་མ་ཡིན་ནམ། རླུང་ལྟའམ། ནམ་མཁའ་ལྡིང་ངམ། མི་འམ་ཅི་འམ། ལྟོ་འཕྱེ་ཆེན་པོ་འམ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་མངོན་སུམ་ནི་མ་ཡིན་ནོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་འདིར་ལྟར་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན། དྲང་སྲོང་སྣང་བ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་དུས་ན་བྲམ་ཟེ་སྔོ་སངས་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ་། །ཡང་དེའི་དུས་ན་ཤིང་ནྱ་གྲོ་དྷ་འི་རྒྱལ་པོ་བཟང་པོ་ཞེས་བྱ་བ་ཡལ་ག་དང་འདབ་མ་མང་པོས་ཡོག་པ། ཁོར་ཡུག་ཏུ་ཚང་རྒྱང་གྲགས་གཅིག་ཡོད་པ་ཞིག་བྱུང་སྟེ་དེར་དྲང་སྲོང་སྣང་བ་དེ་གནས་སོ། །དེ་ན་གནས་པའི་ཚེ་དེས་


DKG039_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པའི་སྟོབས་ཀྱིས་ཤིང་ནྱ་གྲོ་དྷ་འི་རྒྱལ་པོ་བཟང་པོ་དེའི་ཡལ་ག་གྲངས་དུ་ཡོད་པ། ལོ་བཅུ་གཉིས་དང་ཞག་བདུན་གྱི་བར་དུ་བགྲངས་ཏེ་རྟོགས་པར་བྱས་ཤེས་པར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་སྔོ་སངས་ཞེས་བྱ་བ་གྲོང་ཁྱེར་ནས་ཁ་ཟས་བསླངས་ཏེ། ཉིན་མོ་གནས་པའི་ཕྱིར་ཤིང་ནྱ་གྲོ་དྷ་འི་རྒྱལ་པོ་བཟང་པོ་ཞེས་བྱ་ག་ལ་བ་དེར་སོང་ནས་ཟས་ཀྱི་བྱ་བ་བྱས་ཏེ་དྲང་སྲོང་སྣང་བ་ཞེས་བྱ་བ་ག་ལ་བ་དེར་སོང་ནས་མངོན་སུམ་དུ་ཡང་དག་པར་མགུ་པར་འགྱུར་བ་དང་། ཡང་དག་པར་ཆགས་པར་འགྱུར་བའི་གཏམ་མང་པོ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དྲང་སྲོང་སྣང་བ་ཞེས་བྱ་བས་བྲམ་ཟེ་སྔོ་སངས་ཞེས་བྱ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེ་མིའི་འཇིག་རྟེན་སེམས་ཅན་གྱི་རིས་ན་གང་ཤིང་ནྱ་གྲོ་དྷ་འི་རྒྱལ་པོ་འདིའི་འདབ་མའི་གྲངས་དུ་ཡོད་པ་རྩི་བ་འམ། རྟོགས་པར་བྱེད་པའམ། ཤེས་པར་བྱེད་ནུས་པའི་སེམས་ཅན་འགའ་ཡོད་དམ། སྨྲས་པ་བཙུན་པ་མཆིས་སོ། །དྲང་སྲོང་གིས་སྨྲས་པ། བྲམ་ཟེ་དེ་གང་ཡིན། བྲམ་ཟེས་སྨྲས་པ། བཙུན་པ་བདག་གིས་བགྲང་པར་བགྱིའོ། །དྲང་སྲོང་གིས་སྨྲས་པ། ཀྱེ་བྲམ་ཟེ་དེའི་ཕྱིར་གྲོངས་ཤིག །དེ་ནས་བྲམ་ཟེ་སྔོ་སངས་དེ་ཤིང་ལྗོན་པ་དེ་ལ་ཡང་མི་ལྟ། འདབ་མ་རྣམས་ལ་ཡང་མི་བགྲང་པར་སྐད་ཅིག་ལ་འདབ་མ་རྟོགས་པ་ལ་ཞུགས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་འཁྲུགས་དྲུག་བཅུ་པད་སྟེང་ཕྲག །བཅུ་དྲུག་དང་ནི་ཁྱད་ཕྱིན་ཕྲག། བཅུ་གསུམ་དང་ནི་དཀྲིགས་པ་ཕྲག །དགུ་བཅུ་རྩ་དྲུག་ཁྲག་ཁྲིག་ཕྲག །སུམ་བཅུ་དང་ནི་ཐེར་འབུམ་ཕྲག །བརྒྱད་སྟོང་དང་ཡང་བྱེ་བ་ཕྲག །དགུ་བཅུ་རྩ་གཉིས་འདབ་འདི་མཆིས། བྲམ་ཟེ་དམ་པ་བདག་གིས་འཚལ། དེ་སྐད་ཐོས་ནས་སྔོ་སངས་ལ། སྣང་བས་སྨྲས་པ་བྲམ་ཟེའི་མཆོག །ཁྱོད་ནི་བདེན་པའི་ཚིག་སྨྲ་པ། ལེགས་སོ་ལེགས་སོ་འདི་བདེན་ནོ། །ལོ་ནི་ཁྱུད་ཀོར་བཅུ་གཉིས་དང་། ཉི་མ་བདུན་དུ་མངོན་ཤེས་ཀྱིས། འདབ་མ་རྣམས་ནི་བདག་གིས་བགྲངས། གཙོ་བོས་ཁྱོད་ཀྱིས་སྐད་ཅིག་མཁྱེན། ཁྱེད་ནི་གཟིགས་པ་མི་མཛད་ཅིང་། བགྲང་བ་མི་མཛད་སྐད་ཅིག་ཏུ། འདབ་རྟོགས་པ་ཡི་རྗེས་སུ་ཞུགས། མཁྱེན་འདི་ཉིད་ཀྱི་འམ་ལྷ་ཡིས་བསྟན། །


DKG039_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་བདག་ལ་དོན་འདི་གསུངས། སྔོ་སངས་ཀྱིས་སྨྲས་པ། ཀྱེ་བཙུན་པ་གསོན་ཅིག །འདི་ནི་ལྷ་ཡིས་མིན་མི་ཡི་སྟེ། བདག་ཆིག་བདེན་པའི་རྗེས་སུ་འབྲང་དོན་བཞིན་འཇུག །ནམ་མཁའ་ཟད་པར་གྲུམ་པར་འགྱུར་སྲིད་ཀྱི། ཁོ་བོ་བརྫུན་དུ་སྨྲ་བ་མ་སྲིད་དོ། །སྣང་པར་གྱུར་པ་བདག་ཉིད་ཆེན་པོ་ཤཱ་རིའི་བུ། བྲམ་ཟེ་སྔོ་སངས་གྱུར་པ་ཤཱ་ཀྱ་སེང་གེ་སྟེ། ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས་ཀྱི་དག་འདི་འདྲ། བདེན་ལ་གནས་ཤིང་དོན་དང་ཆོས་དང་ལྡན་པ་ཡིན། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དག་ཡོངས་སུ་དག་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་དག་གི་གསང་བ་དང་། དག་ཡོངས་སུ་དག་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་ཀྱི། དེ་བས་གོང་དུ་བསྟན་ན་བྱང་ཆུབ་སེམས་དཔའི་ངག་ཡོངས་སུ་དག་པ་ཚད་ཟིན་པ་འམ་མཐར་ཕྱིན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་དག་གི་གསང་བའི་ལེའུ་ཞེས་བྱ་བ་སྟེ་། གཉིས་པའོ། །


previousགཉིས་པ། བྱང་ཆུབ་སེམས་དཔའི་ངག་གི་གསང་བའི་ལེའུ། next