Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
   
   
   
   
   
   
   
དྲུག་པ། བྱང་ཆུབ་ཀྱི་ལམ་གྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲུག་པ། བྱང་ཆུབ་ཀྱི་ལམ་གྱི་ལེའུ། next

དྲུག་པ། བྱང་ཆུབ་ཀྱི་ལམ་གྱི་ལེའུ།


DKG039_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་བློ་གྲོས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཀྱིས་སེམས་ཅན་ཆེན་པོ་དེ་དག་རྗེས་སུ་བསླབ་པར་བྱའོ། །ཚིག་ལྷུར་བླང་པར་མི་བྱའི་བྱང་ཆུབ་ཀྱི་ལམ་ལ་མངོན་པར་བརྩོན་པར་བསྒྲུབ་པ་ཉིད་པོར་བྱའོ། །དེ་ལ་བྱང་ཆུབ་ཀྱི་ལམ་གང་ཞེ་ན། འདི་ལྟ་སྟེ་། བྱམས་པའི་རྗེས་སུ་འབྲང་བའི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཕ་རོལ་དུ་ཕྱིན་པ་རྣམས་ལ་བརྩོན་པ་དང། བསྡུ་བའི་དངོས་པོའི་རྗེས་སུ་འབྲང་བ་དང་། ཚངས་པའི་གནས་པ་བཞི་སྒྲུབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མངོན་པར་བརྩོན་པ་དང་། མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་ཡོངས་སུ་བཀང་བ་དང་། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་ཚོགས་སོགས་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་ཀྱི་ལམ་ནི་འདི་ལྟ་སྟེ། དད་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པ་དང་། དྲང་བ་ཉིད་དང་། གཡོ་མེད་པ་ཉིད་དང་། ཡངས་པ་ཉིད་དང་། སྒྲིབ་མེད་པ་ཉིད་དང་། མཉམ་པ་ཉིད་དང་། སེམས་སྙོམས་པ་ཉིད་དང་། མི་འཇིགས་པ་ཉིད་དང་། སྡིག་པ་ཐམས་ཅད་མི་བྱེད་པ་ཉིད་ཡིན་ནོ། །ལམ་དེ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པས་འབྱོར་བའོ། །ལམ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པས་བདེ་བར་འགྲོ་བའོ། །ལམ་དེ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པས་གནོད་པ་མེད་པའོ། །ལམ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པས་རྒྱུན་ཆད་པ་མེད་པའོ། །ལམ་དེ་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པས་མི་འཁྲུགས་པའོ། །ལམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ལེགས་པར་རྟོགས་པའོ། །ལམ་དེ་ནི་བྱམས་པ་ཆེན་པོས་འབྱུང་བ་ཤེས་པའི་རྗེས་སུ་སོང་བའོ། །ལམ་དེ་ནི་སྙིང་རྗེ་ཆེན་པོས་ཕྱིར་མི་ལྡོག་པའོ། །ལམ་དེ་ནི་དགའ་བ་ཆེན་པོས་མཆོག་ཏུ་དགའ་བར་བྱེད་པའོ། །ལམ་དེ་ནི་གཏང་སྙོམས་ཆེན་པོས་སྙིང་


DKG039_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོས་རྗེས་སུ་སོང་བའོ། །ལམ་དེ་ནི་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དང་། འཚེ་བའི་རྣམ་པར་རྟོག་པ་དང་བྲལ་ལས་སྡོང་དུམ་དང་། ཚེར་མ་མེད་པའོ། །ལམ་དེ་ནི་ཞེ་འགྲས་པའི་སེམས་མེད་པས་བདེ་བར་འགྲོ་བའོ། །ལམ་དེ་ནི་གཟུགས་དང་། སྒྲ་དང་དྲི་དང་། རོ་དང་རེག་པ་དང་བྲལ་བས་གཡོན་ཅན་དང་བྲལ་བའོ། །ལམ་དེ་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་ལེགས་པར་བརྟགས་པས་ཕྱི་རྒོལ་བ་དང་བྲལ་བའོ། །ལམ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་བདུད་ཕྱིར་རྒོལ་བ་བཅོམ་པའོ། །ལམ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་བྲལ་བས་སེམས་རླབས་པོ་ཆེར་འགྲོ་བའོ། །ལམ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞུགས་པའོ། །ལམ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རིན་པོ་ཆེ་དང་འཐུན་པས་རིན་པོ་ཆེ་ཆེན་པོ་སྒྲུབ་པའོ། །ལམ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བས་རྟག་ཏུ་གསལ་བའོ། །ལམ་དེ་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཡོངས་སུ་ཟིན་པས་དགེ་བ་སྟོན་པའོ། །ལམ་དེ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་པ་མེད་པས་མཐོ་དམའ་མེད་པའོ། །ལམ་དེ་ནི་གནོད་སེམས་དང་། ཐ་བ་དང་། ཁྲོ་བ་མེད་པས་རྡུལ་དང་ཕྲལ་ལོ། །ལམ་དེ་ནི་མི་དགེ་བའི་ཆོས་ཐམས་ཅད་དང་བྲལ་བས་བདེ་འགྲོར་འགྲོ་བའོ། །ལམ་དེ་ནི་མྱ་ངན་ལས་འདས་པའི་མཐར་འགྲོ་བས་བདེ་བའི་ཕྱོགས་སུ་འགྲོ་བའོ། །ཞི་བའི་བློ་གྲོས་དེ་ལྟར་ན་གང་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བ་མེད་པ་དང་། ལམ་མ་ཡིན་པ་དེ་འདྲ་བ་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འོ། །བྱང་ཆུབ་ཀྱི་ལམ་གྱི་ལེའུ་སྟེ་དྲུག་པའོ། །


previousདྲུག་པ། བྱང་ཆུབ་ཀྱི་ལམ་གྱི་ལེའུ། next