Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་དྲུག་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   


 
previousབཅུ་དྲུག་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པའི་ལེའུ། next

བཅུ་དྲུག་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པའི་ལེའུ།


DKG039_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཇི་སྲེད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ནི་མིང་ཅི་ཞེས་བྱ་བར་འགྱུར། དེ་བྱང་ཆུབ་ཐོབ་པའི་མིང་ནི་ཅི་ཞེས་བྱ་བར་


DKG039_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། དེའི་བྱང་ཆུབ་སེམས་དཔའི་འཁོར་ནི་ཅི་འདྲ་བ་ཞིག་ཏུ་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་ཀྱི་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། འོད་ཟེར་ཁ་དོག་སྣ་ཚོགས་འབྱུང་བས།། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྐོ་ནས་འོད་ཟེར་ཁ་དོག་དུ་མ་དང་མ་ལྡན་པ་ཁ་དོག་ཐ་དད་པ་འདི་ལྟ་སྟེ། སྔོན་པོ་དང། སེར་པོ་དང་དམར་པོ་དང། དཀར་པོ་དང། ལེབ་རྒན་དང། ཤེལ་དང། དངུལ་གྱི་ཁ་དོག་ལྟ་བུ་བྱུང་ནས་འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཞུས་པ། འོད་བཟང་དྲི་མ་མི་མངའ་གསེར་དང་འདྲ། ཟླ་བའི་ཞལ་འདྲ་ཞི་གནས་ལེགས་པར་བཞུགས། ཉི་མ་ལྟ་བུ་མུན་པ་འཛོམ་མཛད་པ། མི་མཆོག་ཅི་ཡི་སླད་དུ་འཛུམ་པ་བསྟན་། མོས་པས་ཞི་གནས་རྫིང་དུ་རབ་ཏུ་བཞུགས། ཐུགས་རྗེ་ཆུ་བོ་བརྩོན་འགྲུས་སྟོབས་ཀྱིས་འཐུངས་། དྲན་བས་ཁ་བྱེ་ཡོན་ཏན་དྲི་བཞིན་ལྡན་། བདེ་གཤེགས་པད་མ་ཇི་སླད་འཛུམ་པ་མཛད། དྲན་པ་སྣོད་བཟང་ཞི་གནས་མར་ལགས་ཏེ། སྙིང་པོ་ཐུགས་རྗེ་དྲི་མ་གསུམ་སེལ་མཛད། ཤེས་རབ་མར་མེ་མུན་པ་སེལ་མཛད་པ། བདེ་གཤེགས་མར་མེ་ཅི་སླད་འཛུམ་པ་མཛད། དཀྱིལ་འཁོར་ཐུགས་རྗེ་ལྷག་མཐོང་འོད་ལྡན་པ། རབ་རིབ་སེལ་བསྲིང་བསྐམ་མཛད་པ། འགྲོ་བ་རྒྱས་མཛད་མིག་ནི་སྤྱོད་མཛད་པ། །བདེ་གཤེགས་ཉི་མ་ཅི་སླད་འཛུམ་པ་མཛད།ཁྱོད་ནི་འགྲོ་བའི་བསམ་པ་རབ་ཏུ་མཁྱེན། ཁྱོད་ནི་ལྷར་བཅས་འགྲོ་ནའང་ལྷ་དེ་བ། དྲང་སྲོང་ཆེན་པོའི་ཞལ་དུ་འཁོར་རྣམས་ལྟ། མི་མཆོག་ཅི་སླད་འདིར་ནི་འཛུམ་པ་མཛད། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་


DKG039_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞི་བའི་བློ་གྲོས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་རྡོ་རྗེ་ཐོགས་ནས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱེ་དཔར་འགྱུར་། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར། དེ་བཞིན་གཤེགས་པའི་གསང་བ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡང་རྒྱས་པར་བྱེད་པར་འགྱུར། སེམས་ཅན་ཚད་མེད་པ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་བསྐ་ལ་པ་བཟང་པོ་དེ་འདས་ནས་དེ་བཞིན་གཤེགས་པ་མོས་པའི་བར་གྱི་དམ་པའི་ཆོས་ནུབ་པ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། དེ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེས་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེས་ཕྱག་རྒྱ་བརྒྱ་རྩ་བརྒྱད་བྱང་ཆུབ་སེམས་དཔའ་དེ་དགལ་བསྟན་པས་འཛིན་པར་འགྱུར། དོན་གྱི་ཚུལ་ལ་ཡང་འཇུག་པར་འགྱུར། དེ་བཞིན་ཉིད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་མཉེས་པར་བྱེད་པར་འགྱུར། སྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། །རིམ་གྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། དེ་དག་གི་གནན་ཚངས་པར་སྤྱོད་པར་འགྱུར། དམ་པའི་ཆོས་ཀྱང་སྲུང་བར་འགྱུར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་དེའི་འོག་ཏུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱ་བར་འགྱུར་ཏེ། བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཀུན་ཡོངས་སུ་དག་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞུགས་སུ་ལྡན་བ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་། ལྷ་དང་མི་རྣམས་ཀྱིས་སྟོན་པ། །སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེས་རྣམ་པར་གནོན་པ་ཞེས་བྱ་བར་


DKG039_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡ་ོ་རྗེས་རྣམ་པར་གནོན་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་ཀྱི་ཁམས་ཀུན་ནས་ཡོངས་སུ་དག་པ་དེ་ནི་འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། ལྷ་དང་མི་མང་པོ་དང་། བྱང་ཆུབ་སེམས་དཔས་གང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུ་ཪྻ་དང་། ཤེལ དང་། སྤུག་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོས་ལེགས་པར་བརྒྱན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་མིག་མངས་རིས་སུ་བྱས་པ། ལག་མཐིལ་ལྟར་མཉམ་པར་གྱུར། ཀ་ཙ་ལིན་དེ་ཀ་ལྟར་རེག་ན་བདེ་བ། དར་གྱི་ལྡ་ལྡི་མང་པོ་བྲེས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་ལེགས་པར་བརྒྱན་པ། ལྷའི་མེ་ཏོག་དང་། རིན་པོ་ཆེའི་མེ་ཏོག་གིས་ཁེངས་པར་བྱས་པ། སྤོས་ཀྱི་སྙིང་པོ་དམ་པས་བདུགས་པ། སྟེང་གི་བར་སྣང་ལ་ལྷའི་རོལ་མོའི་སྒྲ་ལེན་པ་ཅན་དུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ངན་སོང་དང་། མི་ཁོམ་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་དགའ་ལྡན་གྱི་ལྷའི་ཡོངས་སུ་སྤྱོད་པ་དང་འདྲ་བ་དང་། ཡིད་ལ་བསམ་པས་ཟས་དང་སྐོམ་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང། གོས་དང་། རྒྱན་གྲུབ་ཅིང་ལེགས་པར་བརྒྱན་པར་འགྱུར་རོ། །ལྷ་དང་མི་ཐམས་ཅད་ཀྱང་ཁང་པ་བརྩེགས་པ་ལ་མཚུངས་པར་ཡོངས་སུ་སྤྱོད་པར་འགྱུར་རོ། །ལྷ་དང་མི་དེ་དག་ཐམས་ཅད་ཀྱང་རྒྱ་ཆེན་པོ་ལ་མོས་པར་འགྱུར་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་པ་ཤ་སྟག་གོ། འཇིག་རྟེན་གྱི་ཁམས་དེ་ན་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་རུང་སྟེ། ཐེག་པ་གཉིས་ཀྱི་མིང་ཡང་མི་གྲག་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའི་གཏམ་འབའ་ཤིག་གསུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ནི་འབུམ་ཕྲག་མང་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་སེམས་ཅན་གང་ཡང་ཆོ་ག་ཉམས་པའམ། འཚོ་བ་ཉམས་པའམ། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པར་


DKG039_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །ཞར་བའམ། འཐེང་པོའམ། སྒུར་པོ་འམ། གཏུམ་པོའམ། དིག་པའམ། མི་སྲུན་པའམ། ཀླ་ཀློ་ཅན་ནམ། ལྐུག་པའམ། གྲུམ་པོ་འམ། དབང་པོ་མཚང་བར་མི་འགྱུར་རོ། །ལྷ་དང་མི་དེ་དག ཐམས་ཅད་ཀྱང་མཆན་ཉི་ཤུ་རྩ་བརྒྱད་ཀྱི་བརྒྱན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་བ་བརྒྱད་ཐུབ་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱང་གློ་བུར་དུ་འཆི་བར་མི་འགྱུར་རོ། །ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་ཡོན་ཏན་ཚད་མེད་པའི་རྒྱུའི་ཁྱད་པར་ནི་འདི་དག་དང་གཞན་ཡང་མང་དུ་ཡོད་དོ། །དེ་བཞིན་གཤེགས་པ་དེ་ནམ་ཆོས་སྟོན་པར་འགྱུར་བ་དེའི་ཆེ་སྐུ་ལ་འོད་ཕྱུང་བ་དང་། དེ་ནས་སེམས་ཅན་དེ་དག་གིས་འོད་དེ་མཐོང་ནས་འདི་སྙམ་དུ་སེམས་པར་འགྱུར་ཏེ་དེ་བཞིན་གཤེགས་པ་ཆོས་སྟོན་པར་འགྱུར་གྱིས། བདག་ཅག་བཅོམ་ལྡན་འདས་ལ་ཆོས་ཉན་དུ་འདོད་དོ་སྙམ་མོ། །དེ་ནས་ཁ་ཅིག་ནི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱི་འོང་བར་འགྱུར། ཁ་ཅིག་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་འོང་བར་འགྱུར་རོ། །དེར་ལྷ་དང་མི་དེ་དག་འདུས་པ་དང་། དེ་བཞིན་གཤེགས་པ་དེ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་འབུམ་སྲིད་དུ་མངོན་པར་འཕགས་ཏེ་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱིལ་མོ་དཀྲུང་དུ་བཞུགས་ནས་སྐུས་ཁྱབ་པར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པས་སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་གོ་བར་མཛད་དེ། དེ་བཞིན་གཤེགས་པའི་གསུང་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། །དེའི་ནང་ན་གང་དེ་བཞིན་གཤེགས་པའི་ཆོས་སྟོན་པ་དང་འགལ་བར་བྱེད་པ་འམ། ཟློག་པར་བྱེད་པའི་སེམས་ཅན་ནི་གཅིག་ཀྱང་མེད་དོ། །སེམས་ཅན་དེ་དག་ཐམས་ཅད་ནི་དབང་པོ་རྣོ་བ། མགོ་སྨོས་པས་གོ་བར་འགྱུར་བ་ཤ་སྟག་གོ། །འཇིག་རྟེན་གྱི་ཁམས་དེ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེ་མ་གཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་ང་ཡི་བ་མེད་


DKG039_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེ་ལྷའི་བུའམ། མིར་གྱུར་པ་གང་ལ་བསོད་སྙོམས་བླང་བར་བཞེད་པར་གྱུར་པའི་ལྷའི་བུའམ། མིར་གྱུར་པ་དེའི་མདུན་དུ་དེ་བཞིན་གཤེགས་པའི་གཟུགས་ལྷུང་བཟེད་ཐོགས་པ་ཉེ་བར་གནས་པ་དང་། དེར་ལྷའི་བུ་འམ། མིར་གྱུར་པ་དེས་དེ་བཞིན་གཤེགས་པའི་གཟུགས་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་བདག་ལས་གཤོས་གསོལ་བར་བཞེད་དོ་སྙམས་ནས་ཡིད་ཀྱིས་བསམས་པས་འཁོར་གྱི་ཁྱམས་སུ་སྟན་དང་། །ཟས་དང་། སྐོམ་དང་། རོ་བརྒྱ་བའི་ཟས་སྦྱར་ནས་བཅོམ་ལྡན་འདས་དེ་ལ་གདུགས་ཚོད་བབ་ཅེས་གསོལ་པ་དང་། དེར་དེ་བཞིན་གཤེགས་པ་དེ་བཤོས་གསོལ་ལོ། །བཤོས་གསོལ་ནས་སླར་བཞུད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་གང་གི་ཚེ། ནང་དུ་ཡང་དག་འཇོག་ལ། འཇུག་པར་འགྱུ་པ་དེ་ན། བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་གྱི་བཀོད་པས་གནས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་ཡོན་ཏན་གྱི་རྒྱུའི་ཁྱབ་པར་འདི་དག་དང་། གཞན་ཡང་ཚད་མེད་པ་དག་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཀུན་ནས་ཡོངས་སུ་དག་པ་ཞེས་བྱའོ། །གསང་བ་བའི་བདག་པོ་ལག་ན་རྡོ་རྗེའི་ལུང་བསྟན་པ་བཤད་པ་འདི་བསྟན་པ་ན་སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། །སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་དེར་སྐྱེ་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རང་གི་ལུང་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྡོ་རྗེས་ནམ་མཁའི་དཀྱིལ་དུ་འཕངས་སོ། །རྡོ་རྗེ་དེ་འཕངས་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་


DKG039_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །མེ་ཏོག་གི་ཆར་ཡང་བབ་བོ། །རོལ་མོ་སིལ་སྙན་བརྒྱའི་སྒྲ་ཡང་བྱུང་ངོ་། །འཁོར་ཐམས་ཅད་ཀྱི་ལག་པ་གཡས་པར་ཡང་མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་ཕྲེང་བ་དག་བྱུང་ངོ་། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཆོས་ཀྱི་དབང་ཕྱུག་རྒྱ་ཆེན་མི་ཟད་ཆོས་ཀྱི་མཛོད། ཆོས་རྣམས་རབ་ཏུ་འབྱེད་ལ་མཁས་པ་འགྲོ་དོན་བཞེད། ཆོས་ལ་ཐུགས་མཞུམ་ཞིང་རྟག་ཏུ་ལྷུག་པར་བཏང་། ཆོས་ཀྱི་རྗེས་འཐུན་ཆོས་སྒྲུབ་གནས་ལ་ཕྱག་འཚལ་ལོ། །སེམས་ཅན་དག་པ་ཁྱོད་ཀྱི་ཡེ་ཤེས་སྦྱོང་རྣམ་དག །ཡོན་ཏན་རྒྱལ་གྲགས་སྙན་པ་འཇིག་རྟེན་གསུམ་དུ་གྲགས། ཡེ་ཤེས་རྒྱུན་ནི་དུས་གསུམ་རྟག་ཏུ་བསམ་འཚལ། ཆགས་འདས་ཞབས་མཉམ་ལེགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཟླ་བ་ལས་ལྷག་ཡོངས་དག་ཚུལ་ཁྲིམས་རྣམ་པར་དག །ཉི་མ་ལས་ལྷག་འོད་མཛེས་འོད་མངའ་གཟི་བརྗིད་མཆོག །ཚངས་པ་ལས་ལྷག་གསུང་སྙན་ཚངས་པའི་གསུང་མངའ་བ། དཀོན་མཆོག་གསུམ་ལྡན་གསེར་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྐུ་ཡང་སྟོན་ལ་སྐུ་དང་ལྡན་མ་ལགས། ཁྱོད་ནི་གསུང་ཡང་རྗོད་ལ་སྒྲ་སྐད་རྟོག་མི་མངའ། ཁྱོད་ནི་ཆོས་ཀྱང་གསུང་ལ་ཆོས་ཀྱི་འདུ་ཤེས་བྲལ། སེམས་ཅན་ཐར་པར་མཛད་ལ་སེམས་ཅན་འདུ་ཤེས་བྲལ། གང་དག་ཁྱོད་བསྟན་ཐོས་ནས་ཇི་ལྟར བསྟན་པ་ལྟར། བསྒྲུབ་པ་སྙིང་པོར་གནས་པ་དག་ནི་མི་གཏོགས་པར། འགྲོ་བ་ཐམས་ཅད་རྟག་ཏུ་བྱུང་ཡང་ནི། ཁྱོད་ཀྱི་བཀའ་དྲིན་ལན་ལོན་ནམ་ཡང་རྡོ་མི་ཐོག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་ཐམས་ཅད་དང་ལྡན་པའི་འཁོར་དེས་ཇི་ལྟར་ཐོགས་ཐོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ཕྲེང་བ་རྣམས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །མེ་ཏོག་གི་ཕྲེང་བ་དེ་དག་གཏོར་མ་ཐག་ཏུ་དེ་ནས་དེའི་ཚེ་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བས་ལེགས་པར་བརྒྱན་པར་གྱུར་ཅིང་མིག་མངས་རིས་སུ་གནས་


DKG039_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཀུན་དུ་སྣང་ང་ོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ། །


previousབཅུ་དྲུག་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལུང་བསྟན་པའི་ལེའུ། next