Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་པ། བཞུད་པ་དང་བྱོན་པའི་ལེའུ།
   
   
   
   
   
   
   


 
previousཉི་ཤུ་པ། བཞུད་པ་དང་བྱོན་པའི་ལེའུ། next

ཉི་ཤུ་པ། བཞུད་པ་དང་བྱོན་པའི་ལེའུ།


DKG039_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གསང་སྔགས་ཀྱི་ཚིག་གང་དག་བརྗོད་པས་འཁོར་འདི་ཐམས་ཅད་དགེ་བ་དང་ལྡན་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཡང་ཡུན་རིང་དུ་གནས་བར་འགྱུར་བའི་གསང་སྔགས་ཀྱི་ཚིག་དེ་དག་ངས་འཁོར་འདི་ལ་བརྗོད་པར་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ངས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་སུ་གསང་སྔགས་ཀྱི་ཚིག་གང་དག་སྨྲས་པ་དེ་དག་དང་། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་ནས་འགྲོ་བ་ལ་ཕན་པ་དང་། བདེ་བའི་ཕྱིར་ངས་སེམས་ཀྱིས་དྲན་པས་གང་དག་སྨྲས་པ་དེ་དག་ཁྱེད་ཀྱིས་དྲན་ནམ། གསོལ་པ། བཅོམ་ལྡན་འདས་དྲན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་འི་བདག་པོ་གསང་སྔགས་ཀྱི་ཚིག་དེ་དག་ལ་ཁྱོད་སྤོབས་པར་བྱོས་ཤིག །དེ་ནས་གསང་བ་པའི་བདག་


DKG039_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལག་ན་རྡོ་རྗེ་སྟན་ལས་འདས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཙོག་ཙོག་བོར་འདུག་ནས་ལག་པ་གཉིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུག་ཏེ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །འདི་ལྟ་སྟེ། ཨ་་ལ་། ཧུ་ལ་བ་ཏི། ཧུ་ལ་ར་ཎ། ཨ་ག་ཧ། ཙ་ཙ་ཙ་ཙ་ཙ། ནི་ཥུ་ར་ཎ། ཀྵུ་ཏ་ཀྵུ་ཏ། ཀྵ་ཡ་ཀྵ་ཡ། ཨ་ཀྵ་ཡ་ས་མ། ཤམ་ནི་ཀ་ར། ཧ་ཧུ་ལ་བ་ཏི། ཁི་ལ་བ་ཏི་། ཀི་ན་ཨ་བྷི་ཥི་ཏི་། ནས་ས་ད་དི་། ཛ་ཛཱ་ཛ་ཛཱ་མ་ཏི་། ཨ་བ་ཊཱ། ནི་བ་ཊཱ། བརྟ་བརྟ་ཨ་ནུ་སྀར་ཎི། བྷུ་ཏ་ཊ་ཨ་ནུ་སྨི་ཏྀ་ཧོ། །མ་ནུ་ཥ་ཨ་ནུ་སྨྲ་ཏི་ཧོ། དེབ་ཨ་ནུ་སྨྲྀ་ཏི་ཧོ། ནཱ་ག་ནཱྃ། ཡཀྵནྃ། གན་དྷརྦ་ནྃ། ཀིན་ར་ན་ནཱྃ། མ་ཧོ་ར་ག་ནཱྃ། སྤསྟྀར་བྷ་བན་ཏུ་། སརྦ་སཏྭ་ནཱྃ། བྀ་ཀི་རན་ཏུ་མཧཱ་པ་ར་པ་ཏ། སྃ་བྱ་ཐ་ཏཱྃ་དྷ་ར་ཎི། གརྫ་ཏུ་ས་མུ་དྲ་བེ་ག་ཨི་ཏི། གསང་སྔགས་ཀྱི་ཚིག་བསྟན་པ་འདི་བཤད་པ་ན་ལྷའི་གནས་ཐམས་ཅད་རབ་ཏུ་གཡོས་སོ། །ས་ཐམས་ཅད་ཀྱང་རབ་ཏུ་གཡོས་སོ། །རྒྱ་མཚོ་ཆེན་པོ་ཡང་རབ་ཏུ་འཁྲུགས་སོ། །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་འདར་པད་པད་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་བར་འགྱུར་ཏོ། །བཅོམ་ལྡན་འདས་ཀྱིས་སྟོང་གི་འཇིག་རྟེན་གྱི་ཁམས་དེ་ལ་ཞབས་གཅིག་གིས་རེག་པར་མཛད་དོ། །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་དེ་བཞིན་གཤེགས་པའི་ཞབས་ལ་མ་རེག་ཙམ་དུ་ཉེ་བར་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་བསྲུང་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་བསྐྱབ་ཏུ་གསོལ། བདག་ཅག་ལ་གནོད་ལགས་སོ། །བདག་ཅག་ལ་རབ་ཏུ་གནོད་ལགས་སོ། །བདག་ཅག་འདར་པད་པད་ལགས་སོ། །བཅོམ་ལྡན་འདས་བདག་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་འཇིགས་ཤིག །མ་འཇིགས་ཤིག །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ཚིག་འདི་དག་གི་ཡུལ་ནི་འདི་ལྟ་སྟེ། ས་ཆེན་པོ་འདི་རབ་ཏུ་གཡོས་བ་དང་། རྒྱ་མཚོ་ཆེན་པོ་འཁྲུགས་པ་དང་། ཁྱེད་ཀྱང་ནམ་མཁའ་ལ་གནས་ནས་རབ་ཏུ་ཡོས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་འཁོར་གྱི་ཁྱམས་


DKG039_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཅི་ནས་སྲོག་ཆགས་བརྒྱད་ཁྲིས་བྱང་ཆུབ་སེམས་བསྐྱེད་པ་དང་། སེམས་ཅན་ཚད་མེད་པ་དེ་དག་གིས་བསླབ་པའི་གནས་རྣམས་བླངས་པར་གྱུར་པ་དེ་ལྟར་ཆོས་རྒྱ་ཆེར་བསྟན་ནོ། །བམ་པོ་དགུ་པ། དེ་ནས་གསང་བ་པའི་བདག་པོའི་བུ་རྡོ་རྗེའི་སྡེས་བཅོམ་ལྡན་འདས་ལ་རིན་པོ་ཆེའི་དྲ་བས་མངོན་པར་བཀབ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཁྲུགས་པའི་ཆོས་ཅན་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཅུ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཁྲུགས་པའི་ཆོས་ཅན་དུ་འགྱུར་རོ། །བཅུ་གང་ཞེ་ན། ཁོང་ཁྲོ་བ་མེད་པའི་བྱམས་པ་ཆེན་པོ་དང་། ཡོངས་སུ་མི་སྐྱོ་བའི་སྙིང་རྗེ་ཆེན་པོ་དང་། བརྩམས་པ་ཐམས་ཅད་ཉམས་འོག་ཏུ་ཆུང་པར་བྱེད་པའི་བརྩོན་འགྲུས་དང་། སྟོང་པ་ཉིད་ཀྱི་རྣམ་པར་སྦྱོར་བའི་ཏིང་ངེ་འཛིན་དང་། མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བའི་མཁས་པ་དང་། དུས་གསུམ་ཡོངས་སུ་སྦྱོང་བའི་ཡེ་ཤེས་དང་། བདེན་པ་མཐོང་བ་སྦྱང་བར་བྱ་བ་སྒྲིབ་པ་མེད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། ཇི་ལྟ་བ་བཞིན་གྱིས་ཡོངས་སུ་དག་པའི་ལམ་ལ་འཇུག་པ་སྟེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཁྲུགས་པའི་ཆོས་ཅན་དུ་འགྱུར་རོ། །གསང་བ་པའི་བདག་པོའི་བུ་རྡོ་རྗེའི་སྡེས་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན་མི་དངང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན་མིང་དངང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་ཏེ། བརྒྱད་གང་ཞེ་ན། ཤེས་རབ་ཀྱིས་བརྟན་པ་ཡིན། ཡེ་ཤེས་ཀྱིས་བརྟན་པ་ཡིན། དགེ་བའི་བཤེས་གཉེན་གྱིས་


DKG039_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཟིན་པ་ཡིན། རྒྱ་ཆེན་པོ་ལ་མོས་པ་ཡིན། སྒྱུ་མ་དང་མཚུངས་པའི་ཆོས་ལས་ངེས་པར་འབྱུང་བ་ཡིན། ཆོས་ལ་མི་རྟག་པར་མོས་པ་ཡིན། སེམས་ཅན་མཁའ་དང་མཚུངས་པ་ཡིན། ཆོས་ཐམས་ཅད་རྣམ་པར་བསྒྲུབས་པར་གནས་པའི་མཚན་ཉིད་དུ་ཤེས་པ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་སངས་རྒྱས་ཀྱིས་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན་མི་དངང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་བགྱི་བ་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱ་བ་ཐམས་ཅད་ལ་དབང་དང་ལྡན་བར་འགྱུར་ཏེ། བཞི་གང་ཞེ་ན། ལེགས་པར་བསྒོམས་ཤིང་ཉམས་པར་མ་གྱུར་པའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡིན། རྣམ་པར་ཐར་པའི་སྒྲོས་ཡོངས་སུ་བསྒོས་པའི་བསམ་གཏན་བཞི་དང་ལྡན་པ་ཡིན། ཚངས་པའི་བླ་མ་འཇིག་རྟེན་ལས་འདས་པའི་ཚངས་པའི་གནས་པ་བཞིན་དང་ལྡན་པ་ཡིན། ཐམས་ཅད་ཀྱི་རྗེས་སུ་རྣམ་པར་རྒྱུ་བའི་ཐབས་དང་ཤེས་རབ་ལས་ངེས་པར་བྱུང་བ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་དབང་པོ་ལ་འཇུག་པ་ཡེ་ཤེས་ཀྱི་སྒོ་དང་། ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་རབ་ཀྱི་སྒོ་དང་། སྐད་ཐམས་ཅད་ཀུན་དུ་འཛིན་པ་ལ་འདུག་པ་གཟུངས་ཀྱི་སྒོ་དང་། ཆོས་མི་ཟད་པ་བསྟན་པ་སོ་སོ་ཡང་དག་པར་རིག་པའི་སྒོ་སྟེ། གཞོན་ནུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་འོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི་དགུ་སྟེ། དགུ་གང་ཞེ་ན།


DKG039_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་བར་བྱ་བའི་ཕྱིར་དེས་པར་སེམས་དཔའི་སྟོབས་དང་། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། ཤེས་རབ་ཆེན་པོར་བྱ་བའི་ཕྱིར་ཐོས་པའི་སྟོབས་དང་། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པའི་སྟོབས་དང་། འབྲལ་བར་བྱ་བའི་ཕྱིར་བསྒོམ་པའི་སྟོབས་དང་། སེམས་ཅན་བསྲུང་བའི་ཕྱིར་བཟོད་པའི་སྟོབས་དང་། བདུད་ཚར་གཅད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་དང་། སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མི་སྐྱེ་བར་བཟོད་པའི་སྟོབས་ཏེ། གཞོན་ནུ་དགུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་སོ། །བསྟན་པ་འདི་བཤད་པ་ན་གསང་བ་པའི་བདག་པོའི་བུ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། དེ་དག་བཟོད་པ་ཐོབ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་གསང་བ་པའི་བདག་པོའི་གནས་སུ་རིང་དུ་གནས་ཤིང་སྤྱོད་པར་འགྱུར་པ་དང་། སེམས་ཅན་སྣོད་དུ་གྱུར་པ་དེ་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་དང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་འཛམ་བུ་གླིང་དུ་རྒྱས་པར་འགྱུར་ཞིང་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་གསང་བ་པའི་བདག་པོའི་བུ་དེ་དག་གིས་གསོལ་པ་བཏབ་པར་མཁྱེན་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་འདི་ལྟ་སྟེ་། དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བ་དང། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་གཅད་པར་བྱ་བའི་ཕྱིར་ངས་ཁྱོད་ལ་བསྐུལ་གྱིས། བྱང་ཆུབ་སེམས་དཔའ་བྱང་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པ་བསྲུང་པ་དང་། བདུད་ཀྱི་སྡེ་འོངས་པ་ན་བདུད་ཚར་གཅད་པའི་ཕྱིར་ཁྱོད་ཀྱིས་གསང་སྔགས་ཀྱི་ཚིག་གང་དག་བསམས་ཤིང་བརྗོད་པ་དང་། ཁ་ཏོན་བྱས་པ་དེ་དག་ལ་ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་བསྐལ་བར་རིག་ནས་སྟན་ལས་ལངས་ཏེ། བླ་


DKG039_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་གཙུགསཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེའི་ཚེ་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཧུ་ལེ་དྷི་རེ།ཧ་རི་ཏི། ཨ་ཀུ་ཤ་ལ་ཀྵ་ཡེ།ཙ་ལེ་ཙ་ལ་བ་ཏི། ས་རེ། ཀྵུ་རེ་ཀྵཱན་ཏི་བ་ལེ། ཀྵེ་མེ། ཤན་ཏི་ཀ་རེ། ཀྵ་མེ། ཤ་མེ། ཧུ་ལུ། ཨི་ལི་ཁི། ཁི་རེ། ཁ་རེ། ཨ་བེ་ཤནི། ས་ར་ཎེ། ཛ་ཡེ། ཛ་ཡ་བ་ཏི། ཧྶྭི་རེ། ཨ་བརྟེ། བི་བརྟེ། ཨ་བརྟ་ནི། མཻ་ཏྲེ། བྷུ་ཊ་ཌ་ནན། སང་གྲ་ཧེ། ད་མེ། ད་མ་སམ་བན་ནེ། ཏཱ་ར་ཎེ། ཏཱ་ར་ཡ་སེ་སྭ་ཡན། སྭ་ཏི་དེ་བེ་བྷྱོ། ནཱ་གེ་བྷྱོ། ཡཀྵེ་བྷྱོ། གན་དྷ་རྦེ་བྷྱོ། རཱཀྵ་སེ་བྷྱོ། མ་ནུ་ཥེ་བྷྱོ། ཨ་མ་ནུ་ཥེ་བྷྱོ། སྭ་སྟིར་བྷ་བ་ཏུ་ས་ཏྭསུ་ཁུམ། གསང་སྔགས་འདི་དག་རབ་བརྗོད་པས། ས་ཡང་རབ་ཏུ་གཡོས་པར་གྱུར། ཆུ་ཡི་རྒྱལ་པོ་རྣམས་ཀྱང་འཁྲུངས། གསང་སྔགས་འདི་དག་རབ་བརྗོད་པས། ཕས་ཀྱིས་རྒོལ་རྣམས་ཚར་ཡང་གཅོད། ཆོས་སྨྲ་བ་ནི་ཡང་དག་བསྡུས། ཆོས་ཀྱི་མཛོད་ནི་ཀུན་དུ་བསྲུངས་། གསང་སྔགས་གཞི་འདི་ཐོས་ནས་ནི། ལྷ་ཚོགས་ཀུན་དུ་དགའ་གྱུར་ནས། དམ་ཆོས་རིང་དུ་གནས་འགྱུར་ཞེས། ཕན་ཚུན་དུ་ནི་སྨྲ་བར་བྱེད། སྟོང་གསུམ་པོ་ཡང་རབ་ཏུ་གཡོས། འཁོར་ཡང་རབ་ཏུ་འདར་འགྱུར་ནས། མི་ཡི་དབང་པོའི་ཞབས་གཉིས་ལ། གཏུག་པ་བྱས་ཏེ་སྐྱབས་སུ་དོང་། དེ་དག་མི་འཇིགས་དེར་བྱིན་ནས། སྟོན་པས་འདི་སྐད་བཀའ་སྩལ་ཏེ། མདོ་འདི་བྱིན་གྱིས་བརླབས་པས་ན། དམ་ཆོས་རིང་དུ་གནས་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་སུ་ཞག་བདུན་འདས་འདས་སུ་སེམས་ཅན་ཚད་མེད་པ་དག་གི་དོན་མཛད་ནད་ཞག་བདུན་འདས་ཏེ། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་སེམས་ཅན་གྱི་དོན་མཛད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རྒྱས་པར་མཛད་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ནས་གཤེགས་ཏེ། ནམ་མཁའི་དཀྱིལ་གྱི་ལམ་དེ་ཉིད་ནས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་ཀྱི་ཚོགས་ཀྱིས་ནི་མདུན་དུ་བདར། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས། ལྷའི་བུ་མོའི་ཚོགས་


DKG039_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་མངོན་པར་བསྟོད། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དུ་མས་ནི་བསྐོར། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོད་པ་རྣམས་ཀྱིས་ནི་མངོན་པར་བསྟོད། འོད་ཟེར་གྱི་དྲ་བ་ནི་རབ་ཏུ་འགྱེད། རོལ་མོ་སིལ་སྙན་ནི་ལེན། མེ་ཏོག་གི་ཆར་ནི་འབེབས། ཞིང་རྣམས་ནི་རབ་ཏུ་གཡོ་བར་མཛད་ཅིང་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་འཕྲུལ་ཆེན་པོ་དང་སངས་རྒྱས་ཀྱི་དཔལ་ཆེན་པོ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཆེན་པོ་དང་། སངས་རྒྱས་ཀྱི་སྤྱོད་ལམ་ཆེན་པོ་དང་། སངས་རྒྱས་ཀྱིས་རྣམ་པར་རོལ་པ་ཆེན་པོས་ངང་པའི་རྒྱལ་པོ་ལྟར་ཐོགས་པ་མེད་པར་གཤེགས་ཏེ། སླར་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བྱོན་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་པར་འགྱུར་ཏོ། །བཞུད་པ་དང་བྱོན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ། །།


previousཉི་ཤུ་པ། བཞུད་པ་དང་བྱོན་པའི་ལེའུ། next