Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བཞི་བཅུ་པ།


   
   
   
   
   
ལེའུ་ལྔ་པ། མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ།
   
   
   
   
   
   
   
   
   
   


 
previousལེའུ་ལྔ་པ། མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ།next

ལེའུ་ལྔ་པ། མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ།


DKG040_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་ར་དཱ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པོ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཡོན་ཏན་ཡོངས་སུ་བརྗོད་པ་ཡང་བཤད། དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཆོགས་པ་ཡང་བཤད། ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད། བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད་ན་བཙུན་པ་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་ནི་ད་དུང་མ་བཤད་པས་བཙུན་པ་བཅོམ་ལྡན་འདས་ཀྱིས་ད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དེ་ཚུལ་ཅི་འདྲ་པ་དང་། མཚན་མ་ཇི་ལྟ་བུར་འགྱུར་བ་དེ་དག་ལེགས་པར་བཤད་པའི་རིགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ཤཱ་ར་དཱ་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤཱ་ར་དཱ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དཱ་ཏིའི་བུ་གང་གི་ཉིན་མོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་


DKG040_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདའ་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་པར་འགྱུར་བ་དེའི་ཉིན་མོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ལ་ཆོས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་སྐུ་སྤྲུལ་པ་དག་སྤྲུལ་པར་འགྱུར་རོ། དེ་ནས་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་དེ་དག་སེམས་ཅན་དེ་རྣམས་ལ་འདི་ལྟ་བུའི་ཆོས་སྟོན་པར་འགྱུར་ཏེ། ཆོས་བསྟན་པ་དེས་སྔོན་ཆོས་བསྟན་བས་སེམས་ཅན་ཇི་སྙེད་བཏུལ་པར་གྱུར་པ་དེ་བས་ཆོས་དཔག་ཏུ་མེད་ཅིང་ཆེས་གྲངས་མེད་པའི་སེམས་ཅན་དག་འདུལ་བར་འགྱུར་ཏེ། དེ་དག་ལས་སེམས་ཅན་ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལ་འདུལ་བར་འགྱུར་རོ། །ལ་ལ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལའོ། །ལ་ལ་དག་ནི་སྟོབས་བཅུའི་ཐེག་པ་བླ་ན་མེད་པ་ལ་འདུལ་བར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་ལ་སྐྱེས་བུ་དམ་པ་ཁྱོད་ངའི་དམ་པའི་ཆོས་ནུབ་ནས་ཞག་བདུན་ལོན་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་གྱི་པད་མ་ཞེས་བྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་པད་མ་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་


DKG040_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་འདྲ་བར་འགྱུར་ཞིང་ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་པད་མ་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་འདྲ་བར་ལྷག་ཆད་མེད་པར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆེན་པོའི་དུས་ཀྱི་ཚེ་ན་ས་ཆེན་པོ་དེ་རྣམ་པ་དྲུག་ཏུ་རབ་ཏུ་གཡོ་བར་འགྱུར་ཏེ། གཡོ་བར་འགྱུར། རབ་ཏུ་གཡོ་བར་འགྱུར། ཀུན་དུ་རབ་ཏུ་གཡོ་བར་འགྱུར། འགུལ་བར་འགྱུར། རབ་ཏུ་འགུལ་བར་འགྱུར། ཀུན་དུ་རབ་ཏུ་འགུལ་བར་འགྱུར། ལྡེག་པར་འགྱུར་། རབ་ཏུ་ལྡེག་པར་འགྱུར། ཀུན་དུ་རབ་ཏུ་ལྡེག་པར་འགྱུར་ཞིང་འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་འབྱུང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་སྒྲ་སྐད་ཆེན་པོ་ཡང་འབྱུང་བར་འགྱུར་ཞིང་སྒྲ་དེ་ཡང་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་དག་དང་། འོག་མིན་གྱི་ལྷའི་རིས་རྣམས་ཀྱི་བར་དུ་གྲགས་པར་འགྱུར་རོ། །དེ་ན་འདོད་པ་ན་སྤྱོད་བའི་ལྷའི་རིས་རྣམས་དང་། གཟུགས་ན་སྤྱོད་པའི་ལྷའི་རིས་དེ་དག་གིས་སྒྲ་དེ་ཐོས་ནས་ཀྱང་འདི་སྙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་སྙམ་དུ་རིག་པར་འགྱུར་ཞིང་འདི་ལྟར་རང་རང་གི་ལྷའི་གཞལ་མེད་ཁང་རྣམས་ལ་མངོན་པར་མི་དཀའ་བར་འགྱུར་བ་དེ་ལྟ་བུའི་མངོན་པར་མི་དགའ་བའི་འདུ་ཤེས་དག་ཀྱང་སྐྱེ་བར་འགྱུར་ལ།


DKG040_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདི་སྐད་དུ་ཀྱེ་མ་བཅོམ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་སྤྱན་དུ་གྱུར་བ། ཡེ་ཤེས་སུ་གྱུར། དབང་དུ་གྱུར་བ། ཚད་མར་གྱུར་བ། སྣང་བར་གྱུར་བ་ཤིན་དུ་མྱུར་བར་འཇིག་རྟེན་དུ་ནུབ་པོ་ཞེས་བརྗོད་པར་ཡང་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་རིན་པོ་ཚེའི་ཤིང་ལྗོན་པ་དང་། དཔག་བསམ་གྱི་ཤིད་ལྗོན་པ་རྩྭ་དང། གེལ་བ་དང། སྨན་དང། ནགས་ཚལ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་པ་ཆེན་པོ་ག་ལ་བ་དེ་ལོགས་སུ་རབ་ཏུ་འདུད་བར་འགྱུར་རོ། ཤཱ་ར་དཱ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིས་འབྱུང་བ་རྣམས་ཀྱི་ཆེད་དུ་གྲོགས་པོ་དག་འདི་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་དེ། ང་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་པ་དེ་དག་གིས་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་པོ་འདི་ཀུན་ཆུབ་བར་བྱས་ན་ཆོས་ཐམས་ཅད་ཀུན་ཆུབ་པ་དང། །ཀུན་བཟུང་བར་འགྱུར་རོ་ཞེས་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་འཇོག་བར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཇི་ལྟར་དེ་བཞུགས་སམ། ཡོངས་སུ་མྱ་ངན་ལས་འདས་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཆོས་ཐམས་ཅད་ཀུན་ཆུབ་པར་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་


DKG040_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱིར་མི་ལྡོག་བས་ན་ཤིན་དུ་ཡོངས་སུ་བཟུང་བ་ཡིན་ནོ། །ཤཱ་ར་དཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་ཇི་ལྟར་བཅོམ་ལྡན་འདས་དེ་བཞུགས་པ་དེ་བཞིན་དུ་དེ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་ཆོས་ཐམས་ཅད་ཀུན་ཆུབ་པར་བྱེད་པ་འཐོབ་པར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་པ་ཆེན་པོའི་དུས་ཀྱི་ཚེ་འདི་ལྟར་སངས་རྒྱས་ཀྱི་མཐུས་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གནས་པའི་སེམས་ཅན་དེ་དག་གི་མིག་ལམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་མི་འཁྲུགས་པ་དེ་སྣང་བར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷ་དང་མི་རྣམས་ཀྱིས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་རྒྱན་དག་གིས་སྐུ་ལ་མཆོད་པ་བྱ་བའི་ཕྱིར་འཐོར་བར་འགྱུར་ཏེ། ལྷ་དང་མི་རྣམས་ཀྱི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་རྒྱན་དེ་དག་མངོན་པར་གཏོར་བའི་ཕུང་པོ་ནི་ཁོ་ར་ཁོར་ཡུག་དང་། འཕང་དུ་དཔག་ཚད་ཀྱི་ཚད་ཙམ་དུ་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་


DKG040_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ག་ལ་བ་དེ་ལོགས་སུ་འདུད་ཅིང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་འགྱུར་རོ། །ཤཱ་ར་དཱ་ཏིའི་བུ་གཞན་ཡང་བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷ་དང་། མི་དེ་རྣམས་ཉིན་མཚན་བདུན་དུ་མྱ་ངན་གྱི་ཟུག་རྔུ་དང་ལྡན་བར་གྱུར་ནས་ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ཤིན་དུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྲང་རྡུང་པར་འགྱུར་ཞིང་ལྷ་དང་མི་དེ་དག་དགའ་བ་དང་། རྩེད་མོ་ཉམས་སུ་མྱོང་བར་མི་འགྱུར་། འདོད་པའི་ལོངས་སྤྱོད་ལ་འཇུག་པར་མི་འགྱུར་ཏེ་ལྷ་དང་མི་དེ་དག་དེ་ལྟར་སེམས་ཁོངས་སུ་ཆུང་པར་གྱུར་ནས་གཅིག་ལ་གཅིག་འདི་སྐད་དུ་ཀྱེ་མ་སྤྱན་དུ་གྱུར་པ། ཡེ་ཤེས་སུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། སྣང་བར་གྱུར་པའི་བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ཤིན་དུ་མྱུར་བར་འཇིག་རྟེན་དུ་ནུབ་བོ་ཞེས་ཚིག་ཏུ་བརྗོད་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་


DKG040_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་ཡིན་པར་རིག་པར་བྱ་སྟེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་བརྒྱར་བགྲང་བས་བགྲང་བར་མི་འགྱུར་གྱི། ཤཱ་ར་དྭ་ཏིའི་བུ་གཞན་དུ་ན་དེ་དག་ནི་བརྒྱ་ཞེ་འམ། སྟོང་ཞེ་འམ། བརྒྱ་སྟོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཤཱ་ར་དྭ་ཏིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བརྒྱའི་གྲངས་དང་། སྟོང་གི་གྲངས་དང་། བརྒྱ་སྟོང་གི་གྲངས་སུ་འགྲོ་བ་དེ་བཞིན་དུ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་གྲངས་སུ་བལྟ་བར་བྱའོ། །སངས་རྒྱས་ཀྱི་གྲངས་སུ་བལྟ་བར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་བལྟ་བར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེ་འམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་དེ་ལྟ་བུའི་གྲངས་ཉིད་དུ་འགྲོ་བར་འགྱུར་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གྲངས་དང། སངས་རྒྱས་ཀྱི་གྲངས་དང། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་གྲངས་དེ་ཉིད་དུ་འགྲོ་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམས་གྲངས་འདི་ཐོས་པར་མི་འགྱུར་བ་དེ་དག་ཐམས་ཅད་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་སྐུ་ནི་རང་གི་མེའི་ཁམས་ཀྱིས་སྲེག་པར་འགྱུར་རོ། དེའི་སྐུ་གདུང་རྣམས་ནི་གསེར་གྱི་མདོག་འདྲ་བར་འགྱུར་ཏེ། སྐུ་གདུང་དེ་དག་བཅད་པའི་འཕྲོ་ནས་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་སྣང་བར་འགྱུར་ཞིང་རབ་ཏུ་གསལ་བར་འགྱུར་རོ། །


DKG040_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཤིང་ལྗོན་པ་ཆེན་པོ་ཏི་མི་ས་ཞེས་བྱ་བའི་རིགས་དེ་བཅད་པའི་འཕྲོ་ནས་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་སྣང་ཞིང་འབྱུང་ངོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་དེ་དག་བཅད་པའི་འཕྲོ་ནས་ཀྱང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་ཞིང་ཆོ་འཕྲུལ་སྣ་ཚོགས་དག་དང་། མཐུ་སྣ་ཚོགས་དག་ཀྱང་སྟོན་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་དེ་དག་བཅད་བའི་འཕྲོ་ནས་བཀྲ་ཤིས་དང། གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྡོ་མུ་ལ་སོ་ཞེས་བྱ་བ་དེ་བཅག་པའི་འཕྲོ་ནས་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དག་འབྱུང་ངོ་། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གཏུབས་པ་དེ་དག་གི་བཅད་འཕྲོ་དག་ལས་ཀྱང་བཀྲ་ཤིས་དང། གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་རོ། །སྐུ་གདུང་དེ་དག་ལ་སྐུ་གདུང་ལ་མཆོད་པར་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སེམས་ཅན་རྣམས་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་དག་བྱེད་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་འདི་ལྟར་བརྒྱན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་སྐར་མ་རྣམས་ཀྱིས་ནམ་མཁའ་ཡོངས་སུ་ཁྱབ་པ་དེ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་དང་། པད་མ་གསེར་གྱི་མདོག་ཅན་འདབ་མ་བྱེ་བ་ཕྲག་སྟོང་དང་ལྡན་པ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་རྟག་ཏུ་བརྒྱན་པར་འགྱུར་རོ།། ཤཱ་ར་དྭ་ཏིའི་བུ་


DKG040_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་འཆི་འཕོ་བ་དེ་དག་དེ་ནས་འཆི་འཕོ་བ་ན་སྔ་ལྟས་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེ་བར་འགྱུར་པའི་སངས་རྒྱས་ཀྱི་ཞིང་དེའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འགྱུར་ཞིང་མཐོང་ནས་ཀྱང་མི་བརྗེད་པར་འཆི་བའི་དུས་བྱེད་དོ། །འཆི་བའི་དུས་བྱས་པ་དེ་དག་གི་སྐུ་གདུང་རྣམས་ལ་ཡང་ལྷ་དང་མི་རྣམས་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པས་སྐུ་གདུང་རྣམས་ལ་སྐུ་གདུང་གི་མཆོད་པ་བྱེད་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སྐུ་གདུང་རྣམས་ནི་མཐར་གྱིས་ནམ་མཁའ་ལ་འཐོར་ཅིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤེས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྩྭ་གཤེར་པ་དག་མེའི་ནང་དུ་བཅུག་ན་དུ་བའི་རྒྱུན་དག་འབྱུང་ཞིང་དུ་བ་དེ་དག་ཀྱང་མཐར་གྱིས་ནམ་མཁའ་ལ་མངོན་པར་འཕགས་ཏེ། ནམ་མཁའ་ལ་འཐོར་ཞིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་པ་དེ་དག་གི་སྐུ་གདུང་རྣམས་ཀྱང་མཐར་གྱིས་ནམ་མཁའ་ལ་འཐོར་ཞིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་ལྟ་ས་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་


DKG040_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རིས་རྣམས་སུ་སྐྱེ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་ལྷའི་རིས་རྣམས་ན་གནས་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་ལྷའི་རིས་རྣམས་ནས་འཆི་འཕོ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མའི་མངལ་དུ་འཇུག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མའི་མངལ་ནས་བཙའ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གོམ་པ་བདུན་འདོར་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་རྟ་གང་ཏུ་དགོང་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གཞོན་ནུ་རྩེ་བ་རྗེས་སུ་སྟོན་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བཙུན་མོའི་འཁོར་གྱི་ནང་དུ་འདུག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དཀའ་བ་སྤྱོད་པ་སྟོན་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ངེས་པར་རྟོག་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་གུས་པ་དང་རྗེས་སུ་སྐོར་བ་བྱེད་པ་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་རྩོམ་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་


DKG040_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་གྱུར་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བདུད་སྡིག་ཅན་རབ་ཏུ་འདུལ་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐོང་ངོ་། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུང་སྟོན་པར་མཛད་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་སངས་རྒྱས་བཅོམ་ལྡན་འདས་དག་ཕུང་པོ་ལྷག་མ་མེད་པའི་མྱ་ང་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དག་མཐོང་སྟེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་དེ་ལྟ་བུའི་ལྟས་དེ་དག་འབྱུང་བར་འགྱུར་རོ།། ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུར་གནས་ཏེ། ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་གནས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ་པོ་དག་ཇི་ལྟར་རྩི་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་


DKG040_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་གོ། །བསྐལ་པ་བཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། ཤཱ་ར་དྭ་ཏིའི་བུ་འདི་ལྟར་རྩིས་པའི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་དེའི་དམ་པའི་ཆོས་ནུབ་པར་འགྱུར་བ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སྣང་བ་ཆེན་པོ་འབྱུང་བར་འགྱུར། ས་ཆེན་པོ་ཡང་གཡོ་བར་འགྱུར། སྒྲ་སྐད་ཆེན་པོ་ཡང་གྲག་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དམ་པའི་ཆོས་ནི་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ནུབ་པར་བྱེད་པར་མི་འགྱུར། དེའི་དམ་པའི་ཆོས་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱིས་ཀྱང་ནུབ་པར་བྱེད་པར་མི་འགྱུར་གྱི། ཤཱ་ར་དྭ་ཏིའི་བུ་གཞན་དུ་ན་དེའི་མི་རྣམས་དམ་པའི་ཆོས་ཉན་པའི་འདུན་པ་ཆུང་བར་འགྱུར་ཏེ། དེ་དག་འདུན་པ་ཆུང་བས་ན་ཆོས་སྨྲ་བའི་དགེ་སློང་རྣམས་ཀྱི་དྲུང་དུ་འགྲོ་བར་མི་འགྱུར་རོ། །དེ་དག་དེར་མི་འགྲོ་བས་ན་དམ་པའི་ཆོས་ཐོས་པར་མི་འགྱུར་རོ། །དམ་པའི་ཆོས་མ་ཐོས་པས་ན་སྒྲུབ་པར་མི་འགྱུར་རོ། །མི་སྒྲུབ་པས་ན་གོང་མའི་ཁྱད་པར་འཐོབ་པར་མི་འགྱུར་ཞིང་ཆོས་སྨྲ་བའི་དགེ་སློང་རྣམས་ཀྱིས་ཀྱང་མི་དེ་དག་འདུན་པ་ཆུང་བར་རིག་ནས་ཆོས་སྟོན་པར་མི་འགྱུར་ཏེ། ཤཱ་ར་དྭ་ཏིའི་བུ་དེ་ལྟ་བུའི་རིམ་གྱིས་དེའི་དམ་པའི་ཆོས་ནུབ་པར་འགྱུར་རོ།། །།དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས་ལེའུ་ལྔ་པའོ།། །།


previousལེའུ་ལྔ་པ། མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ།next